Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཁྲུངས་སྐར་ལ་ཕུལ་བའི་མཆོད་སྤྲིན།

Posted on 2012-07-05 By ཆུ་སྐྱེས་སྒྲོལ་མ། 14 Comments on འཁྲུངས་སྐར་ལ་ཕུལ་བའི་མཆོད་སྤྲིན།

བསམ་གླིང་ཚེ་རིང་ལྷ་མོ།

ཀ་མ་ལ་ལྟར་སྐྱེ་དགུའི་མཛེས་རྒྱན་སྤྱན་རས་གཟིགས་དབང་ཁྱེད་ཀྱི་སྐུ།།
ཁ་བ་རི་པའི་ས་འཛིན་སྣུམ་པོར་མཚན་བཟང་དཔེ་བྱད་བཟང་པོས་བལྟམས།།
ག་ཤེད་འགྲོ་བའི་སྡུག་བསྔལ་སེལ་ཕྱིར་བསྟན་འཛིན་རྒྱ་མཚོ་འགྲོ་བའི་དཔྱིད།།
ང་ཅག་འགྲོ་བའི་བསོད་ནམས་དཔལ་དུ་བཙན་པོའི་རྒྱལ་ཁབ་བོད་དུ་འཁྲུངས།།

ཅ་གས་བསྐྱངས་བཞིན་ཡུམ་ཆེན་དམ་པའི་བྱམས་བརྩེའི་དྲུང་ནས་སྤྲུལ་སྐུ་ཞེས།།
ཆ་མེད་རི་ཀླུང་དུ་མ་མྱུལ་བཞིན་མཐོན་པོའི་ཁྲི་ལ་ཞབས་གསོར་འཁོད།།
ཇེ་སྙེད་བསྟན་སྲིད་སྐྱེ་གུའི་དོན་ཆེན་དགུང་ན་ཕྲ་ཡང་ཐུགས་ཀྱིས་མཁྱེན།།
ཉ་རེ་ཉོ་རེའི་ཆབ་སྲིད་སྟེགས་བུར་ལེགས་བཅོས་གསེར་གྱི་ས་གཞི་འཁྲུངས།།
༸ཏ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་གང་ཉིད་དགུང་ན་ཕྲ་བའི་དུས།།
ཐ་ཆད་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་རང་རེའི་རྒྱལ་ཁབ་བོད་ལ་ལྷག །
ད་དུང་མགོ་རུལ་རྣ་བས་མི་ཚོར་སྲིད་ཀྱི་ཁྲི་ལ་ནང་ཁུལ་འཁྲུག།
ན་ཚོད་ཕྲ་བའི་རྒྱལ་སྲས་གང་ལ་མཐའ་མའི་ཆབ་སྲིད་ཧྲལ་ཧྲུལ་ཕུལ།།
དཔའ་དམ་འཁྱེར་བའི་དཔའ་རྒོད་ཁྱུ་ཚོགས་མེ་མདའི་རྡེའུ་ཡི་འོག་ཏུ་ཕམ།།
ཕ་ཡུལ་ཞི་བདེའི་དཔུང་དམག་ཉུང་བས་དགྲ་བོར་ཁ་གཏད་ག་ལ་ཆོག།
བ་གམ་ཁང་བཟང་ཡོད་ཚད་སྐྱུར་ཏེ་འཕགས་ཡུལ་ཚ་བའི་ཡུལ་དུ་བསྙེགས།།
མ་ལྟར་བྱམས་པའི་སྤྱན་རས་གཟིགས་ཀྱིས་གངས་ལྗོངས་འགྲོ་བའི་མགོན་དཔུང་དུ།།
རྩ་ཆེའི་རྒྱལ་ཁབ་སླར་ཡང་སྐྱོང་སླད་གཞན་དོན་འགྲོ་བའིིི་ཁུར་ཆེན་བསྣམས།།
ཚ་བའི་ཡུལ་དུ་སྐྱབས་བྱོལ་བོད་མིའི་འཚོ་གོས་སླར་གསོ་ངལ་བས་བསྒྲུབས།།
ཛ་དྲག་ཆེ་བའི་དུས་ངན་མཐར་མཛད་མགོན་པོ་གང་གི་ཐུགས་རྗེའི་རླབས།།
ཝ་ལེར་བསམ་ན་སྤྱན་རས་གཟིགས་དབང་མགོན་པོ་ཁྱེད་ཀྱི་བྱིན་རླབས་ལས།།
གཞན་པའི་སྐྱེ་བོས་ཐེག་པར་དཀའ་བའི་དཀའ་ངལ་ཐ་དག་བཅོམ་པར་མཛད།།
ཟས་གོས་འཛོམས་པའི་བཙན་བྱོལ་སྤྱི་ཚོགས་དེང་གི་དུས་སུ་སྐྱེ་བོས་བསྟོད།།
འ་ཅག་འགྲོ་བའི་མགོན་པོ་གང་གི་ཐུགས་རྗེའི་བྱིན་རླབས་བླ་ན་འཕགས།།
ཡ་རབ་གཞུང་བཟང་བོད་པ་ཞེས་བྱའི་དེང་གི་སྐལ་བཟང་འདི་ཀོ་ཤར།།
རོལ་མོའི་འགྱུར་ཁུག་ཡིད་ནས་བཀྲོལ་བཞིན་སྐྱབས་མགོན་མཆོག་ལ་བསྟོད་གླུ་ལེན།།
ལ་ཀླུང་མང་པོར་གནས་སུ་བཅའ་བའི་ང་ཅག་བོད་འབངས་སྐྱེ་བོ་ཡིས།།
ཤ་ཀྱའི་སྲས་པོའི་རྗེས་སུ་འགྲོ་བའི་མགོན་པོ་གང་ལ་གསོལ་བ་འདེབས།།
སངས་རྒྱས་བསྟན་པ་ཡུན་རིང་དར་ཞིང་རྒྱལ་དབང་མཆོག་གི་འཁྲུངས་སྐར་ལ།།
ཧ་ཅང་དགའ་བའི་རྐང་བྲོ་གླུ་དབྱངས་དེ་རིང་འཛམ་བུའི་གླིང་འདིར་ཁྱབ།།
ཨ་ལིའི་དབྱངས་ཀྱི་སྦྱོར་བ་དམན་ཡང་ཁོ་མོའི་ཡིད་ཀྱི་འོ་མཚོ་ལས།།
ཧ་ཅང་བཞུར་བའི་བསྟོད་ཚིག་ཟེགས་མས་རྒྱལ་བ་གྱེས་པའི་མཆོད་སྤྲིན་སྤྲོས།།
སངས་རྒྱས་གཉིས་པ་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་བརྟན་འགྱུར་ཅིག།

སྙན་ངག

Post navigation

Previous Post: ཉིན་འདི་ཞིག་དབྱངས་ཀྱིས་བསུ།
Next Post: ༧ཞི་བདེ་གླིང་པའི་འཁྲུངས་སྐར་ལ་མཆོད་སྤྲིན་དང་སྨོན་ལམ་ཞུ།

Comments (14) on “འཁྲུངས་སྐར་ལ་ཕུལ་བའི་མཆོད་སྤྲིན།”

  1. མེ་ཏོག་དཀར་པོ། says:
    2012-07-06 at 1:02 am

    བསམ་གླིང་པས་༧བསྟོད་ཚིགས་སྤེལ་བར་དགའ་ཡོད།

  2. པདྨ says:
    2012-07-06 at 2:00 am

    ཚེ་རིང་ལྷ་མོའི་མཆོད་སྤྲིན་དེ་ལེགས་མོད། རྒྱལ་བ་གྱེས་པའི་མཆོད་སྤྲིན་སྤྲོས་ཞེས་པའི་ཡིག་ནོར་དེས་ཀ་རྩོམ་ཚང་མ་ལ་ནུས་མེད་བྱས་འདུག བཅོས་ན་བཟང་སྙམ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-06 at 2:11 am

    རིགས་ཀྱི་བུ་མོ་བསམ་གླིང་མ།
    ཚེ་རིང་ལྷ་མོས་བོད་ཡོངས་ཀྱི།
    སྐྱབས་མགོན་ཆེན་པོར་བསྟོད་དབྱངས་ཀྱིས།
    འབྱུང་ཚུལ་བརྗོད་པར་ལེགས་བསྔགས་བགྱིད།།

    འདི་ཡི་མ་ཕྱིར་གཉེར་ཅག་དགོས།
    རང་བློ་ཆུ་གཏེར་འཕེལ་བ་ན།
    ཚིག་གི་འདམ་དག་སྣང་བ་ན།
    རང་གི་རིག་སྟོབས་ཀྱིས་སེལ་ནུས།།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-07-06 at 4:40 am

    ཀ་དག་ཀ་ནས་དག་ཀྱང་སྙིང་རྗེའི་རོལ་གར་དབྱར་གྱི་དུས་སུ་འཁྲུངས། །
    ཁ་བའི་བསིལ་ལྗོངས་ལྷ་སའི་ལྟེ་བར་དགུན་དུས་ཆོས་ཀྱི་དམ་འཇོག་མཛད། །
    གར་ཕེབས་སུ་ཕྲད་དབྱར་དགུན་སྟོན་ཡང་དཔྱིད་ཀྱི་དཔལ་ཡོན་ཡང་ཡང་སྤེལ། །
    ང་ཚོའི་སྙིང་གཅིག་མིག་གཉིས་སྐྱབས་གསུམ་བདེན་བཞི་སྟོན་འབྲས་སྟོན་མཁས་༸སྐུ། །
    དགུང་གྲངས་བརྒྱ་ལྷག་བརྒྱ་དང་བརྒྱད་བརྒལ་བརྒྱ་དང་བཅུ་གསུམ་ལྷག་བརྟན་ཤོག །

  5. དྭངས་བླངས་པ says:
    2012-07-06 at 9:38 am

    ནོར་འཛིན་མ་མའི་པང་དུ་འཚོ་བའི་རྨུས་ལོང་འབྱུང་བྱའི་གཉེན་པོ་མཆོག། 
    རི་བོ་གྲུ་འཛིན་སྲིད་ན་བརྗིད་པའི་མི་འཇིག་གདོང་ལྔའི་ཁྲི་སྟེང་དུ།
     གངས་ལྗོངས་ཡབ་གཅིག་ལྷ་མཆོག་ཕྱག་ན་པདྨོས་རྣམ་འཕྲུལ་མིའི་རྗེ།
     འགྲོ་བའི་དོན་དུ་བསམ་བཞིན་སྲིད་པ་བཟུང་ཁྱེད་སྐུ་ཚེ་ཞབས་པད་བརྟན་པར་གསོལ།

     དམུ་རྒོད་འདུལ་བའི་ལས་བསྐལ་དམ་ཚིག་ཅན་གྱི་སྐྱེས་བུ་སྟེ།
     ཐུབ་དབང་གཉིས་པ་རྒྱལ་བསྟན་འཛིན་དང་དེ་འཛིན་སྐྱེས་བུའི་སློབ་དཔོན་མཆོག།
     འཁོར་བའི་རྒྱ་མཚོའི་ཕ་རོལ་ཁྲིད་པའི་དེད་དཔོན་དམ་པ་སྙིང་རྗེ་ཅན།
     སྟོན་པའི་བསྟན་འཛིན་བསྟན་འཛིན་རྒྱལ་མཚོ་མཆོག་ཉིད་སྐུ་ཚེ་བསྐལ་བརྒྱ་བརྟན།
     
    མཐོང་ཐོས་དྲན་པས་སྡུག་བསྔལ་སེལ་ཞིང་ཡང་དག་དགེ་བའི་ལམ་བཟང་སྟོན།
     ནད་མུག་འཁྲུག་བརྩོད་བསྐལ་ངན་བཟློག་པའི་དུར་ཁའི་གཉེན་པོ་༧གོང་ས་རྗེ།
     གཞན་གནོད་གཞི་བཅས་སྤོང་ལ་གོམས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་མཆོག།
     སྐུ་ཚེ་མི་ཞིག་རྡོ་རྗེའི་ཁམས་སུ་འགྱུར་མེད་བརྟན་པོར་བཞུགས་པར་གསོལ།

    ཞི་བདེའི་དེད་དཔོན་སྙིང་སྟོབས་ཅན་གྱིས་ཉོན་མོངས་དུག་ལྔའི་ཁ་བཏད་གཅོག།
    བྱམས་དང་སྙིང་རྗེའི་རྒྱུད་བརླན་མ་གྱུར་འགྲོ་ལ་བུ་ལྟར་བརྩེ།
     རྨི་ལམ་དུ་ཡང་སྡིག་སེམས་མི་འབྲེལ་གཞན་ཕན་དགེ་བའི་ལས་ལ་བརྩོན།
    རྒྱལ་སྲས་སེམས་དཔའ་༧གོང་ས་མཆོག་ཁྱེད་སྐུ་ཚེ་བསྐལ་བརྒྱ་བརྟན་པར་སྨོན།

    གྲངས་མེད་བསྐལ་ཆེན་དུ་མ་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུས།
     མཁའ་མཉམ་འགྲོ་ལ་དམ་པའི་ཆོས་ཀྱི་བདུད་རྩིའི་ཆར་པ་འབེབས་མཛད་པའི།
    ཞི་བདེའི་དེད་དཔོན་ལྷ་མིའི་རྣམ་འདྲེན་ཕྱག་ན་པདྨོ་མཆོག།
    གསང་གསུམ་མི་ཞིག་རྡོ་རྗེའི་ཁམས་སུ་འགྱུར་མེད་བརྟན་པར་སྨོན།
     
    ཚད་མེད་ཞི་བས་འཚེ་མེད་ལྟ་གྲུབ་གོམས་པ་མཐའ་ཕྱིན་ཕུལ་དུ་སོན།
    བྱམས་དང་སྙིང་རྗེ་རྒྱུད་ལ་གོམས་པས་དགྲ་བོ་ལ་ཡང་བུ་ལྟར་བརྩེ།
    བླང་དོར་ལས་ལ་ལེགས་ཉེས་དབུགས་ཕྱུང་ཐར་པའི་ལམ་དུ་ཁྲིད།
    སྐྱེ་དགུའི་གཙུག་རྒྱན་༧གོང་ས་བླ་མ་སྐུ་ཚེ་བསྐལ་བརྒྱ་བརྟན་པར་ཞུ།
    ཞེས་2012/07/06 སྐུའི་འཁྲུངས་སྐར་ཉིན་གུས་སྐྱབས་འོག་པ་དད་དམ་འགྱུར་བ་མེད་པའི་བོད་རྒན་དྭངས་བླངས་པས།

  6. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-07-06 at 1:54 pm

    ྡྟོམཁྱེན་ལྡན་དྲ་གྲོགས་ལྷན་རྒྱས་ནས་བཀའ་སློབ་ལམ་སྟོན་དང་འཁྲུངས་སྐར་མཉམ་རོལ་གནང་བར་ཐུགས་རྗེ་ཆེ།

  7. དྭངས་བླངས་པ says:
    2012-07-06 at 2:32 pm

    ཚེ་རིང་ལྷ་མོ་ལཊ་ཀྱི་ཀ་བཤད་འཁྲུངས་སྐར་སུ་༧གོང་ས་མཆོག་སྐུ་ཚེ་རིང་བའི་ལེགས་སྐྱེས་སྤེལ་བར་དགའ་བསུ་ཡོད། ང་ཚོ་ནི་མི་རིགས་གཅིག་དང་ལས་དབང་གཅིག། ང་ཚོ་ནི་དམིགས་ཡུལ་གཅིག་དང་ཆོད་སེམས་གཅིག། ང་ཚོར་ཡོད་པ་གཅིག་དང་རེ་བ་གཅིག། ༧ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ནི་ང་ཚོའི་ཚེ་སྲོག་ཡིན་ལ་ང་ཚོའི་སྐྱབས་གནས་ཡིན། ང་ཚོའི་མིག་དང་སྙིང་ཡང་ཁོང་ལས་གཞན་སུ། ཁོང་སྐུ་ཚེ་རིང་བའི་སྙན་བརྩམ་སོ་སོའི་གང་ཤེས་རེ་བཀོད་ཐུབ་ན་མི་མང་ཁ་མང་གིས་བསྟོད་པར་ལྷ་འཁོར་ཟེར་སྲོལ་ཡོད་པས། དྲ་གྲོགས་ཚང་མས་༧ གོང་ས་ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་པའི་སྐྱབས་འཇུག་གནང་རོཊ།

  8. རྟ་བདུན་དབང་བོ says:
    2012-07-06 at 3:03 pm

    རྨད་བྱུང་ཐུབ་བསྟན་མཛེས་རྒྱན་གྲུ་འཛིན་བདག །མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་བསྡུས་ནས། །
    ཡིད་ཅན་མཐའ་ཡས་རྒྱ་མཚོའི་འགྲོ་དོན་དུ། །སྤྲུལ་བའི་འཕགས་མཆོག་ཁྱེད་ལ་གསོལ་བ་འདེབས། །
    དེ་ལྟར་སྙིང་ནས་གསོལ་བ་བཏབས་པས་མཐུས། །མགོན་ཁྱོད་ཞབས་པད་བསྐལ་བརྒྱར་རྟག་བརྟན་ཅིང་། །
    ཆོས་སྲིད་མངའ་ཐང་ཡར་ངོའི་ཟླ་ལྟར་འཕེལ། །མ་གྱུར་འགྲོ་རྣམས་བྱང་ཆུབ་ས་ཐོབ་ཤོག

  9. རྟ་བདུན་དབང་བོ says:
    2012-07-06 at 3:04 pm

    རྨད་བྱུང་ཐུབ་བསྟན་མཛེས་རྒྱན་གྲུ་འཛིན་བདག །
    མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་བསྡུས་ནས། །
    ཡིད་ཅན་མཐའ་ཡས་རྒྱ་མཚོའི་འགྲོ་དོན་དུ། །
    སྤྲུལ་བའི་འཕགས་མཆོག་ཁྱེད་ལ་གསོལ་བ་འདེབས། །
    དེ་ལྟར་སྙིང་ནས་གསོལ་བ་བཏབས་པས་མཐུས། །
    མགོན་ཁྱོད་ཞབས་པད་བསྐལ་བརྒྱར་རྟག་བརྟན་ཅིང་། །
    ཆོས་སྲིད་མངའ་ཐང་ཡར་ངོའི་ཟླ་ལྟར་འཕེལ། །
    མ་གྱུར་འགྲོ་རྣམས་བྱང་ཆུབ་ས་ཐོབ་ཤོག

  10. མིག་བརྒྱད་པ། says:
    2012-07-06 at 4:54 pm

    ཀ་དག་གདོད་ནས་མངོན་སངས་རྒྱས་ཀྱང་ཁ་བ་ཅན་གྱི་བོད་འབངས་རྣམས།།
    ག་ནས་བལྟས་ཀྱང་བསྐལ་བ་བཟང་ངོ་ང་ཡི་སྐྱབས་མགོན་གོང་ས་མཆོག།
    ཅ་ཅོ་བག་མེད་ལེ་ལོ་སྤངས་ནས་ཆ་བྱད་ཐུབ་པའི་བརྟུལ་ཞུགས་བཟུང་།།
    ཇ་ཡུན་ཙམ་ཡང་བྱང་ཆུབ་སེམས་ལ་ཉ་མོ་ཆུ་དང་འགྲོགས་པ་བཞིན།།

  11. གོང་དཀར་ངག་རྣམ། says:
    2012-07-07 at 1:43 pm

    འབོལ་རྩོམ་ཡིད་ཀྱི་རོལ་མོའི་འགྱུར་ཁུག་ལས།།
    དད་པའི་ཕྲ་ཚོམ་རྣམ་རྟོག་མཁའ་ལ་བཞད།།
    ལྷད་མེད་བདུད་རྩིའི་རྒུན་ཆང་འདི་འཐུངས་པས།།
    སྐྱབས་སོང་རིན་ཆེན་གླིང་དུ་ངང་གིས་ཆས།།

  12. སྣྲོན་ངག་ཁྲི། says:
    2012-07-08 at 1:45 pm

    ༼༡ཨ་ལིའི་དབྱངས་༽ཀྱི་སྦྱོར་བ་དམན་ཡང་ཀ་ལིའི་ཕྲེང་བ་མཛེས་སམ་ཅི།།
    ༢ཧ་ཅང་བཞུར་བའི་བསྟོད་ཚིག་གཟེགས་མས་༼རྒྱལ་བ་གྱེས་༽ན་མཆོད་དམ་ཅི།།
    ༣ས་སྟེང་རྒྱལ་བསྟན་ཡོངས་རྫོགས་མངའ་བདག་བསྟོད་པའི་ཟོལ་གྱིས་སྨད་དམ་ཅི།།
    ༤ཤ་མཆོག་གཅིག་ནས་ཆད་པའི་བོད་མིར་ཆེད་མངགས་ཡིག་ནོར་བྲིས་སམ་ཅི།
    ༥ལ་རྒྱའི་ཁ་གཡང་སྙན་པར་བསྒྲགས་ནས་མེས་པོར་འཁོན་སེམས་བཅངས་སམ་ཅི།།
    ༦ར་སྤུའི་འུར་རྡོ་རང་རིགས་ར་ལ་ལན་མང་སྐོར་བ་བསྐོར་ཅི།།
    ༧ཡ་མཚན་ཅན་གྱི་ཚིག་འགའ་སྤྱད་འདི་དོན་དུ་དཀྲུགས་འདོད་ཡིན་ནམ་ཅི།།
    ༨འ་རི་འུ་རེའི་དགོས་མེད་གཏམ་འདི་འཁྲུངས་སྐར་སྐབས་འདིར་འོས་སམ་ཅི།།
    གོང་གི་དྲི་བ་བརྒྱད་པོ་སོ་སོར་ཁ་གསལ་གྱི་ལན་ཞིག་སྙན་དངགས་ཀྱི་ལམ་ནས་མྱུར་སྩོལ་མཁྱེན།

  13. dhoshul says:
    2012-07-09 at 2:55 am

    རྟོག་བཏགས་ཡིད་ཀྱི་ངོགས་སུ་འདུ་ཤེས་ཀྱིས། །སྣ་ཚོགས་ཚོན་མདངས་བཀྲ་བའི་གཟུགས་ཀྱི་སྐུ། །སྲིད་པའི་ཁམས་འདིར་ཤེས་རབ་འགྲན་མེད་པ། །མངའ་བར་གྲགས་པ་གང་དེས་དུས་ཀུན་སྲུངས། འཛམ་གླིང་ཁྱོན་འདིར་ནད་མཚོན་མུ་གེ་སོགས། །འབྱུང་བཞི་རྒུད་པའི་འཇིགས་པ་བཟོད་དཀའ་བ། །མངོན་སུམ་མྱོང་བའི་སྐྱེ་འགྲོ་ཉམས་ཐག་རྣམས། །སྐྱོབ་པར་བསམ་བཞིན་སྐྱེ་བ་བཞེས་སམ་སྙམ། །གྲལ་རིམ་མཐོ་དམན་གནམ་སའི་བཀོད་བསྒྲིགས་ལ། །རྒྱལ་ཕམ་འགྱེད་པའི་དཔའ་བོ་དམར་པོའི་དཔུང། །མ་སྨད་ལྷག་བསམ་དཀར་པོས་ཡིད་འཕྲོག་ནས། །དར་དམར་བསྒྲེངས་བའི་སྤོབས་པ་ཐུགས་ལ་སྐྱེས། །འོན་ཀྱང་མཁས་མཛངས་ལྡན་པའི་མའོ་དེས། །ད་ལྟ་དམ་བཅའ་བཞེས་པ་སྔ་ཐལ་ཆེ། །གནས་སྐབས་འདི་མུར་བཞུགས་ན་བརྗིད་ཆེ་བའི། །ནང་མོལ་བརྩེ་བའི་ཁ་ཏར་ཡིད་གཏད་མཛད། །སྤྱང་ལྟོག་རྒད་པོའི་ཡིད་ཁམས་བལྟས་པའི་ཉམས། །ཞིང་བྲན་རྒན་པོ་བུ་རབས་ཚྭ་རྒྱུད་ཀྱི། །ཁྲག་དང་རྔུལ་ཆུ་འཐུང་ལ་བྲེལ་ཆེ་བའི། །ཞིང་བདག་སྙིང་ནད་འབྱུང་བའི་དྲང་བདེན་མཛད། །བོད་ལྗོངས་ཞི་བའི་ལམ་ནས་བསྒྱུར་བཅོས་ཀྱི། །ཁ་གཡང་ར་གན་གསེར་མདོག་བཅོས་པ་དེ། །དམར་དམག་བྱ་བས་ཉིན་བཞིན་གསལ་རུ་སོང། །དྲག་པོའི་རྒོལ་བརྡུང་ར་གན་གདོང་འབག་མཐོང། །གང་ཉིད་བཞུགས་པའི་གནས་སུ་མེ་སྒྱོགས་ཀྱི། །མདེལ་ཁ་བསྒྱུར་ནས་བོད་མིའི་ཡིད་ཁམས་དཀྲུགས། །མ་བསྐོས་རང་དབང་བདེན་པའི་འབོད་ཚིག་སྒྲ། །གསན་ཐེངས་རེ་ལ་བྱམས་བརྩེས་བཟོད་ཐབས་བྲལ། །དོན་མེད་སྟོང་འདིང་གུང་ཁྲན་རིང་ལུགས་ཀྱི། །ཞིང་ཁམས་ཀུན་ཁྱབ་རྒྱལ་ཁམས་བདེ་བ་ཞིག །རི་བོང་ར་ཡི་སྤུན་ཟླར་མངོན་གཟིགས་ནས། །མཛད་དཀའི་རླབས་ཆེན་རྒྱང་བསྐྱོད་བཤུལ་ལམ་འདེམས། །སྔ་སྲོལ་ཕྱོགས་ཕེབས་མཛད་པའི་ལུགས་སྲོལ་བཞིན། །མགོན་པོའི་དྲུང་དུ་འཕྲིན་བཅོལ་ཕེབས་པའི་སྐབས། །མཆོད་མེ་གསལ་ཞིང་ལྷབ་ལྷུབ་འབར་བ་དང། །དགེ་འདུན་པ་རྣམས་བརྗིད་ཉམས་རོལ་དབྱངས་འཐེན། །བྲེལ་ཟིང་ཁྲོད་དུ་རྟེན་འབྲེལ་མཚན་མ་བརྟགས། །བཞུགས་ཁྲིར་ཕེབས་ནས་བརྒྱད་སྟོང་ཞལ་ཕྱེས་སྐབས། །བྱང་སེམས་བརྩོན་འགྲུས་བརྩམ་པའི་ཚིག་བཀྲ་གཟིགས། །ཐུགས་སྤོབས་འཁྲུངས་ཤིང་རྟེན་འབྲེལ་མགོ་ནས་འགྲིགས། །རབ་ཏུ་བྱུང་བའི་མཚོན་རྟགས་ངུར་སྨྲིག་གོས། །ལྟེབ་བརྩེགས་བརྒྱབ་ནས་སྐུ་སྲུང་དམག་གི་ཆས། །བགོས་ནས་མི་འོས་འཕྲུལ་མདའ་ཕྱག་ཏུ་བསྣམས། །མག་མོག་སབ་སིབ་ཁྲོད་ནས་གྱེས་ཕྱག་མཛད། །མེས་དབོན་རྣམ་གསུམ་ཐུགས་བརྩེ་མ་ཡལ་བར། །བོད་འབངས་ཉམས་ངའི་གཡང་ལས་སྐྱོབས་པའི་མགོན། །དངོས་བྱོན་༧གོང་ས་ལྔ་པའི་གཏེར་གཏད་པའི། །ལྷ་མོའི་ཞལ་ཐང་མོ་དཔེ་གཙིགས་སུ་མཛད། །ཤིན་ཏུ་ཉམས་ཐག་ལྷག་བསམ་མ་སྨད་པའི། །ནོར་གླིང་མཐའ་ནས་བསྐོར་བའི་མི་སེར་རྣམས། །གཅེས་པའི་སྲོག་དང་འབྲལ་བའི་སྔ་ལྟས་དེ། །གཟིགས་ནས་ཐུགས་བརྩེས་སྐྱོ་ཆད་ཚད་མེད་མཛད། །མཛད་དཀའ་རླབས་ཆེན་ཞི་བའི་གོམ་བགྲོད་ཀྱིས། །གོམ་པ་དང་པོ་སྤོས་པའི་ཉིན་མོ་ནས། །འཛམ་གླིང་ཞི་བདེ་བསླབ་བྱའི་འོ་མཚོ་ཡིས། །ལྦུ་ཕྲེང་གཡོ་བའི་ཆུ་གཏེར་རླབས་ཕྲེང་བརྩེགས། །རྭ་བ་གངས་ཀྱིས་བསྐོར་བའི་ལྕགས་རི་ལ། །གདོང་གཏུག་ཚ་གྲང་འཐབ་པའི་འགྲུལ་བཞུད་དང། །དམར་དམག་གསང་ཡིབ་ཐུག་པའི་དོགས་ཟོན་ངང། །ར་མ་གྲུ་ལས་བརྒལ་བའི་གཏམ་རྒྱུད་མང། དངོས་བྱུང་གི་ལོ་རྒྱུས་བརྗོད་པའི་ལེའུ་དང་པོའོ།།

  14. སྣྲོན་ངག་ཁྲི། says:
    2012-07-11 at 2:09 pm

    རྡོ་ཤུལ་(dhoshul)ལགས་ཀྱི་དངོས་བྱུང་གི་ལོ་རྒྱུས་བརྗོད་པའི་མཛད་རྣམ་ལེའུ་དང་པོ་དེ་སྙན་པོ་དང་ཚིག་སྦྱོར་བདེ་བོ་ཞིག་བྲིས་གནང་འདུག་པས་དེའི་སྨད་ཆ་འམ་ལེའུ་གཉིས་པ་གསུམ་པ་རྣམས་མུ་མཐུད་དེ་འབྲི་རོགས་གནང་ཞེས་རེ་བ་ནན་མོ་ཞུ་རྒྱུ་ཡིན།།
    རྨད་བྱུང་རྩོམ་གྱི་བརྗོད་བྱའི་མཛའ་ན་མོ།།
    སྡེབ་ལེགས་དབྱངས་ཀྱི་རིན་ཆེན་དོ་ཤལ་ཅན།།
    འདོད་ལྡན་སྐྱེ་དགུའི་འདྲེན་བྱེད་མདུན་རྒྱུ་ན།།
    སྙན་འཇེབས་བདུད་རྩིར་མཆུ་འདབས་ཅིས་མི་སྦྱོར།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme