Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེ་ཁོར་ནས་འཐུས་པའི་སྙན་ངག

Posted on 2012-06-30 By ཁ་བརྡ་ 38 Comments on ཉེ་ཁོར་ནས་འཐུས་པའི་སྙན་ངག

འབའ་སྲས།

རེས་གཟའ་སྤེན་པའི་ཕྱི་དྲོ་གུང་གསེང་ཡིན་ཡང་།།
བདག་གིས་བུ་འདི་རྐང་རྩལ་སྤོ་ལོར་དགའ་བས།།
རྩྭ་རྫུན་བཀྲམ་པའི་ཐང་ཁུག་ཅིག་ལ་སོང་ནས།།
སྒལ་བ་ཉི་མར་གཏད་ནས་འདུག་དགོས་བྱུང་སོང་།།

ཀུ་ཤུའི་རྟགས་ཅན་ཁ་པར་ལག་ན་ཡོད་པས།།
དབྱངས་གསལ་སོ་བཞི་དྲན་པའི་ངོས་ན་གསལ་བས།།
ཆུ་ཚོད་ཕྱེད་རིང་གཉིད་ནས་འདུག་དགོས་མ་བྱུང་།།
རང་ཉིད་སྡོད་སའི་ཉེ་ཁོར་ཡིད་ལ་ཤར་སོང་།།

ཤ་མདོག་གདོང་རིས་མི་གཅིག་མི་རིགས་སྣ་མང་།།
ཡུལ་སྲོལ་གོམས་གཤིས་མི་མཚུངས་བསམ་བློ་ཐ་དད།།
ཟ་སྟངས་འཐུང་སྟངས་མི་འདྲ་རང་རང་སོ་སོ།།
ཉལ་དུས་ལངས་དུས་མི་མཉམ་ལས་ཀ་ཁ་ཁ།།

སྡོད་ཁང་འདི་རུ་བསྡད་ནས་ཡུན་རིང་འགོར་ཡང་།།
གཡས་གཡོན་ཁྱིམ་མཚེས་ཕོ་ཡིན་མོ་ཡིན་མ་ཤེས།།
མཚན་མོར་བསྒྲོན་བའི་གློག་གི་འོད་ཙམ་མ་གཏོགས།།
ནང་དུ་མི་ཡོད་བརྗོད་ན་རྫུན་དུ་ཆས་འགྲོ།

ཡར་མར་འགྲོ་བའི་རྐང་པའི་ཐག་སྒྲ་མི་ཐོས།།
བཟའ་མི་མང་ཡང་བཤད་པའི་སྐད་མགོ་མི་མཐོ།།
རང་རང་ས་ནས་ཁུག་སིམ་སྡོད་དགོས་ཁྲིམས་འདིས།།
མགྲོན་པོ་མང་བའི་ངེད་ཚང་དཀའ་ངལ་བཟོས་སོང་།།

རྡོ་དང་ལྕགས་ཀྱིས་མ་བཀབ་འབྲོག་པའི་སྦྲ་རུ།།
ཁྱིམ་མཚེས་འཛེམ་དོགས་མི་དགོས་རོང་བའི་ཁྱིམ་དུ།།
སྐད་མགོ་ཇི་ལྟར་མཐོ་ཡང་ཇུས་གཏོགས་མེད་པས།།
བོད་པའི་སྡོད་ཁྱིམ་དེ་ཡི་སྐྱིད་ཅིག་མེད་དོ །།

བཤད་པའི་སྐད་མགོ་མཐོ་ན་ཁྱིམ་མཚེས་སྡང་ཡོང་།།
འགྲོ་སའི་ལམ་ཁ་ནོར་ན་ཁྲིམས་དང་འགལ་འགྲོ།།
གོམ་པ་རེ་རེའི་ཁྲོད་ན་ཤེས་བྱ་མང་བའི།།
ཕྱི་རྒྱལ་ཡུལ་སྲོལ་འདི་ལ་མགོ་བོ་ན་སོང་།།

སྤྲིན་དཀར་གླང་བོའི་གཟུགས་ལ་ལྟད་མོ་ལྟ་ཞོར།།
མཛེས་སྡུག་མེ་ཏོག་འདབ་མ་ལག་པས་མཉེན་བཞིན།།
ཞེ་མཐུན་རོགས་ལོ་ཟེར་ནས་ལ་གཞས་སིང་སིང་།།
གཡང་དཀར་ལུག་གི་རྗེས་ནས་བླངས་ན་སྐྱིད་ཨང་།།

ཕ་རི་སི་འདི་གནའ་ནས་གྲག་སྐད་ཆེ་ཞིང་།།
སྟོབས་འབྱོར་ཆེ་ཆེར་ལྡན་པའི་ལོ་རྒྱུས་རིང་ཡང་།།
ཕ་མ་བུ་ཕྲུག་བར་ན་བརྩེ་འདང་ཞན་པ།།
ནུབ་ཕྱོགས་རྒྱལ་ཁབ་དག་དང་ཕལ་ཆེར་འདྲ་འོ།།

དགའ་རོགས་སྐྱོ་རོགས་ཁྱི་དང་ཞི་མི་ཡིན་པའི།།
རྒན་རྒོན་འདི་ཚོ་མཐོང་ན་སྙིང་རྗེ་བསྐྱེད་ཡོང་།།
བུ་གསུམ་ཡོད་ཀྱང་རང་ལོ་བཅོ་བརྒྱད་ཟིན་དུས།།
ལོགས་སུ་བཀར་ནས་འདུག་དགོས་སྲོལ་འདི་ངན་པ།།

ཆོས་ལུགས་ཡོད་ཀྱང་ཁ་ནས་འདོན་པ་མེད་ལ།།
བུ་ཕྲུག་ཡོད་ཀྱང་རྒས་དུས་གཉོར་མཁན་མེད་པའི།།
བགྲེས་པའི་ལས་དབང་ཁྱི་དང་ཞི་མིར་བཅོལ་དགོས།།
ལས་དབང་འདི་འདྲ་དཀོན་མཆོག་སུ་ཡིས་གནང་ངམ།།

གཡས་སྐྱོར་གཡོན་སྐྱོར་བྱེད་མཁན་བུ་དང་ཚ་བོ།།
ཁ་ནས་འདོན་པ་གཟུངས་མཆོག་མ་ཎི་ཡིག་དྲུག །
བགྲེས་པའི་གཉེར་མའི་གསེབ་ན་འཛུམ་མདངས་གྱི་ལེར།།
བོད་པའི་རྒན་རྒོན་རྣམ་པ་བསོད་ནམས་ཆེ་ཨང་།།

ཕྱི་ཡི་སྟོབས་འབྱོར་ཕྱི་རྒྱལ་ཡུལ་འདི་ཆེ་ཡང་།།
ནང་སེམས་སྟོབས་འབྱོར་བོད་དང་འགྲན་པར་དཀའ་བས།།
ཕྱི་གླིང་བུ་མོ་བོད་པའི་བུ་ལ་དགའ་བ།།
འདོམ་གྱི་དབྱུག་པ་མཁྲེགས་པ་གཅིག་བུས་མ་ཡིན།།

སྤང་ཁུག་འདི་ནས་དེ་རིང་ཡུན་ཙམ་བསྡད་པ།།
དབྱངས་གསལ་སོ་བཞིའི་སྐད་དང་བྲལ་བར་མ་བྱས།།
ནུབ་ཕྱོགས་ཕ་རི་སི་ཡི་ཉེ་ཁོར་ཙམ་ཞིག །
ཀུ་ཤུའི་རྟགས་ཅན་ངོས་ལ་ཤར་མར་བྲིས་སོ།།

སྙན་ངག

Post navigation

Previous Post: བསྟོད་དབྱངས་དུང་གི་ཟླ་བའི་རླབས་ཕྲེང་།
Next Post: ཨ་མར་ཕུལ་བའི་རྒྱང་འཕྲིན།

Comments (38) on “ཉེ་ཁོར་ནས་འཐུས་པའི་སྙན་ངག”

  1. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-30 at 7:27 pm

    ངོ་མ་ཁྱོད་ཧྲག་ནི་རེད་གོ། དུས་ཚོད་འཕྲོ་བརླགས་ཏོག་ཙམ་ཡང་མ་བཏང་བར་ཤར་མར་འདི་འདྲ་ཞིག་བྲིས་པར་རྗེས་སུ་ཡིད་རངས་ཡོད། སྔོན་མ་ནང་བཞིན་ཆོལ་ཁའི་འཐེན་འཁྱེར་གྱི་ཡིག་བཙོག་དེ་ཚོ་སྤངས་ཏེ་འདི་འདྲ་ཞིག་བྲིས་ན་ཁྱོད་ལ་ཡར་རྒྱས་ཀྱི་རྣམ་པ་དང་་་རང་སྐྱིད་་་གཞན་སྐྱིད་གཉིས་ཀ་རེད། ཧྲག་གི་གོ།

  2. འདྲེ་རྐང་ཐོ། says:
    2012-06-30 at 7:27 pm

    འབའ་སྲས་ཡོག་རོའི་གླིང་ནས་འབར་བ་དང་། །
    ཨ་ལགས་ཀླུ་སྨྱོན་ཨ་རིར་འབར་བ་གཉིས། །
    གཅིག་ལས་གཅིག་ཡག་འབར་བའི་དྲོན་རླབས་ཀྱིས། །
    ཁ་བརྡ་དྲ་བའི་ཁང་ཆག་ཚ་ལྷང་ངེ་། །

  3. གཞོན་ནུ་ཟླ་མེད། says:
    2012-06-30 at 8:43 pm

    ཀུ་ཤུ་རྩིས་འཁོར་ནང་ལ་བྲིས་པའི་སྙན་ངག།
    ཁུ་བའི་བཏུང་པ་འདྲ་ཞིག་ཞིམ་པོ་ཡོད་པ།།
    གུ་གུ་ཞབས་ཀྱུ་སྦྲེལ་བའི་བོད་ཡིག་འདི་འདྲ།།
    ངུ་བ་ཡིན་ཡང་བདག་གི་ཡི་ག་བདེ་བ།།

  4. དོམ་ཁྲ says:
    2012-06-30 at 8:55 pm

    རྐྱུར་མོ་དེ་མ་ཟོས་ན་ཞིམ་པོ་དེ་ཧ་མི་གོ་ཞེས་པའི་དཔེ་ལྟར་ཁྱེད་ཀྱིས་ཕྱི་གླིང་བའི་གསོལ་ངན་དེ་ཚོ་མཐོང་ཚེ་རང་རིགས་དང་རང་རྒྱལ་གྱི་ཁྱད་ཆོས་དེ་ཚོ་ལ་གུས་རྩི་ཤེས་པ་ཞིག་གཞི་ནས་བྱུང་བ་ཡིན་ཀྱང་གང་ལྟར་བཟང་ནི་རེད་ལོ།

  5. བཙན་ནག་པ་ says:
    2012-06-30 at 9:06 pm

    ནུབ་ཕྱོགས་ཡུལ་གྱི་ནད་རིམ་དེ་དག་ཡང་།
    བཙན་བྱོལ་སྤྱི་ཚོགས་ནང་དུ་སིམ་འཛུལ་བྱེད།
    བུ་དང་ཚ་བོ་ནུབ་ཕྱོགས་སུ་ཆས་པས།
    ཕ་མ་རྒན་གསོ་ཁང་དུ་ལྷུང་དུས་སྐྱོ།

  6. འབའ་སྲས། says:
    2012-06-30 at 9:09 pm

    ཀུ་ཅོ་སྨྲ་བ་མ་འདྲེས་དེ་རིང་རྩོམ།།
    ཀུ་རེ་རྩེད་འཇོ་མ་ཡིན་དྲང་བོའི་གཏམ།།
    ཀུ་ཤུའི་རྟགས་ཅན་ངོས་སུ་ཕབ་པ་འདི།།
    ཀུ་དོག་ཉེ་ཁོར་འདི་ཡི་ངོ་གདོང་ཡིན།།

  7. འདྲེ་རྐང་ཐོ། says:
    2012-06-30 at 9:35 pm

    ཅི་བྲིས་རྣ་བའི་བུ་ག་རུ། །
    ཆུ་ཕྲན་དྭངས་མོའི་སྒྲ་བཞིན་སྙན། །
    ཇེ་ལེགས་ཇེ་ཡག་འབའ་སྲས་རྩོམ། །
    ཉོ་ཐོ་བཞིན་དུ་བཀླགས་ཀྱིན་ཡོད། །

  8. འདྲེ་རྐང་ཐོ། says:
    2012-06-30 at 10:01 pm

    ཏི་སེ་འདྲ་བའི་གྲགས་ཅན་ཀུ་ཤུའི་ནང། །
    ཐུ་མི་བུ་ཡི་བརྡ་སྤྲོད་རིག་གནས་རྩོམ། །
    དེ་རིང་བྲིས་ན་དེ་རིང་སྐུར་ཐུབ་པས། །
    ནོ་ནོ་ཟེར་ནས་ཐང་ལ་མ་གཡུག་ཅིག །

  9. འདྲེ་རྐང་ཐོ། says:
    2012-06-30 at 10:06 pm

    ངས་སྡེ་བ་གཉིས་བྲིས་རིང་་་་་་ཁྱོད་ཚོས་སྡེ་བ་གཅིག་ཙམ་བྲི་མི་ཐུབ་ནོ་ཅི་རེད་་་་མིག་གིས་མི་རིག་ནི་མིན་ན།

  10. གནམ says:
    2012-06-30 at 10:07 pm

    ང་ཚོའི་བོད་ཕྲུག་འགའ་ཡི་མྱི་གཤིས་འདི།།
    སོང་སོང་ས་ན་སྐྱིད་ཀྱི་སྣང་བ་མེད།།
    རིག་རིག་གཉིས་ཀ་སྐྱོན་གྱི་ཕྱོགས་རྐྱང་རྐྱང་།།
    ཧེབ་དང་ཧམ་པས་ལུས་སེམས་ཚིམས་པ་མེད།།

    ཁྱིམ་མཚེས་ངོ་ཤེས་ཉུང་ན་གྱོད་ཁ་ཉུང་།།
    རང་བུ་གཡོག་ལ་མི་བཀོལ་བརྩེ་སེམས་ཆེ།།
    རྒན་ལ་ལྟ་སྐྱོང་རྒྱལ་ཁབ་ཧྲིལ་བོས་བྱེད།།
    ངོ་ཆེན་ངོ་ཆུང་མེད་པའི་ཡུལ་ཁྲིམས་ཡག།

    ད་དུང་འབྲི་རྒྱུ་མང་གི་རེད། ཁོམ་པ་མེད་ཀི

  11. གནམ says:
    2012-06-30 at 10:24 pm

    འཐུས་པ་ཟེར་ནོ་འདི་ལ་གོ་བ་མ་ལོན་ཐལ། འབབ་སྲས་ལགས།

  12. ཟུར་གནས། says:
    2012-06-30 at 11:15 pm

    གོང་གི་འབའ་སྲས་ཀྱི་ལྟ་ཚུལ་འདི་གཅིག་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན།

    ནུབ་ཕྱོགས་ཡུལ་དེར་ཆོལ་ཁའི་ཐེན་འཁྱེར་མེད།
    ཆོལ་ལུགས་ཞེན་ཁོག་དམྱལ་བ་འགྲིམ་དགོས་མེད།
    ད་དུང་སྤྲེལ་ལད་རྫུན་གྱིས་གྲོང་པར་བསུ་དགོས་མེད།
    ལྷག་པར་ཁྱིམ་མཚེས་ཕྲ་གདོག་དེ་བས་མེད།
    དེ་འདྲའི་ལུང་པར་ཆོས་ཡང་ཞར་དུ་འོང་།
    བྱམས་དང་སྙིང་རྗེ་རྟག་ཏུ་བྲལ་མེད་ཡོད།
    རྒྱུ་མཚན་བཤད་ན་དེ་བས་མི་རྣམས་འགུག

    དེ་ལས་ལྡོག་ཏེ་བོད་ཀྱི་ཞིང་འབྲོག་ལ།
    རྒྱུ་མཚན་ཤོད་ས་མེད་ལ་བདེན་གཏམ་ཅི།
    ལུས་ལ་རྟག་ཏུ་གྲི་ནི་བཏགས་ནས་ཡོད།
    དོན་ཆུང་དོན་ཆུང་ཁོ་ནར་མི་ཡང་གསོད།
    མགོ་ལ་ལྕགས་རྡོ་རྒྱབ་པ་གྲངས་མེད་རེད།

    ཁྱོ་གས་ཆུང་མ་བརྡུང་བའི་འབྲོག་པའི་གཤིས།
    བོད་ཀྱི་འབྲོག་པར་ཡོད་དོ་གནས་འདིར་མེད།
    ཁྱི་རྡུང་ཅེས་པར་བཙན་གཡེམ་ཁོ་ནི་རེད།
    དེ་ཡང་འབྲོག་པའི་འཚོ་བ་རེད།
    བསམ་ན་མཚན་མོའི་གཉིད་ཀྱང་ག་ལ་འོང་།

    ཆང་དང་ཞང་ཚོང་རོལ་ནས་ཁྱིམ་ཡང་བརྗེད།
    རྒྱན་པོ་འགྱེད་དང་བག་མེད་ལོངས་སྤྱོད་ཀྱིས།
    ཁྱིམ་ཚང་དབུལ་པོར་གཏོང་བའི་འབྲོག་པའི་གཤིས།
    དྲན་ན་སྐད་གཅིག་ཙམ་ཡང་སྡོད་མ་ི་ཕོད།

    ཟུར་གནས་ཟུར་ལ་གནས་ནས་དྲང་གཏམ་ཤོད།
    འབའ་སྲས་དགོངས་པ་མ་འཚོམས་དྲང་པོར་ཞུགས།
    ངེད་ཚོའི་སྤྱི་ཚོགས་སྡུག་ལ་སྦྱར་བར་གཤིས།
    ཁྱོད་དང་ང་ལ་ཡོད་དོ་ཁ་བརྡ་བ།

  13. ཧཱུྂ་ཤི་ཕཊ་འགྱེལ། says:
    2012-06-30 at 11:16 pm

    གནམ་ལགས། འཐུས་པ་ནི་སྒྲུག་པའི་དོན་རེད་ལགས།

  14. ཟུར་གནས། says:
    2012-06-30 at 11:17 pm

    སྦྱར་བར་ཞེས་པ་འདི་སྦྱར་བའི་ཞེས་པར་འགྱུར་རོགས།

  15. ལུང་རྟོགས། says:
    2012-06-30 at 11:31 pm

    འབབ་སྲས་ནས་ནང་སེམས་ཀྱི་རིན་ཐང་ཅུང་ཟད་བརྙེད་འདུག བཟང་གི

  16. ཟུར་གནས། says:
    2012-06-30 at 11:41 pm

    ད་དུང་ཡོད་དོ་དབུས་པ་བ།
    དཔོན་ལ་སྤྲེལ་ལད་རྫོགས་མཐའ་མེད།
    རང་རིགས་སྡུག་ལ་སྦྱར་བ་དབུས་པའི་རྒྱུད།
    དམའ་ལ་མཐོང་ཆུང་བྱེད་པ་དབུས་པའི་གཤིས།
    མཐོ་ལ་ཕྲ་གདོག་དམའ་ལ་ཐུབ་ཚོད་ཤོད།
    དེ་འདྲ་དེ་འདྲ་ལས་ནས་མ་ནི་འདོན།
    རང་གི་རིགས་ཞེན་ཞན་པའི་དབུས་པ་བ།
    ཆོས་ལྡན་ཞིང་ལ་ཞུགས་པའི་ཞབས་འདྲེན་བ།
    དབུས་པ་དེ་ཚོ་བོད་པའི་རྒྱན་རེད་དམ།

    ཁམས་པ་ཚོ་ཡང་དེ་ལྟར་ཕན་མེད་རེད།
    ཤ་འཁོན་ཁོ་ནར་རྩོད་ནས་མི་ཚེ་ཟད།
    བདེན་པ་མེད་པར་ལ་རྒྱ་ལྐུགས་པའི་གཤིས།
    དཔའ་ལ་ངོམས་པ་ཁམས་པ་འདི་ཚོ་རེད།

    རང་རིགས་གསོད་དགོས་བྱུང་ན་དང་པོ་རེད།
    རང་ས་སྲུང་དགོས་བྱུང་ན་མཐའ་མ་རེད།
    ལྐུགས་རྟགས་དཔའ་ལ་ངོམས་པའི་ཁམས་པ་རྣམས།
    རང་ཡུལ་ཤོར་དུས་ཕྱོགས་མཐའ་ཀུན་ལ་བྲོས།

    དེ་ལྟར་བསམ་ན་ནུབ་ཕྱོགས་ཡུལ་གྲུ་འདིར།
    ངོ་མ་ཡོན་ཏན་བཟང་གི་ཞི་བའི་གནས།
    རང་དབང་སྤྱོད་ཅིང་བདེན་པ་སྨྲ་བའི་རིགས།
    ནུབ་ཕྱོགས་པ་རྣམས་ཅིས་ཀྱང་མི་ཡི་མཆོག

  17. ཧཱུྂ་ཤི་ཕཊ་འགྱེལ། says:
    2012-06-30 at 11:58 pm

    ལས་ངན་དེའི་མིང་ལ་གཟུར་གནས་ཟེར་བཏགས་པ་ངོ་མི་ཚར་རམ། ཁ་བརྡ་དྲ་བས་མཆན་དེའི་རིགས་འཇོག་པ་ཡང་ཁྱད་མཚར་ཞིག་རེད། ད་ཤེས་ཀྱི་མི་འདུག་རྩོམ་སྤེལ་མཁན་དང་། མཆན་འབྲི་མཁན། དེ་དག་དྲ་ཐོག་ཏུ་འཇོག་མཁན་ཚང་མ་རྒྱུ་ཆ་གཅིག་པ་རང་རེད་འདུག

  18. བཙན་པོའི་བུ་ says:
    2012-07-01 at 12:23 am

    ཁ་རྡའི་དམག་དཔོན་ཀློ་སྐྱོན་ཧི་རུ་ཀ་

  19. མེ་ཏོག་དཀར་པོ། says:
    2012-07-01 at 12:37 am

    འབའ་སྲས་ཀྱི་སྙན་རྩོམ་འདིའི་བརྗོད་བྱ་རྗོད་བྱེད་རྒྱུ་རྩལ་སོགས་ཀྱིས་སེམས་ཚོར་ཤུགས་ཆེན་ཞིག་སྤྲོད་པ་དང་ཆབས་ཅིག་ངའི་ཡིད་དབང་འཕྲོག་སོང་། ཐུགས་རྗེ་ཆེ་ལ་མུ་མཐུད་ཅིག

  20. སྣྲོན་ངག་ཁྲི། says:
    2012-07-01 at 1:12 am

    འདས་པའི་ལོ་རྒྱུས་ཕྲེང་བའི་ཕྲེང་ཞགས་ནང་།།
    ཡངས་པའི་ཡུལ་གྲུ་ཕལ་ཆེར་ནང་འཁྲུགས་ཡོད།།
    རང་རིགས་བསད་ཅིང་གཞན་སྡེར་མཆོད་པ་མང་།།
    དེ་དག་བོད་པ་ཁོ་ནའི་སྐྱོན་མཚང་མིན།།
    གཟུར་གནས་ཁྱེད་ཀྱི་གཏམ་དེ་ཅུང་བདེན་ཡང་།།
    ཧ་ཅང་གཟུ་བོར་གནས་ཟོ་མི་འདུག་པས།།
    སྡད་ས་དཔྲལ་བར་བསྡད་དེ་རང་རིགས་ཀྱི།།
    མིག་ཟུང་བཅས་པར་ཐལ་བ་མ་དོར་ཅིག །
    གལ་ཏེ་མུ་མཐུད་རང་མཚང་འདོན་དགོས་ན།།
    ཐོག་མར་ཁྱེད་ཉིད་ཨ་མདོའི་ཞེན་སྤངས་ཏེ།།
    ནུབ་གླིང་མཚན་མཐུན་སྤྱོད་དང་ཁ་རྐུབ་གཉིས།།
    ཕན་ཚུན་སྦྲེལ་བའི་རིགས་དེར་ཐོ་འགོད་མཛོད།།

  21. སྣྲོན་ངག་ཁྲི། says:
    2012-07-01 at 1:50 am

    མི་མཐུན་ཕྱོགས་ནས་བསྡུར་བའི་མ་རྩོམ་གྱིས།།
    རང་རེའི་རིག་གཞུང་ཕུན་སུམ་ཚོགས་པ་དང་།།
    ནང་སེམས་བདེ་སྐྱིད་དངོས་པོའི་དཔལ་ལས་ལྷག།།
    སེམས་བདེ་མེད་ན་ལུས་བདེས་ཅི་ཞིག་བྱ།།
    དེ་ཕྱིར་གཞོན་ནུ་དོན་འགྲུབ་ཁབ་ལས་བྲོས།།
    ལུས་བདེ་བོར་ནས་ལོ་དྲུག་དཀའ་བ་སྤྱད།།
    ལུས་སེམས་ཤིན་སྦྱངས་ཐོབ་ནས་གཏན་བདེའི་སླད།།
    བདེན་གཉིས་མངོན་སུམ་གཟིགས་པའི་བདེ་སྟོང་གིས།།
    འགྲོ་ཀུན་མཐར་ཐུག་ཞི་བར་འཁྲིད་སླད་དུ།།
    གནས་སྐབས་ཕུན་ཚོགས་སྤོང་བའི་སྲོལ་འདི་དར།།
    འདོད་ཆུང་ཆོག་ཤེས་བསྟེན་པའི་ལུགས་བཟང་འདིས།།
    མི་དགེ་བཅུ་པོ་འགོག་པའི་ཐབས་མཁས་ཚུལ།།
    གོང་མཐོར་སྤེལ་ནས་ལས་འབྲས་ཕྲ་རགས་རྣམས།།
    ཚུལ་བཞིན་སྲུང་བའི་གདམས་ངག་གཞིར་མཛད་དེ།།
    ཕ་རོལ་ཕྱིན་དྲུག་དཔལ་ཡོན་བདག་གིར་བཞེས།།
    དེ་ཡི་རྐྱེན་གྱིས་འཕྲལ་ཡུན་སོ་སོ་རུ།།
    སེམས་ཀྱི་ཞི་བདེ་འཚོལ་བ་གཙོར་བཟུང་པས།།
    དངོས་པོའི་དཔལ་ཡོན་རྗེས་སུ་ལུས་ན་ཡང་།།
    ནུབ་གླིང་འདུས་བྱས་མཐའ་བཞིས་འགྲན་ནུས་མིན།།

  22. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-07-01 at 2:00 am

    ཟུར་གནས་ཟེར་བའི་མི་ངན་ཕུང་འདྲེ་ཁྱོད། 
    བློ་མིག་གཟུར་པོར་མི་གནས་ཟུར་དུ་གནས། 
    ཆོལ་ཁའི་ཕྱོགས་ཞེན་ཨ་མདོའི་ཟུར་དུ་གནས། 
    ཟུར་གནས་ཟེར་བའི་མིང་དོན་ངོ་མ་མཚུངས།

  23. བན་དེ་བ། says:
    2012-07-01 at 2:46 am

    གཟུར་གནས་འདི་ཡིས་སྙན་ངག་སྙན་མོ་བྲིས་ཤག
    ཡིན་ནའང་རང་གི་མིང་གི་གོ་དོན་དང་མཐུན་པའི་ཆོལ་གསུམ་འདྲ་མཉམ་བལྟ་བའི་སྙན་ངག་ཅིག་བྲིས་དང།
    དེ་སྔོན་ཅུང་གཟུ་བོར་གནས་མི་འདུག ཕྱོགས་སུ་ལྷུང་འདུག

    རྗེས་མ་དེ་སྒུགས་ཡོད་ད།་་་་་་་ཨ

  24. བན་དེ་བ། says:
    2012-07-01 at 2:49 am

    རྩོམ་འདི་ཡི་མགོ་བརྗོད་དུ།
    འཐུས་པ་ཟེར་བ་གོ་རྒྱུ་མི་འདུག
    བཏུས་པ་ཟེར་དགོས་པ་འདྲ།
    འཐུས་པ་ནི་ཕལ་ཆེར་སྤྱི་འཐུས་དང། འཐུས་མི་མིན་གོ་བ་མིན་ནམ།
    ཉེ་ཁོར་ནས་བཏུས་པ་་་་་་ཞེས་བྲིས་ན་ལེགས།

  25. མེ་ཏོག་དཀར་པོ། says:
    2012-07-01 at 3:05 am

    བན་དེས་བཤད་པ་དེ་ངས་ཀྱང་དྲན།

  26. འབའ་སྲས། says:
    2012-07-01 at 3:53 am

    དག་ཡིག་གསར་བསྒྲིགས།

    ( བྱེད་འབྲེལ་ལས་ཚིག ་ མ་འོངས་པ ) དངོས་རྫས་ཐོར་བུར་གནས་པ་རྣམས་ཕྱོགས་གཅིག་ཏུ་སྡུད་པའི་དོན་ཏེ། སྙེ་མ་བཏུ་བར་བྱ། བཏུ་དགོས་ལྟ་བུ། ( འཐུ ) ནི་ད་ལྟ་བ་སྟེ། སྙེ་མ་འཐུ་མཁན། འཐུ་བཞིན་པ་ལྟ་བུ། ( བཏུས ) ནི་འདས་པ་སྟེ། བཏུས་པའི་རྩྭ་སྨན། རྩྭ་སྨན་བཏུས་ནས་སྨན་བཅོས་བྱས་ལྟ་བུ། ( ཐུས ) ནི་སྐུལ་ཚིག་སྟེ། བུད་ཤིང་ཐུས་ཤིག་

  27. མེ་ཏོག་དཀར་པོ། says:
    2012-07-01 at 3:59 am

    དག་ཡིག་གསར་བསྒྲིགས།

    ( བྱེད་མེད་ལས་ཚིག ) གོ་ཆོད་པའི་དོན་ཏེ། ཆམ་པའི་ནད་ལ་སྨན་འདི་བཏུངས་པས་འཐུས་ལྟ་བུ། ( འཐུས་མི ) མིང་མང་བོའི་ཚབ་ཏུ་བདམས་ནས་མངགས་པའི་མི་སྟེ། མི་དམངས་ཀྱི་འཐུས་མི་ཞེས་པ་ལྟ་བུ།

  28. འབའ་སྲས། says:
    2012-07-01 at 4:05 am

    དེས་ན་༼ཉེ་ཁོར་ནས་བཏུས་པའི་སྙན་ངག་༽མི་ཟེར་ཐབས་མེད་རེད་དོ།། བདེན་པ་ནམ་ཡང་ཁས་ལེན་དགོས་སོ།།

  29. མེ་ཏོག་དཀར་པོ། says:
    2012-07-01 at 4:13 am

    འབའ་སྲས་ལགས། དེ་ལེགས། ད་དུང་ཉེ་ཁོར་ཞེས་པ་ཉེ་འཁོར་མིན་ནམ། དཔྱད་འཚལ།

  30. མི་བུ་ says:
    2012-07-01 at 4:17 am

    བོད་ཐང་ལ་ཕབ་ན་ཨ་མདོ་རྟོལ་ལེ་དཀར་པོ་རེད།
    རྒྱ་རི་ལ་ཤོར་ན་ཨ་མདོ་དོབ་སྐྱལ་ནག་པོར་འགྱུར།
    ཁ་སྤང་ལ་བྲོས་ན་ཨ་མདོ་གནག་ཅན་ཁྲ་བོ་བཅས།
    དེ་གསུམ་པོ་ཟུར་གནས་ཨ་མདོའི་མདོག་སྐྱ་རེད།

  31. གནམ says:
    2012-07-01 at 4:17 am

    ཧཧཧ་ཧཧཧ། ཡག་པོ་རེད།་ཡག་པོ་རེད། རྟ་ཐོག་ནས་མར་ལ་འབབ་རྒྱུ་ཅིག་དཀའ་བཞག་ཐལ་ཨ།

  32. བོད་ཀྱི་བུ། says:
    2012-07-01 at 6:40 am

    ཚིག་མཛོད་ཆེན་མོ་ལས། འཐུས་ནི་ “བསྡུ་ཆ་རྒྱག་པའི་དོན་དུ་གོ་བའི་འཐུ་བའི་འདས་པ།”ཞེས་གསལ་བས། འཐུས་བྲིས་ནའང་འཐུས། འཐུས་ཡིན་ན་ཡིན་གཅིག་འཐུས་མི་ཡིན་མི་དགོས།

  33. ཐོར་རྒོད་པ་སྤྱན་ཆབ། says:
    2012-07-01 at 6:44 am

    ཨ་ཁུ་འབའ་སྲས་ལགས། དེ་རིང་ཁྱེད་ཚང་ན་སྐུ་མགྲོན་མང་པོ་འདུག་ག

  34. འབའ་སྲས། says:
    2012-07-01 at 6:57 am

    རྣམ་པ་ཚང་མས་ཡིག་འབྲུ་རེ་རེ་ལ་དཔྱད་པ་གནང་བར་བཀའ་དྲིན་ཆེ་ཞུ། ཡང་ཡང་དཔྱད་པར་འཚལ།

  35. སྟག་ར says:
    2012-07-01 at 10:30 am

    མདོ་སྟོད་མདོ་དོན་སྙིང་པོ་སྟོད་ལ་ཕྱུར།
    མདོ་སྨད་བླ་སྲོག་སྒྱིད་ཁུག་སྨད་ལ་ཤོར།
    དབུས་བཙོང་ཕ་ས་ནག་པོ་རྒྱ་ལ་བཏེགས།
    འདི་གསུམ་ཆོལ་གསུམ་བོད་ཀྱི་ཕ་རྟགས་ཡིན།

  36. ཟུར་གནས། says:
    2012-07-01 at 2:30 pm

    བན་དེ་བ་ལགས།

    ང་ཟུར་ལ་གནས་ཡོད། ངས་དང་པོ་དེ་བོད་ཀྱི་འབྲོག་པའི་སྐོར་ལ་བྲིས་པ་དེ་ཨ་མདོ་ཡང་ཚུད་ཡོད། ཨ་མདོའི་ཡུལ་ཕྱོགས་ལ་མང་ཆེ་བ་འབྲོག་པ་ཡིན་པ་དང་དེ་ཡང་འབྲོག་པའི་རིག་གཞུང་དེ་བོད་སྤྱི་ལ་ཁྱབ་པས་དེ་གས་ཐུས་པ་བྱས་ཡོད།

    ང་གཟུར་བོར་གནས་མེད། ངས་ཟུར་གཅིག་ལ་བསྡད་ནས་རང་རེའི་སྤྱི་ཚོགས་ལ་ལྟ་བཞིན་ཡོད། རང་ཚོའི་སྤྱི་ཚོགས་ཀྱི་སྐྱོན་རྣམས་མ་མཐོང་ན་ལེགས་བཅོས་ཇི་ལྟར་བྱེད། ཆོས་པ་ཚོས། དང་པོ་འཁོར་བའི་སྐྱོན་འཚོལ། དེ་ནས་སངས་རྒྱས་ཀྱི་ཡོན་ཏན་ལེན་པར་མི་བྱེད་དམ།

    རང་རེའི་སྤྱི་ཚོགས་ཡར་རྒྱས་གཏོང་དགོས་ན། དང་པོ་སྤྱི་ཚོགས་དེའི་མིག་སྔའི་སྐྱོན་རྣམས་ཤེས་པར་བྱས་ནས་ལེགས་བཅོས་བྱེད་དགོས་པ་ངའི་ལྟ་བ་ཡིན། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་ལ། ཞར་དང་ཞོར་ལ་སྤྱི་ཚོགས་ཐོག་གི་སྐྱོན་རྣམས་སྦ་གསང་མེད་པར་ཕྱིར་བཏོང་ནས་ཐབས་ཤེས་འཚོལ་གྱི་འདུག། ང་ཚོས་འདི་ལ་སློབ་སྦྱོང་བྱེད་དགོས། ཡར་རྒྱས་ཆེ་བའི་སྤྱི་ཚོགས་རྣམས་གོམ་པ་འདི་སྤོས་ནས་ཡོང་བ་ཡིན་འདུག། འདི་ངེད་ཚོ་ལ་མཚོན་ན་གདམས་ངག་ལྟ་བུ་རེད།

    ཚང་མས་དེ་ལ་དོ་འཁུར་གནང་ནས་བགྲོ་གླེང་གནོངས་རོགས།

  37. གཅན་འོད་འབར། says:
    2012-07-02 at 12:26 am

    ཡུ་རོབ་གླིང་གི་འཚོ་བའི་བརྙན།།
    འབའ་སྲས་སྨྱུག་གུས་གར་བསྒྱུར་བ།།
    མཚར་བར་བསྟན་པ་ཨེ་མ་སྨད།།

  38. སྟག་ར་ says:
    2012-07-02 at 7:18 am

    མདོ་སྟོད་མདོ་དོན་སྙིང་པོ་སྟོད་ནས་འཕྱུར། མདོ་སྨད་བླ་སྲོག་སྒྱིད་ཁུག་སྨད་ནས་ཤོར། དབུས་བཙོང་ཕ་ས་ནག་པོ་རྒྱ་ལ་བཏེགས། འདི་གསུམ་ཆོལ་གསུམ་བོད་མིའི་ཕ་རྟགས་ཡིན། མདོ་སྟོད་ཞེ་སྡང་མེ་རི་སྟོད་ནས་འབར། མདོ་སྨད་འདོད་པའི་ཆུ་རླུང་སྨད་ནས་འཁྲུགས། དབུས་བཙོང་མུན་པའི་ཤེད་མུན་བར་ན་འཐིབས། འདི་གསུམ་ཆོལ་གསུམ་བོད་ཀྱི་རྫོབ་རྟགས་ཡིན། མདོ་སྟོད་བསྟན་པའི་ལ་ཞེན་སྟོད་ནས་འདེགས། མདོ་སྨད་དཀྲོགས་གཏམ་དྲི་ངན་སྨད་ནས་འཚུབས། དབུས་བཙོང་སྤྲེལ་ལད་ཝ་རྔ་རྒྱང་ནས་གཡུགས། འདི་གསུམ་ཆོལ་གསུམ་བོད་ཀྱི་སྲོལ་ངན་ཡིན། མདོ་སྟོད་རྒྱ་དང་འཕྲད་དུས་རང་ཚུགས་ཤོར། མདོ་སྨད་ཚོགས་ཆེན་འགྲིམས་དུས་བླ་སྲོག་ཆད། དབུས་བཙོང་མི་རོ་མཐོང་དུས་སྙིང་ཁམས་གས། འདི་གསུམ་ཆོལ་གསུམ་བོད་མིའི་སྤུས་ཚད་ཡིན། མདོ་སྟོད་ཕོད་པ་གསུམ་གྱིས་ལྟ་གྲུབ་འཛིན། མདོ་མེད་མདོ་དོན་མེད་པའི་ཚིག་ཉོག་སྤེལ། དབུས་བཙོང་ཁ་སེར་ཉི་མ་གང་འཁྱོལ་བྱེད། འདི་གསུམ་ཆོལ་གསུམ་བོད་ཀྱི་བྱེད་སྒོ་ཡིན། མདོ་སྟོད་སྲོག་གི་རྟེན་ཕུར་སྟོད་ན་ཡོད། མདོ་སྨད་ཆུ་ཡི་ལྒང་པ་སྨད་ན་ཡོད། དབུས་བཙོང་རླུང་གི་བྱ་འདབ་བར་ན་ཡོད། འདི་གསུམ་ཆོལ་གསུམ་བོད་ཀྱི་བསྟི་གནས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme