Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་མིག །

Posted on 2012-07-07 By ཁ་བརྡ་ 13 Comments on ང་ཡི་མིག །

སྐྱོ་བྲག་དགའ་དབང་།

སྔོན་ལས་བཟང་པོས་མི་ཡི་ལུས་ཐོབ་ཅིང་། །རྣམ་མང་ཡུལ་ལ་ཅི་དགར་སྤྱོད་པ་ན། །ཆུ་བུར་མིག་ལ་བྱུང་བའི་ནད་དང་བཅོས། །གསལ་བོར་བཀོད་པའི་གནས་ཚུལ་འདི་ན་ཡོད། །
སྒྱུ་ལུས་ཤ་ཁྲག་གི་ཕུང་པོ་འདི་ཉིད་སྐྱེ་བ་གོང་མའི་དབང་པོའི་རྒྱུན་བར་དོའི་རྣམ་ཤེས་ཀྱི་ལྷན་དུ་ཡོང་བ་ཕ་མའི་ཁུ་ཁྲག་དང་འདྲེས་ནས་གྲུབ་པ་བཞིན་ཆུ་བུར་མིག་ཀྱང་ཡིན་ཅིང་། སྐྱེ་དངོས་སྤྱི་མཚུངས་བཞིན་སྐྱེ་རྡུལ་མཉམ་དུ་འདུས་པ་དག་རིམ་པས་འཚར་ལོང་བྱུང་བ་མཐར་གྱིས་རྒས་ཤིང་འཁོགས་ནས་འཐོར་འགྲོ་བ་ལ་སྐྱེ་ཤིའི་ཐ་སྙད་བཏགས་པ་ཡིན། ང་ཡང་སྐྱེ་དངོས་ཤིག་ཡིན་པའི་ཕྱིར་ན་ཆོས་ཉིད་འདིའི་བརྒྱུད་རིམ་ངེས་པར་དུ་འགྲིམ་དགོས་པ་སྟེ། ཐོག་མར་ས་སྒང་འདིའི་གླིང་སྣེ་གསུམ་པར་གྲགས་པའི་གངས་ཅན་བོད་ཀྱི་ཡུལ་གྲུ་མདོ་ཁམས་ས་ཡི་ཐིག་ལེ་ནང་ཆེན་སྐྱོ་བྲག་ཏུ་ཕ་བུ་ཆུང་དང་མ་ཨོར་ཆོས་ཀྱི་རིགས་ཀྱི་མྱུ་གུར་འབུས་པ་ན་ནད་མེད་གསལ་དྭངས་ཀྱི་ལུས་སུ་ཡོད། ཆུང་དུས་ལོ་ལྔ་ཕྲག་གཅིག་གི་རིང་ཕྱུགས་ཀྱི་རྫི་བོར་ཉིན་མཚན་བར་མེད་རྒྱུག་པའི་དཔྱིད་དུས་ཤིག་ཏུ་རི་ལུང་ཡོངས་རྫོགས་དཀར་པོར་སྒྱུར་བའི་ཁ་བ་བབས་རྗེས་ཉི་མ་ཚ་བོ་ཤར་བའི་དྲོད་དང་འོད་ཀྱིས་མིག་ཕྱིད་དེ། ཧ་ཅང་གི་ཚ་ཤར་རྒྱག་པ་དང་། དངོས་གཟུགས་མི་མཐོང་བ། འོད་ཕོག་ཐབས་མེད་པ། མིག་ཆུ་དབང་མེད་དུ་བཞུར་བ་ཞག་མ་གཅིག་གཉིས་ཤིག་ཏུ་བྱུང་ལ། ཕ་མས་ན་ཚ་འདིས་མིག་ཤེད་ཤོར་ནས་རྗེས་མ་གསལ་པོ་མི་མཐོང་བ་ཡོང་ཉེན་ཡོད་པ་རེད་ཟེར་གྱི་འདུག །གཞོན་པོའི་ན་ཚོད་དུ་བསླེབས་པ་ན་སྔོན་གྱི་ལས་འཕྲོ་ལྟ་བུས་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་སྐྱོ་བྲག་ཏུ་ཆོས་སྒོར་ཞུགས་ཤིང་བོད་ཀྱི་གཞུང་རིག་ལ་སྦྱོང་བའི་ལས་སྐལ་བྱུང་སྟེ། སྒྲུབ་བརྒྱུད་ཀྱི་གདན་ས་ཆེན་པོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་མཁན་པོ་དེའུ་ཆུང་བློ་ཆོས་ཀྱི་སྐུ་གམ་དུ་སྡོད་སྐབས་ཤིག་ཏུ་ཁོང་གི་ཚ་མོ་གཡུ་ལྷ་ཞེས་ལོ་ན་ཆུང་ལ་གཤིས་སྤྱོད་བཟང་བ་ཞིག་ཡོད་པ་དེ་ངའི་ཉེ་ཟུར་ནས་ཕར་ཚུར་རྒྱུག་པ་ཙམ་ནའང་ཁོང་གིས་ཚ་མོ་ལ། ཁྱོད་འདིའི་འཁྲིས་སུ་ཡོང་ནས་འགོམ་ཡུག་མ་བྱེད་ཨ། བུད་མེད་ལ་གྲིབ་ཡོད་པས་མིག་ལོང་བའི་གནོད་སྐྱོན་བྱེད་ཀྱི་རེད། གསེར་སྲང་འབུམ་ལས་ཀྱང་འདིའི་མིག་ཡ་གཅིག་དགའ་བ་ཡིན། འདིས་མ་འོངས་པར་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཀྱི་རེད། ཅེས་བཀའ་བཀྱོན་གནང་བ་ན་བསྟན་འགྲོར་ཕན་ཐོགས་རབས་གསུངས་པ་ཁོང་གི་རེ་སྨོན་ཡིན་པ་ཤེས་ནའང་མིག་གསལ་འགྲིབ་ཀྱི་ལུང་བསྟན་ཡིན་པ་ཕྱིས་སུ་མ་གཏོགས་མ་ཤེས། སྐྱོ་བྲག་གསལ་བྱེད་རིན་པོ་ཆེའི་བཀའ་བཞིན་ཚ་སྒང་སྟོད་སྐུ་ལྷ་དཀར་ཡག་གི་རྒྱབ་ཏུ་ཆགས་པའི་ཚ་བ་སྒྲོལ་མ་ལྷ་ཁང་དུ་མཁན་པོའི་མིང་ཙམ་གྱིས་ཟླ་ཤས་སྡོད་པའི་སྐབས་སུ་གྲྭ་པ་འགས་དཔེ་ཆར་འདི་བཞིན་ཉིན་མཚན་སྦྲེལ་ནས་མ་བལྟ། མིག་ལ་འགྲིབ་སྐྱོན་འབྱུང་ཉེན་ཡོད་རབས་ཟེར་བ་ན། ངས་རྒྱུན་གཏན་ཡིད་ལ་ཡོད་པ་སོ་སོའི་ལས་དབང་གིས་གྲུབ་ན་སེང་གེ་གངས་ནས་གྲང་བ་དང་། ཉ་ཆུ་ནང་དུ་འཚུབ་པའི་ལོ་རྒྱུས་མེད་ཅེས་ལན་བཏབ་པ་ཡིན། འོན་ཏེ་དོན་དངོས་ལ་དབང་པོའི་ནུས་པ་ཡང་གློག་རྫས་བཞིན་ཇི་ཙམ་གྱིས་བེད་སྤྱོད་བྱེད་ཤུགས་ཆེ་བ་དེ་ཙམ་གྱིས་རྫོགས་མགྱོགས་པ་ཞིག་ཡིན་ངེས་འདུག །ཕྱིས་གོ་བདུན་ལོའི་མཇུག་ཏུ་བྲོས་བྱོལ་དུ་བསླེབས་ཏེ་རྒྱ་གར་བྱང་ཤར་རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་སུལ། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་དབུས་ཀྱི་ཆ་ན་གནས་པ། དཔལ་ཀརྨ་པའི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་བཤད་གྲྭར་ལོ་ཤས་རིང་མང་དུས་ཉིན་རེ་དཔེ་ཁྲིད་ཐེངས་བཅུ་གསུམ་བཏོན་ཅིང་། སྐྱབས་རྗེ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེས་མི་རིག་འབོ་དཀར་དགོན་པར་བཀའ་བརྒྱུད་སྔགས་མཛོད་དང་། གདན་ས་རུམ་བཏེག་ཏུ་གདམས་ངག་མཛོད་ཟླ་བ་ལྷག་རེར་གནང་བའི་དབང་གི་ཆོག་སྒྲིག་ཉིན་མཚན་བར་མེད་བགྱིས་པ་སོགས་ལས་ཀ་ཐལ་དྲགས་པའམ། ས་ཆུ་ལོག་མིན་ཞེས་ཕ་ཡུལ་གྱི་ནོར་ལུག་ས་གནས་གཞན་པར་ཁྲིད་འགྲོ་བ་ན་རྩྭ་ཆུ་མ་འཕྲོད་ནས་སྐམ་གྱོང་དུ་འགྱུར་འགྲོ་བ་བཞིན། རང་ཉིད་འཚར་ལོང་བྱུང་ས་ནས་ཡུལ་གཞན་པར་བསླེབས་པས་ཁོར་ཡུག་བཟའ་བཏུང་མ་འཕྲོད་ནས་ལུས་ཀྱི་ཟུངས་ཟད་པའམ། ལོ་ནའི་བབ་ཡོལ་བས་དབང་པོའི་ཤུགས་ཤོར་བ་གང་གིས་ཡིན་ཆ་མ་འཚལ་ཡང་། གང་ལྟར་དཔེ་ཆ་བལྟ་ཡུན་རིང་བ་ན་མིག་ལ་ཚ་བ་འཕར་ཏེ་མགོ་ན་ནས་ཞེན་པ་ལོག་པ་དང་། རྒྱང་དུ་བལྟ་བ་ན་གཟུགས་རྣམས་རབ་རིབ་ཏུ་གྱུར་ཏེ་གསལ་པོ་མཐོང་གི་མི་འདུག་པས། སྤྱི་ལོ་ཉིས་སྟོང་ཐམ་པའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་བཤད་གྲྭའི་སློབ་ཕྲུག་རབ་རྒྱས་ཆོས་བཟང་དང་ངག་དབང་འོད་ལྡན་ལྷན་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་གི་སྨན་ཁང་མ་ཎི་པཱལ་དུ་སོང་སྟེ་རྒྱང་མཐོང་གི་མིག་ཤེལ་ཞིག་བསྒྲིགས་པ་ནི་ལུས་རྟེན་འདིའི་རྒྱུན་གྱོན་གྱི་མིག་ཤེལ་ཐོག་མ་དེ་ཡིན། སྨན་པས་ཉལ་བ་དང་གདོང་པ་འཁྲུ་བ་མིན་པར་རྒྱུན་གྱོན་བྱས་ན་མིག་ཤེད་སྔར་མལ་དུ་ཚུད་སྲིད་ཟེར་བ་ནི་སེམས་གསོ་ཙམ་སྟེ་ལོ་ཟླ་སོང་རིམ་བཞིན་མིག་ཤེལ་གྱི་ཤུགས་ཚད་སྤར་ནས་གྱོན། བལ་པོའི་རྒྱལ་ས་ཡམ་བུར་འགྲོ་ཞོར་ཞིག་ཏུ་བཤད་སྒྲུབ་ཡོངས་འདུས་ཀྱིས་རོགས་པ་བྱས་ཏེ་མིག་གི་སྨན་ཁང་ཏིལ་གངྒཱའི་སྨན་པ་གྲགས་ཅན་རུ་ཧེད་ཐ་ལ་བསྟན། འཇམ་མགོན་བླ་བྲང་གི་རེ་སྐུལ་ཡོད་སྟབས་བརྟགས་དཔྱད་ཞིབ་ཚགས་བགྱིས་སོང་། མིག་ཤེད་ཤོར་བ་ཡིན་ན་མ་གཏོགས་ན་ཚ་གཞན་པ་ཅི་ཡང་མི་འདུག་ཟེར། ཡིན་ནའང་རང་ནི་དཔེ་ཆར་གང་འཚམས་བལྟ་ཡུན་རིང་བ་ན་ཐ་མ་མི་མཐོང་བ་ཆགས་ཀྱི་འདུག་ཕྱིར། ཕལ་ཆེར་དོན་སྣོད་ལྟ་བུ་ལུས་ཀྱི་ཆ་ཤས་གང་རུང་ཞིག་གི་ན་ཚའི་ཤུགས་རྐྱེན་མིག་ལ་བསླེབས་པ་ཡིན་ངེས་སྙམ་སྟེ། སྐད་ཡིག་གི་ཤེས་ཚད་དང་གྲོང་ཁྱེར་དྷི་ལིར་རྒྱུས་མངའ་ཆེ་བའི་བུ་མོ་བདེ་ཆེན་དབང་མོ་རོགས་པར་ཁྲིད་དེ་རྒྱ་གར་གྱི་རྒྱལ་ས་དྷི་ལི་པི་ཏམ་པུ་ར་ན་ཡོད་པའི་སྨན་ཁང་མེག་སི་ཧོ་སི་པི་ཏྲལ་ལ་གཟུགས་པོ་ཡོངས་རྫོགས་ཀྱི་བརྟགས་དཔྱད་བགྱིས་པ་ན་ལུས་ཀྱི་སྟོད་སྨད་གང་དུའང་ན་ཚ་ཞིག་མཐོང་མ་སོང་ཟེར། ད་དུང་མགོ་བོ་གཅིག་པུར་དམིགས་བསལ་གྱི་བརྟགས་དཔྱད་བྱ་རྒྱུ་འདུག་པ་དགོས་རབས་བཤད་པ་ན་སྨན་པས་ང་ཚོའི་བརྟགས་འབྲས་ལ་གཞིག་སྟེ་ཁྱོད་ཀྱི་མགོ་བོ་སླར་ཡང་བརྟགས་དཔྱད་གྱིས་ཤིག་ཅེས་བཤད་དུ་མེད། འོན་ཏེ་ཁྱོད་ཉིད་ཀྱིས་དགོས་པའི་ཨུ་ཚུགས་བྱས་ན་ནི་ང་ཚོས་བྱ་རྒྱུ་རེད་ཟེར་བས་ཕན་ཐོགས་མེད་པའི་ཁོ་ཐག་ཆོད་དེ་བཞག །སྦྱང་བྱའི་ཁྱད་པར་གྱིས་མི་ཚེར་ཡི་གེའི་ཞུ་སྒྲིག་བྱེད་དགོས་ཐུག་གིན་ཡོད་པ་བཞིན་དྷ་སཱའི་རྒྱུད་སྟོད་དུ་རྒྱལ་མཆོག་ཀརྨ་པའི་སྐུ་འཁྲིས་ན་སྡོད་སྐབས་ཤིག་ཏུ་ཡིག་ཆ་ཞིག་གི་ཞུ་དག་གྱིས་ཤོག་གསུངས། ངས་ཡུན་རིང་དཔེ་ཆར་བལྟ་དགོས་ཐུག་ན་ང་མིག་ལོང་ཉེན་འདུག་ཅིང་། གལ་ཏེ་ལོང་ན་མི་ཚེ་ལྷག་མའི་འཚོ་ཆས་ཇི་ལྟར་འབྱོར་རམ་ཞུས་པ་ན། ཁོང་གིས་རྙག་རྙོག་བཤད་མ་འདུག་པར་ཡི་གེ་ཞུ་དག་གྱིས་ཤོག །ཁྱོད་ཀྱི་མིག་ལོང་མི་འགྲོ་བ་ངས་ཁག་ཁུར་གསུངས་པ་དེས། རྗེས་མ་དཔེ་ཆར་བལྟ་ཡུན་རིང་ནས་མི་མཐོང་བ་ཆགས་པའི་སྐབས་ནའང་མི་ཚེར་མིག་ལོང་འགྲོ་ཡི་ནི་མ་རེད། ཅི་སྡུག་སྙམ་པའི་བློ་བདེ་བོ་རང་ཡོང་གིན་འདུག །གློག་ཀླད་སོགས་སུ་ཡུན་རིང་བལྟས་ནའང་དཔེ་ཆར་བལྟས་པ་ལྟ་བུའི་གནོད་སྐྱོན་མི་ཡོང་བ་ནི་མིག་འཕྲོག་བརླག་ཏུ་གཏོང་བྱེད་གཙོ་བོ་ཤོག་གུ་ཡིན་པའི་ཁྱད་པར་གྱིས་ཡིན་པ་འདྲ། ཉིས་སྟོང་བརྒྱད་ཀྱི་ལོ་མགོར་བླ་མ་བློ་གྲོས་རིན་པོ་ཆེའི་རོགས་རམ་གྱིས་ཨ་མི་རི་ཀར་བསླེབས་ཏེ་དྲོ་གྲང་སྙོམ་པའི་གྲོང་ཁྱེར་སའན་ཧྥི་རན་སིས་སི་ཀོར་སྡོད་པ་ན། འཇོར་མི་ནིའི་མི་རིགས་ཡིན་པའི་ལྷ་མོས་ཐབས་འཚོལ་གྱིས་མིག་གི་སྨན་པ་གྲགས་ཅན་མར་སི་ལིའུ་བྷེར་མན་ལ་བསྟན། ཁོང་ནི་ནང་པ་དང་མཁས་པར་དགའ་གུས་ཆེ་བ་ཞིག་རེད་འདུག །ཁོང་གིས་སྨན་གཡོག་སྐྱེས་མིན་ཌེ་ནེ་སི་བྷར་སི་ནེ་སི་ལ་འཕྲུལ་ཆས་གོང་ཆེན་མང་པོ་ཞིག་ཏུ་རིན་མེད་ཐོག་བརྟགས་བཅུག་པའི་སྙན་ཐོར་གཟིགས་རྗེས། སྤྱིར་མིག་ལོང་བྱེད་ལ་བད་ཀན་སྐྱ་སྒྲིབ་དང་། ཁྲག་ཤེད་ཆེ་བ། གཅིན་པ་མངར་སྐྱུར་གྱི་ན་ཚ། མིག་གི་དབང་རྩ་ལ་སྐྱོན་ཤོར་བ་སོགས་ཡོད་མོད། ཁྱོད་ལ་གང་ཡང་མི་འདུག་པས་ད་དུང་མི་ལོ་བཞི་བཅུ་ཡས་མས་ཤིག་ཏུ་ལོང་མི་འགྲོ་བ་ངས་ཁག་ཁུར། ད་ལྟ་མི་མཐོང་བ་ནི་མི་ཚང་མ་ན་ཚོད་ཡོལ་བ་ན་གཟུགས་པོའི་སྟོབས་ཤུགས་ཤོར་ནས་དབང་པོ་མི་གསལ་བ་ཡོང་གིན་ཡོད་པ་དེ་དང་། མིག་གི་ངལ་གསོ་མེད་པར་དཔེ་ཆ་བལྟ་ཐེངས་གཅིག་ལའང་ཡུན་རིང་དྲགས་པའི་སྐྱོན་རེད། མིག་ཤེལ་ཡག་པོ་ཞིག་སྒྲིག་དགོས་འདུག་པའི་སྦྱིན་བདག་ཀྱང་ངས་བྱེད། ངའི་གྲོགས་པོ་མིག་ཤེལ་བཟོ་གྲྭའི་བདག་པོ་རྒྱ་རིགས་སྨན་པ་ཆའན་སར་སོང་ཞེས་བརྫངས། སྨན་པ་དེས་བསྐྱར་དུ་བརྟགས་དཔྱད་བྱ་ཞོར་སྨན་པ་སྔོན་མ་ཚོས་ཅི་གསུངས་དང་། རང་གི་མཐོང་སྟངས་ཅི་འདྲ་ཡོད་པ་ཞིབ་འདྲི་ཟིན་རྗེས། ཁྱོད་ཀྱི་མིག་རྡོག་གི་ཤུན་པར་ཆུང་དུས་རྡོ་ཕྱེས་རྨ་མང་པོ་བཟོས་པ་ཡག་པོ་མ་སོས་པའི་རྨ་བཟོ་འདུག་པའི་སྐྱོན་མིག་ཤེད་ཤོར་བ་ན་མངོན་པ་ཙམ་རེད། འདིའི་ཆེད་གསར་བཟོ་ཐུབ་ནས་ཟླ་བ་གཅིག་ལྷག་ཕྱིན་པའི་ཀོ་ཤེལ་ང་ལ་ཡོད་པ་བསྒྲིག་ན་གང་སྐྱོན་གྱི་མ་རེད། རྗེས་མ་དཔེ་ཆ་བལྟ་ཐེངས་གཅིག་ལ་ཡུན་རིང་མ་དྲགས་ཟེར་བ་ན། ཆུང་དུས་ང་ཚོའི་ལུང་པའི་ཡུལ་སྲོལ་ཆོས་དཔེ་རྡོར་རྐོ་བའི་ལས་ཀ་ལོ་ཤས་བྱས་སྐབས་མིག་ཏུ་རྡོ་ཕྱེ་ཆེས་མང་པོ་འཛུལ་ཏེ་མིག་ལ་ཚ་གཟེར་རྒྱག་པ་དང་མཆི་མ་ཤོར་བ་སོགས་བྱུང་བའི་འདས་དོན་ཡིད་ལ་ཝ་ལེར་འཁོར་ནས་ན་ཚའི་རྩད་ཆོད་པས་སེམས་བདེ་ཡ་ལེ་བ་ཆགས། མིག་ཤེལ་དེས་ཉེ་རིང་གི་གཟུགས་རྣམས་གསལ་པོར་མཐོང་ཞིང་ན་ཟུག་མེད་པ་བདེ་ཆམ་མེ་བ་ཡོང་གི་འདུག །གཞན་རྒྱ་བལ་ནས་བསྒྲིགས་པའི་མིག་ཤེལ་མང་ཆེ་བ་མིག་ལ་བདེ་བོ་དང་འགྲིག་པོ་མ་བྱུང་ཞིང་། འགའ་ཤས་ཤིག་ནི་སྐར་མ་ཁ་ཤས་ཀྱི་ཡུན་དུ་གོན་མི་ལོ་བ་ཡང་བཟོས་ཤག །རྒྱུན་གཏན་མིག་ཐང་པོ་མེད་པ་མཁྱེན་གྱི་ཡོད་པའི་བརྩེ་གཟིགས་ཀྱིས་རྒྱལ་མཆོག་ཀརྨ་པ་ནས་ཁོང་རྒྱ་གར་གྱི་རྒྱལ་ས་དྷི་ལིར་ཡོད་པའི་མིག་གི་སྨན་ཁང་ཧི་མ་ལ་ཡ་རུ་སྤྱན་བརྟགས་དཔྱད་བྱེད་དུ་ཕེབས་ཀྱི་ཡིན་པས་ཁྱོད་ཀྱང་མཉམ་དུ་འགྲོ་གསུངས་པ་བཞིན། སྤྱི་ལོ་ཉིས་སྟོང་བཅུ་གཉིས་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་ཉིན་སོང་། སྨན་པས་འཕྲུལ་ཆས་འགའ་ཡིས་བརྟགས་དཔྱད་བྱས་པའི་སྐད་སྒྱུར་ཡང་ཁོང་གིས་གནང་སྟེ། ཁྱོད་ཀྱི་མིག་གློག་གི་བཤག་བཅོས་བྱས་ན་རྒྱང་རིང་མཐོང་བྱེད་ཀྱི་མིག་ཤེལ་གྱོན་དགོས་མི་ཐུག་པའི་གསལ་པོ་ཡོང་གི་རེད། འོན་ཏེ་ཉེ་ས་མཐོང་བར་ནི་གང་ཕན་གྱི་མ་རེད་ཟེར་གྱི་འདུག །ག་རེ་བྱེད་ཀྱི་ཡིན་གསུངས། ཁ་ཤས་བཤག་བཅོས་བྱས་ནས་མིག་ལོང་བ་ཡང་ཡོད་ལ། ཁ་ཤས་བཤག་བཅོས་མ་བྱས་ནས་མིག་ལོང་བ་ཡང་ཡོད་ཕྱིར། གང་ཞིག་ལེགས་པ་རང་བློས་དཔོག་ཐབས་བྲལ་ཏེ་སྐུ་མདུན་ཉིད་ལ་ཐུགས་བརྟགས་གནང་རོགས་ཞུས། དགོངས་དཔྱད་གནང་སྟེ་བརྟགས་པ་ཡག་པོ་འདུག་པས་བཤག་བཅོས་གྱིས་ཤིག་གསུངས་པ་བཞིན། ཉིན་ཕྱི་མའི་གུང་ཚིགས་རྗེས་མིག་གཉིས་ཀ་བཤག་བཅོས་བཟོས་པ་ན་ཆུ་ཚོད་གཅིག་ཙམ་ཐོགས། སྨན་པ་ཆེ་བ་གསུམ་དང་སྨན་གཡོག་སློབ་ཕྲུག་སོགས་མི་གྲངས་བཅུ་ཁ་ཞིག་འདུག །གློག་གི་འཕྲུལ་ཆས་ཆེན་པོ་ཞིག་གི་འཁྲིས་ཀྱི་ཉལ་ཁྲིའི་ཐོག་གན་རྐྱལ་དུ་བཞག་སྟེ། གདོང་པར་ཤོག་གུ་ཡིན་ནམ་སྙམ་པའི་དཀར་པོ་ཞིག་བཀབ་པར་མིག་ཐད་ནས་བུག་པ་བཟོས་ཏེ་མིག་རིལ་ཡོ་བྱད་ཅིག་གིས་བཟུང་། མིག་ཏུ་སྨན་ཆུ་བླུག་ཞོར་ལག་ཆ་མང་པོ་ཞིག་གིས་གཅིག་བྱེད་ཀྱིན་སློབ་ཕྲུག་ཚོ་ལ་སྐྱོན་དང་བཅོས་ཐབས་ཀྱི་འགྲེལ་བཤད་རྒྱག་པ་དང་། མཚམས་རེ་གློག་གི་འོད་ཁྲ་ཚག་ཚག་ཅིག་ཀྱང་གཏོང་གི་འདུག །སེམས་སྣང་དུ་མིག་རྡོག་གི་ཤུན་པགས་སྐོར་དྲས་ཀྱིས་ཕར་ལེན་ཚུར་འཇོག་བྱས་སོང་སྙམ་མོད་དོན་དངོས་ལ་ཅི་ཞིག་བྱས་ཡོད་གང་ཡང་ཤེས་མ་སོང་། བཤག་བཅོས་ཟིན་རྗེས་མིག་ཏུ་སྨན་ཆུ་བླུགས་ཏེ་ཆུ་ཚོད་གཅིག་ཙམ་མིག་བཙུམས་ནས་བཞག །ཡང་བསྐྱར་བཤག་བཅོས་ག་འདྲ་ཆགས་ཡོད་པའི་བརྟགས་དཔྱད་བགྱིས་ཏེ་ལེགས་པོ་བྱུང་ཤག །ཟླ་འདིའི་ཚེས་སུམ་བཅུའི་བར་མིག་འཕུར་མཉེད་དང་ཆུ་འགྲོ་མི་རུང་བས་དགོང་མོ་ཉལ་བ་ན་ཡང་འགྱིག་སྒོར་མོ་འདི་མིག་ལ་ཁོབ། གཟུགས་པོ་དང་གདོང་པ་རྩ་བ་ནས་མ་འཁྲུ། སྨན་ཆུ་འདི་དག་ཉི་མ་རེར་ཡང་ཐེངས་མང་བླུགས། ད་ལྟ་སྨུག་པའི་བར་གསེང་ནས་བལྟས་པ་ལྟ་བུ་ལས་མེད་ནའང་། མིག་ཤེལ་ནག་པོ་ཞིག་གྱོན་ནས་སྡོད་སར་སོང་ལ་ཆུ་ཚོད་བཞིར་ཉོལ་དང་གསལ་པོ་མཐོང་ཡོང་གི་རེད། སྔར་བསྒྲིགས་པའི་མིག་ཤེལ་དེ་ད་ནས་བཟུང་གྱོན་དགོས་ཐུག་གི་མ་རེད་པས་གཡུག་ན་འགྲིག །སང་ཉིན་ཡང་བསྐྱར་ག་འདྲ་ཆགས་ཤག་བལྟ་དགོས་པས་ཤོག་ཟེར་བ་བཞིན། རང་ཉིད་སྡོད་ས་བསམ་ཡས་གླིང་ཏཱ་ར་མགྲོན་ཁང་དུ་སོང་སྟེ་ཉལ་བ་ན་ཆུ་ཚོད་གཉིས་ཙམ་ལས་གཉིད་མ་ཁུག་ནའང་མིག་བཙུམས་ནས་བསྡད། ཆུ་ཚོད་ཟིན་མཚམས་མགྲོན་ཁང་གི་ཐོག་ཁ་ནས་གང་སར་བལྟས་པས་རྒྱང་མཐོང་ཧ་ཅང་གི་ཡག་པོ་ཆགས་འདུག་པས་སེམས་པ་དགའ་སྐྱིད་ཡ་ལེ་བ་བྱུང་། ཕྱི་ཉིན་བརྟགས་དཔྱད་བྱས་པ་ན་དཔེ་ཡག་པོ་ཆགས་ཤག །མིག་ཤུགས་སྐྱེད་བྱེད་ཀྱི་སྟོབས་སྨན་འདི་ཉིད་ཟླ་བ་གསུམ་རིང་ཆད་མེད་ཟོས། ཟླ་བ་རྗེས་མའི་ཚེས་གཅིག་ཉིན་ནས་སྨན་ཆུ་བླུག་པ་མཚམས་འཇོག་གིས་གདོང་པ་འཁྲུ་བ་སོགས་སྔར་རྒྱུན་བཞིན་བྱ་ཆོག་པ་ལས་དམིགས་བསལ་གྱི་སྤང་བྱ་གང་མེད། རྗེས་སོར་ཉི་འོད་ཕོག་དྲགས་པ་སྐྱོབ་བྱེད་དུ་མིག་ཤེལ་ནག་པོ་གྱོན་པ་ཙམ་ལས་ཉེ་མཐོང་གི་མིག་ཤེལ་སྒྲིག་དགོས་པ་ཡང་མི་འདུག་ཟེར་ནའང་། ད་ལྟ་མིག་གི་རྒྱུས་མངའ་ཆ་ཚང་ཡོད་པའི་སྐབས་སུ་བསྒྲིགས་ན་དགའ་བ་ལས། ཕྱིས་རྒྱུས་མེད་ཅིག་ལ་སྒྲིག་རོགས་ལབ་དགོས་ཐུག་སྐབས་ཁག་པོ་རེད་སྙམ་ནས་ཉེ་མཐོང་གི་མིག་ཤེལ་ཞིག་ཀྱང་བསྒྲིགས་པ་ཡིན། བཤག་བཅོས་ཀྱི་རིན་འབབ་ཆེན་པོ་ཡིན་སྐད་དེ་མཚུར་ཕུ་བླ་བྲང་གིས་རྒྱལ་དབང་ཀརྨ་པའི་ཞབས་རིམ་ཆེད་གཉོམ་ཆུང་ལ་རོགས་རམ་དང་། ལོང་བ་རྣམས་ཀྱི་མིག་བཤག་བཅོས་སོགས་སྤྱི་ཚོགས་བདེ་དོན་རྒྱུན་གཏན་བྱེད་ཀྱིན་ཡོད་པ་བཞིན། ངའི་མིག་བཤག་བཅོས་ཀྱི་འགྲོ་སོང་ཡང་ཆ་ཚང་གནང་བས་དཀའ་ངལ་མ་བྱུང་། དྷི་ལི་ཚ་བའི་ནང་དུ་གཟུགས་པོ་མ་ཁྲུས་པར་བསྡད་ན་སྐྱིད་པོ་མི་འདུག་པས་སྤྱི་ཚེས་ཉེར་ལྔའི་ཉིན་མཁའ་ལམ་བརྒྱུད་འབྲས་ལྗོངས་རུམ་བཏེག་ཏུ་སོང་། མིག་གཉི་ག་ཚ་ཟིང་ངེ་བ་ཆགས་ཀྱིན་འདུག་ནའང་སྤྱི་ཟླ་བདུན་པའི་ཚེས་གཅིག་གི་ཉིན་མོ་གདོང་པ་ཁྲུས་རྗེས་མི་བདོག་པས་མིག་སྐྱག་གི་ཉེས་པ་ཡིན་པ་འདྲ། མ་འོངས་ལོ་ཉི་ཤུ་སུམ་ཅུ་ཞིག་ཏུའང་ཨ་ཁ་ངས་སྔོན་མ་བྱ་ཉེས་ཤོར་ཤག་སྙམ་པའི་བློ་འཁོར་དགོས་པ་ཞིག་ཡོང་གི་མ་རེད་ཅེས་སྨན་པས་བཤད་ཀྱི་འདུག་ནའང་། ལག་རྩལ་འདི་འཛམ་གླིང་དུ་དར་ནས་ལོ་ཤས་ཤིག་ལས་སོང་མེད་སྟབས་ལོ་མང་པོ་ཞིག་གི་རྗེས་སུ་གང་ཞིག་ཆགས་ཀྱི་ཡོད་པའི་ཉམས་མྱོང་སུར་ཡང་མེད་པའི་དྭོགས་པ་ཙམ་ལས་ད་ལྟར་ནི་རྒྱང་མཐོང་ཡག་ཐག་ཆོད་འདུག་གོ། །

སྨོན་པ།

བདག་ལ་བྱུང་བའི་འགྲིབས་སྐྱོན་འདི་ཉིད་ཀྱིས། །སེམས་ཅན་གཞན་དག་ལོང་བའི་གོ་ཆོད་དེ། །ད་ནས་བཟུང་སྟེ་སུ་དང་གང་ལ་ཡང་། །མིག་ནད་ཕྲ་མོ་ཙམ་ཡང་མི་འབྱུང་ཤོག །

སྣ་ཚོགས།

Post navigation

Previous Post: ཐོན་བྱུང་།
Next Post: གྲོགས J.B ལ།

Comments (13) on “ང་ཡི་མིག །”

  1. ཀརྨ་ཡེ་ཤེས says:
    2012-07-07 at 1:28 pm

    ཕན་ཐོག་ཅན་བྲིས་འདུག དངོས་ནས་གཞན་ཕན་ཐུགས་བསྐྱེད་ལྡན་པའི་མཁན་པོ་སྐྱོ་བྲག་དགའ་དབང་རེད། མཁས་དབང་ཚོ་རྒྱལ།

  2. ལོང་བ། says:
    2012-07-07 at 4:35 pm

    རང་ཉིད་ནས་འགོ་བརྩམ་ཏེ་རང་ཉིད་ཀྱིས་གཞུང་བསྲང་ཞིང་རང་ཉིད་ཀྱིས་འཇུག་བསྡུས་འདུག །ཐུགས་རྗེ་ཆེ།

  3. དབང་ཆེན་ says:
    2012-07-07 at 9:42 pm

    ཤེས་ཡོན་པ་ཞིག་གི་སྤྱན་ལ་གནོད་པ་ཐེབ་ན་དོ་བདག་གཅིག་པུ་མ་ཡིན་པར་སྤྱིའི་གྱོང་གུད་ཞིག་ཡིན།
    ང་རང་དཔེ་ཆ་ལྟ་ཐུབ་མཁན་ཞིག་མིན་དེ། ཆུང་ཆུང་སྐབས་གངས་ནང་ནས་མིག་ཐེངས་མ་བཞི་ལྔ་ལ་ཕྱིད་མྱོང་། དེང་སང་རྩིས་འཕྲུལ་ནང་ལ་ཡུན་རིང་བལྟ་འི་ཡོད། ངའི་མིག་འདི་འང་ཅུང་ཟད་མཐོང་ཚད་ཆུང་དུ་འགྲོ་བཞིན་འདུག ང་ཞེད་ནས་ཡོད།

  4. སྣྲོན་ངག་ཁྲི། says:
    2012-07-07 at 10:32 pm

    མཁན་པོ་སྐྱོ་བྲག་དགའ་དབང་ལགས་ཀྱིས་ངའི་དྲི་བ་ལ་ཡུན་རིང་ང་ལ་བཀའ་ལན་གནང་མི་འདུག་པའི་རྒྱུ་མཚན་གྱི་ཆ་ཤས་ཤིག་དེ་རིང་གཞི་ནས་ཤེས་སོང་བས་ཁྱེད་ཀྱི་སྤྱན་བཤག་བཅོས་ལམ་ལྷོང་བྱུང་བ་དང་། སྤྱན་གྱི་སྙུན་གཞི་མཐའ་དག་མྱུར་དུ་བསངས་དྲགས་ཡོང་བའི་སྨོན་ལམ་གྲངས་མེད་ཞུ་བ་དང་ཆབ་གཅིག་ཉིན་ཐོ་ལྷ་བུའི་ཁྱེད་ཀྱི་ཕུལ་བྱུང་གི་རྩོམ་ཡིག་འདིའི་གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ།།
    སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།།
    མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་།།
    སྙིང་རྗེས་མི་སྐྱོ་བྱང་ཆུབ་ཕྱོགས་བརྩོན་པའི།།
    བརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས།། ཞེས་༸རྒྱལ་དབང་ལྔ་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དམ་པ་
    དཔལ་མཉམ་མེད་རི་བོ་དགེ་ལྡན་གྱི་སྙན་བརྒྱུད་གདམས་པའི་མཛོད་འཛིན་
    ༸པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་སྔ་ནས་ཇི་ལྟར་ཞེ་ཐག་པས་
    ཐུགས་ཀྱིས་སྨོན་པ་རྣམས་དེ་དེ་བཞིན་མྱུར་དུ་འགྲུབ་པར་གྱུར་ཅིག་གུ།

  5. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2012-07-08 at 3:30 am

    མཁན་རིན་པོ་ཆེ་སྐྱོང་བྲག་དགའ་དབང་ལགས་སྤྱན་མ་བདེ་བར་ཡིད་ཕམ། མྱུར་དུ་དྲག་པའི་སྨོན་འདུན་ཞུ

  6. ཚེ་རིང་ནས། says:
    2012-07-08 at 4:21 am

    མཁས་པའི་དབང་པོ་སྐྱོ་བྲག་དགའ་དབང་ལགས་ཀྱི་ཡག་པོ་བྲིས་འདུག

  7. གཡང་དཀར་ལུག་རྫི་། says:
    2012-07-08 at 11:31 am

    མཁན་པོ་སྐྱོ་བྲག་དགའ་དབང་ལགས་ཀྱི་མིག་ལས་ཁྲོས་པའི་ཉིན་ཐོ་འདི་ནས་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཕལ་ཆེར་རྟོགས་ཐུབ་ཀྱི་འདུག མཁན་པོ་ཁྱེད་ཀྱིས་དངོས་གནས་བོད་མི་རིགས་དང་རིག་གཞུང་ཞབས་ཞུ་མི་དམན་པ་བསྒྲུབས་དང་སྒྲུབ་བཞིན་པར་དགའ་གུས་ཡི་རངས་བྱེད་བཞིན་ལགས། ཁྱེད་ཀྱི་སྤྱན་ཡང་གང་མགྱོགས་དྲགས་སྐྱེད་ཡོང་བའི་སྨོན་འདུག་ཞུ

  8. དྲ་འབུ། says:
    2012-07-08 at 1:25 pm

    ཡིག་ཚོག་མང་ནའང་དོན་དུ་མིག་དབང་ཉམ་ན་གསོ་རུང་བར་སྟོན་འདོད་དམ་ཡང་ན་བུད་མེད་སྨད་འདོད་པ་གང་ཡིན་ཆ་མ་འཚལ། གང་ལྟར་ཁོང་གི་བརྟེན་སའི་མཁན་པོ་དེ་ཡང་དེ་འདྲའི་བུད་མེད་ལ་མཐོང་ཆུང་གནང་མཁན་ཞིག་ཡོད་པ་འདྲ། གང་སྲིད་བུད་མེད་ལ་གྲིབ་ཡོད་པའི་དབང་དུ་བཏང་ནའང་མིག་གཅིག་པོར་ཕོགས་དགོས་པའང་ཁོང་གི་བླ་ན་མེད་པའི་གཟིགས་རྒྱ་ཡིན་པ་འདྲ། མཆན་འདེབས་མཁན་ཚང་མས་མཛུབ་མོ་གནམ་ལ་ཀེར་འདུག་ཀྱང་ཅི་ཕྱིར་ཡིན་ནམ། རྗོད་བྱེད་ལ་སྙན་ཆ་མེད་ཅིང་ཡིག་ཚོགས་མང་ལ་བརྗོད་བྱའི་བསྟན་དོན་གོང་འོག་མ་མཚུངས་པ་སོགས་གང་ལྟར་བསྟོད་འོས་པ་ཅི་ཞིག་ཡོད་དམ།

  9. འཁྱམས་པོ།། says:
    2012-07-09 at 7:57 am

    མཁས་པའི་དབང་པོ་སྐྱོ་བྲག་དགའ་དབང་ལགས་ཁྱེད་ཀྱི་སྤྱན་དྲག་སྐྱེད་བྱུང་བར་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་རྩོམ་སྙན་ལ་གསོན་ཉམས་ལྡན་པ་ཞིག་འདུག་པའི་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ མ་འོང་ལོ་ཟླའི་ཁྲོད་ཁྱེད་ཀྱིས་མཛད་འཕྲིན་མཐའ་དག་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་གྲངས་མེད་དང་བཅས་མཚུར་ཕྲུག་པ་སངས་ནས་གུས་ཕུལ།།

  10. ལོང་བ། says:
    2012-07-10 at 3:31 am

    ཡག་པོ་་་་་་་་་་་་ཤོག

  11. སྒོམ་སྡེའི་བུ་མོ་ says:
    2012-07-13 at 2:56 pm

    མཁན་དགའ་དབང་ལགས་སྐུ་ཉིད་མིག་སྔར་ལྟར་ཡར་གྲག་པ་དང་འདོད་དོན་མཐའ་དག་གེག་མེད་འགྲུབ་པར་སྨོན་།

  12. རང་དབང་ཨ་རྡུ་མན་ says:
    2012-07-14 at 9:33 pm

    ཨ་ཁ་ཁ། དངོས་གནས་ཕམ་པོ་བྱུང་།

  13. རྨོངས་སློང་རྟོག་སད། says:
    2012-10-21 at 10:55 am

    མཁས་དབང་སྐྱོ་བྲག་དགའ་དབང་ལགས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་སྦྲགས་རྗེས་ཕྱོགས་སུ་སྐུ་ཉིད་ཀྱི་རྩོམ་ཡིག་དག་རྩོད་རྙོག་གི་རྒྱུ་རུ་མི་འགྲོ་བའི་སྨོན་ལམ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme