Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་པའི་དགྲ་བོ་ཀུ་ཤུ་རྟགས་ཅན།

Posted on 2012-06-282012-06-28 By ཡེ་ཤེས་ 50 Comments on བསྟན་པའི་དགྲ་བོ་ཀུ་ཤུ་རྟགས་ཅན།

ཀླུ་སྨྱོན་ཧེ་རུ་ཀ

—གྲྭ་ས་ཁག་ཅིག་ནས་ཀུ་ཤུ་གློག་ཀླད་འགོག་པའི་ཚ་རླབས་འཕྱུར་བ་ཐོས་རྗེས།
སྔོན་བྱོན་མཁས་གྲུབ་དུ་མས་བཀའ་བསྒོས་ཏེ། །
བསྟན་པ་གཉེར་དུ་གཏད་པའི་ཆོས་སྐྱོང་ཚོགས། །
བསྟན་པའི་དགྲ་བོ་ཀུ་ཤུ་གློག་ཀླད་འདི། །
རྩ་མེད་གཙང་དག་བཟོ་བའི་འཕྲིན་ལས་མཛོད། །
ན་གཞོན་གྲྭ་རྒོད་དུ་མའི་ཀླད་པའི་ནང་། །
དེང་རབས་རིག་གསར་གད་སྙིགས་ཚོད་མེད་དུ། །
བྱོ་བའི་བསྟན་དགྲ་ཀུ་ཤུ་གློག་ཀླད་འདི། །
ལོ་དང་ཟླ་བར་མ་འཇོག་ཚར་ཆོད་ཅིག །
མཛེས་མའི་གཟུགས་ལ་འདོད་ཆགས་མེ་ལྟར་འབར། །
ཆོས་གྲོགས་དག་ལ་ཞེ་སྡང་ཆུ་བཞིན་ཁོལ། །
བཀའ་པོད་ལྔ་ལ་གཏི་མུག་མུན་ལྟར་འཐིབས། །
དུག་གསུམ་བསྡུས་གཟུགས་ཀུ་ཤུ་གློག་ཀླད་རེད། །
ཀུ་ཤུ་གློག་ཀླད་ཅན་གྱི་གྲྭ་པ་ཚོས། །
དཔེ་ཆ་གཡས་བསྐྱུར་ཕྲེང་བ་གཡོན་བསྐྱུར་གྱིས། །
དེང་རབས་ཤེས་བྱ་འཚོལ་ལ་བྲེལ་བ་འདི། །
བསྟན་དགྲ་འདི་ཡི་ནག་ཉེས་དང་པོ་ཡིན། །
བསླབ་གསུམ་རྒྱན་ལྡན་གྲྭ་པ་ལོ་ཆུང་ཚོས། །
ངོ་དེབ་སོགས་སུ་མཛེས་མའི་པར་བཞག་སྟེ། །
རང་ཉིད་ཡིན་ཁུལ་བརྫུས་པའི་གཡོ་སྒྱུ་འདི། །
བསྟན་དགྲ་འདི་ཡི་ནག་ཉེས་གཉིས་པ་ཡིན། །
རྒྱ་མོ་ཕྱི་མོ་མཛེས་དང་མི་མཛེས་ཀུན། །
གྲྭ་གཞོན་བརྒྱ་སྟོང་དུ་མར་སེམས་ཤོར་ནས། །
ཉིན་མཚན་མེད་པར་ཀུ་ཤུ་གློག་བརྙན་སྣོག །
བསྟན་དགྲ་འདི་ཡི་ནག་ཉེས་གསུམ་པ་ཡིན། །
ཆོལ་ཁ་ཆོས་ལུགས་བར་གྱི་ཞེ་འཁོན་དང་། །
ཆོས་གྲོགས་སློབ་གྲོགས་བར་གྱི་ཕྲག་དོག་དག །
གྲྭ་པ་འདི་ཚོས་ཀུ་ཤུ་གློག་ཀླད་ནང་། །
གཡོས་བཞིན་རྫོང་བ་ནག་ཉེས་བཞི་པ་ཡིན། །
མཚན་གང་གློག་ཀླད་བསྔོགས་པའི་ངལ་དུབ་ཀྱིས། །
ཉིན་གང་ཉོབ་ནས་དཔེ་ཆར་མི་ལྟ་ཞིང་། །
ཆོས་གྲྭའི་ནང་དུ་ཀུ་ཤུ་གློག་ཀླད་དྲན། །
འདི་ནི་བསྟན་དགྲའི་ནག་ཉེས་ལྔ་པ་ཡིན། །
མདོར་ན་བདུད་དམག་དུང་ཕྱུར་བརྒྱད་བརྒྱ་ལས། །
ཀུ་ཤུ་གློག་ཀླད་གཅིག་གི་གནོད་པ་འདི། །
ཚབས་ཆེའི་གནས་ལུགས་རྟོགས་པའི་ཆོས་སྐྱོང་ཚོ། །
ད་ནི་བསྟན་དགྲ་གློག་ཀླད་ཆོག་ག་ཐོངས། །
ཀུ་ཤུ་རྟགས་ཅན་བསྟན་པའི་དགྲ་བོ་འདི། །
ཀུ་ཤུ་བཞིན་དུ་པགས་པ་བཤུས་ནས་སོད། །
ཀུ་ཤུ་བཞིན་དུ་ཟོ་རྒན་བཏབ་ནས་ཟོ། །
ཀུ་ཤུ་བཞིན་དུ་མིད་པའི་འཕྲང་ལ་དྲོངས། །
ཀུ་ཤུ་བཞིན་དུ་རྒྱུ་མའི་མཐིལ་དུ་འཕོངས། །
དགོན་སྡེ་དེང་རབས་ཅན་དུ་འགྱུར་དང་གཅིག།
གྲྭ་པ་གློག་ཀླད་ཅན་དུ་འགྱུར་དང་གཉིས། །
གློག་ཀླད་ཀུ་ཤུ་ཅན་དུ་འགྱུར་བ་གསུམ། །
བསྟན་པ་འཇིག་པའི་སྔ་ལྟས་མ་ཡིན་ནམ། །
རྒྱུགས་རྒྱུགས་མཆོངས་མཆོངས་ཆོས་སྐྱོང་སྲུང་མའི་ཚོགས། །
རྒྱོབས་རྒྱོབས་སོད་སོད་ཀུ་ཤུ་གློག་ཀླད་སོད། །
ཆོགས་ཆོགས་གཉོགས་གཤོགས་ཀུ་ཤུ་གློག་ཀླད་གཉོགས། །
དམ་ལས་མ་འདས་བཛྲ་ས་མ་ཡ། །

རྩོམ་རིག

Post navigation

Previous Post: ལྷ་སར་དབྱིན་ཇིའི་སློབ་གྲ་ཐོར་བའི་བྱ་རིམ།
Next Post: ཁ་བརྡར་ཕུལ་བའི་སྡོམ་ཚིགས།

Comments (50) on “བསྟན་པའི་དགྲ་བོ་ཀུ་ཤུ་རྟགས་ཅན།”

  1. གནམ says:
    2012-06-28 at 8:57 pm

    སྙན་པ་ལ་ཅིག་ཟིག་མ་རེད། ཨ་ཁུ་ལགས།
    ཀུ་ཤུ་གྲྭ་བར་མི་ཕན་ཀུན་ལ་ཕན།།
    ཀུ་ཤུའི་ཕན་པ་གྲྭ་བས་ལེན་མི་ཉན།།
    ཀུ་ཤུ་ཟས་བའི་ཉེས་བའི་ཉེས་ཆད་འདི།།
    འཇིག་རྟེན་ཆོས་ལུགས་ཀུན་བཤད་རྒྱུ་ཡོད།།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-06-28 at 9:52 pm

    སེམས་ལ་སྣ་ཚོགས་སྣང་ཚུལ་དག
    བློ་ཡིས་སྦྱངས་པ་མ་བྱས་ན།
    དབེན་པར་བསྡད་ཅིང་གོས་དམར་གྱོན།
    ཀུ་ཤུ་གློག་ཀླད་མ་གོས་ཅི།།

  3. ཟུར་གནས། says:
    2012-06-28 at 9:53 pm

    ཀླུ་སྨྱོན་ཡོད་ན། སྙན་རྩོམ་ཡོད་པས་ཁྱབ་ཟེར་བ་ལྟ་བུ་རེད། སྙན་པོ་བྱུང་། ཐུགས་རྗེ་ཆེ།

    ད་ཉིན་གཅིག་ཀུ་ཤུའི་གློག་ཀླད་ཚབ་ལ། ཀླུ་སྨྱོན་སྙན་ངག་ཟེར་ནས་བྲིས་དགོས་རྒྱུ་རེད་འདུག

  4. གཞོན་ནུ་ཟླ་མེད། says:
    2012-06-28 at 9:53 pm

    ཡེ་ཤུ་ཆོས་ལུགས་པ་ཚོས་ཀུ་ཤུ་འདི་གནའ་སྔ་མོ་ནས་འཇིག་རྟེན་འཁོར་བའི་སྡུག་བསྔལ་ཐམས་ཅད་སྣ་འདྲེན་བྱེད་ཞིག་ཡིན་པར་གསུངས་ཡོད་ཚོད། དཀོན་མཆོག་གིས་བུ་དང་བུ་མོ་གཉིས་འཇིག་རྟེན་དུ་བཀོད་པ་ན་ཁོང་གཉིས་དགའ་སྤྲོའི་དཔལ་ལ་རོལ་ནས་དུས་འདའ་བར་བྱེད། ཉིན་ཞིག་ཁོང་གཉིས་ཀས་ཀུ་ཤུ་ཟོས་པ་ན་སྔ་ན་མེད་པའི་ཆགས་པ་སླེབས་ནས་སྡོད་མ་ཚུགས་པར་གྱུར། དེ་ནས་ཁོང་གཉིས་ཀས་གཅིག་གིས་གཅིག་ལ་འཐམ་འཁྱུད་དང་འཇིག་རྟེན་གྱི་བདེ་བ་ལོངས་སུ་སྤྱོད་པའི་འགོ་ཚུགས་ཞིང་། མི་རབས་ཚ་བརྒྱུད་རིམ་གྱིས་འཕེལ་བར་གསུངས་ཡོད་ས་རེད།
    བླ་མ་ཀླུ་སྨྱོན་ཚང་གིས་ཡེ་ཤུ་ཆོས་གཞུང་དང་མཐུན་པའི་སྒོ་ནས་གསུངས་པ་ཡིན་རྒྱུ་རེད། ནང་པའི་གཞུང་ལུགས་ན་ཀུ་ཤུ་ལ་དེ་འདྲ་སྡིག་ཉེས་ཆེན་པོ་ཡིན་པར་གསུངས་ཡོད་ས་མ་རེད་པ།

  5. མེ་ཏོག་དཀར་པོ། says:
    2012-06-28 at 10:31 pm

    ལ་ལའི་སྨན་ལ་ལ་ལའི་དུག །ཅེས་དང་།

    ཡང་། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །
    ཞེན་པ་ཆོད་ཅིག་ཀླུ་སྨྱོན་ལགས། །ཞེས་ཞུའོ།།

  6. མངའ་རིས་ཕྲིན་ལས། says:
    2012-06-28 at 10:34 pm

    ཀུ་ཤུ་མ་སྨད་ཀུ་ཤུར་བསྟོད།
    དུས་རབས་གསར་པའི་འགྱུ་འགྲོས་རེད།
    ཨ་ཁུ་ཀླུ་སྨྱོན་ཁ་རོག་བཞུགས།
    ཕྱག་ཏུ་གློག་ཀླད་ཡོད་ཡོད་རེད།
    གལ་ཏེ་གློག་ཀླད་མེད་གྱུར་ན།
    ཨ་ཁུ་ཀླུ་སྨྱོན་སུས་ཤེས་སམ།

  7. བོད་ལ་ཞེན། says:
    2012-06-28 at 11:54 pm

    གློག་ཀླད་དགོས་ན་ཀུ་ཤུ་རྟགས་ཅན་དགོས།། ཀུ་ཤུ་ནང་གི་ཐོན་གསར་དེ་བས་དགོས།། ཁ་པར་དགོས་ན་ཀུ་་ཤུ་རྟགས་ཅན་དགོས།། ཀུ་ཤུའི་ནང་གི་ལྔ་པ་སྒུག་ནས་ཡོད།།

  8. སྐྱུ་རྩི་ནས། says:
    2012-06-28 at 11:54 pm

    ཀུ་ཤུའི་སྦྱིན་བདག་འཆི་མའི་ལམ་དུ་བཤེགས། །
    ཀུ་ཤུའི་ལག་རྩལ་རྒྱ་དམར་ཇག་པས་བརྐུས། །
    ཀུ་ཤུའི་ཚོང་ལ་ཉམ་ཉེས་བྱུང་བའི་དུས། །
    ཀུ་ཤུར་མ་སྨོད་ཨ་ལག་སྙིང་རྗེ་ཅན། །
    འཛམ་གླིང་མཛེས་མའི་གཙུག་གི་རྒྱན་གྱུར་པ། །
    བོད་ཡིག་བོད་སྐད་ཤོད་ལ་ཆེད་སྤོབས་པ། །
    ཨ་ལག་ཀླུ་ཡི་ཡིད་དམ་ཀུན་གྱི་མཆོག །
    ཚེ་རིང་སྐྱིད་ཀྱིས་ཀུ་ཤུའི་ཀློག་ཀླད་བསྣམས། །

  9. རྒྱ་གར་རྨ་བྱ། says:
    2012-06-29 at 12:38 am

    ན་ནིང་གི་ཉིན་ཐོ་ཞིག་ཏུ་ཀུ་ཤུ་མེད་ན་མི་གྲལ་དུ་མི་ཚུད་རབས་གསུངས་ནས་ཀུ་ཤུ་ཉོས།

    མི་མང་པོས་དེ་ལ་དཔེ་བླངས་ནས་བསགས་ཚད་ཀུ་ཤུར་སྟེར།

    ད་ཡང་གྲྭ་པས་ཀུ་ཤུ་ཉར་བ་ཉེས་པ་རེད་གསུངས་པ་འདི་དག་༌༌༌༌༌༌

    དངུལ་ཡོད་ན་ཀུ་ཤུ་ལོས་ཉོ་ཆོག

    སྡུག་སེམས་བསྣན་དང་མ་སྣོན་ལས་ཀུ་ཤུའི་འགལ་རྐྱེན་མ་མཐོང་།

  10. མི་བུ་ says:
    2012-06-29 at 12:42 am

    རང་རེའི་སྨྱོན་པ་འདི་ལའང་ནོ་འེར་རྩོམ་རིག་བྱ་དགའ་རག་པའི་རྩོམ་རྩལ་དངོས་གནས་འདུག འོན་ཀྱང་ཕང་པ་ཞིག་ལ་གླིང་འདིར་རང་ཅག་ཁ་བ་རི་པའི་ཡི་གེ་འབྲི་ཀློག་ཤེས་མཁན་ཤིན་ཏུ་ཉུང་བས་བྱ་དགའ་དེ་ཐོབ་རེ་དང་བྲལ། དེ་ལས་མིང་ལ་ཐོན་མིའི་རྩོ་རིགས་བྱ་དགའམ། དགེ་ཆོསརྩོམ་རིགས་བྱ་དགའ། ཡང་ན་ཏ་ལའི་བླ་མའི་རྩོམ་རིག་བྱ་དགའ་ཞེས་པའི་མིང་ཐོག་ནས་ཀླུ་སྨྱོན་ལ་བྱ་དགའི་བུམ་པ་ཞིག་བཟོས་ནས་ཕུལ་ན་གང་འདྲ་འདུག་གམ་ལྷན་རྒྱས་ཚོ།

  11. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-29 at 12:44 am

    ངོ་མ་འཕྲིན་བཅོལ་ཡག་པོ་ཞིག་བྲིས་འདུག་ག ཨ་ཁུ

  12. ཐང་་་་རིག་བཟང says:
    2012-06-29 at 12:45 am

    རྩོམ་པ་པོ་ཀླུ་སྨྱོན་གྱི་སྙན་ཚིག་དུམ་བུ་འདིས་གཞན་ལ་མྱོང་ཚོར་གྱི་བདེ་སྡུག་གང་ཞིག་སྤྲད་ཡོད་མེད་ལ་མ་བལྟོས་པ་ཕྲན་གྱི་ཡིད་སྣང་ལ་ཆེས་འོས་ཤིང་འཚམས་པར་གྱུར་་་་་་་དེར་བརྟེར་རྗེས་ཕྱོགས་ཁོམ་ལོང་ནམ་ཡོད་ལ་སྐུ་ཉིད་ཀྱིས་རྩོམ་ཡིག་གང་མང་ཞིག་རྒྱ་ཆེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཐུབ་པའི་རེ་བ་ཆེ།

  13. མེ་ཏོག་དཀར་པོ། says:
    2012-06-29 at 12:47 am

    གཞན་གང་ཤེས། ནོ་འེར་རྩོམ་རིག་བྱ་དགའ་དང་། ཐོན་མིའི་རྩོ་རིགས་བྱ་དགའ་གཉིས་ཕུལ་ན་འགྲིག ཕུལ་མཁན་ཁྱོད་རང་ཡིན།

  14. ཐོ་ཚའི་ཐུབ་པད་། says:
    2012-06-29 at 1:04 am

    ཀུ་ཤུ་གློག་ཀླད་མ་གཏོགས་གློག་ཀླད་གཞན་པ་རྣམས་བསྟན་པའི་དགྲ་བོ་མིན་པ་འདྲ། དེ་ལྟར་ཨི་རེད་་་ཨ་ཁུ་ཀླུ་སྨྱོན་ལགས།།

  15. ལ་སྟོད་བུ། says:
    2012-06-29 at 1:05 am

    ཀུ་ཤུའི་རྟགས་ཅན་འཕྲུལ་གྱི་བརྒྱུད།
    ཀུ་ཤུའི་མདངས་ལྟར་བལྟ་ན་སྡུག།
    ཀུ་ཤུའི་རོ་བཞིན་སྙན་པའི་ངག
    འབྲི་ལ་མཁས་པའི་ཀླུ་སྨྱོན་བསྔགས།

  16. བྲོ་འཚལ། says:
    2012-06-29 at 1:20 am

    ཀུ་ཤུ་མ་ཉེས་ཀུ་ཤུ་བཟང་།།
    ཀུ་ཤུས་ལུས་ཟུངས་བསྐྱེད་པར་བྱེད།།
    ཀུ་ཤུ་འཚོ་བཅུད་བཟང་པོའི་མཆོག།
    ཀུ་ཤུ་ལྷ་ཚོགས་མཆོད་པའི་རྫས།།

    ཀུ་ཤུ་མ་ཉེས་ཀུ་ཤུ་བཟང་།།
    ཀུ་ཤུའི་དགྲ་ལྷའི་ཟས་ཁ་ཆོད།།
    ཀུ་ཤུའི་དཔོན་ཁ་སྡེ་ཁ་ཐུལ།།
    ཀུ་ཤུའི་འདོད་དོན་ལྷུན་གྱིས་འགྲུབ།།

    ཀུ་ཤུ་མ་ཉེས་ཀུ་ཤུ་བཟང་།།
    ཀུ་ཤུས་ཨ་ཁུ་གླིང་ལ་འཁྱེར།།
    ཀུ་ཤུས་མི་ཚོགས་འདིར་བསྐུངས་ཏེ།།
    ཀུ་ཤུས་སྨྱོན་པའི་ངོ་མཚར་སྒྲོགས།།

    ཀུ་ཤུ་མ་ཉེས་ཀུ་ཤུ་བཟང་།།
    མི་ཁ་ཁྱི་ཁ་འདི་ནས་བསྒྲིགས།།
    དགྲ་ཁ་ལྷ་ཁ་འདི་ནས་འདུམ།།
    མདོར་ན་འདི་འབྱུང་འདིར་འདུས་པ།།
    ཡོད་ཚད་ཀུ་ཤུར་བརྟེན་པ་ཡིན།།

  17. འབའ་སྲས། says:
    2012-06-29 at 1:23 am

    ཀུ་ཤུ་རྟགས་ཅན་འཛམ་གླིང་མཐོང་བྱེད་ཡིན།།
    ཀུ་ཤུ་རྟགས་ཅན་གནས་ཚུལ་ཐོས་ས་ཡིན།།
    ཀུ་ཤུ་རྟགས་ཅན་ཕོ་མོ་འཕྲད་ས་ཡིན།།
    ཀུ་ཤུ་མེད་ན་ཁོར་ཡུག་སྟོང་བ་ཡིན།།

    ཀུ་ཤུ་རྟགས་ཅན་སྙན་ངག་འབྲི་བྱེད་ཡིན།།
    ཀུ་ཤུ་རྟགས་ཅན་སྙིང་གཏམ་གླེང་བྱེད་ཡིན།།
    ཀུ་ཤུ་རྟགས་ཅན་འགྲོ་རོགས་འདུག་རོགས་ཡིན།།
    ཀུ་ཤུ་མེད་ན་སེམས་པ་སྟོང་བ་ཡིན།།

    མདུན་ཅོག་ཅིག་གི་སྟེགས་བུ་མི་དགོས་ཤིིང་།།
    རྒྱབ་ཁུག་ཆེན་པོས་འཁུར་ཡང་མི་དགོས་པའི།།
    ཀུ་ཤུ་རྟགས་ཅན་ཁ་པར་བཀོད་བདེ་འདི།།
    བདག་གི་མཛུབ་མོའི་སྣེ་ན་བདེ་བདེ་ཞིག །

  18. ཀླུ་སྨྱོན། says:
    2012-06-29 at 2:02 am

    སྙིང་ཉེ་བའི་དྲ་གྲོགས་ཚོ་ཕེབས་ནས་དགོངས་ཚུལ་གསུངས་པ་དང་དྲི་བ་འདོན་པ་སོགས་གནང་བར་ཐུགས་རྗེ་ཆེ་ཞུ། དྲང་མོར་བཤད་ན་ངས་ཀུ་ཤུ་ཕར་མ་བསད་གོང་ཀུ་ཤུས་ང་ཚུར་གསོད་ན་ཐང་ཀི ཐུགས་དམ་སྐྱབས་འཇུག་རེ་མ་འཆུགས།

  19. དྲ་འབུ། says:
    2012-06-29 at 3:38 am

    ཀླུ་སྨྱོན་ཁ་བདེ་དྲན་རིག་རྣོ་བའི་བུ། །གང་དྲན་ཐོལ་བྱུང་དྲ་རྒྱར་འགོད་པའི་བུ། །ཉིན་རེའི་ཚོར་འདུ་ཕྱི་རུ་འདོན་པའི་བུ། །འདི་ཉིད་ཁོང་གི་ལྟ་གྲུབ་ཕལ་ཆེར་མིན། བོད་ཡིག་འཕྲུལ་དུ་འགོད་སླའི་གློག་ཆས་ཞིག ཀུ་ཤུ་རྟགས་ཅན་འདྲ་བ་གང་དུ་ཡོད། སི་ཏྲེབ་ཇོབ་ཅེས་ཐོན་མི་གཉིས་པ་ཞིག །སྔ་ནས་ད་བར་ས་སྟེང་འདི་རུ་དཀོན། ཀླུ་སྨྱོན་ཧཱོུ་དང་ཕཏ་ཀྱི་སྒྲ་དང་བཅས། །ཁོང་ཉིད་དག་པའི་ཞིང་དུ་འདྲེན་རོགས་གནོངས། ལས་ཀྱི་མཁའ་འགྲོ་ཚེ་རིང་སྐྱིད་སོགས་ལྷན། །ཟག་མེད་ལྷན་སྐྱེས་དགའ་བའི་དཔལ་ལ་སྦྱོར། ཧཧཧཧཧཧཧ

  20. Tashi says:
    2012-06-29 at 5:45 am

    ཀླུ་སྨྱོན་ལགས་ཡག་པོ་འདུག

  21. འཇམ་དཔལ་ནོར་བུ། says:
    2012-06-29 at 6:44 am

    བསྟན་པའི་དགྲ་བོ་བརྡ་འཕྲིན་དུས་རབས།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    བསྟན་འཛིན་རྫུན་མ་ཚོ་ཤེས་འགྲོ་གི།།
    རང་གི་ཕོར་ཁ་ཡང་ཆག་འགྲོ་གི།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    དགེ་བཤེས་གོ་ས་དེ་ཤོར་འགྲོ་གི།།
    སྐྱིད་ཉལ་བྱེད་རྒྱུ་དེ་མི་རག་གི།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    ཚན་རིག་རིགས་གསར་དེ་ཤེས་འགྲོ་གི།།
    གདོང་སྐྱི་མཐུག་པོ་དེ་བཀོག་འགྲོ་གི།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    དགེ་ཕྲུག་མང་པོ་ཞིག་བརླག་འགྲོ་གི།།
    དགེན་ལ་འཁོར་སུམ་དེ་མང་དྲགས་ཐལ།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    ཚན་རིག་འཛིན་གྲྭ་ཞིག་ཚུགས་འགྲོ་གི།།
    བསྟན་པ་ཉམ་བྱེད་ཀྱི་རྒྱུ་ཡིན་པས།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    ང་ཡི་འཁྲབ་སྟོན་དེ་མི་འགྲིམ་གི།།
    རྫིག་མདོག་སྟོན་ས་དེ་མི་རག་གི།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    ང་ཡི་ལ་རྒྱ་དེ་བརླག་འགྲོ་གི།།
    སྦྱིན་བདག་དཀར་ནག་ཚོགས་བྲོས་འགྲོ་གི།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།
    དེང་གི་ན་གཞོན་ཚོ་ཤོར་འགྲོ་གི།།
    ང་ནི་མིག་ནང་ལ་མི་འཇོག་གི།།
    བརྡ་འཕྲིན་དུས་རབས་འདི་འགོག་རོགས་ཀྱིས།།

    ཀླུ་སྨྱོན་ཧེ་རུ་ཀ་ལགས་ཀྱིས་བསྟན་པའི་དགྲ་བོ་ཀུ་ཤུ་རྟགས་ཅན་ཟེར་བ་ཞིག་བྲིས་འདུག། ངས་བསྟན་པའི་དགྲ་བོ་བརྡ་འཕྲིན་དུས་རབས་ཟེར་བ་ཞིག་བྲིས་པ་ཡིན།

  22. ཨ་རོགས་ཉི་མ། says:
    2012-06-29 at 6:58 am

    སྤྱོད་ཤེས་ན་ཀུ་ཤུ་བདུད་རྩི་རེད།།
    སྤྱོད་མ་ཤེས་ཀུ་ཤུ་དུག་ནག་རེད།།
    སྤྱོད་ཤེས་ན་ཀུ་ཤུ་དགེ་རྒན་རེད།།
    སྤྱོད་མ་ཤེས་ཀུ་ཤུ་སྡིག་གྲོགས་རེད།།

    སོང་ན་འགྲོ་རོགས་ཀུ་ཤུ་རེད།།
    བསྡད་ན་འདུག་རོགས་ཀུ་ཤུ་རེད།
    འཛམ་བུ་གླིང་དུ་ཀུ་ཤུ་རེད།།
    ཀུ་ཤུའི་དུས་རབས་རྒྱལ་གྱུར་ཅིག།

  23. ཨ་བུ་འབྲོག་ཕྲུག says:
    2012-06-29 at 7:12 am

    བསྟན་དགྲ་དངོས་གནས་དེ་ཀུ་ཤུ་མ་རེད་ཁྱོད་རང་རེད།

  24. ཀརྡོ་གཉེར་ཕྱག་པ་ says:
    2012-06-29 at 8:03 am

    དྲ་རྒྱར་གྲྭ་པས་འཛུལ་ཉེས་ན། །
    ཁས་བླངས་སྲུང་སྡོམ་ཤོར་ཉེན་ཡོད། །

    དྲ་རྒྱར་ཁྱོ་གས་ཉུལ་མང་ན། །
    གཏན་གྲོགས་བཟའ་ཟླ་བྲལ་ཉེན་ཡོད། །

    དྲ་རྒྱར་ཆོས་པས་ལྟ་མང་ན། །
    རྒྱུན་འདོན་ཁ་ཏོན་ཆད་ཉེན་ཡོད། །

    དྲ་རྒྱ་ཁྱོན་ནས་མ་བལྟས་ན། །
    འཛམ་གླིང་གར་སླེབས་འཐོམ་ཉེན་ཡོད། །

    དྲ་རྒྱས་དབང་རྣོན་གྱིས་བལྟས་ན། །
    སྟོང་གསུམ་སྒྱུ་མར་མཐོང་རེ་ཡོད། །

  25. ཀརྡོ་གཉེར་ཕྱག་པ་ says:
    2012-06-29 at 8:43 am

    དྲེ་རྒྱས་དེ་དྲ་རྒྱར་བཅོས།

  26. གཙངས་རིགས says:
    2012-06-29 at 8:53 am

    དྲ་རྒྱ་བཀག བརྡ་འཕྲིན་བཀག རྩིས་འཕྲུལ་བཀག ད་རྒྱ་དམར་གྱི་ལས་དཀའ་འདྲ་ཞིག་བྱེད་བསམ་ཡོད་པ་འདྲ།

  27. དམ་ཆོས་བསམ་འཕེལ། says:
    2012-06-29 at 9:04 am

    གྲྭ་བའང་མི་ཡིན་པས་ཁོང་ཚོའི་མིའི་གཤིས་སྤྱོད་ལ་གུས་ཞབས་བྱེད་རོགས།
    སྤྱིར་གཞན་ལ་བཤད་པའི་ཁ་ཡོད་ན། རང་ལ་ལྟ་བའི་མིག་དགོས།

    སྐུ་ཞོགས་ལོ་ལོ། ཁྱེད་རང་གིས་ཀྱང་ཀུ་ཤུ་རྟགས་ཅན་རུམ་ནས་ཡོད་པ་ཚོར་དགོས། ཁྱེད་རང་ལ་ཀུ་ཤུ་རྟགས་ཅན་དགོས་ན། གཞན་ལ་མི་དགོས་རྒྱུ་མཚན་ཅི། ཁྱེད་རང་དྲ་ལམ་ལ་ཉུལ་འདོད་ན། གཞན་ཉུལ་མི་ཆོག་པའི་རྒྱུ་མཚན་ཅི། དུས་རབས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ང་ཚོའང་འགྱུར་དགོས་པ་དེ་ཆོས་ཉིད་དང་། རྟེན་འབྱུང་གི་རང་བཞིན་རེད།

  28. གནམ་ལྕགས་རྡོ་རྗེ says:
    2012-06-29 at 10:06 am

    གྲྭ་ས་ལ་ཀུ་ཤུ་རྟགས་ཅན་གྱིས་གནོད་པ་གང་ཡང་མི་ཐུབ།
    རྒྱ་གར་གྲུབ་ཆེན་ཏི་ལླི་པས།
    བུ་སྣང་བས་མི་བཅིང་ཞེན་པས་འཆིང༌། །ཞེན་པ་ཆོད་ཅིག་ནཱ་རོ་པ། ཞེས་གསུང་པ་བཞིན་དོན་ལ་གནས་སོ།
    དེ་མིན་་ཀུ་ཤུ་རྟགས་ཅན་མ་ཟད་རྟགས་ཅི་འདྲ་ཡོད་ན་ཡང་ཕན་ཐོགས་ལས་གནོད་མི་ཐུབ། ད་དུང་འགྲེལ་བཤད་དགོས་ན་ཞུ་ཆོག

  29. མིག་བརྒྱད་པ། says:
    2012-06-29 at 10:49 am

    ཨ་རིའི་ཡུལ་ནས་ཐོན་པ་ཡི།།
    ཀུ་ཤུ་རྟགས་ཅན་གྲགས་ཆེ་ཡང་།།
    གྲྭ་རྐྱང་དཀྱུས་མར་དགོས་མཁོ་ཆུང་།།
    གནོད་སྐྱོན་ཤོར་ཚེ་བཟོ་མཁན་དཀོན།།
    ཀློག་ཀླད་རྒྱུ་ཆ་བཟང་མི་བཟང་།།
    དེང་སང་ཡར་ཐོན་རྣམ་པ་ཡིན།།
    ཁྲོམ་རའི་ཁེ་སྤོགས་འཐོབ་ཕྱིར་ཡིན།།
    བརྡ་འཕྲིན་དུས་རབས་གསར་བ་འདིར།།
    བླ་སྤྲུལ་ཕལ་ཆེར་སྨྱོ་ལ་ཁད།།
    གྲྭ་རྐྱང་རྣམས་ལ་འབྲེལ་བ་ཆུང་།།
    ཐོས་བསམ་སྒོམ་པ་ཉམས་བྱེད་མིན།།
    ཁ་འདོན་དགེ་སྦྱོར་རྒྱུན་མི་ཆད།།
    གྲྭ་སའི་གྲྭ་བ་སྒྲིག་ཁྲིམས་དམ།།
    སྤྱི་ཡོངས་ཆ་ནས་གཞན་ལས་འཕགས།།
    ཀ་ཁ་ག་ང་གྲྭ་བས་སྐྱོར།།
    སུམ་རྟགས་དག་གསུམ་གྲྭ་བས་སློབ།།
    སྙན་ངག་རིག་གནས་གྲྭ་བས་སློབ།།
    མཚན་ཉིད་རྩོད་པ་ཨ་རྐྱང་རྐྱང་།།
    ཡ་གུའི་སངས་རྒྱས་འཕགས་པ་ནས།།
    སེམས་མེད་བེམ་པོ་གློག་འཕྲུལ་བར།།
    གནའ་དེང་མི་ཡི་རིག་པའི་སྒོ།།
    ཇི་སྙེད་ཡོད་པ་བསླབ་བྱ་ཡིན།།

  30. སྣྲོན་ངག་ཁྲི། says:
    2012-06-29 at 10:56 am

    ཀུ་ཤུ་ཟས་ན་ལང་ཚོའི་མེ་ཏོག་བཞད།།
    ཀུ་ཤུ་མུར་ན་འགྲམ་སྟོང་འཕྲལ་དུ་ཡལ།།
    ཀུ་ཤུ་སྤྱད་ན་དུས་རབས་མཉམ་དུ་སླེབ།།
    ཀུ་ཤུ་མང་ན་མཁལ་མ་མཆིན་པའི་དགྲ།།
    ཀུ་ཤུ་ཡོད་ན་བུ་མོས་འཛུམ་གྱིས་བསུ།།
    ཀུ་ཤུ་ཉར་ན་ཕ་མ་བུ་ཕྲུག་རྗེད།།
    ཀུ་ཤུ་བརླགས་ན་གློ་སྙིང་མཆིན་གསུམ་ན།།
    ཀུ་ཤུར་ཉེ་ན་གཅིན་པ་མངར་གྱུར་ཉེ།།
    ཀུ་ཤུ་རུམ་ན་ཆགས་པའི་རྒྱལ་མཚན་ལངས།།
    ཀུ་ཤུ་གཡུགས་ན་སྲོལ་རྒྱུན་རྩམ་དྲི་བྲོ།།
    ཀུ་ཤུ་རུལ་ན་ལྐོག་ཟ་རུལ་སུངས་འབར།།
    ཀུ་ཤུ་གཉལ་ན་ཕྱི་ཉིན་ཚོགས་ཆོས་ལེགས།།
    ཀུ་ཤུ་སྟེར་ན་ལྟག་སྒོའི་རྩིབ་མ་ཆག །
    ཀུ་ཤུ་མེད་ན་དགོས་འདོད་ཀུན་འབྱུང་མེད།།
    ཀུ་ཤུ་ཡོད་ན་བསམ་འཕེལ་ནོར་བུ་ཡིན།།
    ཀུ་ཤུ་ལྡན་ན་ཀླུ་སྨྱོན་ཉམས་རྟོགས་འཕེལ།
    ཀུ་ཤུ་མཐོང་ན་མཛེས་མ་ཚེ་སྐྱིད་དྲན།།
    ཀུ་ཤུ་དེ་ཉིད་རཀྣསཾ་འཕེལ་དངོས།།
    ཀུ་ཤུ་བདེན་གྲུབ་གྲྭ་བཙུན་བློ་ན་མེད།།
    ཀུ་ཤུ་བདེན་སྟོང་དམིགས་པའི་ཡུལ་དུ་འོས།།
    མདོར་ན་ཀུ་བདེ་སྟོང་དབྱེར་མེད་སྤུན།།

  31. སྣྲོན་ངག་ཁྲི། says:
    2012-06-29 at 10:58 am

    ཀུ་ཤུ་ཟས་ན་ལང་ཚོའི་མེ་ཏོག་བཞད།།
    ཀུ་ཤུ་མུར་ན་འགྲམ་སྟོང་འཕྲལ་དུ་ཡལ།།
    ཀུ་ཤུ་སྤྱད་ན་དུས་རབས་མཉམ་དུ་སླེབ།།
    ཀུ་ཤུ་མང་ན་མཁལ་མ་མཆིན་པའི་དགྲ།།
    ཀུ་ཤུ་ཡོད་ན་བུ་མོས་འཛུམ་གྱིས་བསུ།།
    ཀུ་ཤུ་ཉར་ན་ཕ་མ་བུ་ཕྲུག་རྗེད།།
    ཀུ་ཤུ་བརླགས་ན་གློ་སྙིང་མཆིན་གསུམ་ན།།
    ཀུ་ཤུར་ཉེ་ན་གཅིན་པ་མངར་གྱུར་ཉེ།།
    ཀུ་ཤུ་རུམ་ན་ཆགས་པའི་རྒྱལ་མཚན་ལངས།།
    ཀུ་ཤུ་གཡུགས་ན་སྲོལ་རྒྱུན་རྩམ་དྲི་བྲོ།།
    ཀུ་ཤུ་རུལ་ན་ལྐོག་ཟ་རུལ་སུངས་འབར།།
    ཀུ་ཤུ་གཉལ་ན་ཕྱི་ཉིན་ཚོགས་ཆོས་ལེགས།།
    ཀུ་ཤུ་སྟེར་ན་ལྟག་སྒོའི་རྩིབ་མ་ཆག །
    ཀུ་ཤུ་མེད་ན་དགོས་འདོད་ཀུན་འབྱུང་མེད།།
    ཀུ་ཤུ་ཡོད་ན་བསམ་འཕེལ་ནོར་བུ་ཡིན།།
    ཀུ་ཤུ་ལྡན་ན་ཀླུ་སྨྱོན་ཉམས་རྟོགས་འཕེལ།
    ཀུ་ཤུ་མཐོང་ན་མཛེས་མ་ཚེ་སྐྱིད་དྲན།།
    ཀུ་ཤུ་དེ་ཉིད་རཀྣསཾ་འཕེལ་དངོས།།
    ཀུ་ཤུ་བདེན་གྲུབ་གྲྭ་བཙུན་བློ་ན་མེད།།
    ཀུ་ཤུ་བདེན་སྟོང་དམིགས་པའི་ཡུལ་དུ་འོས།།
    མདོར་ན་ཀུ་ཤུ་བདེ་སྟོང་དབྱེར་མེད་སྤུན།།

  32. སྨན་མོ་མཚོ་ says:
    2012-06-29 at 11:11 am

    ཀུ་ཤུ་རྟགས་ཅན་བརྒྱུད་དེ་བགྲོ་གླེང་བྱེད།།
    ཀུ་ཤུ་རྟགས་ཅན་ལམ་ནས་སྙན་ངག་འབྲི།།
    ཀུ་ཤུ་རྟགས་ཅན་ངོས་སུ་རང་རྣམ་བཀོད།།
    ཀུ་ཤུ་རྟགས་ཅན་ནང་ནས་ཉིན་ཐོ་སྤེལ།།

    ཀུ་ཤུ་རྟགས་ཅན་དྲིན་གྱིས་བདག་མོ་ཐོབ།།
    ཀུ་ཤུ་རྟགས་བརྒྱུད་དེ་འཛམ་གླིང་ཉུལ།།
    ཀུ་ཤུ་རྟགས་ཅན་ཀློང་དུ་པར་རིས་བཀྲམ།།
    ཀུ་ཤུ་རྟགས་རུམ་ནས་སྨྱོ་གཏམ་གླེང་།།

    ཀུ་ཤུ་རྟགས་ཅན་ཆེད་དུ་རྒྱལ་ཁམས་ཉུལ།།
    ཀུ་ཤུ་དོན་དུ་གསང་སྤྱོད་བཀྲུས།།
    ཀུ་ཤུ་རྟགས་ཅན་ཐོབ་ཕྱིར་དབྱིན་མོར་སྦྱོར།།
    ཀུ་ཤུ་རྟགས་ཅན་རེགས་ཕྱིར་བླ་གཟུགས་རྫུས།།

    ཀུ་ཤུ་རྟགས་ཅན་མི་ཚེ་སྐྱེལ་རོགས་རེད།།
    ཀུ་ཤུ་རྟགས་ཅན་གྲགས་སྙན་ངོམས་རོགས་རེད།།
    ཀུ་ཤུ་རྟགས་ཅན་སློང་མོ་སློང་རོགས་རེད།།
    ཀུ་ཤུ་རྟགས་ཅན་མེད་ན་ཀླུ་སྨྱོན་མྱོ།།

    ད་དུང་བསྟན་པའི་དགྲ་བོ་ཡིན་ནོ་སྐད།།
    ད་དུང་སློབ་པའི་གེགས་བྱེད་ཡིན་ནོ་སྐད།།
    ད་དུང་ཚུལ་ཁྲིམས་འཆར་བྱེད་ཡིན་ནོ་སྐད།།
    ད་དུང་ཆོས་སྐྱོང་སྲུང་མ་རྦད་དོ་སྐད།།

    ཆོས་སྐྱོང་སྲུང་མར་རྦད་པས་མཐུ་ཡོད་ན།།
    དང་པོ་ཁྱོད་ལ་ངེས་པར་རྟགས་ཤིག་འོང་།།
    དེ་ནས་ངེད་ཚོར་གར་བྱེད་ལམ་ཞིག་དོད།།
    དེ་དུས་ཁྱོད་ཀྱི་ཨ་ར་ཏོག་ངེས་ཡིན།།

  33. ཏི་སེ། says:
    2012-06-29 at 2:02 pm

    ཆོས་གྲ་ཁག་གིས་ཀུ་ཤུ་རྟགས་ཅན་བཀག  །དེང་རབས་ཤེས་བྱ་བོད་མིས་ཤེས་པར་དོག  །རྒྱ་དམར་གཞུང་གིས་བོད་ལ་ཀུ་ཤུ་བཀག  །འཛམ་གླིང་གནས་ཚུལ་བོད་ཀྱིས་ཤེས་པར་དོག །བསམ་པའི་ཀུན་སློང་ཁྱད་པར་ཡོད་སྲིད་ཀྱང་།  འབྲས་བུ་རྨོང་པར་འཁྲིད་ལ་ཁྱད་འདུག་གམ།

  34. ནུབ་ཕྱོགས་གངས་ཕྲུག་ says:
    2012-06-29 at 3:16 pm

    ༄དུས་རབས་འགྱུར་འགྲོས་དང་བསྟུན་པའི།
    །ཀུ་ཤུ་ལ་སོགས་ཀློག་ཀླད་ཀུན།
    །མེད་་དུ་མི་རུང་རང་གཞན་ཀུན།
    །དགྱེས་སྤྲོའི་་ངང་ནས་སྤྱོད་རོགས་གནང་།

  35. ཞོལ་ཕྲུག says:
    2012-06-29 at 9:00 pm

    མིག་བརྒྱད་པས་མི་མཐོང་ན་སུས་མཐོང་། ངོ་མ་ཁྱོད་བདེན།

  36. གཡུ་ཐོག་བུ། says:
    2012-06-29 at 9:33 pm

    ན་ནིང་། ཀུ་ཤུའི་ལས་ཁུངས་ཀྱི་འགོ་འཛིན་འདས་གྲོངས་སུ་ཕྱིན་སོང་། ད། བྱས་དུས་ཀླུ་སྨྱོན་གྱིས་མཐུ་རྒྱབ་འདུག་གཱ སང་ཉིན་སུ་ཞིག་རྐྱེན་ལམ་དུ་སོང་རྒྱུ་རེད།

  37. འདྲེ་རྐང་ཐོ། says:
    2012-06-29 at 11:53 pm

    ཀུ་ཤུའི་ནང་ནས་བོད་ཡིག་བསླབ་མྱོང་ཞིང་། །
    ཀུ་ཤུའི་ནང་ནས་བོད་སྐད་ཤོད་ཀྱང་མྱོང་། །
    ཀུ་ཤུས་རང་རིགས་སྐད་ཡིག་སྲུང་སྐྱོར་ལ། །
    ཀུ་ཤུས་ཞབས་ཞུ་བྱས་པ་ཉུང་ཉུང་མིན། །

    ཀུ་ཤུ་ནང་ནས་ཕ་ཡུལ་བལྟ་ཐུབ་ཅིང་། །
    ཀུ་ཤུའི་ནང་ནས་ཕ་མར་མཐོང་ཐུབ་ལ། །
    ཀུ་ཤུའི་ནང་ནས་ཁ་བརྡ་ཡེད་ཐུབ་པས། །
    ཀུ་ཤུ་ཁྱོད་ནི་རིན་ཆེན་ནོར་ལས་ལྷག །

    ཀུ་ཤུའི་ནང་ནས་མནའ་མོ་རྙེད་མྱོང་ལ། །
    ཀུ་ཤུའི་ནང་ནས་སྙིང་གཏམ་གླེང་མྱོང་ཞིང་། །
    ཀུ་ཤུས་མཛའ་འཕྲིན་བདེ་ལེགས་སྐྱེལ་འགྲོ་བས། །
    ཀུ་ཤུ་ཁྱོད་ཀྱི་སྐུ་ཚེ་བརྟན་པར་སྨོན། །

  38. སྤྲིན་དཀར་གྲོང་ཚོ། says:
    2012-06-30 at 3:15 am

    སྤྱི་ཚོགས་ནང་ལ་སེམས་ཆོས་མི་སྤེལ་ཞིང་།།
    དྲ་ཐོག་ནང་ནས་འཁྲིགས་གཏམ་རྒྱུན་དུ་གླེང་།།
    གྲྭ་སར་མི་བསྡོད་གྲྭ་རྐྱང་ཀུ་ཤུ་མགོ།
    བསྟན་དགྲ་འདི་ཡང་ཚར་གཅོད་མྱུར་དུ་བྱོས།།

  39. མི་བུ་ says:
    2012-06-30 at 5:52 am

    ཨོ། ད་ཀླུ་སྨྱོན་གྱི་རྒྱབ་ལ་གད་སྙིགས་ག་ཆེན་གཡུགས་འདུག་ག ད་མཆན་ཞོག་རྒྱུ་འཚམས་བཞག་ན་ཏག་ཏག་རེད།

  40. བརྩོན་རྒྱམ། says:
    2012-06-30 at 10:16 am

    གྲྭ་པའི་ཀུ་ཤུ་བཟུང་ན་བསྟན་དགྲ་མིན།   གྲྭ་པའི་སྐད་ཡིག་སྤྱང་ན་བསྟན་དགྲ་མིན།  གྲྭ་པའི་རྩོམ་ཡིག་བྲིས་ན་བསྟན་དགྲ་མིན།

  41. བརྩོན་རྒྱམ། says:
    2012-06-30 at 10:27 am

    འདི་ལྟར་མཐོང་བ་སུ་ཡི་མ་ཤེས་ན།གང་དྲན་གླེང་བ་དེ་བས་རིན་ཐང་མེད།  གྲྭ་པའི་ཀུ་ཤུ་བཟུང་ན་བསྟན་དགྲ་ཟེར།  གྲྭ་པའི་ཆོས་རྫུན་བཤད་ན་རིན་ཐང་གླེང་།གཉེར་གཅིག་དུས་ཀྱི་ཚ་རླབས་དྲོན་མོ་འདི།  གང་དྲན་གླེང་སའི་འཐབ་འཛིང་བྱེད་ས་ཡིན།

  42. རིག་པའི་བུ says:
    2012-06-30 at 10:36 am

    གང་ལྟར་བོད་ཀྱི་ནག་ཆོས་འདི་དེང་རབས་ཀྱི་དགྲ་ཞིག་ཡིན་པའི་རང་གཟུགས་གསལ་ནས་གསལ་དུ་སླེབས་བཞིན་འདུག

  43. རིག་པའི་བུ says:
    2012-06-30 at 10:37 am

    ནོར་བཅོས
    ༤༢༽ རིག་པའི་བུ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣༠ གི་ཆུ་ཚོད་ ༡༠ སྐར་མ་ ༣༦
    གང་ལྟར་བོད་ཀྱི་ནང་ཆོས་འདི་དེང་རབས་ཀྱི་དགྲ་ཞིག་ཡིན་པའི་རང་གཟུགས་གསལ་ནས་གསལ་དུ་སླེབས་བཞིན་འདུག

  44. ལ་སྟོད་པ་ says:
    2012-06-30 at 10:13 pm

    དུས་རབས་དང་མཐུན་པའི་འཛམ་གླིང་འགྱུར་འགྲོ་བས་ག་ཏེ་འཛམ་གླིང་འདི་སྟེང་
    བོད་དང་བོད་མི་བོད་ཀྱི་རིག་གཞུང་བཅས་དུས་རབས་དང་མཐུན་པ་གནས་དགོས་ན་
    དུས་རབས་གསར་པའི་སྤྱི་ཚོག་དང་མཐུན་པའི་ཤེས་བྱ་ལ་བརྩོན་དགོས། བྱས་ཙང་དུས་རབས་
    འདི་དང་འབྱུང་འགྱུར་དུས་རབས་ནང་ཀློག་ཀླད་ནི་ཆེ་མཁོ་ཆེ་བའི་ཤེས་བྱར་མངོན་ སེམས་པ་
    རང་སར་གནས་མི་གནས་ནི་གཙོ་བོ་གང་ཟག་རང་ཉིད་ལ་རག་ལས།

  45. ཀོང་རྗེ་དཀར་པོ། says:
    2012-07-01 at 4:36 am

    ཀུན་ཀྱང་ཀུ་ཤུ་ཐོབ་ནས་དགའ།
    ཀུན་ཀྱང་ཀུ་ཤུ་ཐོབ་ན་རེ།
    ཀུན་ཀྱང་ཀུ་ཤུ་རིག་ན་འདོད།
    ཀུན་ཀྱང་ཀུ་ཤུ་རེག་པར་དགའ།
    ཀུན་ཀྱང་ཀུ་ཤུ་པང་བར་འདོད།
    ཀུན་ཀྱང་ཀུ་ཤུ་ངོམ་པར་དགའ།
    ཀུན་ཀྱང་ཀུ་ཤུར་འཐོམས་ནས་བསྡད།
    ཀུན་ཀྱང་ཀུ་ཤུར་རྩེས་ནས་དགོད།
    ཀུན་ཀྱང་ཀུ་ཤུར་རྩེས་ནས་ངུས།
    ཀུན་ཀྱང་ཀུ་ཤུས་བདེ་བར་སྦྱོར།
    ཀུན་ཀྱང་ཀུ་ཤུས་སྡུག་ཏུ་སྦྱོར།
    ཀུན་ཀྱང་ཀུ་ཤུས་སྐྱིད་སྣང་སྟེར།
    ཀུན་ཀྱང་ཀུ་ཤུས་ཀུན་སྟོང་བྱས།
    ཀུན་ཀྱང་ཀུ་ཤུས་རྐུ་མར་མངག
    ཀུན་ཀྱང་ཀུ་ཤུས་རྐུབ་གཡོག་མངག
    ཀུན་ཀྱང་ཀུ་ཤུས་རྐུབ་སྲུང་མངག
    ཀུན་ཀྱང་ཀུ་ཤུས་དཀོར་ཉུག་མངག
    ཀུན་ཀྱང་ཀུ་ཤུས་ལྐོག་ནས་བསད།
    ཀུན་ཀྱང་ཀུ་ཤུས་རིག་ནས་བསད།
    ཀུན་ཀྱང་ཀུ་ཤུས་ཤར་ལ་གཏོང་།
    ཀུན་ཀྱང་ཀུ་ཤུས་ནུབ་ལ་གཏོང།
    ཀུན་ཀྱང་ཀུ་ཤུས་སིལ་བུར་གཏོང་།
    ཀུན་ཀྱང་ཀུ་ཤུས་ཉིན་མོར་སྙུལ།
    ཀུན་ཀྱང་ཀུ་ཤུས་མཚན་མོར་སློང་།
    ཀུན་ཀྱང་ཀུ་ཤུས་གྲོགས་སུ་སྒྲིག
    ཀུན་ཀྱང་ཀུ་ཤུས་དགྲ་རུ་བགྱིས།
    ཀུ་ཤུའི་ལས་དབང་ཀུན་དང་འཕྲད།
    ཀུ་ཤུའི་རྣམ་སྨིན་ཀུན་ལ་འཁོར།

  46. བཙན་བྱོལ་བ་ says:
    2012-07-01 at 9:22 pm

    ཀླུ་སྨྱོན་གྱིས་སྙན་རྩོམ་འདི་ལྟར་འབྲི་བ་ནི། བསྟན་པའི་དགྲ་བོ་རྩད་ཆོད་པ་ཞེས་པའི་རྩོམ་དེ་མཐོང་མ་ཐག་ནང་དོན་ངོ་མ་ཇི་བཞིན་མ་རྟོགས་པའི་དབང་གིས་རེད།

  47. ཀླུ་སྨྱོན། says:
    2012-07-02 at 12:28 am

    ངས་ཀུ་ཤུ་དང་མཉམ་དུ་བཟའ་འཛིང་བྱེད་ཀི་ཡོད་མ་གཏོགས་བཟའ་འཐོར་བྱེད་ཀི་མེད། འདི་ཙམ་ཡང་མི་ཤེས་སམ།

  48. ལུང་རྟོགས། says:
    2012-07-02 at 1:10 am

    བཟའ་འཐོར་བྱེད་འདོད་མེད་ན་བཟའ་འཛིང་ཡང་མ་བྱས་ན་ལོས་དགའ། བཟའ་འཐོར་བྱེད་འདོད་མེད་པའི་བཟའ་འཛིང་དེ་རང་སྡུག་རང་གིས་ཉོས་པ་མ་ཡིན་ནམ།

  49. ཀོང་རྗེ་དཀར་པོ། says:
    2012-07-02 at 1:57 am

    ཀུ་ཤུའི་མཚན་ཉིད་ཀུན་ལ་བསླབ་པ་ལས།
    ལྐུགས་པ་འགའ་ཞིག་ཀུན་ཀྱང་དོན་མ་གོ
    ཀུན་ཀྱང་ཞེས་པ་མང་པོའི་དོན་འཇུག་པས།
    བཀོལ་སྤྱོད་མ་ནོར་ཡང་ཡང་སློབ་པར་བརྩོན།

  50. བྱང་ཐང་གཡག་རྒོད། says:
    2012-08-02 at 1:22 am

    ལྷག་བསམ་གྱི་འབོད་སྒྲ།
    ༄༅།།ཀུན་མཁྱེན་བུ་རམ་ཤིང་པའི་རྗེས་འཇུག་ཚོ།།
    ཆོས་གོས་རྣམ་གསུམ་ལུས་ལ་གྱོན་བཞིན་དུ།།
    དུག་གསུམ་བག་ཡང་ངང་དུ་སྤྱོད་པ་འདིས།།
    མཐའ་མེད་འཁོར་བའི་གཏིང་རྡོ་མ་བྱས་སམ།།
    ཁ་ནས་དགེ་སྡིག་བླང་དོར་བརྗོད་བཞིན་དུ།།
    ཁོག་ན་རང་རྒྱལ་གཞན་ཕམ་ཁོ་ནར་སེམས།།
    ལག་མ་ཎི་འཁོར་ལོ་བསྐོར་བཞིན་དུ།།
    ཁ་ནས་དོན་མེད་ལོང་གཏམ་འབའ་ཞིག་སྨྲ།།
    གང་ལ་གཞིག་ཀྱང་སྙིགས་དུས་ཆོས་གཟུགས་ཀྱིས།།
    གང་དུ་བཅས་དང་རང་བཞིན་ཉེས་པའི་ཚོགས།།
    གང་དཀར་སེམས་ཀྱི་ཟུར་ན་ཡོད་མོད་ཀྱང།།
    གང་ཞིག་བསྲུང་སེམས་ཉིན་སྐར་ལས་དཀོན།།
    ལྷག་པར་ད་དུས་ཕྱི་གླིང་སྲོལ་ངན་ལ།།
    རབ་ཏུ་ཆགས་ནས་སྤུན་་མཆེད་སྒྲིག་ཞིས་པའི།།
    ཚིག་འབྲུ་གཉིས་འདི་ཧ་ཅང་ཞེན་ཆེས་ནས།།
    རྒྱལ་གསུང་བསྒོ་བ་རྣར་ཟོན་བྱེད་ལ་ལྟོས།།
    རབ་ཏུ་བྱུང་སྟེ་ངུར་སྨིག་གོས་གྱོན་ནས།།
    རབ་དཀར་དགེ་བའི་ལས་ཤིག་མི་བསྒྲུབ་པར།།
    ར་རིའི་དྲི་མས་རང་སེམས་བསྒྲིབས་པ་ལ།།
    རབ་མཛེས་གཞོན་ནུ་ཁྱོད་ཀྱི་མ་ཚོར་རམ།།
    ཀ་གསར་ལང་ཚོ་ལྡན་པའི་བཙུན་ཆུང་ལགས།།
    ཀ་འབོ་ཏྲར་སམ་གློག་ཀླད་འཕྲུལ་ཆས་ལ།།
    ཀ་ཡིག་སུམ་བཅུ་སྦྱང་སྟར་འབད་པ་འདིས།།
    མི་འདས་མྱང་འདས་སྒྲུབ་་ལ་ཅི་ཞིག་ཕན།།
    རབ་བྱུང་རབ་བྱུང་ས་ལ་མི་གནས་པར།།
    རབ་ཏུ་དབེན་པའི་དགོན་པ་བོར་ནས་ཀྱང་།།
    རབ་་ཏུ་འཁྲུག་པའི་ཕྱི་རྒྱལ་ཡུལ་གྲུ་ལ།།
    འགྲོ་ཕྱིར་བྱང་ཆུབ་སྒྲུབ་སྟར་བརྩོན་འདི་མཚར།།
    ལྷག་པར་རྒྱ་བལ་འབྲུག་སོགས་གནས་པ་ཡི།།
    སྟོན་པའི་རྗེས་འཛིན་རློམས་པའི་སེར་གཟུགས་རྣམས།།
    སྐྲ་སེར་སྤྲིའུའི་རིགས་ལ་དད་པ་ཡི།།
    འདི་ཕྱིའི་སྐྱབས་གནས་གཅིག་པུར་བཟུང་ལ་ལྟོས།།
    གངས་ཅན་ས་ལའི་ལྗོངས་ཀྱི་བློ་ལྡན་པ།།
    མཁས་དབང་དགེ་འདུན་ཆོས་འཕེལ་ཞལ་སྔ་ནས།།
    ཕྱི་རབས་གངས་ཅན་པ་ལ་གདམས་པ་དེ།།
    ཁྱོད་ཀྱི་ད་དུང་མ་ཐོས་ཤིན་ཏུ་མཚར།།
    གཞན་ཕན་སྙིང་རྗེའི་རླན་དང་བྲལ་ན་ཡང་།།
    རིགས་རྩལ་སྒྱུ་འཕྲུག་གློག་གི་ཆོ་འཕྲུལ་གྱིས།།
    དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།།
    སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད།།
    ཞེས་གསུངས་བརྩེ་བའི་གདམས་པ་ཟབ་མོ་འདི།།
    སྤྱིར་ན་ས་ཡ་དྲུག་གི་བོད་མི་དང།།
    ལྷག་པར་ངུར་སྨྲིག་བླ་གོས་འཆང་བ་ཡི།།
    བསྟན་ལ་དད་པ་རྣམས་ཀྱིས་ཉམས་ལེན་མཛོད།།
    འདི་ལྟར་འབྲི་བའི་རྣམ་དཔྱོད་མི་ལྡན་ཡང།།
    བསྟན་པའི་བླ་བཙོང་འགའ་ཡི་ཡིད་དབྱུང་ལ།།
    བརྟེན་ནས་རྣམ་དག་སེམས་ཀྱིས་བྲིས་པ་ལས།།
    ནོངས་པར་གྱུར་ན་གཟུར་གནས་མཁས་ལ་བཤགས།།
    གལ་ཏེ་འདི་ཙམ་སྤེལ་བའི་དགེ་རྩ་ཞིག།།
    མཆེས་ཚེ་དེ་ཡང་རྒྱལ་བསྟན་ས་སྟེང་དུ།།
    ཡུན་དུ་གནས་ཤིང་དེ་འཛིན་དགེ་འདུན་སྡེར།།
    རྣམ་དག་བསླབ་ཁྲིིམས་འདོམས་པའི་རྒྱུ་བསྔོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme