Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུའུ་ཝེ་ཆོན་རྒན་ཡོལ་བཏང་འདུག

Posted on 2012-06-082012-06-08 By ཁ་བརྡ་ 21 Comments on ཀྲུའུ་ཝེ་ཆོན་རྒན་ཡོལ་བཏང་འདུག

༼ བོད་ཀྱི་དུས་བབ་ནས་དྲངས། ༽
ཉེ་ཆར་རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་ཚོ་བརྗེ་སྤོར་དང་། བོད་རྒྱ་འབྲེལ་མོལ་ལ་འགན་འཁུར་མཁན་ཀྲུའུ་ཝེ་ཆོན་རྒན་ཡོལ་བཏང་འདུག

ཉེ་ཆར་ཧོང་ཀོང་མེན་པའོ་གསར་ཤོག་གིས་གནས་ཚུལ་སྤེལ་དོན། ཐེངས་མང་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གནང་མཁན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་ལས་གནས་ནས་རྒན་ཡོལ་ལ་བཏང་ཡོད་པ་དང་། ཁོའི་ཚབ་ལ་དེ་སྔོན་བོད་ཁུལ་དུ་ཡུན་རིང་ལས་དོན་སྒྲུབ་མྱོང་བའི་ད་ལྟའི་རྒྱ་ནག་ཅང་ཞིས་ཞིང་ཆེན་གྱི་སྲིད་གྲོས་མགོ་གཙོ་(ཀྲུའུ་ཞི)ཀྲང་ཡིས་ཅཱོང་བསྐོ་བཞག་བྱས་ཡོད་པ་དང་། དེ་བཞིན། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཧུང་ཡའེ་ཅིན་ཅཱང་ཞིས་ཞིང་ཆེན་གྱི་སྲིད་གྲོས་མགོ་གཙོར་ལས་བསྒྱུར་བྱས་འདུག

ཀྲང་ཡིས་ཅཱོང་ནི་ད་ལྟ་ལོ་ ༥༧ ཡིན་པ་དང་། དེ་སྔོན་ཁོས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡི་ལས་གནས་ཁུར་མྱོང་ཡོད་པ་མ་ཟད། ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་ཆེ་གཞོན་པ་དང་ཁྲིམས་སྲིད་ལྷན་ཁང་གི་དྲུང་ཆེ་བཅས་ཁུར་མྱོང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་ཅཱང་ཞིས་ཞིང་ཆེན་གྱི་སྲིད་གྲོས་མགོ་གཙོར་ལས་སྤོར་བྱས་ཏེ་ཟླ་ ༤ ལས་མ་འགོར་བར། རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པར་བསྐོས་ཡོད་པ་རེད།

ཀྲུའུ་ཝེ་ཆོན་ནི་ད་ལྟ་ལོ་ ༦༥ ཡིན་པ་དང་། དེ་སྔོན་ཡུའུ་གྷོ་སི་ལ་ཝི་ཡཱ་ (Yugoslavia) ནང་རྒྱ་གཞུང་གསར་འགོད་པའི་ལས་ཀ་གཉེར་སྐབས། ཁོའི་རླངས་འཁོར་རྡབ་སྐྱོན་བྱུང་སྟེ་རྒྱ་ནག་གཞུང་ཚབ་ཀྱི་ཆུང་མ་དམར་གསོད་བཏང་བར་བརྟེན། ཡུའུ་གྷོ་སི་ལ་ཝི་ཡཱ་ཁྲིམས་ཁང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཕྱིར་རྒྱ་ནང་དུ་ལོག་སྟེ་མི་དམངས་ཉིན་རེ་གསར་ཤོག་གི་རྩོམ་སྒྲིག་པའི་ལས་ཀ་གཉེར་ཡོད་པ་དང་། ༡༩༩༨ ལོ་ནས་བཟུང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པའི་འགན་ཁུར་བ་མ་ཟད། བོད་རྒྱ་ཞི་མོལ་སྐབས་རྒྱ་གཞུང་གི་མགྲིན་ཚབ་པ་གཙོ་བོའི་འགན་ཁྱེར་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་རྒྱ་ནག་དབུས་དམར་ཤོག་སློབ་གྲྭར་སློབ་སྦྱོང་དུས་བབ་ཚགས་ཤོག་སྟེང་། ཀྲུང་ཝེ་ཆོན་གྱིས་རྒྱ་གཞུང་གི་མི་རིགས་སྲིད་ཇུས་ལ་བཅོས་བསྒྱུར་དགོས་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་གི་མི་སེར་ལག་དེབ་སྟེང་གི་མི་རིགས་ཀྱི་ཐོ་མིང་ཕྱིར་བསྡུ་དང་། མི་རིགས་རང་སྐྱོང་ལམ་ལུགས་མེད་པ་བཟོས་ཏེ། གྲངས་ཉུང་མི་རིགས་སློབ་གྲྭ་ཁག་རྒྱ་རིགས་སློབ་གྲྭ་དང་མཉམ་བསྲེས་བྱ་དགོས་པ་བརྗོད་པར་བརྟེན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད།

ཧུང་ ཡའེ་ཅཱིན་ནི་ད་ལྟ་ལོ་ ༥༩ ཡིན་ལ། དེ་སྔོན་ཧྲང་ཧེ་གྲོང་ཁྱེར་གྱི་གུང་གཞོན་ཚོགས་པའི་དྲུང་ཆེ་དང་། ཧྲང་ཧེ་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ། ༢༠༠༣ ལོ་ནས་རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པར་བསྐོས་ཡོད་ ལ། ཐེངས་འདིར་ཅཱང་ཞིས་ཞིས་ཆེན་གྱི་སྲིད་གྲོས་མགོ་གཙོར་ལས་བསྒྱུར་བྱས་འདུག

ཐེངས་འདིའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པའི་ལས་གནས་བརྗེ་སྤོར་བྱ་སྟངས་ཏེ། རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་བརྗེ་སྤོར་གྱི་རྒྱུན་སྲོལ་དང་མ་འདྲ་བ་ཞིག་ཆགས་ཡོད་སྟབས། གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: རེབ་གོང་། 
Next Post: ལུས་ཐོག་ནས་ཁྲག་དྲོན་བཞུར་གི་ཡོད་པ་ལས་ས༌སྣུམ་མ་རེད།

Comments (21) on “ཀྲུའུ་ཝེ་ཆོན་རྒན་ཡོལ་བཏང་འདུག”

  1. གེ་གསར་ says:
    2012-06-08 at 7:14 am

    རྒྱ་གཞུང་ནས་ཀྲུའུ་ཝེ་ཆོན་རྒན་ཡོལ་བཏང་ བོད་གཞུང་ནས་བོད་དོན་འབྲེལ་མོལ་གནང་ཁན་སྐུ་ཚབ་རྣམས་གཉིས་རྩ་དགོངས་བཏང་ གནས་དོན་འདི་གཉིས་འབྲེལ་བ་མེད་པར་དུས་མཉམ་དུ་ཁ་ཐུག་མཁེལ་བ་ཞིག་ཡིན་ནམ་ བོད་རྒྱ་གཞུང་གཉིས་གསང་བའི་ཐོག་ནས་ བོད་རྒྱ་གཞི་མོལ་གྱི་གྲོས་གསར་དུ་ཚུགས་རྒྱུའི་ཐབས་ལམ་གཞན་ཞིག་མགོ་ཚུགས་པ་ཡིན་ནམ་།

  2. གནམ་ཐར་རྒྱལ། says:
    2012-06-08 at 7:46 am

    གང་ལྟར་མཐབ་ཕྱོགས་གཅིག་གྱུར་ཁང་གི་རྒན་རབས་ལས་བྱེད་པ་ཚོས་དགོངས་པ་ཞུས་འདུག

  3. གནམ says:
    2012-06-08 at 7:46 am

    རྒྱ་འདྲེ་འདིའི་སྐེ་ཡི་ཁ་བཏགས་དེ་རྒྱ་རི་བློ་གྲོས་ཀྱིས་གཡོགས་པ་ཨེ་རེད། རྒན་མགོ་དེ་ཚོས་རྒྱ་བོད་གཉིས་ཕན་གྱི་ཚོང་ཞིག་རྒྱག་མ་ཐུབ་པས་གོ་རྒྱུ་མེད་ནི་ཞིག་གི་ལོག་སོང་ན་འགྲིག་སོང་བ་་རེད། རོ་དེ་ཚོ་སྣ་ཡི་གོ་ས་ཞིག་དང་མིག་གི་རིག་ས་ཞིག་ལ་མི་ཡོང་བའི་རེ་བ་ཡོད།

  4. བསྟན་འཛིན་ says:
    2012-06-08 at 7:53 am

    སྙིང་རྗེ། སྐྱབས་མགོན་རིན་པོ་ཆེ་ལ་སྨད་ར་བྱས་བྱས་ནས། ད་ངོ་མེད་པར་རྒན་ཡོལ་དུ་སོང་བ་རེད། ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་གྱུར། །འདུག་ཟེར།

  5. tsultrim says:
    2012-06-08 at 8:26 am

    དཔོན་ངན་འདི་ཚོའི་རིགས་རྒྱུན་ཆད་སོང་ན་ད་གཞི་ནས་བོད་རྒྱ་མི་རིགས་གཉིས་ལ་བདེ་སྐྱིད་རང་དབང་གི་ཉི་མ་ཞིག་འཆར་རྒྱུ་དང་། འཛམ་གླིང་མིག་གིས་མཐོང་ཐུབ་པ་དང་རྗེས་ཟིན་པ་ཞིག་ཡོང་ངེས་རེད། ད་བར་ང་ཚོ་བོད་རྒྱ་གཉིས་ཀྱི་མང་ཚོགས་ལ་ཅང་ཡོད་ནི་མ་རེད།

  6. ཤུག་པ། says:
    2012-06-08 at 8:46 am

    རྒད་པོ་འདི་གཉིས་ཀྱི་སྐེ་ན་ཡོད་པའི་ཁ་བཏགས་འདྲ་བ་འདི་ཁ་བཏགས་མ་རེད། ལྕེབ་ཐག་རེད། གཅིག་བོད་ནས་ལྕེབ་རྒྱུ་རེད། གཅིག་རྒྱ་ནས་ལྕེབ་རྒྱུ་རེད།
    ཞིན་ཧ་གསར་འགྱུར་ཁང་ནས།

  7. གསེར་འབྲུག་སྡེར་ལྔ་ says:
    2012-06-08 at 10:02 am

    ཡང་སྤྱང་ཀིའི་ཚབ་ཏུ་འཕར་བ་སླེབས་པ་རེད། གང་ལྟར་བོད་ལ་རེ་བ་ཞིག་མེད་ཁོ་ཐག་རེད། དོན་དངོས་བྱས་ན་ཀྲང་ཡིས་ཅཱོང་ཚབ་ཏུ་བོད་རིགས་སི་ཐར་ཁོང་སླེབས་ན་ཁོང་ག་ཚོད་སྡུག་ཀྱང་ཁོང་གི་ཁྲག་རྒྱུན་ཞུར་ས་གཏན་ནས་མི་འདྲ། ད་རེས་ཡ་མཚན་སྐྱེ་གཞི་ཞིག་ལ་ཐེངས་མང་ཅོག་ཙེ་གཅིག་གི་སྟེང་གསོལ་སྟོན་ལ་རོལ་མྱོང་བའི་རྒྱ་ཡི་ཀྲུའུ་ཝེ་ཆོན་དང་བོད་ཀྱི་སྐུ་ཚབ་རྣམ་གཉིས་དུས་ཐུང་ཞིག་གི་ནང་སྔ་ཕྱི་བྱས་ནས་རྒྱ་ཡི་སྐུ་ཚབ་ཀྲུའུ་ཝེ་ཆོན་རྒས་ཡོལ་ལ་བཏང་བོད་ཀྱི་སྐུ་ཚབ་རྣམ་གཉིས་རྩ་དགོངས་ཞུས་པ་དེས་མི་རྣམས་ཧང་སང་དུ་བཅུགས་པ་རེད། འོ་ན་ཀྲུང་ནན་ཧེའེ་ནས་ཀྲུའུ་ཝེ་ཆོན་ལ་བོད་རྒྱའི་འབྲེལ་མོལ་ལ་འཇོན་ཐང་བཏོན་རྒྱུ་མི་འདུག་ལབ་པ་རེད་པས། ཡང་ན། བོད་ཀྱི་སྐུ་ཚབ་རྣམ་གཉིས་རང་ཉིད་ཀྱིས་འཇོན་མ་སོང་དང་འཇོན་གྱི་མི་འདུག་ལབ་པ་རེད། དེ་གཉིས་བར་ལ་རྣམ་པ་མི་གསལ་བའི་གནད་དོན་ཞིག་ཡོད་པ་འདྲ། ད་ནི་མི་རྣམས་རེ་དོགས་ཀྱི་ཀློང་དུ་བསྐྱལ་སོང་།

  8. ཟུར་གནས། says:
    2012-06-08 at 10:13 am

    ད་ལྟ་རྒྱ་ནག་ལ་མགོ་མཁྲེགས་པོ་ཚོའི་ཐོག་ལ་བརྡུང་རྡེག་གཏོང་བའི་དུས་ཚོད་རེད། བྱས་ཙང་ཀྲུ་ལམ་འགྲོ་མ་རྒྱུག་པ་རེད། ཁྱོད་ཚོ་ལྟོས་དང་། ཀྲུ་ཝུན་ཆུན་མི་ཚེ་གཅིག་གི་ནང་ལ་ལམ་འགྲོ་གཅིག་ཡང་རྒྱུག་མེད། ཁོ་ག་དུས་ཡིན་ནའང་། ལམ་ནོར་ཤོར་བ་ཤ་སྟག་རེད།

    རྒྱ་ནག་གི་དཔོན་པོ་ཀུན་གུ་ཡངས་ཀྱི་བསམ་བློ་སྐྱེས་པའི་སྐབས། ཁོ་ད་ཆ་ཐོར་གཤིག་ཏུ་སོང་བའི་དམར་ཤོག་རྒྱལ་ཁབ་ཡུ་ཀོ་སི་ལ་ཕུག་ལ་དམར་ཤོག་ཁྱབ་བསྒྲགས་བྱས་ནས་བསྡད་མཐར་རྒྱལ་ཁབ་དེ་ཐོར་གཤིག་ཏུ་སོང་། དེ་ནས། རྒྱ་དཔོན་ཚང་མ་དངུལ་དང་རྒྱུ་ནོར་བཟོ་བའི་སྒང་ལ། ཁོ་འཐབ་ཕྱོགས་གཅིག་འགྱུར་པུའུ་ཟེར་བའི་དབང་ཆ་མཐོ་གང་མེད་པའི་ཕན་མི་ཐོགས་པའི་ལས་ཁུངས་ཤིག་ལ་ཉིན་ལྟར་རང་གཞན་ཀུན་ལ་མགོ་སྐོར་གཏོང་བའི་ཁྱབ་བསྒྲགས་ཀྱི་ལས་ཀ་བྱེད་དུ་བཅུག། དེའི་འབྲས་བུར། གཅིག་འགྱུར་ཕར་ཤོག། ཁ་བྲལ་ཆེན་པོའི་ལས་འགུལ་མང་པོ་བྱུང་། མཐའ་མ། གྲངས་ཉུང་མི་རིགས་ཚང་མས་ངོ་རྒོལ་བྱས་ནས། རྒྱ་ནག་ཐོར་གཤིག་འགྲོ་བའི་མཚམས་ལ་བསླེབས་ཡོད། མཐའ་ན། རང་བཙན་ཚང་མ་བློས་ཐོངས་བྱས་པའི་བོད་པའི་སྐུ་ཚབ་ཀྱང་ཁོ་སྨྱོན་པའི་སྲིད་བྱུས་ལ་མགོ་བོ་ན་ནས། རྩ་དགོངས་ཞུས་ཡོད།

    ད་འདི་འདྲའི་མི་བསོད་བདེ་སྐམ་པོ། གལ་ཏེ་ཁོ་བོད་ལ་མགོ་ཁྲིད་དུ་གཏོང་ན། ཇི་འདྲ་ཡོང་མི་ཡོང་ངམ།

  9. ལུང་རྟོགས། says:
    2012-06-08 at 10:47 am

    ཀྲུའེ་ཆོན་རྒན་ཡོལ་ལ་བཏང་བ་འདི་བོད་ལ་མཚོན་ན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཟེར་ཆོག ཁོ་ནི་བོད་དོན་ཐོག་ལྟ་བ་འཁྲེག་པོ་འཛིན་མཁན་ཞིག་ཡིན་པ་བོད་ཕྱོགས་ནས་གུ་ཡང་ཇི་ཙམ་བྱས་ཀྱང་བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་བ་དང་། ལྷག་ཏུ་རྒྱ་ནག་གི་མེ་སེར་ལག་དེབ་སྟེང་གི་མི་རིགས་ཀྱི་ཐོ་མིང་ཕྱིར་བསྡུ་དང་། མི་རིགས་རང་སྐྱོང་ལམ་ལུགས་མེད་པ་བཟོས་ཏེ། གྲང་ཉུང་མི་རིགས་ཀྱི་སློབ་གྲྭ་ཁག་རྒྱ་རིགས་སློབ་གྲྭ་དང་མཉམ་བསྲེས་བྱེད་སྟེ། འདོར་ན་གྲང་ཉུང་མི་རིགས་ཀྱི་ངོ་བོ་ཟུར་ཐོན་གྱི་རྣམ་པ་མཐའ་དག་མེད་པར་བཟོ་དགོས་པའི་བསམ་འཆར་དེ་ནས་ཀྱང་རྟོགས་ཐུབ། དེས་ན་ཁོ་རྒན་ཡོལ་ལ་སོང་བ་ནི་བོད་དོན་ཐད་ལྟ་བ་འཁྲེག་འཛིན་པ་གཅིག་ཉུང་རུ་སོང་བ་རེད་ལ། གཅིག་བྱས་ན་རྒྱ་ནག་གི་ད་བར་གྱི་འཁྲེག་འཛིན་སྲིད་ཇུས་དེ་གུ་ཡང་གི་ཕྱོགས་སུ་འགྲོ་བའི་སྔོན་འགྲོ་ཞིག་ཡིན་སྲིད།

  10. བཙན་པོའི་བུ། says:
    2012-06-08 at 11:24 am

    དེ་སྔོན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་རྗེས་ཆན་འདེབས་པ་མི་ཉུང་བ་ཞིག་གིས་ཁོང་གཉིས་ལ་ཁ་བརྡུང་ཚད་མེད་བཏང་སོང་། འོན་ཀྱང་ཆན་འདེབས་པ་སུ་ཞིག་གིས་ཀྱང་ད་རེས་རྒྱ་དམར་དེ་ཡང་ལས་གནས་ནས་སྤུད་པའམ་དགོངས་པ་ཞུས་པ་ཚོད་དཔག་ཐུབ་མེད། དེའི་རྟགས་མཚན་ནི་ང་ཚོ་ཚང་མ་གླན་པ་ལུག་ཤ་སྟག་ཡིན་སྟབས་ཚོར་བ་རྗེས་འབྲང་པ་ཙམ་ལས་རྗེས་དཔག་རང་བཞིན་གྱིས་མངོན་དཔག་བྱེད་ཐུབ་མཁན་སུ་ཡང་མེད་པ་རེད། དེ་གཅིག་ཡིན། འཐབ་ཕྱོགས་གཅིག་འགྱུར་གྱི་ལས་འགན་དེ་བོད་དོན་གཅིག་པོ་མ་རེད། དེས་གྲངས་ཉུང་མི་རིགས་ཚང་མའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། དེས་ན་ད་རེས་རྒྱ་རྒན་དེ་དགོངས་ཞུ་བཏང་པ་དེ་ཡང་གནད་དོན་མང་པོ་དང་འབྲེལ་བ་ཡོད་ངེས་ལ་བོད་རྒྱའི་གནད་དོན་དེ་ཡང་འབྲེལ་བ་མེད་པ་མ་རེད། ཉེ་སྔོན་རྒྱ་རྒན་དེས་གྲངས་ཉུང་མི་རིགས་རྣམས་ཧན་རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་རྩོམ་ཡིག་ཞིག་བྲིས་པ་དེས་རྒྱལ་སྤྱིའི་སྟེང་གླེང་སློང་མི་ཉུང་བ་ཞིག་བྱུང་བ་རེད་ལ་དེའི་ཐོག་ནས་རྒྱ་དམར་གྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་མི་མངོན་པའི་སྲིད་བྱུས་ལ་དོགས་གཞི་ཡང་མི་ཉུང་བ་ཞིག་བྱུང་པ་རེད། དེ་ཙན་དུ་མ་ཟད་བོད་རིགས་ནང་ཚུད་ཀྱི་གྲངས་ཉུང་མི་རིགས་ཁག་ལ་སེམས་ཚབ་ཀྱང་བསླངས་པ་རེད། མི་མང་པོ་ཞིག་གིས་ཁོ་པའི་རྩོམ་ཡིག་དེ་ཁོ་པ་སྒེར་གྱི་བསམ་ཚུལ་ཙམ་མིན་པར་དེ་བས་དེ་ནི་རྒྱ་ནག་གིས་མེ་མ་སྤར་གོང་ནས་དུ་བ་བཏང་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེས་ན་རྒྱ་དམར་གྱིས་ཁོ་པའི་རྩོམ་ཡིག་དེ་ལས་འཕྲོས་པའི་གླེང་སློང་དེ་རིགས་ལས་གཡོལ་ཆེད་དང་ཡང་ན་ཁོ་པའི་རྩོམ་དེ་རྒྱ་གཞུང་གིས་མི་རིགས་ཁག་ལ་འཛིན་པའི་ལང་ཕྱོགས་གསལ་སྟོན་བྱེད་ཀྱི་མེད་ལུགས་གསལ་སྟོན་ཆེད་རྒས་གཡོལ་ཞེས་པའི་མིང་སྙན་པོ་ཞིག་བཏགས་ནས་ཁོ་པ་གནས་དབྱུངས་བཏང་པ་ཡིན་སྲིད། དེང་གི་དུས་ཚོད་འདིར་རྒྱ་ནག་གི་ལྟ་བ་གུ་ཡངས་ཅན་གྱི་དཔོན་རིགས་ལ་མཁྲེགས་འཛིན་པ་རྣམས་ཟུར་འབུད་བྱེད་པའི་གོ་སྐབས་ཤིག་བྷོ་ཤི་ལས་ཀྱི་སྤྲད་ཡོད་པ་རེད། དེས་ན་ཁོ་ཚོས་གོ་སྐབས་དེ་དམ་འཛིན་བྱེད་ཀྱི་ཡོད་སྲིད་པ་རེད། ཁྱོད་ཚོར་བསམ་ཚུལ་ཅི་ཡོད་གསུངས་དང་།

  11. ཤུག་པ། says:
    2012-06-08 at 12:09 pm

    གོ་ས་ཤོར་བ་དང་ཐོབ་པ་གཉིས་ཀྱི་གདོང་གི་དགའ་སྡུག་ལ་ལྟོས་དང་། སྐྱག་པ་དང་མེ་ཏོག་གི་གདོང་གཉིས་བསྟན་འདུག

  12. རྐྱང་ཕྲུག says:
    2012-06-08 at 12:16 pm

    རྒྱ་འདྲེ་འདི་ཚོ་གཅིག་ཡིན་ཡང་རྒན་ཡོལ་བཏང་བཞག་ན་ལེགས། འདིས་ད་བར་དུ་༧གོང་ས་མཆོག་ལ་མཚན་སྨད་དང་གཞི་མེད་ཀྱི་སྐུལ་འདེབས་གང་མང་ཞིག་བྱས་ཡོད་ཅིང་། ད་ལྟ་ཁོ་རང་གཤིན་རྗེ་ཨ་བ་གླང་མགོ་ཅན་གྱི་སར་འགྲོ་རྒྱུའི་སྔོན་འགྲོ་མགོ་ཚུགས་པ་རེད།

  13. སྐྱིད་ཆུ་ཚང་། says:
    2012-06-08 at 12:29 pm

    འདས་པའི་རྡ་སའི་སྲིད་གཞུང་དང་། དཔེ་ཅིང་སྲིད་གཞུང་གིས། ག་རེ་ལས་ཡོད་མེད་དང་། ག་རེ་བཤད་ཡོད་མེད་ང་ཚོ་ཚང་མས་ཤེས་གསལ་རེད། དེར་བརྟེན། གོ་སྐབས་འདི་རྒྱུས། རྡ་སའི་སྲིད་གཞུང་དང་། དཔེ་ཅིང་སྲིད་གཞུང་གཉིས་པོའི་ཁེ་སྤོགས་ཁོ་ན་ལ་མ་གཟིགས་པར། དོན་དངོས། བོད་མི་དམངས་ཀྱི་བདེ་སྡུག་དང་། མངོན་འདོད་ལ་དགོངས་ཞེས་ཡོང་བའི་རེ་བ་ཞུ་རྒྱུ་དང་། ལྷག་དོན་རྒྱ་དཀར་དང་། བལ་ཡུལ་དུ་ཡོད་པའི་གསར་འབྱོར་ཉམ་ཐག་རྣམ་མཐའ་ངེས་ལ་འགྲོ་མ་དགོས་བའི་སྐྱབས་འཇུག་ཞུ་རྒྱུ་ཡིན།།

  14. གཉིས་མེད་སེངྒེ says:
    2012-06-08 at 12:57 pm

    ཀླད་རྙིང་མཁྲེགས་འཛིན་པ་གཅིག་ཡིན་རུང་ཉུང་ན་དགའ། ཕར་རྒྱུགས་ཤིག

  15. སྣྲོན་ངག་ཁྲི། says:
    2012-06-08 at 3:32 pm

    ཨཱ་ཁ་ཁ། ཀྲུའུ་ཝིའི་ཇུན་ལྟ་བུའི་ཁ་གསལ་གཏིང་གསལ་རྒྱ་དམར་ཞིག་ལས་གནས་ནས་ཁ་བྲལ་
    བར་བློ་ཕམ་ཤིན་ཏུ་ཆེ། གང་ཡིན་ཞེ་ན་ང་རང་ཚོའི་ཕྱོགས་ནས་རྒྱ་དམར་གྱི་སྲིད་ཇུས་ངོ་མ་དེ་སྡུག་རྩུབ་ཆེན་པོ་དེ་ཙམ་ཡོད་མི་སྲིད་སྙམ་ནས་མགོ་འབུལ་ལུས་འབུལ་བགྱིས་སྟེ་སྲིད་གཞུང་ངན་པ་ཕྱི་ནང་མི་མཚུངས་ཤིང་ཁ་བཤད་གཏམ་ལ་མི་གནས་འམ་དོན་ལ་མི་གནས་པའི་ཐ་ཤལ་ཐ་
    ནག་དེའི་འོག་སྡོད་རྩིས་བྱེད་སྐབས་ཁོང་དང་ཁོང་གི་ཐད་ཀའི་དཔོན་གཡོག་སྤྱི་དང་། ལྷག་པར་ཁོང་སྐུ་ངོ་མས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཁྱེད་ཚོ་གྲང་ཉུང་མི་རིགས་རྣམས་དང་། དེའི་ནང་ནས་ཀྱང་བོད་པ་ཁྱེད་རྣམས་སྲིད་གཞུང་འདིའི་འོག་མ་སྡོད། སྡུག་རྩུབ་ཆེན་པོ་འདི་འདྲ་རེད་ཅེས་ཁ་གསལ་གཏིང་གསལ་རྩོམ་ཡིག་སྤེལ་གནང་སྟེ་རྒྱ་དམར་གཞུང་གི་མཐའ་མའི་དམིགས་ཡུལ་ལམ་མཐར་ཐུག་གི་འཆར་གཞི་མངོན་ར་གསལ་པོ་སྤྲད་གནང་བ་དང་། ཁྱེད་ཚོས་རྩོད་ཡས་དེ་འདྲ་མ་རེད་ཅེས་པའི་སྔོན་བརྡ་ལྟ་བུའི་རྣམ་འགྱུར་སྣ་ཚོགས་བསྟན་གནང་སྟེ་དོན་དངོས་ཐོག་མི་རིགས་ཁ་བྲལ་བཏང་གནང་བ་དང་བདག་དབང་རྩོད་པའི་གོ་སྐབས་རང་སོར་བཞགས་པས་སོ།
    དེར་བརྟེན་དེ་དང་དུས་མཉམ་དུ་སྐུ་ཚབ་རྣམ་གཉིས་ཀྱང་ཁོང་དགོངས་པ་ཞུས་ཏེ་ལས་
    གནས་ལས་ཁ་བྲལ་བ་དང་ལྷན་དུ་ཐུགས་ཕམ་གྱིས་མ་བཟོད་པར་འཕྲལ་དུ་དམིགས་གསལ་སྐུ
    ་ཚབ་དང་གྲོས་མོལ་སྐུ་ཚབ་ནས་དགོངས་པ་ཞུས་གནང་བ་གོར་མ་ཆག །།
    ཁ་འཇམ་ཁོག་རྩུབ་རྒྱ་དམར་གུང་བྲན་གྱི་གཞུང་ལས།།
    ཁ་གསལ་གཏིང་གསལ་ཀྲུའུ་ཝིའི་ཇུན་དེ་ཉིད་བཟང་སྟེ།།
    དང་པོས་ང་ཚོ་འཕྲལ་ཕུགས་གཉིས་མེད་དུ་གཏོང་གིན།།
    གཉིས་པས་ཕུགས་གི་རྩ་དོན་རྨང་གཞི་ཞིག་བཏིང་སོང་།།

  16. སྤྱང་ཤོག་བཀྲ་ཤིས་ says:
    2012-06-08 at 5:22 pm

    ཀྲུང་གོ་གུང་ཁྲན་ཏང་གི་བོད་རང་བཙན་ལ་རྒྱབ་བཅོལ་གནང་གི་འདུག་གང་ཡིན་ཞེས་ན་རང་སྐྱོང་དང་དབུ་མ་སོགས་ནི་ཁོ་ཚོས་ངོས་ལེན་གནང་མ་བྱུང་གནད་དོན་འདི་ཐོག་ཀྲུའུ་ཝིའི་ཆོན་གྱི་བྱས་རྗེས་ཅུང་ཙམ་བཞག་ཡོད། བོད་རྒྱལ་ལོ།

  17. སྐྱུ་རྩི་ནས། says:
    2012-06-08 at 8:03 pm

    གུང་ཁྲན་ཏང་དང་། རྡ་རམ་ས་ལའི་སྐུ་ཚབ་རྣམས་ལྷན་དུ་དགོངས་པ་ཞུས་བྱུང་། ད་རྣམ་པ་གསར་པ་ཞིག་གི་ཐོག་ནས་གྲོས་མོལ་དབུ་འཛུགས་གྲབ་མེད་དམ་བསམ་བསམ་རེད།

  18. སྐར་ཆེན། says:
    2012-06-09 at 1:05 am

    སྟག་གཟིག་གཉིས་ལ་ཁྱད་པ་ཅི་ཡང་མེད།
    མདོ་འགག་བོད་འདི་གྱུར་མིད་གཏང་རྒྱུ་རེད།

  19. སྤྱང་ཤོག་བཀྲ་ཤིས says:
    2012-06-09 at 10:12 am

    ཀྲུའུ་ཝེའི་ཆོན་ནི་མི་ཁ་རེས་ཁ་ཐུག་ཞིག་རེད་འདུག་ཁོང་ལ་བོད་ཀྱི་གནད་དོན་སེལ་བའི་ནུས་པ་མེད་ན་ཡངས་དམར་ཤོག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རང་སྐྱོང་དང་དབུ་མ་ལམ་དོན་ཚན་བཅུ་བདུན་བཅས་ལ་རེ་བ་མེད་པ་གསལ་པོར་ཁོང་གི་ཕྱིར་བསྒྲགས་བྱས་པ་འདིས་ང་ཚོ་ལ་རོགས་པ་བྱས་པ་རེད་ཟེར་ན་མ་འགྲིག་པ་མེད། གང་ལྟར་རྒྱ་ནག་འདི་དམངས་བཙོ་མ་ཆག་་བར་དུ་ང་ཚོ་ལ་རེ་བ་ཅུང་ཙམ་མེད་པ་གསལ་པོ་བརྟེན་པ་རེད།

  20. ཇ་མ་ says:
    2012-06-10 at 8:41 am

    ད་ངོ་མ་བཤད་ན། རྒྱ་རྒན་ཀྲོས་ཝེ་ཆིན་དང་རྒྱ་རི་བློ་གྲོས་གཉིས་ཀ་མཉམ་དུ་མེད་པར་སོང་ན་དགའ། ཁོ་གཉིས་ཀའི་ཚབ་ལ་ང་བཞག་ན་ངས་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་པོ་བཟོ་གི་ཡིན། དེ་བཞིན་ཤར་ཆེན་པོ་རྒྱ་དང་ནུབ་ཆེན་པོ་མཐོན་པོ་བོད་ཀྱི་ས་ཆ་རང་བྱེད་རྒྱུ་ཡིན།

  21. ལོ་མ་ལྗང་ཁུ་། says:
    2012-06-10 at 12:09 pm

    ཡ་རེད་རེད་། དབུ་མའི་ལམ་ལས་འགུལ་ཁང་གིས་བཤད་ན་ཁོང་ཚོར་ལོས་རྒྱུས་ཀྱི་འགན་དང་དོན་དངོས་ཀྱི་ལམ་ཁ་འཚོལ་ཀྱི་ཡོད་ཟེར་། རྡ་ས་ཐག་རིང་སོང་ནས་མིན་ན་ངའི་རྣ་བ་གཉིས་པོ་དང་མིག་གཉིས་པོས་དབུ་ཚང་གིས་བོད་རང་གི་ནང་ན་བསྐྱར་འཁོར་དང་ཡང་འཁོར་ལས་རྒྱ་རྒན་ཚོའི་ཕྱོགས་སུ་མིག་མཐོང་ལག་ཟིན་གྱི་བྱ་བ་ཞིག་བྱེད་ཡོད་པ་གང་ཡང་མ་འཚོར་ཐལ་མོད་ཀྱང་། ཁོང་ཚོ་མི་ཤེས་ནི་བཤད་ལ་དགའ་ཞིང་མི་ཐུབ་ནི་འཁུར་ལ་དགའ་བས་ཁོང་ཚོའི་ཚོགས་མི་རེ་བོད་རྒྱ་ཞིལ་མོལ་ཀྱི་སྐུ་ཚབ་ཏུ་འགྲོ་གོ་ཟེར་གི་འུ་ཡོད་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme