Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོགས་འདྲི་ཞིག

Posted on 2012-06-13 By ཁ་བརྡ་ 38 Comments on དོགས་འདྲི་ཞིག

མེ་ཏོག་དཀར་པོ།

ནམ་རྒྱུན་ཁ་ནས་འདྲེན་སླ་བའི་བསླབ་བྱའི་ཚིག་ཅིག་སྟེ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ། བསམ་པ་ངན་ན་ས་དང་ལམ་ཡང་ངན། ། ཐམས་ཅད་བསམ་པ་དག་ལ་རགས་ལས་པས། །
རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་ངའི་བློ་ལ་ཡོད་པ་འདི་རེད་མོད་ཏག་ཏག་ཡིན་མིན་མི་ཤེས། འདི་གསུངས་པ་པོ་ནི་ངས་ཤེས་ཚོད་ལྟར་ན་དགེ་ལུགས་པའི་སློབ་དཔོན་རྒྱལ་བ་ཙོང་ཁ་པ་རེད། ཡིན་ནའང་གང་ནས་གསུངས་མིན་ཤེས་མ་སོང་། རྗོད་བྱེད་ནི་དབྱངས་ཨ་ངེས་པ་རེད།
འདི་ཁ་ནས་འདྲེན་སླ་ལ་འོལ་ཚོད་ཀྱིས་དོན་རྟོགས་པ་འདྲ་ཞིག་འདུག་མོད། ཚིག་རིས་འབྲེལ་ནས་འགྲོ་ན་ཤར་ཤར་འགྲོ་མ་ཐུབ་པར་འགག་འགྲོ་བ་འདྲ་ཞིག་འབྱུང་གི་འདུག དེས་ན་དཔྱོད་ལྡན་གཞོན་ནུ་ཟླ་མེད་ལ་འགྲེལ་པ་ཞིག་སྐྱབས་འཇུག་ཞུས་པར་ཁོང་གིས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། ཞེས་པའི་ལུང་དེའི་འགྲེལ་བ་ཡག་པོ་བློ་བུར་དུ་དྲན་མ་སོང་། ལུང་འདིའི་ནང་གི་བསམ་པ་དང་། ས། ལམ་གསུམ་ཐོག་མར་ཤེས་དགོས་ལ། འདིའི་ནང་གི་བསམ་པ་ནི། དགེ་བཅུ་མི་དགེ་བཅུ་སོགས་བསགས་དུས་ཀྱི་ཀུན་སློང་གི་བསམ་པ་དེ་ཡིན་པ་དྲན། ལས་བསགས་དུས་གཞི། བསམ་པ། སྦྱོར་པ། མཐར་ཐུག་པ་བཅས་ཀྱི་སྟེང་ནས་བསམ་བློ་གཏོང་དགོས་པ་འདྲ། དེ་ཡང་སྒྲ་བསྒྱུར་མར་བ་ལོ་ཙྰ་བས། རང་གི་དགེ་ཕྲུག་ལ་སྲས་མཁར་དགུ་ཐོག་བཞེངས་བཅུགས་པ་སོགས་སྡུག་ལས་སྣ་ཚོགས་སྤྲད་པ་ཚང་མ། བླ་མ་ཁོང་གི་བསམ་པ་བཟང་པོ་ཡོད་པས་ལས་ལམ་དེ་ཚང་མ་དགེ་བར་གྱུར་ཟེར་ནས་བཤད་ན་འབྱོར་མོ་ཞིག་རེད་བསམ་མོད། འོན་ཀྱང་། ས་ལམ་གཉིས་གཞི་མི་ལ་རས་པའི་བརྒྱུད་ཀྱི་ས་ལམ་ལ་གོ་དགོས་སམ། ཡང་ན་ལས་བསགས་པ་པོ་བླ་མ་མར་བའི་ཐུགས་བརྒྱུད་ཀྱི་ས་ལམ་ལ་གོ་དགོས་ནི་དོགས་པའི་གནས་རེད།
ལས་བསགས་པ་པོའི་བརྒྱུད་ལ་བསམ་བློ་བཏང་ནས་བཤད་ན། རོང་པ་ཚོས་ཕག་པ་གསོ་བའི་ཆེད་དུ་ཉིན་རེར་ཕག་པ་ལ་ཁ་ཟས་ཀྱི་སྦྱིན་པ་བཏང་ན་ཡང་། བསམ་པའི་ཀུན་སློང་ཕག་ཤ་ཡི་ཆེད་དུ་ཡིན་པས། སྦྱིན་པའི་ངོ་བོ་དཀར་པོ་ཡིན་ན་ཡང་བསམ་པ་ཀུན་སློང་མ་དག་པའི་དབང་གིས་ལས་ལམ་ནག་པོ་ཆགས་པ་རེད་ཟེར་ནས་བཤད་དགོས་པ་འདྲ། འདི་ལྟར་བཤད་ན་བསམ་པ་དང་ལམ་གཉིས་ཚིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་འབྱོར་འགྲོ་མོད། འོན་ཀྱང་ས་ཞེས་པ་དེར་འགྲེལ་བཤད་འབྱོར་མོ་ཞིག་དཀའ། འོན་ཀྱང་ང་ཚོའི་ཡིག་ཆ་འཇོག་མཁན་རྣམས་ཀྱིས་ལུང་དེ་འདི་འདྲ་ཞིག་གི་སྒྲུབ་བྱེད་ལ་དྲངས་ཀྱི་འདུག བསམ་པ་ཟེར་བ་ལས་བསགས་དུས་ཀྱི་ཀུན་སློང་དང་། ས་ལམ་ཟེར་བ་ལས་ལམ་དངོས་གཞི་གྲུབ་པའི་སྒྲུབ་བྱེད་ལ་དྲང་གི་འདུག
གཞན་ཞིག་ནི་མདོ་ལས། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད།། དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན།། དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད།། དེ་ནི་སངས་རྒྱས་ཆོས་ནི་བསྐྱེད་ལ་ཕན།། ཟེར་བ་དང་གནད་གཅིག་པ་མི་འགྲོ་བསམ།།
ཞེས་གསུངས་དེར་ངའི་བསྐྱར་དུ་འདི་ལྟར། ཚིག་རིས་ལ་ལྟ་དུས་བསམ་པ་བཟང་ངན་གཉིས་རྒྱུར་བཞག ས་ལམ་བཟང་ངན་གཉིས་འབྲས་བུར་བཞག་འདུག དེས་ན་ས་ལམ་ཞེས་པ་སྐྱེ་འཕགས་ཀྱི་ཡོན་ཏན་གྱི་གཞིར་གྱུར་པའི་ས་ལམ་ལ་བཞག་ན་དེ་ནི་དུས་ནམ་ཡང་བཟང་བ་མ་གཏོགས་དེའི་རྒྱུར་གྱུར་པ་བསམ་ངན་དང་། འབྲས་བུ་ས་ལམ་ངན་པ་ཞིག་ག་ལ་ཡོད་སྙམ། དེ་ལྟར་མིན་ནམ། དེ་བཞིན་མར་པ་དང་མི་ལ་སྦྱར་དགོས་པ་གང་ཡིན་ནམ་ཞེས་དྲིས་པར་ཁོང་གིས། ཚིག་རྐང་འདིའི་ས་དང་ལམ་ཟེར་བ་དེ་སྐྱེས་འཕགས་བརྒྱུད་ཀྱི་ས་ལམ་ལ་གོ་ན་ཚིག་ཙམ་འགྲིག་ན་ཡང་གཞུང་གི་སྤྱི་རྐང་དང་གཏན་ནས་མི་འགྲིག དེ་བས་ནས་ངས་དགེ་བཅུ་མི་དགེ་བཅུའི་ལས་བསགས་སྐབས་ཀྱི་ལས་ལམ་ལ་སྦྱར་ནས་བཤད་ཡོད། དེ་ལྟར་བཤད་ན་གཞུང་སྤྱི་རྐང་དྱང་འགྲིག་གི་རེད། ཡང་བསྐྱར་སྒྲ་བསྒྱུར་མར་བས་མི་ལར་སྡུག་ལས་བཏང་པ་དང་སྤྱར་ནས་བཤད། འདིའི་སྐབས་སུ་ལས་བསགས་སྐབས་གཞི་མི་ལ་རས་པ་རེད། བསམ་པ་སྒྲ་བསྒྱུར་མར་བའི་བརྒྱུད་ཀྱི་ཕན་སེམས་རེད། སྦྱོར་བ་སྲས་མཁར་དགུ་ཐོག་བཞེངས་པ་དང་བཤིག་བཅུགས་པ་དེ་རེད། མཐར་ཐུག་སྒྲུ་བསྒྱུར་མར་བའི་བརྒྱུད་ཀྱི་ད་འགྲིག་སོང་བསམ་པ་དེ་རེད། དེ་ལྟར་ན་ལས་དེའི་སྦྱོར་དངོས་མཇུག་གསུམ་ཐམས་ཅད་གྲུབ་པ་རེད།
སྒྲ་བསྒྱུར་མར་པ་ལ་བཤད་དོན་ནི། ང་ཚོའི་གོ་སླ་བའི་ཆེད་དུ་ཡིན། དེ་ཡང་སྦྱོར་བའི་སྟེང་ནས་དོགས་པ་ཡོད་པ་རེད། སྦྱོར་བ་རྩུབ་པོ་བྱས་ཡོད་པས་རེད། སྦྱོར་བ་རྩུབ་པོ་དེ་འདྲ་ལ་མི་རྣམས་དོགས་པ་ཟ་བ་ཙམ་དུ་མ་ཟད། གཞུང་ལུགས་ན་ཡང་ནག་པའི་ལས་སུ་བཤད་ཡོད་པ་རེད། གཞུང་ལུགས་ནས་ནག་པའི་ལས་སུ་བཤད་པའི་མཐའ་དཔྱོད་པ་ལྟ་བུར་སྤྱོར་བ་ནག་ན་ཡང་ལས་ལམ་དཀར་པོར་འགྱུར་བ་ཡོད་པ་རེད་ཟེར་བའི་ཆེད་དུ། དཔེ་དེ་བཀོད་ནས། དེ་ལྟ་ཡོད་པའི་སྒྲུབ་བྱེད་གཞུང་ལུགས་དང་འཕྲོད་མིན་ཐད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་དང་འཕྲོད་ཀྱི་འདུག བཤད་པ་ཡིན་ལགས། འོན་ཀྱང་ད་དུང་བགྲོ་གླེང་བྱེད་དགོས་ས་ཡོད་ཀྱི་རེད། འདི་ལས་བསོགས་ཚུལ་ཡིན་པས། ལམ་རིམས་སོགས་ན་ཚར་གསུམ་རེ་མཐའ་ཡང་ཡོང་གི་ཡོད་པ་རེད། ༡ མི་དགེ་བཅུའི་ལས་གསོག་ཚུལ་ལས་དང་། ༢ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གཉིས་པ་ལས་བསོག་ཚུལ་ལས། ༣ བདེན་བཞི་སྐབས་སུ་ཀུན་འབྱུང་བདེན་པའི་ནང་ཚན་ལས་ཀྱི་ཀུན་འབྱུང་བཤད་པའི་སྐབས་སུ་སོགས་ལས་ཤེས་དགོས་པ་རེད། ཞེས་གསུངས། ཡང་ཚེ་དང་ལྡན་པ་མགོན་པོ་ཟེར་བ་ཞིག་གིས། ས་དང་ལམ་ཟེར་བ་ནི་དོན་ཅིག་མིང་གི་རྣམ་གྲངས་ཁ་སྐད་ལ་ལས་དང་ལམ་འགྲོ་ཟེར་བ་རེད། དོན་དུ་རྩ་བའི་སེམས་བཟང་པོ་ཡོད་ན་ལས་དང་ལམ་འགྲོ་ཡག་པོ་ཡོང་གི་རེད་ཟེར་བ་རེད། ཅེས་དང་། ས་ལམ་ཟེར་བ་དེ་ནང་ཆོས་བོད་ནང་མ་དར་གོང་ལ་ཡོད་པའི་ས་སྐྱེས་རྡོ་སྐྱེས་ཤིག་རེད། ལས་སླ་པོ་ཞིག་ཁག་པོ་གཏོང་བ་ནི་འཚོ་ཐབས་ལ་གོམ་འདྲིས་སོང་བའི་བག་ཆགས་ཞིག་རེད་མོད། དུས་རབས་ཉེར་གཅིག་པ་འདིར་ང་ཚོར་ཁ་ཡོད་ལག་ཡོད་དང་གནད་ལ་ཁེལ་བའི་གོ་བ་གལ་ཆེན་པོ་རེད། ཐ་སྙད་ལ་མཐའ་ཡོད་པ་མ་རེད་ལ་རྣམ་རྟོག་ལ་ཡང་མཐའ་ཡོད་མ་རེད། མི་ཚེ་ནི་དེ་འདྲ་མ་རེད། སྐབས་ཐོབ་ལུང་དེའི་དོན་གོ་བདེ་བར་བཤད་ན་སེམས་བཟང་ན་ས་དང་ལམ་མམ་ལས་དང་ལམ་འགྲོ་ཡག་པོ་ཡོང་གི་རེད་ཟེར་བཤད་གི་ཡོད། དེ་ཡང་གཞུང་ཆེན་ཁག་ནས་གསུངས་པའི་ས་ལམ་དང་སྦྱར་དགོས་དོན་གང་ཡོད། ས་བཅུ་ལམ་ལྔ་ཟེར་ཡག་དེ་ས་མེད་པའི་ལམ་དང་ལམ་མེད་བའི་ས་ག་ན་ཡོད། དེར་བརྟེན་བསམ་བློ་གུ་ཡངས་པོ་དང་གོ་བདེ་བོ་གནང་དགོས་ཞེས་པར་འགྲེལ་སོང་། དོན་དག་ངོ་མ་དེ་གང་འདྲ་ཞིག་ཡིན་ནམ།

སྣ་ཚོགས།

Post navigation

Previous Post: རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་པར།
Next Post: ཕྲན་ལ་དེབ་འདི་ཀློག་པར་རམ་འདེགས་ཤིག་བྱེད་རོགས།

Comments (38) on “དོགས་འདྲི་ཞིག”

  1. མིག་བརྒྱད་པ། says:
    2012-06-13 at 1:23 pm

    འདིའི་དོན་འགྲེལ་ཚུལ་གང་ལ་ཡང་སྦྱར་ཆོག་པ་འདུག་མོད། །འདིའི་བསམ་པ་བཟང་པོ་ནི་གཞན་ལ་མི་འཚེ་བ་ཙམ་ལ་གོ་བ་མིན་པར་གཞན་ལ་ཕན་འདོགས་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་གོ་དགོས་པ་འདྲ། རྒྱུ་མཚན་རྗེ་རིན་པོ་ཆེས་ལམ་རིམ་ཆེ་ཆུང་གང་གི་སྐབས་སུའང་དེ་ལ་ནན་ཏན་གསུངས་འདུག །སྤྱིར་ན་སས་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་རྩི་ཤིང་སོགས་འཇིག་རྟེན་གྱི་རྟེན་བྱེད་པ་ལྟར། ས་དང་ལམ་ཞེས་པའི་ས་ནི། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས།།ཞེས་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ནང་གི་ཚུལ་ཁྲིམས་དང་སྡོམ་པ་སོགས་ལ་གོ་དགོས་པ་འདྲ། དེ་ལ་བརྟེན་ནས་རྟོགས་པའི་ཡོན་ཏན་ཚོགས་ལམ་སྦྱོར་ལམ་སོགས་རིམ་གྱིས་འབྱུང་བ་ཡིན་སྟབས་ལམ་ཞེས་གསུངས། ལམ་དང་མཁྱེན་པ། མངོན་རྟོགས་རྣམས་དོན་གཅིག་རེད། བསམ་པ་བཟང་ངན་སྟོབས་ཆེ་ཆུང་དབང་གིས་འབྲས་བུ་བཟང་ངན་སྟོབས་ཆེ་ཆུང་འབྱུང་བ་ལྟར། བཟང་ཞེས་པ་མཐར་ཐུག་གི་འབྲས་བུ་བཟང་པོ་ལ་གོ་དགོས།

  2. jamyang.choedon says:
    2012-06-13 at 2:34 pm

    བསམ་པ་ནི་ཀུན་སློང་དང་། ས་དང་ལམ་ནི་ལས་དང་འབྲས་བུ་ལ་གོ་དགོས། བསམ་པ་བཟང་ན་ལས་བཟང་པོ་བསགས་ལ་ལས་བཟང་པོའི་དབང་གི་འབྲས་བུ་བཟང་པོ་འོང་བ་དང་། བསམ་པ་ངན་ན་དེ་ལས་ལྡོག་པ་བཞིན་ནོ།།

  3. མགོ་ལོག་ཟླ་བྷེ ། says:
    2012-06-13 at 3:15 pm

    བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །
    བསམ་པ་ངན་ན་ས་དང་ལམ་ཡང་ངན ། །
    ཐམས་ཅད་བསམ་པ་དག་ལ་རག་ལས་པས ། །
    བསམ་པ་བཟང་བ་དག་ལ་འབད་པ་འཚལ ། །

    རྗེའི་གསུང་ངོ་མ་འདི་ཡིན་པ་འདྲ ། འབད་པར་འཚལ་ཞེས་ལ་དོན་གྱི་རྐྱེན་ཅན་ཞིག་ཀྱང་འདུག་སྟེ ། འདི་ཉིད་དག་པར་གསུང་མཁན་མང་། རྗོད་བྱེད་ཀྱི་ཆ་ནས་ཨ་ངེས་པ་ཙམ་དུ་མ་ཟད ། སྙན་ངག་བྱ་དཀའ་བ་མཐར་ཐུག་པ་སྟེ ། མགོ་འདོག་སོགས་གང་ཡང་མེད་པར་ཡིག་རྐྱང་ཁོ་ན་བསྟར་བ་དང་། སྙན་ངག་མེ་ལུང་མའི་ལེའུ་དང་པོའི་དགོངས་པ་ལྟར་ཡི་གེའི་གནས་གཅིག་པ་དང་གཟུགས་གཅིག་པ་ཡང་ཡང་བསྐོར་བས་རྗེས་ཁྲིད་ཅན་དང་། ལེའུ་གཉིས་པའི་རང་བཞིན་བརྗོད་པ་དང་རབ་སྤེལ་གྱི་རྒྱན་སོགས་དང་།ལེའུ་གསུམ་པའི་སྒྲ་རྒྱན་ཏེ །བསམ་པ་བསམ་པ་ཐམས་ཅད་བསམ་པ་དང་། ཡང་བཟང་བསམ་པ་ཡང་ངན་ཐམས་ཅད་དང་། བཟང་ན་ངན་ན་བསམ་པ་བཟང་བ་སོགས་དང་།ས་ས།དང་དང་། ལམ་ལམ། ཡང་ཡང་། དག་དག་སོགས་ཟུང་ལྡན་ཤིན་ཏུ་མང་བའི་ཁར་ཁ་གསལ་ལ་དོན་ཟབ་པའི་ཁྱད་ཆོས་བརྗོད་ཀྱིས་མི་ལང་བ་ཡོད་པ་དང་། བརྗོད་བྱའི་དོན་ནི ། མ་གི་ལྷ་མིའི་ཐེག་པ་ནས་ཡ་གི་གསང་སྔགས་རྡོ་རྗེ་ཐེག་པའི་བར་གྱི་ལམ་གནད་ཐམས་ཅད་དང་སྦྱར་ནས་འགྲེལ་ལུགས་ཞིག་འདུག དཔེར་ན་མི་དགེ་བཅུ་སྤོང་གི་འདུ་ཤེས་ཡོད་པ་བསམ་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་རྙེད་པ་བཟང་བོ་སྟེ་འཇིག་རྟེན་ལྷ་མིའི་ཐེག་པ་དང་། འཁོར་བའི་གནས་རིས་མཐའ་དག་ལ་ཡིད་ཕྱུང་བ་བསམ་པ་དང་། དེ་ལས་ཐར་ལམ་གང་ཟག་གི་བདག་མེད་རྟོགས་པ་བཟང་བོ་སྟེ་ཉན་ཐོས་ཀྱི་ཐེག་པ་སོགས་གོང་མ་རྣམས་ལ་ཡང་འགྲེལ་རྒྱུ་འདུག ཕངས་པ་ཞིག་ལ་རྗེའི་གསུང་ཐོར་བུ་ཕྱོགས་བསྒྲིགས་ཀྱི་ནང་ན་འདི་མི་འདུག

  4. མདའ་ཚན་པ། says:
    2012-06-13 at 8:30 pm

    དོགས་གནས་ཤིག་གི་ག་ལ་ཚད་ནོར་གནས་ཤིག་མ་རེད་དམ། མར་པ་དང་མི་ལ་གཉིས་མི་མ་གཅིག་པའི་གང་ཟག་ཐ་དད་པ་གཉིས་རེད་མོད། ཨ་དྲིན་ཆེན་པོ། མར་པའི་དགེ་རྩ་བཤད་སྐབས། གཞི། བསམ་པ། སྦྱོར་བ། མཐར་ཐུག་ཚང་མ་མར་པ་ལ་སྦྱོར་ནས་ཤོད། མི་ལ་བཤད་སྐབས་དེ་ཚང་མ་མི་ལའི་སྟེང་སྦྱར་ནས་བཤད་ན་ངེད་ཚོ་ལྟ་བུ་ཆོས་མི་ཤེས་པ་ཞིག་ཡིན་ནའང་གོ་བདེ། དེ་མིན་མི་གཅིག་གི་དགེ་རྩ་དང་འབྲས་བུ་ཁག་ཁག་བྱས་ནས་དེ་མི་གཉིས་ལ་བགོ་བཤའ་བརྒྱབ་པ་ཡིན་ན་མགོ་གེ་གེ་ཚོས་གི་མི་འདུག མགོ་བོ་མགལ་མེ་བཞིན་མ་སྐོར་རོགས།
    མགོ་འཁོར་བའི་ཐོག་ལ་འཐོམས་དགོས་པ་གཞན་ཞིག་ནི། ་་སེམས་བཟང་ན་ས་དང་ལམ་མམ་ལས་་ ཞེས་ལམ་དང་ལས་གཉིས་གཅིག་པ་ལྟ་བུར་བཤད་འདུག ལས་གསུམ་ཞེས་པ་ནི་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ལ་གོ་བ་ཡིན་ན་བསམ་པ་བཟང་བ་དེ་ཡིད་ཀྱི་ལས་ལ་གོ་དགོས་པ་མ་རེད་དམ། སྦྱོར་བ་དེའང་ལུས་ངག་གང་རུང་གི་ལས་ལ་གོ་དགོས་པ་མ་རེད་དམ། སེམས་པ་བཟང་པོའི་ལས་བྱས་ན། སངས་རྒྱས་ཀྱི་ཁྲི་ཁ་བར་འོད་ཅིག་གེ་བྱེད་པའི་ས་དང་ལམ་དེ་ཡང་བཟང་བོ་ཡོད་པའི་དོན་དག་མ་རེད་དམ། དེ་ནི་སློབ་སྦྱོང་ཡག་པོའི་ལས་བྱས་ན་འབྲས་བུ་ཡང་ཡག་པོ་སྨིན་ཏེ་འཛིན་རིམ་གྱི་ས་ལམ་རེ་རེ་བཞིན་ལེགས་པོར་བགྲོད་ཐུབ་ཏེ་འཛིན་རིམ་བཅུ་བའི་ས་ལམ་ལས་བདེ་ལེགས་ངང་མཐར་ཕྱིན་ཐུབ་པ་དང་སྦྱར་ན་མི་འགྲིག་ས་ག་རེ་ཡོད་རེད།

  5. སྣྲོན་ངག་ཁྲི། says:
    2012-06-13 at 11:26 pm

    བླ་མ་བཟང་ན་སྤངས་བླང་འབྲས་རྟགས་གསལ།།
    འབྲས་རྟགས་བཟང་ངན་རང་ལས་གཞན་པ་གལ།།
    ཡང་དག་ལམ་བཟང་རྒྱལ་བས་གདམས་པར་མཛད།།
    རང་གཞན་མཐའ་དག་རྒྱལ་སླད་གང་དག་འབད།།།
    ཐོས་པ་གཏི་མུག་མུན་གསེལ་སྒྲོན་མེ་མཆོག །
    ལུགས་གཉིས་གནད་ལ་འཇུག་པའི་སྣང་བ་སྟེ།།
    ལོག་རྟོག་འབྱུང་བྱ་ལོང་བྱེད་ཉི་གཞོན་དང་།།
    རྟག་ཆད་མཐའ་སྨག་འཇོམས་པའི་འོད་དཀར་ཉིད།།

  6. མེ་ཏོག་དཀར་པོ། says:
    2012-06-13 at 11:37 pm

    ཁྱེད་རྣམས་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། མགོ་ལོག་པས་གསུང་ངོ་མ་དྲངས་པར་ཐུགས་རྗེ་ཆེ།

  7. མེ་ཏོག་དཀར་པོ། says:
    2012-06-14 at 1:44 am

    ད་དུང་ཡིད་ཚིམ་པ་ཞིག་མ་བྱུང་། མིག་བརྒྱད་པས།
    འདིའི་བསམ་པ་བཟང་པོ་ནི་གཞན་ལ་མི་འཚེ་བ་ཙམ་ལ་གོ་བ་མིན་པར་གཞན་ལ་ཕན་འདོགས་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་གོ་དགོས་པ་ལྟ་བུ་གསུངས། ས་དང་ལམ་ཞེས་པའི་ས་ནི། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས།།ཞེས་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ནང་གི་ཚུལ་ཁྲིམས་དང་སྡོམ་པ་སོགས་ལ་གོ་དགོས་པ་འདྲ། ཞེས་གསུངས། དེ་ལྟར་ན་དེའི་ལྡོག་ཕྱོགས་བསམ་ངན་དང་། ཁྱད་པར་དེའི་འབྲས་བུ་ས་ལམ་ངན་པ་དེ་ངོས་བཟུང་དཀའ་འོ་སྙམ་ལགས།
    མགོ་ལོག་པས་འཆོང་ཆེ་ནས་ངའི་དྲི་བའི་སྟེང་སླེབས་མ་བྱུང་། ཡིན་ནའང་ཚིགས་བཅད་དེའི་སྐོར་ནས་ལེགས་བཤད་གཞན་གནང་བར་སྤྲོ།
    མདའ་ཚན་པས། མི་གཅིག་གི་དགེ་རྩ་དང་འབྲས་བུ་ཁག་ཁག་བྱས་ནས་དེ་མི་གཉིས་ལ་བགོ་བཤའ་བརྒྱབ་ནས་འགྲེལ་ན་མི་འགྲིག གཞན་ཞིག་ནི། སེམས་བཟང་ན་ས་དང་ལམ་མམ་ལས་ཞེས་ལམ་དང་ལས་གཉིས་གཅིག་པ་ལྟ་བུར་བཤད་འདུག ལས་གསུམ་ཞེས་པ་ནི་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ལ་གོ་བ་ཡིན་ན་བསམ་པ་བཟང་བ་དེ་ཡིད་ཀྱི་ལས་ལ་གོ་དགོས་པ་མ་རེད་དམ། སྦྱོར་བ་དེའང་ལུས་ངག་གང་རུང་གི་ལས་ལ་གོ་དགོས་པ་མ་རེད་དམ། སེམས་པ་བཟང་པོའི་ལས་བྱས་ན། སངས་རྒྱས་ཀྱི་ཁྲི་ཁ་བར་འོད་ཅིག་གེ་བྱེད་པའི་ས་དང་ལམ་དེ་ཡང་བཟང་བོ་ཡོད་པའི་དོན་དག་མ་རེད་དམ། དེ་ནི་སློབ་སྦྱོང་ཡག་པོའི་ལས་བྱས་ན་འབྲས་བུ་ཡང་ཡག་པོ་སྨིན་ཏེ་འཛིན་རིམ་གྱི་ས་ལམ་རེ་རེ་བཞིན་ལེགས་པོར་བགྲོད་ཐུབ་ཏེ་འཛིན་རིམ་བཅུ་བའི་ས་ལམ་ལས་བདེ་ལེགས་ངང་མཐར་ཕྱིན་ཐུབ་པ་དང་སྦྱར་ན་མི་འགྲིག་ས་ག་རེ་ཡོད་རེད། ཅེས་གསུངས་མོད། དེ་ནི་རྩོད་གཞིའམ་དཔྱད་གཞི་ཁོ་རང་སྟེ་ས་དང་ལམ་ཞེས་པ་ས་བཅུ་དང་ལམ་ལྔའི་ས་ལམ་ལ་ངོས་བཟུང་འདུག་
    དེ་ལྟར་ན་ངའི་དོགས་པ་དེ་རང་འཇགས་རེད།

  8. Gonpo says:
    2012-06-14 at 2:37 am

    རྒྱལ་བ་འབྲི་གུང་པས་དགོང་གཅིག་ལས།
    ཐེག་པ་ཆེ་ཆུང་ཁྱད་པར་སེམས་བསྐྱེད་ཡིན།
    ལྟུང་བ་ཐམས་ཅད་ནང་ནས་འདུ་ཤེས་གཙོ།

  9. མེ་ཏོག་དཀར་པོ། says:
    2012-06-14 at 2:42 am

    མགོན་པོའི་དྲངས་པ་དེ་བརྗོད་གཞི་དང་ཉེ་མ་སོང་།

  10. Gonpo says:
    2012-06-14 at 2:45 am

    ༧རྒྱལ་བ་འབྲི་གུང་པས་དགོང་གཅིག་ལས།
    ཐེག་པ་ཆེ་ཆུང་ཁྱད་པར་སེམས་བསྐྱེད་ཡིན།
    ལྟུང་བ་ཐམས་ཅད་ནང་ནས་འདུ་ཤེས་གཙོ།
    འཕགས་པ་ཀླུ་སྒྲུབ

    དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི།།ངག་དང་ཡིད་ཀྱིས་རྟག་ཏུ་བརྟེན་བགྱི་ཞིང་། ་་་་་་་་་་་་་་
    ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ།།ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས།།སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས།།

  11. Gonpo says:
    2012-06-14 at 2:50 am

    ཆོས་རྣམས་སྔོན་དུ་འགྲོ་བ་ཡི། །ཡིད་གཙོ་ཡིད་ནི་སྔོན་འགྲོ་སྟེ། །ཡིད་གཅིག་གིས་ནི་འབད་པ་ཡིས། །སྨྲ་བའམ་ནི་བྱེད་པ་པོ། །དགེ་སློང་རང་གི་ཕ་རྒན་ལ། །མྱུར་འདོང་ཞེས་ནི་བསྐུལ་གྱུར་ནས། །འཕུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། །ཤིན་ཏུ་ན་བའི་དགྲ་བཅོམ་པར། །དགེ་སློང་ནད་གཡོག་བྱེད་པ་ལ། །ང་ཡི་མགྲིན་པ་སྡོམས་ཞེས་བསྐུལ། །དེ་ནི་ཤི་ནའང་སྐྱོན་མེད་བསྟན། །འདུ་ཤེས་གཞན་གྱིས་གཞན་དག་ནི། །ཤི་ཡང་ཉེས་པས་མ་གོས་པར། །ཇི་ལྟར་འདུལ་ལས་གསལ་པོར་བསྟན། །དེ་ཕྱིར་སེམས་དགེར་ཉེས་པ་མེད། དེ་འདུས་བྱས་པའི་བློ་ཡིས་ནི། །མཆོད་རྟེན་བཤིགས་ཀྱང་ཉེས་མེད་དེ། །ཉེ་བའི་མཚམས་མེད་བྱས་པས་ཀྱང་། །བསོད་ནམས་ཕུང་པོ་འབའ་ཞིག་གོ །བསམ་པ་བཟང་པོས་མཆིལ་མ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་ནི་གཞན་གྱིས་བསལ་བྱས་པ། །གཉིས་ཀ་རྒྱལ་སྲིད་འཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་ལྟར་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད།

  12. Gonpo says:
    2012-06-14 at 3:29 am

    ལེགས་བཤད།
    མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།།
    རང་མགོ་སྐོར་བའི་གོས་ཀྱིས་མི་གཡོག་པ།།
    འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
    སྲོག་ལ་བབ་ཀྱང་འབད་པས་སྲུང་བར་འཚལ།།
    མཁས་དབང་དགེ་འདུན་ཆོས་འཕེལ་ནས།
    ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།།
    ཐམས་ཅད་ལད་མོ་བྱས་ན་ཀླད་མེད་ཡིན།།
    སྐད་རིགས་སྣ་མང་ཤེས་ན་བཟང་མོད་ཀྱང་།།
    རང་གི་ཕ་སྐད་བརྠེད་ན་ངོ་ཚ་ཡིན།།
    ཞང་སྟོན་བསྟན་པ་རྒྱ་མཚོ།།
    བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།
    བསམ་པ་ངན་ས་དང་ལམ་ཡང་ངན།།
    ཐམས་ཅད་བསམ་པ་ཉིད་ལ་རག་ལས་པས།།
    བསམ་པ་བཟང་པོའི་རྗེས་སུ་འབད་པ་གྱིས།།
    སྔོན་བྱོན་མཁས་པས་གསུང།།

  13. གཞོན་ནུ་ཟླ་མེད། says:
    2012-06-14 at 8:43 am

    gonbo རྗེ་ཙོང་ཁ་པའི་མཚན་ཤེས་ཀྱི་མེད་དམ། ཁོང་གི་མཚན་ལ་སྔོན་གྱི་མཁས་པ་ཟེར་ནི་མ་རེད། ཁྱེད་རང་གིས་དྲངས་པའི་ཚིག་བཅད་ཁ་ཤས་པོ་དེའི་མཚན་རེ་རེ་བཞིན་ཤེས་འདུག རྗེ་ཙོང་ཁ་པའི་མཚན་མ་ཤེས་པ་དེ་ཅི་རེད།
    མདའ་ཚན་པས་ངའི་བྲིས་པ་ཡག་པོ་ཀློག་མེད་པའམ། ཡང་ན་ལས་ཞིག་བསགས་ན་བསགས་མཁན་དང་བསགས་སའི་གཞི་གཉིས་ལ་འབྲེལ་ནས་བཤད་པ་མ་གཏོགས། བསགས་མཁན་ཁོ་རང་གཅིག་བུའི་ངོས་ནས་བསགས་ས་འགྲོ་གི་མ་རེད། བསགས་སའི་གཞི་དེ་གཞན་ཞིག་འཇོག་དགོས་པ་རེད། བསམ་པ་དང་སྦྱོར་བ། མཐར་ཐུག་བཅས་བསགས་པ་པོ་རང་རྒྱུད་ལ་བཞག་དགོས་པ་རེད། གཞི་གཞན་ལ་བཞག་དགོས་པ་རེད། འདི་རྟེན་འབྲེལ་ཡིག་ཆ་དང་། ལམ་རིམ་ཆེན་མོ་ཡིན་ན་དགེ་བཅུ་མི་དགེ་བཅུ་བཤད་པའི་སྐབས་ལ་གཟིགས་ན་གཞི་དང་འབྲེལ་ནས་བསགས་སྟངས་སོགས་ཤེས་ཡོང་གི་རེད།
    མུ་མཐུད་བགྲོ་གླེང་བྱེད་འདོད། ལས་ཀ་ནས་ཕྱིར་སླེབས་ན་མུ་མཐུད་ཀྱི་ཡིན།

  14. གནམ་ལྕགས་རྡོ་རྗེ says:
    2012-06-14 at 9:14 am

    མདོར་ན་གཞུང་གང་གི་སྐབས་སུ་གསུང་ཡོད་མེད་གསར་སྟོན་གནང་ན་ཕན་ཐོགས་ཆེ། དེ་མིན་ལུང་ལྤགས་པ་གཉིས་གར་འཐེན་རེད།
    ཐུགས་རྗེ་ཆེ།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-06-14 at 9:18 am

    ས་བཟང་ནི་མངོན་མཐོ་དང་ངེས་ལེགས་ཀྱི་ས་དང་། དེའི་ལམ་དང་། སྐྱེས་ས་ངན་པ་ངན་སོང་གི་ས་དང་འཁོར་བར་བྱེ་བྲག་པའི་ས་ངན་པ་ལ་དང་། དེའི་ལམ་ལམ་རྒྱུ་ལ་གོ་བ་མིན་ནམ།

  16. མེ་ཏོག་དཀར་པོ། says:
    2012-06-14 at 10:15 am

    གཞོན་ནུས་བཤད་པ་ལྟར་ལས་བསགས་སའི་གཞི་ངེས་པར་དགོས་གསུངས་འདུག ཡིན་ནའང་གཞི་དེ་གང་ཟག་མ་ཡིན་པ་ཞིག་ཀྱང་ཡོད་ཆོག་གམ།

  17. མེ་ཏོག་དཀར་པོ། says:
    2012-06-14 at 10:24 am

    ཟླ་མེད་ལགས། ཁྱེད་ཀྱིས་༼ལུང་འདིའི་ནང་གི་བསམ་པ་དང་། ས། ལམ་གསུམ་ཐོག་མར་ཤེས་དགོས་ལ༽ཞེས་གསུངས་འདུག དེའི་ནང་ནས་བསམ་པ་དེ་ཤེས་སོང་། ས་དང་ལན་གཉིས་འདི་དང་འདི་རེད་ཅེས་གསལ་པོ་གསུངས་རོགས།

  18. ཤུག་པ། says:
    2012-06-14 at 10:55 am

    མེ་ཏོག་དཀར་བོ་ལགས་ཀྱི་དོགས་གཞི་ལ།
    གྲོགས་པོ་འགས་བསམ་པ་བཟང་བོ་ནི་ལས་ལ་གོ་བ་བླངས་པ་ཡང་འདུག་པས། ལས་ཀྱི་ངོ་བོ་ལ་གྲུབ་མཐའ་གོང་འོག་གི་ཁྱད་པར། ལས་ཀྱི་རྣམས་གྲངས། ལས་ཀྱི་འཕེན་ཚུལ། ལས་ཀྱི་འབྲས་བུ་སོགས་ལ་གཞིགས་ན་ལས་རང་ལྡོག་ནས་བསམ་པ་བཟང་བོ་ལ་གོ་ན་མི་འགྲིག་སྙམ། རང་གི་གོ་བ་ལེན་ཚུལ་ནི་འདི་ལྟ་སྟེ། དང་པོ་ས་དང་ལམ་ཞེས་པ་སྐབས་འདིར་ས་བཅུ་ལམ་ལྔ་ཞེས་པའི་ནང་ཚན་གྱི་ས་ལམ་ལ་གོ་རྒྱུ་མ་ཡིན་པར། རང་རྒྱུད་ཀྱི་ཡོན་ཏན་དུ་མའི་རྟེན་བྱེད་པའི་གཞི་ལ་ས་དང་། རང་གི་དོན་དུ་གཉེར་རྒྱུའི་དོན་དེར་བགྲོད་པའི་བྱ་བ་ལ་ལམ་ཞེས་གོ་ཆོག་སྙམ། བསམ་པ་བཟང་བ་ནི་སེམས་བཟང་བ་སྟེ། ལྡོག་ཕྱོགས་རྣབ་སེམས། གནོད་སེམས། ལོག་ལྟ། ཕྲག་ཏོག་སོགས་ལ་གོ་ན་འགྲིག་པས་དེ་དག་དང་བྲལ་བའི་བསམ་པ་ལ་བསམ་པ་བཟང་བོ་དང་། དེ་ལྟ་བུའི་བསམ་པ་ཡོད་ན་གོང་དུ་བཤད་པའི་ས་བཟང་བོ་ཡོད་སོང་བ་ཡིན་ལ། དེ་འདྲའི་ས་བཟང་བོ་དེ་ཡོད་ན་རང་གི་དགེ་བའི་བྱ་བ་གོང་དུ་འཕེལ་བ་ཡང་འབྱུང་བས་ལམ་ཡང་བཟང་ཞེས་གསུངས་བ་མིན་ནམ་སྙམ། ཉིད་ཀྱི་དོགས་པ་མ་ཆོད་ན་དགོངས་དག་ཞུ།

  19. མེ་ཏོག་དཀར་པོ། says:
    2012-06-14 at 11:01 am

    ཤུག་པས་ཤུགས་རྒྱབ་པར་བཀའ་དྲིན་ཆེ།

  20. མིག་བརྒྱད་པ། says:
    2012-06-14 at 11:16 am

    བསམ་པ་ངན་ན་ས་དང་ལམ་ཡང་ངན། ཞེས་པ་བསམ་ངན་ནི། ཀུན་སློང་དུག་གསུམ་དང་འདྲེས་པ། གཞན་ལ་འཚེ་བའི་བསམ་པ་སོགས་ཡོད་ན། དེའི་འབྲས་བུ་ལ་ཚུལ་ཁྲིམས་དང་སྡོམ་པ་མེད་པ། རང་འཕུང་གཞན་བརླག་གི་བྱ་སྤྱོད་དེ་རིགས་འབྱུང་གི་ཡོད་པ་རེད། དེ་ལ་ས་ངན་པ་ཞེས་བྱ་སྟེ་རྟེན་པའི་གཞི་མ་ཡིན་པའི་ཕྱིར། དེ་ལ་བརྟེན་པའི་མི་དགེ་བའི་ལས་ལམ་བཅུ་བརྒྱུད་མར་འབྱུང་བའི་ཕྱིར། ཡང་ན། རང་ཁོ་ན་ཞི་བདེ་དོན་དུ་གཉེར་བ་དང་། དེའི་འབྲས་བུ་ལ་འབྲས་བུ་དམན་པ་འབྱུང་བས་དེ་ཡང་རྟེན་པའི་གཞི་མ་ཡིན་ལ། ལམ་ཡང་ཉི་ཚེ་བ་ཡིན་པའི་ཕྱིར། ལྡོག་ཕྱོགས་ནས་བཤད་ན་དེ་ལྟར་ཡིན་པ་འདྲ། དེ་ལྟར་ན་རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་ནི་གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་དང་མཐའ་ཡས་བའི་སེམས་ཅན་སྐྱོབ་འདོད་ཀྱི་སེམས་བསྐྱེད་ཉིད་ཡིན་པས་སོ།།

  21. ཤུག་པ། says:
    2012-06-14 at 11:22 am

    ལོ་ལོན་ཚར་འདུག ཤུགས་རྒྱག་རྒྱུའི་ནུས་པ་མི་འདུག་ཡ།

  22. མིག་བརྒྱད་པ། says:
    2012-06-14 at 11:22 am

    ནང་པའི་གཞུང་གི་འགྲོས་རྐང་ལྟར་ན་དེ་ཡིན་ཡང་། འགྲོ་བ་མིའི་ཀུན་སྤྱོད་རིག་པ་དང་སྦྱར་ནས་བཤད་ན་ཡང་ཆོག །

  23. Gonpo says:
    2012-06-14 at 11:33 am

    ས་དང་ལམ
    སྤྱིར་ཏང་མི་ཞིག་བྱ་བ་གང་ཞིག་སྒྲུབ་ན་
    དེ་ཉིད་མགོ་རྩམ་ནས་འཇུག་མ་རྫོག་བར་ལ་ས་དང་ལམ་ཟེར་བ་འདྲ།
    དཔེར་ན་ཡོང་གྲགས་ས་བཅུ་ལམ་ལྔ་ལྟ་བུ
    དེ་ཡང་ལྟོས་གྲུབ་ལས་རང་སྐྱ་ཕེར་བ་འདི་ཞེས་དང་འདི་སོ་སོར་ག་ལ་ཡོད།
    བླ་མ་བཙོང་ཁ་བས་བྱ་བ་གང་ལ་ཡང་བསམ་པ་ཀུན་སློང་བཟང་པོ་ཤེས་རབ་དང་ལྡན་པ་གལ་ཆེན་པོ་རེད་གསུང་བ་ཙམ་རེད་།
    གཞོན་ནུ་ལགས་སུ་གུས་ཞབས་ཡོད་།
    ངས་རེ་བ་ལ་སྤྱོད་འཇུག་ལེའུ་བཞི་བ་དང་ལྔ་བ་ལ་བདུན་ཕྲག་རེར་ཚིག་བཅད་གཉིས་རེ་ལ་གོ་བདེ་བོའི་ཚིག་འགྲེལ་དང་དེ་ཉིད་
    མི་ཚེའི་ནང་བེད་སྤྱོད་འམ་ཉམས་ལེན་ཁ་ཡོད་ལག་ཡོད་ག་འདྲ་བྱེད་དགོས་མིན་གཞོན་ནུ་ལགས་ནས་གནང་ཆོག་གམ
    དེ་འདྲ་ཞིག་བྱུང་ན་ཚོ་དྲ་འབུ་ཚང་མ་ལ་ཕན་ཐོག་ཡག་པོ་ཡོང་ས་རེད།

  24. རྒད་པོ། says:
    2012-06-14 at 1:20 pm

    ད་འདི་ལ་ཕེབས་མཁན་མང་ཆེ་བས། རྗེ་རིན་པོ་ཆེའི་གསུང་འབུམ་ཆ་ཚང་བ་བཀླགས་མིན་འདུག རྗེའི་གསུང་གཅིག་གཉིས་གཅིག་རྟ་ལྕག་འོག་ལ་ཚ་འདེད་བཏང་ནས་ཁྲིད་པ་དེ་ཁྱེར་ནས། གསུང་གཞན་ཚང་མར་མགོ་འདྲེན་བྱས་ན། ཤིན་འདུ་མི་འོས་སོ། དང་པོ་གསུང་དེ་དང་དེ་བཞིན་གསུང་འཐོར་བུ་གཞན་པ་རྣམས་བཀླགས་ནས། གསུང་དེའི་རྒྱབ་ལྗོངས་གང་ཡིན་པ་ཤེས་དགོས། དང་པོ། རྗེ་བླ་མས་གོང་གི་གསུང་དེ་སུ་ལ་གནང་བ་ཤེས་དགོས། གྲྭ་སའི་ནང་ལ་རྗེའི་དབུ་མའི་གསུང་རྐང་ཁ་ཤས་ཁྲལ་རྒྱུག་གི་ཆེད་དུ་ཚ་འདེད་བཏང་ནས་ཁྲིད་པ་དེ་ཁ་ལ་འཁྱེར་ནས། རྗེའི་གསུང་གཞན་པ་རྣམས་ལ་འོས་ཚོད་དང་འོབ་ཚོད་ཤ་སྟག་བྱས་ན། རྗེའི་གསུང་ལ་ལོག་འགྲེལ་བྱུང་བའི་ཉེན་ཁ། དེ་ཡང་ལོག་འགྲེལ་དེ་དག་ཡོངས་གྲགས་ཏུ་འགྱུར་ནས་གསུང་ངོ་མའི་དོན་སྟོང་བར་ཉེན་པས། འདི་རྗེ་བླ་མའི་བསྟན་པ་ལ་ཤིན་དུ་གནོད་ཆེའོ།

    དཔེར་ན། སྔོན་མ་རྒྱལ་བ་བདུན་པ་བསྐལ་བཟང་རྒྱ་མཚོའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཚིག་འཕྲེང་དང་པོ། “ཐབས་ཤེས་ཟུང་འཇུག་འགྱུར་མེད་ཀྱི་གདན་སྟེང་དུ།”ཅེས་པ་འདིར། ད་གདན་སའི་དགེ་བཤེས་དང་བླ་མ་མང་པོ་ཞིག་གིས། ཐབས་སྙིང་རྗེ་ཆེན་པོ། ཤེས་རབ་སྟོང་པ་ཉིད་ཟེར་ནས་འགྲེལ་བཤད་མང་པོ་ཚོད་དཔག་བྱས་ནས་བརྒྱབ། རྗེས་སུ། མཁས་པ་རྣལ་མ་འགའ་ཤས་ནས། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་ཆ་ཚང་ལ་ཞིབ་འཇུག་བྱས་ནས། འགྲེལ་བ་དེ་དག་ནོར་འདུག རྒྱལ་བ་བསྐལ་བཟང་གི་གསུང་གཞན་པའི་ནང་ལ། ཐབས་ཤེས་འདི་ལྟ་བུར་བེད་སྤྱོད་གནང་བ་འདི་གཉུག་མ་འོད་གསལ་ལ་གོ་གི་འདུག་ཅེས་མཁས་པ་གཅིག་མིན་གཉིས་མིན་གྱིས་གསལ་བཤད་བྱས་ནས། ཕྱིས་སུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གིས་དེ་སྔོན་མའི་འགྲེལ་བ་འདི་ནོར་བ་རེད་གསུངས་སོང་། 

    དེ་བཞིན་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་འདི། སྐབས་འདིར་མདོ་སྔགས་ཀྱི་ས་ལམ་ལ་ཤོད་ཀྱི་མེད། དེ་འཇིག་རྟེན་པར། རྒྱུན་དུ་སེམས་པ་བཟང་པོ་བྱས་ན། བྱ་བ་གང་བྱས་ཀྱང་ལམ་འགྲོ་ཡོང་གི་རེད་གསུངས་པ་མཁས་པའི་དབང་པོ་དུང་དཀར་རིན་པོ་ཆེས་འགྲེལ་བཤད་གསལ་ཐག་ཆོད་གཅིག་སྐྱོན་པ་གོ་མྱོང་།

  25. མེ་ཏོག་དཀར་པོ། says:
    2012-06-14 at 1:31 pm

    རྒད་པོ་འདིས་འགྲེལ་བཤད་ཚ་ཐག་གཅོག་ཅིག་རྒྱག་ཡོངས་དྲན། སྒུག་སྒུག་པའི་མཐར་ཆར་པ་མེད་པའི་འབྲུག་སྐད་རང་རེད་འདུག

  26. amdo baglab says:
    2012-06-14 at 2:06 pm

    བསམ་པ་བཟང་ངན་ནི་ཀུན་སློང་ལ་རག་ལས་པ་ཡིན། སྦྱོར་བ་ལ་ཇི་ལྟར་ལགས་ཀྱང་གཙོ་བོ་ཀུན་སློང་དགེ་མི་དགེའི་བྱེ་བྲག་ལ་བརྟེན་ནས་བྱུང་བ་ཡིན། དཔེར་ན་དེད་དཔོན་སྙིང་རྗེ་ཅན་དང་། བྲམ་ཟེའུ་ཀརྨ་ལ་དགའ་བ་ལྟ་བུ་ཡིན། ས་ནི་ཐོག་མའི་ཀུན་སློང་རྒྱ་ཆེ་ཆུང་གི་དབང་གིས་འབྲས་བུ་གང་ཐོབ་པ་དེ་ལ་གོ་དགོས། དཔེར་ན་གནས་སྐབས་ལྷ་མིའི་བདེ་འབྲས་ཙམ་དང་། ཉན་རང་གི་ཐར་པ། བྱངས་སེམས་ཀྱི་གོ་འཕང་། མཐར་ཐུགས་མི་གནས་པའི་མྱང་འདས་སོགས་ཀུན་ལ་གོ་ཆོག ལམ་ནི་འབྲས་བུ་དེ་དང་དེ་ཡི་རྒྱུ་ཡིན་ཏེ་དང་པོ་ལ་ཟག་བཅས་ཀྱི་དགེ་བ་བསོད་ནམས་ཆ་མཐུན་ཙམ་དང་། གཉིས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ། གསུམ་པ་ལ་ཕར་ཕྱིན་དྲུག བསྡུ་དངོས་བཞི། ཚུལ་ཁྲིམས་གསུམ་སོགས་དང་། བཞི་པ་ལ་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་ཀྱིས་བདག་འཛིན་གཉིས་པོ་དྲུངས་ནས་གཞོམ་སྟེ་ཤེས་སྒྲིབ་ཀྱི་ཆ་ཕྲ་བ་སྣང་གསུམ་འཕོ་བའི་སྒྲིབ་པ་སྤོངས་བར་བྱེད་པ་བཅས་ལ་འགྲེལ་ན་རུང་མིན་བློ་ལྡན་རྣམས་ནས་ཚུལ་བཞིན་དཔྱོད་དེ་ནོར་བཅོས་གནང་རོགས་ཞུ་ཞུ། །

  27. amdo baglab says:
    2012-06-14 at 2:08 pm

    མེ་ཏོག་དཀར་པོ་ནས་ལན་ངེས་པར་དུ་གསུངས་གནང་ཡོད་པར་ཞུ།

  28. རྒད་པོ། says:
    2012-06-14 at 4:17 pm

    ཧ་ཧ། མེ་ཏོག་དཀར་པོ། ཁྱོད་ཏོག་ཙམ་སྒུག་ཨང་། ཆར་པ་ཟེར་དུས། བསྐལ་བའི་བར་ལ་གཏོང་མ་མྱོང་བ་ཞིག་གཏང་གི་ཡིན། སྔོན་ལ་མ་ནི་ཟེར་མཁན་གྱི་གྲོགས་པོ་འདི་ཏོག་ཙམ་བཟོ་དགོས་ཀྱི་འདུག 

  29. གཞོན་ནུ་ཟླ་མེད། says:
    2012-06-14 at 9:15 pm

    གལ་སྲིད་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པའི་ས་དང་ལམ་གཉིས་ས་བཅུ་ལམ་ལྔའི་སྐབས་ཀྱི་ས་ལམ་ལ་གོ་ན། ཚིག་རྐང་གཉིས་པའི་བསམ་པ་ངན་ན་ས་དང་ལམ་ཡང་ངན་ཟེར་བ་དེ་ཡང་ས་བཅུ་ལམ་ལྔའི་ནང་གི་ས་ལམ་ལ་གོ་དགོས་པས། གོང་རྒྱུ་གང་ཡང་ཡོད་པ་མ་རེད། ས་བཅུ་ལམ་ལྔའི་སྐབས་ཀྱི་ས་ལམ་ལ་ངན་པར་འགྱུར་བ་ཟེར་རྒྱུ་ཞིག་ག་ལ་ཡོད། དེ་བས་ན་ཤོ་ལོ་ཀ་འདིའི་སྐབས་ཀྱི་ས་དང་ལམ་གཉིས་ས་བཅུ་ལམ་ལྔའི་ས་ལམ་ལ་འགྲེལ་བ་ནི་ནག་ཁུང་ལ་སྦར་ཉུལ་བྱེད་པ་དང་ཀུན་ནས་མཚུངས།
    འདི་ཁ་སང་བཤད་པ་ལྟར་ལས་བཟང་ངན་གཉིས་བསགས་པའི་སྔ་རྗེས་སུ་འགྲེལ་དགོས་པ་ཞིག་ནི་དན་དན་རེད། དེ་ལྟར་ན་ལམ་ཟེར་བ་དེ་ལས་ལམ་ལ་བཤད་ནས་ལས་ལམ་གསུམ་པོ་གང་ཡིན་ན་ཡང་བསམ་པའི་ཀུན་སློང་བཟང་ངན་གྱི་རྗེས་སུ་འགྲོ་བར་བཤད་ཆོག་པར་མ་ཟད། ཚིག་དང་ཡང་ཤིན་ཏུ་འགྲིག འོན་ཀྱང་བཤད་མི་ཤེས་པ་གཅིག་ཡོད་པ་ནི་ས་ཟེར་བ་འདི་རེད་ཟེར་ནས་ཁ་སང་ནས་བཤད་ཡོད།
    ད་ནི་ས་ཟེར་བ་དེ་ཡང་འགྲིག་གྲབ་འདུག ང་ལ་ནི་འགྲིག་གྲབ་འདུག་མོད། ད་དུང་བཤད་མི་བཤད། ཁྱོད་ཚོས་དང་པོ་མུན་ནག་འདོམ་མཇལ་ཅུང་ཙམ་བྱོས་དང་། དེ་ནས་ངས་ཉིན་བྱེད་དབང་པོ་གདན་འདྲེན་ཞུས་ཆོག ཧཧཧ

  30. གཞོན་ནུ་ཟླ་མེད། says:
    2012-06-14 at 9:21 pm

    མེ་ཏོག་དཀར་པོས་དྲི་བ། ལས་བསགས་དུས་ཀྱི་གཞི། བསམ་པ། སྦྱོར་བ། མཐར་ཐུག་ནང་གི་གཞི་ལ་སེམས་ཅན་གྱིས་ཁྱབ་བམ་ཟེར་ན། མ་ཁྱབ་ཟེར་ནས་ལན་འདེབས། དེ་ཡང་འདུལ་བ་ན་ལྟུང་བ་སྡེ་ལྔ་ཚང་མ་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་བཞིས་སྒོ་ནས་བཤད་ཡོད་པ་ལས། དགེ་སློང་གིས་ཆང་འཐུང་པ་ལྟ་བུའི་སྐབས་ཀྱི་གཞི་ཆོས་ཅན་ཟེར་ནས་ལན་འདེབས་དགོས། འདི་ཙམ་གྱིས་དགེ་བཅུ་མི་དགེ་བཅུའི་སྐབས་ཀྱི་གཞི་ཕར་ཟད། ལྟུང་བ་སྡེ་ལྔ་དང་། ཁྲིམས་ཉིས་བརྒྱ་ང་གསུམ་གྱི་གཞི་ཚང་མ་ཤེས་པར་བྱའོ། ལྡེ་མིག་ཙམ་ལག་ཏུ་གཏད་པའོ།།

  31. ཤུག་པ། says:
    2012-06-14 at 11:19 pm

    སྤྱིར་ས་ལམ་གཉིས་ལ་གོ་བ་ལེན་ཚུལ་འདི་འདྲ་གསུངས་ཡོད། སྤྱིར་སའི་མཚན་ཉིད་སྲ་ཞིང་འཐས་པ་ཡིན་ལ། སའི་བྱེད་ལས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་སྐྱེ་ཞིང་གནས་པའི་རྟེན་བྱེད་པའི་ཕྱིར། དེ་ནི་འབྱུང་བ་བཞིའི་ནང་ཚན་གྱི་ས་མཚན་ཉིད་པ་ཡིན་ལ ། ཐེག་པ་གསུམ་གྱི་ལམ་ལ་ས་ཞེས་བརྗོད་པ་ནི་ས་བཏགས་པ་བ་ཡིན་ཞིང་དེ་ལྟར་འདོགས་པའི་རྒྱུ་མཚན་བྱེད་ལས་ཆོས་མཚུངས་པའི་སྒོ་ནས་སོ། ། ཞེས་ཀུན་མཁྱེན་འཇིགས་མེད་དབང་བོས་གསུངས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་གསུངས་པ་ནི་ཐེག་པ་གསུམ་གྱི་ས་ལམ་ལ་འགྲེལ་ཀྱང་འགྲེལ་ཚུལ་ཡོད་ལ་འཇིག་རྟེན་གྱི་དཀར་ཆོས་དགེ་སེམས་ལ་གོ་ན་ཡང་འགྲིག་སྙམ། བསམ་པ་དཀར་ལ་སྤྱོར་བ་ནག་པ་དགེ་བ་ཡིན་པས་བླངས་བྱར་གསུངས་པ་ཡིན། དཔེར་ན་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུ་དང་། ཕན་སེམས་ཀྱི་བུ་སློབ་ལ་མཐོ་རྩམ་པ་ལྟ་བུ། དེས་ན་མར་བས་མུ་ལར་མཁར་བརྩིགས་བཅུག་དུས་ཀྱི་མར་བའི་རྒྱུད་ཀྱི་མི་ལའི་སྡིག་སྒྲུབ་དག་ན་སྙམ་པའི་བསམ་པ་དེ་སྐབས་འདིའི་བསམ་པ་བཟང་བོ་ལ་གོ་ན་འགྲིག ད་དུང་མི་ལའི་རྒྱུད་ཀྱི་བླ་མ་མར་བའི་བཀའ་བཞིན་སྒྲུབ་ནས་བསད་པའི་མི་དང་རང་ལ་མཐུ་སློབ་པའི་སློབ་དཔོན། རང་གི་ཨ་མ་མྱང་ཚ་སྐར་རྒྱན་སོགས་ལ་ཐར་བ་ཐོབ་ན་སྙམ་པའི་བསམ་པ་ཡང་སྐབས་འདིའི་བསམ་པ་བཟང་བོ་ཡིན། མི་ལའི་རྒྱུད་ཀྱི་དེ་ལྟ་བུའི་བསམ་པ་བཟང་བོ་ལ་གཡོ་འགུལ་མ་བྱུང་བས་རྗེས་སུ་མི་ལའི་རྒྱུད་ལ་མར་བའི་གདམས་པ་ཐུན་མོང་མ་ཡིན་པ་དེ་སྐྱེ་བའི་སྣོད་རུང་དུ་གྱུར་སོང་བ་མིན་ནམ། དེ་ལྟ་བུའི་བསམ་པ་བཟང་བས་འཇིག་རྟེན་ལས་འདས་བའི་ལམ་བགྲོད་པ་གོང་དུ་འཕེལ་སོང་ཅེས་ཀྱང་འགྲེལ་ཀྱང་རུང་ལ། ཡང་བསམ་པ་ལ་རྣབ་སེམས་གནོད་སེམས། ཕྲག་ཏོག་སོགས་མེད་པའི་བསམ་པ་བཟང་ན་འཇིག་རྟེན་པའི་དཀར་ཆོས་དགེ་བ་ས་དང་ལམ་ལྟ་བུ་དེ་གོང་དུ་འཕེལ་འགྲོ་བས་བཟང་ཞེས་ཀྱང་འགྲེལ་ཆོག་པར་བསམ་སྟེ། རྗེ་གུང་ཐང་བས། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །
    སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །
    དྲན་ཤེས་བག་ཡོད་བརྟན་པས་ཉིན་རེ་བཞིན། །
    ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས། །
    སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་། ། ཞེས་གསུངས་པ་འདི་རིགས་འགྲེས་སྦྱོར་དང་ཤེས་སླའོ། །

    མེ་ཏོག་དཀར་བོའི་སྦུབ་ཀྱི་གེ་སར་དེ། །
    གཞིབ་འདོད་མཆུ་རིང་མཆུ་ཐུང་མང་ན་ཡང་། །
    ཕྱི་ནང་གང་ལ་བཙུགས་ཀྱང་མ་རྙེད་པའི། །
    མངར་བའི་དྲོ་བ་ཤུག་པ་གཅིག་བུས་མྱང་། ། ཞེས་ཀྱང་སྨྲའོ

  32. མེ་ཏོག་དཀར་པོ། says:
    2012-06-14 at 11:22 pm

    ཟླ་མེད་ཀྱིས་ལན་དེ་ངའི་སེམས་ལ་ཡོད་སྡད་པ་དེ་རང་རེད། དེ་འདྲ་ཞིག་ཡིན་དགོས་རེད།
    ཨ་མདོའི་བག་ལེབ། ས་ནི་ཐོག་མའི་ཀུན་སློང་རྒྱ་ཆེ་ཆུང་གི་དབང་གིས་འབྲས་བུ་གང་ཐོབ་པ་དེ་ལ་གོ་དགོས། དཔེར་ན་གནས་སྐབས་ལྷ་མིའི་བདེ་འབྲས་ཙམ་དང་། ཉན་རང་གི་ཐར་པ། བྱངས་སེམས་ཀྱི་གོ་འཕང་། མཐར་ཐུགས་མི་གནས་པའི་མྱང་འདས་སོགས་ཀུན་ལ་གོ་ཆོག ལམ་ནི་འབྲས་བུ་དེ་དང་དེ་ཡི་རྒྱུ་ཡིན་ཏེ་དང་པོ་ལ་ཟག་བཅས་ཀྱི་དགེ་བ་བསོད་ནམས་ཆ་མཐུན་ཙམ་དང་། གཉིས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ། གསུམ་པ་ལ་ཕར་ཕྱིན་དྲུག བསྡུ་དངོས་བཞི། ཚུལ་ཁྲིམས་གསུམ་སོགས་དང་། བཞི་པ་ལ་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་ཀྱིས་བདག་འཛིན་གཉིས་པོ་དྲུངས་ནས་གཞོམ་སྟེ་ཤེས་སྒྲིབ་ཀྱི་ཆ་ཕྲ་བ་སྣང་གསུམ་འཕོ་བའི་སྒྲིབ་པ་སྤོངས་བར་བྱེད་པ་བཅས་ལ་འགྲེལ་ན་རུང་མིན་གསུངས་མོད། དེ་ནི་གཏན་ནས་མི་རུང་སྟེ་དེའི་ལྡོག་ཕྱོགས་ས་ལམ་ངན་པ་ཞིག་འཇོག་དགོས་པ་གང་ཞིག་དེ་འཇོག་ཏུ་མི་བཏུབ་པས་སོ།།

  33. གཞོན་ནུ་ཟླ་མེད། says:
    2012-06-15 at 12:01 am

    ཨ་མདོ་བག་ལེབ་ནས་ཚིག་རྐང་དང་པོའི་ས་དང་ལམ་ལ་འགྲེལ་བཤད་རྒྱག་དུས་ཚིག་རྐང་གཉིས་པའི་ས་དང་ལམ་་བརྗེད་བསྡད་ཡོད་པ་རེད། ཚིག་རྐང་གཉིས་པའི་ས་དང་ལམ་གྱི་སྐབས་སུ་སླེབས་དུས་མིག་བཙུམས་ནས་མཆོང་སོང་པ་རེད། ཧཧ་ཀུ་རེ་ཡིན།

  34. གཞོན་ནུ་ཟླ་མེད། says:
    2012-06-15 at 12:15 am

    དགེ་བཅུ་མི་དགེ་བཅུ་བསགས་སྐབས་ཀྱི་ལས་དེ་ལ་ལས་ལམ་ཟེར་ནས་གཞུང་ལུགས་ན་ཡང་ལམ་གྱི་ཐ་སྙད་སྦྱར་ཡོད་པ་གོང་དུ་ gonbo ཡིས་དྲངས་པའི་ཀླུ་སྒྲུབ་ཀྱི་ལུང་དེ་གས་འགྲིག དགེ་བའི་(ལས་ལམ)་བཅུ་པོ་ལུས་དང་ནི།།ངག་དང་ཡིད་ཀྱིས་རྟག་ཏུ་བརྟེན་བགྱི་ཞིང་། དེ་བསགས་དུས་ཀྱི་ཀུན་སློང་ལ་བསམ་པ་ཟེར་ནས་བཤད་པའི་ཁུངས་ལུང་ནི་ག་ཚོད་དགོས་དགོས་རེག་གི་རེད། དེ་བས་ན་གཞུང་ལུགས་དང་བསྟུན་ནས་བཤད་ན་ཕལ་ཆེར་ངའི་འགྲེལ་སྟངས་དེ་ས་ཕྱོགས་གཅིག་ལ་ཕོག་གི་ཡོད། ད་ས་ཟེར་བ་དེ་གང་ཡིན་དང་གཞུང་ལུགས་གང་ན་ས་ཞེས་སྦྱར་ཡོད་མེད་ལ་བཙལ་དགོས་པ་རེད། ཚང་མས་ཤུགས་རྒྱོབས་འ།

  35. མེ་ཏོག་དཀར་པོ། says:
    2012-06-15 at 1:17 am

    ད་ས་འཁྱེར་ཤོག་ཨ།

  36. amdo baglab says:
    2012-06-15 at 7:20 am

    ཡ་་་་་་།་་་་་་་་་ད་་་་་་་་་་་་་་་་་་་ས་ལམ་གྱིས་མ་འགྲིག་ན།་་་་་་་་་་་་་་་་་་་་་་་་་་་་་ས་ནི་རང་རྐུབ་འཇོག་ས་དེ་རེད།་་་་་་་་་་་་་་་་ལམ་་་་་་་་་་་་་་་་ལམ་བཟང་པོ་ནི་ཨ་རིར་སྒྲོ་ལོ་ལེན་འགྲོ་སྐབས་གནམ་གྲུ་འཕུར་ས་དེ་རེད་་་་་་་་་་་ལམ་ངན་པ་ནི་རྒྱ་དམར་གྱི་རྡུང་རྡེག་འོག་བཙོན་ཁང་དུ་འགྲོ་ས་དེ་རེད་་་་་་་་་་་་་ད་ཧ་གོ་སོང་བས

  37. མེ་ཏོག་དཀར་པོ། says:
    2012-06-15 at 7:51 am

    ཐབ་མེ་ཚ་དྲག་པས་བག་ལེབ་ཚིག་གི་འདུག་ག ཧ་ཧ་ཧཧ་་

  38. ལྷོ་པ་ལུང་རིགས says:
    2012-06-15 at 1:35 pm

    དེ་རེས་མི་ནག་སྐྱ་བོ་མགོ་ལོག་ཟླ་བྷེས་ཁ་བརྡའི་ནང་གི་གྲྭ་རྒན་བླ་རྒན་ང་ཡིན་ཁོ་ཡིན་ཟེར་མཁན་ཚོའི་མགོ་ཐོག་ལ་རྐང་རྗེས་བཞག་འདུག ད་གང་དྲག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme