Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀག་བསྐྱེལ་ཁང་ནང་ལོག་གི་གནས་སྟངས།

Posted on 2012-05-312012-06-01 By ཁ་བརྡ་ 6 Comments on བཀག་བསྐྱེལ་ཁང་ནང་ལོག་གི་གནས་སྟངས།

གླིང་ཚ་ཚེ་བརྟན་རྡོ་རྗེ།

འདང་ནུབ་ཀྱི་རྨི་ལམ་ནི་ངས་བསམ་བློ་ཇི་ལྟར་བཏང་ན་ངའི་མི་ཚེ་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་པའི་ས་མཚམས་ལྟ་བུ་ཞིག་ཆགས་ནས་འོང་གི་ཡོད་པའི་སྔོན་བརྡ་འཁྲུལ་མེད་ཅིག་ཡིན་པར་སྣང་། དེས་ན་ངས་མ་ཤེས་པའི་ང་རང་གི་མི་ཚེའི་འགྱུར་བ་ཆེན་པོ་དེ་ནི་གང་འདྲ་ཞིག་ཆགས་རྒྱུ་ཡིན་མིན་དེ་རེད། ད་ལྟའི་གནས་བབས་ནས་བལྟས་དེ་སོང་ན་ང་རང་གི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་སྲིད་པ་དེ་ནི་བལ་ཡུལ་འདི་བ་ཚང་གིས་ང་རང་དངུལ་ཆད་གཅོད་རྒྱུ་ལས་བརྒལ་ནས་ཁྲིམས་ཆད་བྱས་པ་ཡིན་ན་དེ་ནི་དངོས་ནས་ལུགས་དང་མཐུན་པ་ཞིག་ཡིན་པར་ཁས་ལེན་བྱེད་ཆོག་ནའང་། དངུལ་ཆད་མང་བོ་ཞིག་དགོས་པར་བཤད་ན་དེ་ནི་ལུགས་དང་གཏན་ནས་མི་མཐུན་པ་མ་ཟད། ངས་ང་རང་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱེད་མཁན་གྱི་བོད་མི་དག་གིས་དཀའ་སྤྱད་སྡུག་རུས་ཀྱི་ཁྲོད་ནས་བསགས་པའི་དངུལ་སྒོར་དེ་དག་དོན་མེད་དུ་མི་སེམས་ལ་བརྩི་བཀུར་མེད་པ་དང་མིའི་ཀུན་སྤྱོད་ལ་གདེང་འཇོག་མེད་པའི་གཞུང་ངན་པ་འདི་འདྲ་ཞིག་ལ་གཏན་ནས་སྤྲོད་དུ་འཇུག་འདོད་མེད། དེ་ལས་སྒོར་མོ་དེ་དག་དབུལ་སྐྱོབས་དང་དྭ་ཕྲུག་སློབ་གསོའི་རོགས་སྐྱོར་ཞིག་ལ་སྟེར་རྒྱུར་ངས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

འདི་ལྟར་སོང་ན་ཁོང་ཚོས་ང་རང་ཁྲིམས་ཆད་ལོ་ཚད་ནས་སྒོར་མོའི་གྲངས་ཀ་དང་བསྡུར་ནས་ཆད་པ་ཡིན་ན། ཁ་སང་རང་ཨ་ཧྥུ་རྒན་སུ་ཐན་གྱི་ཕོ་རྒོད་དེ་ལ་ཟླ་ངོ་བདུན་གྱི་ཐོངས་ཆེན་མེད་པར་བལ་སྒོར་གཅིག་འབུམ་གྱིས་ཉེས་ཆད་བཀལ་ནས་སྒོར་ཆད་དེ་སྟེར་མ་ཐུབ་པའི་ནག་ཉེས་ཁྲོད་དུ་བཙོན་ཁང་དུ་ལོ་དགུ་ལ་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་དེ་ཁྲིམས་ཁང་དུ་ཁྲིད་དེ་བུད་སོང་། དེ་ལྟར་ང་ལ་ཡང་ཁྲིམས་ཐག་ཆད་པ་ཡིན་ན་ནི། ང་རང་བལ་ཡུལ་ནང་དུ་ལག་ཁྱེར་གང་ཡང་མེད་པའི་ཉེས་མིང་བཀལ་ཡོད་པའི་ཉེས་པ་དེར་སྒོར་ཆད་ག་ཚོད་གཅོད་རྒྱུ་ཡིན་མིན་དེ་རེད། བལ་སྒོར་ཁྲི་ལྔ། དེ་འདྲ་ཡིན་རྒྱུ་མ་རེད། ཁ་སང་རང་འབྱོར་བའི་བལ་ཡུལ་ལག་ཁྱེར་འཁུར་བའི་བོད་མི་འདི་ལའང་ཉེས་ཆད་སྒོར་མོ་བལ་སྒོར་ཁྲི་ལྔ་སྤྲད་པ་ཡིན་ན་ཐད་ཀར་གཏོང་རྒྱུར་ཁས་བླངས་ཡོད་པ་རེད། ཁོ་རང་ད་དུང་ཁྲིམས་ཁང་དུ་ཁྲིད་མེད་པས་ལྐོག་དངུལ་ཟ་མཁན་དག་གི་རྒྱུ་རྫས་ཁོ་ན་རུ་གྱུར་ཡོད་པ་རེད། འོ་ན་ང་རང་ལ་དངོས་ནས་ཁྲིམས་ཐོག་གི་ཐག་གཅོད་དྲང་མོ་ཞིག་ཡོང་གི་རེད་དམ་ཟེར་བ་དེ་རེད། ང་རང་ལ་ཉེས་ཁྲིམས་གཅོད་རྒྱུ་དེ་ནི་ཁ་འཁྱེར་ས་ནི་ལག་ཁྱེར་གང་ཡང་མེད་པར་བལ་ཡུལ་ནང་དུ་འཛུལ་བ་དེ་ཡིན་ཡང་། དོན་དངོས་ཀྱི་རྒྱབ་ལྗོངས་ནི་དེ་འདྲ་ཞིག་ཆགས་མེད་སྟབས། ང་རང་ལ་ཐག་གཅོད་བྱེད་མཁན་གྱི་ཁྲིམས་དཔོན་ཞིག་ད་ལྟ་སླེབས་མེད་པ་རེད།

ང་རང་བཀག་བསྐྱེལ་ཁང་འདི་རུ་སླེབས་ནས་ཉུང་མཐའ་ལ་མི་བརྒྱ་ཁ་ཟིན་གྲབས་ཡོད་པ་ཞིག་འབྱོར་ཡོད་ནའང་། དེ་དག་གི་ཁྲོད་ནས་ཐག་གཅོད་བྱེད་མ་ཐུབ་པར་ལུས་ཡོད་པའི་གནད་དོན་ནི་ང་རང་གི་གནད་དོན་དེ་ཆགས་ཡོད་པ་རེད། བལ་ཡུལ་གྱི་ཡུལ་མི་རྣམས་ནི་བཀག་བསྐྱེལ་ཁང་འདིར་ལག་ཁྱེར་ལ་ནོར་འཁྲུལ་ཤོར་བ་དང་ཐོངས་ཆེན་ལ་ནོར་འཁྲུལ་ཤོར་བ་གང་བྱུང་ནའང་། ཆུ་ཚོད་ཉེར་བཞི་ནས་ཆེས་རིང་བོར་བསྡོད་མཁན་གྱི་མི་ནི་བདུན་ཕྲག་གཅིག་ལས་འགོར་གྱི་མེད་པར་ཕྱིར་གཏོང་གི་ཡོད་པ་དང་། ནག་ཉེས་ཆེས་ལྕི་བའི་དུ་ནག་ཚོང་སྒྱུར་བྱེད་མཁན་གྱི་ཨ་རི་བ་ཕས་ཀྲར་ཡང་འདི་ནས་ཉིན་གྲངས་བཅུ་ལས་ལྷག་བཞག་མེད་པར་བཏང་ཡོད་པ་རེད། འདི་ལྟར་བལྟས་དེ་འོང་དུས་ཁོང་ཚོས་ང་རང་བཙོན་ཁང་དུ་འཇུག་རྒྱུ་དེ་ཡང་སྟབས་བདེ་བོ་ཞིག་ཆགས་མེད་པ་དང་། ཉེས་མིང་གཞན་ཞིག་འོག་རྒྱ་ལག་དུ་རྩིས་སྤྲོད་རྒྱུ་དེ་ཡང་སྟབས་བདེ་བོ་ཞིག་ཆགས་མེད་པར་ལུས་ཡོད་པ་དེ་ནི་དངོས་ཡོད་ལྟ་བུ་ཞིག་ཆགས་ཡོད་པ་རེད།

གང་ལྟར་ན་ངས་རང་ཉིད་ལ་སྲིད་གཞུང་འདིས་ཇི་ལྟར་ཐག་གཅོད་བྱེད་རྒྱུར་སྒུག་ནས་བསྡད་ཡོད་ལ། ཉེ་ཁོར་ན་དུས་རྒྱུན་དུ་ང་རང་ལ་བལྟ་རྟོགས་བྱེད་དུ་ཡོང་མཁན་གྱི་བོད་རིགས་སྤུན་ཟླ་དེ་དག་ལ་ཁོང་ཚོས་ཐག་གཅོད་གང་ཡང་མ་བྱས་པའི་ཡར་སྔོན་དེར་ང་རང་ལ་དངུལ་སྤྲད་དེ་ཉོ་རྒྱུར་ང་རང་གིས་མོས་མཐུན་རྩ་ནས་མེད་ཅེས་ཡང་དང་བསྐྱར་དུ་ཞུས་པ་ཡིན།

ཞོགས་པ་བྲིས། ༣༠།༥།༡༢

ཉལ་འདོད་ཀྱང་ཉལ་དུ་མི་འཇུག་པའི་དུག་སྤྲང་དང་འགྲམ་གྱི་མི་དག་གིས་སྐད་ཅོར་བཅས་ལས་ང་རང་གིས་གློག་ཀླད་ཀྱི་སྒོ་ཕྱེ་ནས་ཉིན་འགའི་སྔོན་གྱི་གོམ་བགྲོད་ཀྱི་ལམ་བར་ནས་ཐོས་པའི་ཞོགས་སྔ་བོའི་སྐབས་ཀྱི་ཁུ་བྱུག་གི་དབྱངས་རྟ་ལས་རང་ཡུལ་ཁ་བ་ཅན་གྱི་བོད་ཟླ་བཞི་བའི་ཚེས་འགོ་དེ་དག་གི་སྐབས་སུ་བུད་མེད་ཚོས་དུས་རྒྱུན་དུ་ཟླ་བ་བཞི་བའི་ནང་དུ་གྱེར་བའི་མ་ཎི་དབྱངས་རྟ་རིང་མོ་སོགས་དྲན་དུ་བཅུགས་མྱོང་། ངས་རང་ཉིད་ཀྱི་རྟོགས་འཆར་ཁྲོད་དུ་སྐབས་དེ་དུས་སུ་རང་ཉིད་ཁ་བ་ཅན་གྱི་ཞི་བདེ་ལྷིང་འཇག་ལྡན་པའི་མི་རིགས་ཤིག་གི་འཚོ་གནས་ཀྱི་རིན་ཐང་སོགས་ལ་ཕྱིར་དྲན་བྱས་མྱོང་ནའང་། ཉིན་འདི་དག་གི་རིང་དུ་བཟུང་བཙོན་གྱི་ཁོར་ཡུག་འདི་ནས་ཉི་མ་ཤར་བར་མཐོང་མི་ཐུབ་ལ། ཞོགས་པའི་ཁ་དབུགས་གསར་བ་དེ་དག་རྔུབ་མི་ཐུབ་པའི་སྒང་ལ། ནམ་བླངས་པ་ནས་ས་རུབ་རེག་བར་དུ་མི་འདྲ་མིན་གྱི་ཐ་མག་འཐེན་པའི་དུ་བ་སྣ་ལམ་ནས་ཡལ་མེད་དུ་བསྡོད་དགོས་པ་དང་། སྐད་ཆ་གཞན་གྱི་ཧུར་སྒྲ་བཅས་ལ་འདོད་པ་ཡོད་མེད་ལ་མ་བལྟས་པར། དེབ་ཀློག་འདོད་ཀྱང་དེབ་ཡག་པོ་ཞིག་མི་རེག་པ་དང་ཁ་འདོན་རེ་བྱེད་བསམ་ནའང་སེམས་རྣལ་དུ་གཏན་ནས་འབབ་དུ་མི་འཇུག་པ་དང་གནས་མི་གཙང་བ་འདི་འདྲ་ཞིག་ནས་ཁ་བཏོན་བྱེད་པ་དེ་ཡང་རང་ཉིད་དད་སའི་དཀོན་མཆོག་ལ་དད་གུས་མ་བྱས་པའི་ཚོར་བ་ཞིག་ཡོང་གི་འདུག་སྟབས། ཞོགས་པ་སྔ་བོ་དུས་ཚོད་གཅིག་གི་རིང་ངམ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་དུས་ཡུན་རེ་མི་རྣམས་གཉིད་དུ་གཡུར་བའི་དུས་ཚོད་བསྟུན་ནས་ཁ་འདོན་རེ་བྱེད་ཐུབ་པ་དེ་ཡིན།
ད་ལྟ་ནི་མཚན་མོའི་ཆུ་ཚོད་བཅུ་གཅིག་ཡིན་ལ། ཉལ་བསམ་ནའང་འཁྲིས་ཀྱི་མི་རྣམས་ཀྱི་ཤོག་རྩེད་བྱེད་པ་དང་ཐ་མག་འཐེན་པ་སོགས་ཀྱིས་གཉིད་དུ་མི་འཇུག་པ་མ་ཟད། སྒོ་དང་སྒེའུ་ཁུངས་ལས་དུག་སྤྲང་ཚོད་མེད་དུ་བཞུར་ནས་འོང་གི་འདུག ཉལ་ཁྲིའི་སྟེང་གི་ཉལ་གདན་ཡང་མི་བརྒྱ་འགྲོ་སྟོང་འགྲོ་ཉལ་ཚར་བའི་ཤུལ་ཡིན་དུས། ཚུ་དྲི་ཁ་བ་དང་དཀྲུ་དགོས་བསམ་ནའང་སྐམ་ཡུལ་མེད་པ། རང་ཉིད་བསྡོད་སའི་ཉལ་ཁྲིའི་སྟེང་གི་ཉལ་གདན་ཙམ་དཀྲུས་ཀྱང་། ཉལ་ཁྲིའི་སྟེང་དུ་ཡོང་ནས་བསྡོད་མཁན་གྱི་མི་དག་ནི་བར་མེད་དུ་ཡིན་ལ། ཉལ་ཁྲི་ཡང་ང་རང་གཅིག་བུ་ལ་དབང་བའི་ཉལ་ཁྲི་ག་ལ་ཡིན། ཉལ་ཁྲི་ནི་སྤྱི་བའི་བཀོལ་སྤྱོད་བྱེད་སའི་ཉལ་ཁྲི་རེད།

སྟབས་ལེགས་པ་ཞིག་ལ་ཉིན་འདི་གཉིས་ཀྱི་རིང་དུ་ང་རང་ལ་བོད་མི་ཞིག་སྐད་ཆ་བཤད་རོགས་ཡོད་ཀྱང་། ཁོ་རང་ཡང་རྩེད་ཆས་ལ་དགའ་བའི་མི་ཞིག་ཡིན་དུས། འདུག་རོགས་ཚོ་དང་ལྷན་དུ་རྩེད་མོ་ལ་གཡེང་བ་དང་ཐ་མག་ཡང་མི་ཉུང་བ་ཞིག་འཐེན་པར་གོམ་གཤིས་འཇག་ཚར་བ་ཞིག་རེད། ངས་ཁོང་ལ་ཐ་མག་མ་འཐེན་རོགས་ཟེར་ནས་བཤད་ཐུབ་མེད་དུས། ཁོས་ཀྱང་སྣང་མེད་དུ་ང་རང་གི་འགྲམ་ནས་འཐེན་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། སྔོན་ཆད་རང་ཉིད་ཀྱི་ཐ་མག་འཐེན་པ་ལས་དེང་སང་འཁྲིས་ནས་ཐ་མག་འཐེན་མཁན་དག་གིས་རང་ཉིད་ལ་གནོད་པ་ལྟ་བུ་ཞིག་འདུག

རང་ཉིད་ནི་བདེན་དོན་ལ་རྩོད་པར་སེམས་ནང་དུ་སུས་ཀྱང་འགུལ་བསྐྱོད་མི་ཐུབ་པའི་དམ་བཅའ་ཞིག་འཇོག་མཁན་གྱི་བོད་མི་དཀྱུས་མ་ཞིག་ཡིན་དུས། སེམས་ནང་དུ་དཀའ་ངལ་གང་ཡང་མེད་པར་བོད་མི་འདིར་བསྡོད་དྭང་བླང་བ་ཁ་ཤས་ཤིག་གི་ཉིན་རེའི་བལྟ་སྐྱོང་དང་རོགས་རམ་ཁྲོད། ཟས་གང་ཞིམ་དང་ཆུ་གང་གཙང་འཐུང་ནས་བསྡད་ཡོད་པ་རེད། ཞོར་དུ་དྲ་ངོས་ལ་ཉུལ་ནས་བོད་ཕྱི་ནང་གི་གནས་ཚུལ་ཛ་དྲགས་ཀྱི་སྐོར་རེ་ཀློག་པ་དང་རང་ཉིད་ཀྱི་བསམ་ཚུལ་ཐོར་བུ་རེ་ཟིན་བྲིས་སུ་བྲིས་ནས་གཏོང་བ་དང་རང་གི་ཟིན་བྲིས་སུ་སྤེལ་བ་བཅས་བྱེད་ཀྱི་ཡོད་པ་དེ་ལས་གཞན་ད་ལྟ་གང་ཡང་བྱེད་མ་ཐུབ་པར་ལུས་ཡོད་པ་རེད། མི་རིང་བར་རང་ཉིད་ཀྱིས་བསླངས་པའི་ཞི་བའི་འཐབ་རྩོད་ཀྱི་སྟོབས་ཤུགས་རང་ཉིད་མ་ཤི་བར་དུ་ཤུགས་ཆེ་རུ་གཏོང་ཐུབ་པར་ཡིད་ཆེས་ཀྱི་འཁང་ནས་བསྡད་ཡོད་པ་འདི་ལ་ཡང་བོད་མི་ཆེས་མི་ཉུང་བ་ཞིག་གི་ཡིད་ཆེས་དང་རེ་སྙེགས་ཀྱིས་བལྟས་དེ་ཡོད་པ་རེད། རང་ཉིད་ཀྱིས་ཀྱང་དེ་ལྟར་ཡིད་ཆེས་ཀྱིས་ཁྲོད་དུ་ཉིན་མ་རེ་རེ་བཞིན་བཀག་བསྐྱེལ་ཁང་འདིའི་དུས་ཚོད་ཚར་ནས་ཁྲིམས་ཐོག་གི་གཏན་འབེབས་ཤིག་ལ་རེ་བ་བཅིངས་དེ་བསྡད་ཡོད།

༣༠།༥།༡༢མཚན་གུང་དུ་བྲིས།

ང་རང་ལ་དཀའ་ངལ་ཡེ་ནས་མེད་པ་དེ་ནི་བོད་རིགས་སྤུན་ཟླ་དག་གི་བལྟ་སྐྱོང་གི་ཁྲོད་ནས་བཟའ་བཏུང་ཡིན་ལ། ཟས་ཞིམ་པོ་དང་མངར་མོ་རྐྱང་རྐྱང་ཟོས་དེ་བསྡད་ཡོད། ཉིན་རེ་བཞིན་དུ་ཁོང་ཚོ་བར་མེད་དུ་ང་ལ་ཟ་མ་གང་ཡག་ཁུར་ནས་འོང་མཁན་གྱི་མི་ཡང་ཉིན་རེ་བཞིན་མ་འདྲ་བ་ཡོད་ཀི མང་ཆེ་ཤོས་ཤིག་ལ་ང་རང་གི་གནས་སྟངས་འགན་འཁུར་བའི་བོད་རིགས་སྤུན་ཟླ་ཁ་ཤས་ཤིག་ཡོད། ཁོང་ཚོས་ང་ལ་ཐུགས་ཁུར་བྱས་པའི་གནས་སྟངས་ནི་དངོས་ནས་ཧ་ལས་པའི་ཚད་མཐོ་བོ་ཡིན་པ་མ་ཟད། རང་རང་གི་ཉིན་རེའི་ལས་དོན་རྣམས་རྒྱབ་དུ་སྐྱུར་ནས་ཉིན་གཅིག་རེར་མཚམས་སུ་ང་རང་ལ་བལྟ་སྐོར་དུ་འོང་ནས་ང་རང་ལ་གང་ཞིག་གི་མཐུན་རྐྱེན་སྤྱོར་དགོས་མིན་སོགས་འདྲི་བཞིན་འདུག འདི་ལྟར་ང་རང་ཟླ་ངོ་ཁ་ཤས་རིང་དུ་འདི་ནས་བཀག་གཉེར་བྱས་ཀྱང་། ཁོང་ཚོས་ང་རང་ལྟོགས་སྐོམ་གྱིས་ཤི་རུ་མི་འཇུག་པ་གཏན་འཁེལ་རེད།
ཁོང་ཚོ་ག་དུས་ཡོང་ནའང་ལག་སྟོང་དུ་འོང་མི་སྲིད་ལ། ང་རང་ལ་ཟ་རྒྱུ་ཞིག་གམ་ཡང་ན་འཐུང་ཆུ་མངར་མོ་དང་འཐུང་ཆུ་གཙང་མ་ཉོས་དེ་འོང་གི་འདུག དངོས་ནས་ཁོང་ཚོ་མི་ཁ་ཤས་ཤིག་གིས་མུ་མཐུད་དུ་འདི་ལྟར་གནང་བ་ཡིན་ན་དངོས་ནས་ང་རང་གི་སེམས་ནས་ཀྱང་བཟོད་ཀྱི་མི་འདུག ཁོང་ཚོ་མི་སྒེར་བ་ཁ་ཤས་ཤིག་གི་འཚོ་བ་ལ་དོ་ཕོག་དང་བཟའ་ཚང་གི་བར་ལ་འགལ་བ་རེ་མི་འོང་བསམ་ན་སེམས་པ་མི་སྐྱིད་པ་ཞིག་འདུག་ནའང་། ཁོང་ཚོ་ལ་ང་རང་ལ་འདི་ན་ཟ་རྒྱུ་ཉོ་རྒྱུ་ཡོད་པ་དེ་ངས་ཉོས་ནས་མཚམས་རེར་ཟོས་ཀྱང་དེ་འདྲའི་ཟ་མ་སྐྱོ་བོ་ཞིག་རེད་མི་འདུག་ཞུས་ཀྱང་། ཁོང་ཚོས་གཏན་ནས་ངས་ཁ་ལ་ཉན་གྱི་མི་འདུག ཁོང་ཚོས་རང་ཉིད་ཀྱིས་དེ་ལྟར་བྱེད་པ་ནི་འོས་པ་ཞིག་དང་བོད་མི་རིགས་ཀྱི་བདེན་པའི་སྐད་འཁྱེར་བ་ཞིག་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པ་དེ་མཚོན་པར་བྱེད་ཀྱི་ཡོད་ཟེར་ནས་ཡང་དང་བསྐྱར་དུ་གསུངས་དེ་འོང་དུས། ངས་ཀྱང་ཁོང་ཚོ་མ་ཕེབས་རོགས་ཟེར་ནས་ཡང་དང་བསྐྱར་དུ་ཞུ་ཡང་མ་འཕོད་ལ། ཁོང་ཚོས་ཀྱང་རང་གིས་གང་བྱེད་པ་དེ་དག་ནི་རང་གི་མི་རིགས་ཀྱི་བདེན་པའི་སྐད་སྒྲ་ཤུགས་ཆེ་རུ་གཏོང་བར་རམ་འདེགས་བྱེད་ཀྱི་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་དེས་བདག་ཡང་དགའ་ནས་ཡོད།

ངས་ད་རེབས་ཀྱི་གོ་སྐབས་འདི་བཟུང་ནས་ང་རང་བཀག་བསྐྱེལ་ཁང་འདི་རུ་ཚུད་པ་ནས་ད་ལྟའི་བར་དུ་ལྷོད་པ་མེད་པར་རོགས་སྐྱོར་བྱེད་མཁན་གྱི་བོད་རིགས་སྤུན་ཟླ་དེ་དག་ལ་སྙིང་ཐག་པ་ནས་སྒེར་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། ཁྱེད་ཅག་གིས་སྤྱིན་པའི་ཁ་ཟས་དང་སྟོང་འཕོད་ཀྱི་ཞལ་འདེབས་བཅས་ཀྱི་ང་རང་འཚོ་བསྡོད་བྱེད་ཀྱི་ཡོད་པ་དེ་ཡི་དྲིན་ལན་དང་བོད་མི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་ཟབ་མོ་འདིས་ང་ལ་ངའི་ཞི་བའི་འཐབ་རྩོད་ཀྱི་མེ་ཁ་བཀག་བསྐྱེལ་ཁང་ནས་འཕྲོས་དེ་འཛམ་གླིང་གི་ཕྱོགས་མཐའ་ཁག་ན་གནས་པའི་བོད་རིགས་སྤུན་ཟླ་དག་གི་རྣ་བའི་ལམ་དང་སེམས་པའི་དཀྱིལ་དུ་བསྐྱེལ་བཞིན་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན།
༣༡།༥།༡༢ཕྱི་དྲོར།

གསར་འགྱུར།

Post navigation

Previous Post: སྙིང་ནས་བརྩེ་བའི་བུ་དང་བུ་མོ་གཉིས་ལ་བྲིས་པའི་འཕྲིན།
Next Post: སྒྱུ་མའི་འཇིག་རྟེན།

Comments (6) on “བཀག་བསྐྱེལ་ཁང་ནང་ལོག་གི་གནས་སྟངས།”

  1. དྭངས་བླངས་པ says:
    2012-05-31 at 10:30 am

    མཛའ་ཞིང་བརྩེ་བའི་སྤུན་གྲོགས་ཚེ་རྡོ་མཆོག་ལ་ཆེད་གསོལ། དཀའ་བའི་འཕྲང་ངན་མ་བརྒལ་ན། བདེ་མོའི་ཐང་ལ་སླེབས་པ་དཀའ་ཅེས་པ་ལྟར། ཁྱེད་ཀྱིས་འདོད་པའི་བསམ་དོན་འགྲུབ་པར་སྨོན། ཆོད་སེམས་དང་བློས་གཏོང་ལ་དུས་དང་རྣམ་པར་ཀུན་དུ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་བསྐྱོར་ཡོད། དྲང་བདེན་ནི་བདེ་སྐྱིད་ཀྱི་རྩ་བ་དང། འབྲས་བུ་འབྱུང་ངེས་ཡིན་པ་ཡིད་ཆེས་ཡོད། ཡིན་ན་ཡང་ལས་དབང་གི་བཀོད་པས་བོད་མིར་བར་ཆད་ཡོད་པའི་རྐྱེན། ཁྱེད་ལ་ཡང་མི་མཐུན་པའི་འགལ་རྐྱེན་འཕྲད་སྲིད་པས་གཟབ་གཟབ་གནང་རོགས་ཞུ་གི་ཡོད། ནང་པ་སངས་རྒྱས་པའི་ལྟ་གྲུབ་ལྟར་ན། ལས་དགེ་བ་ལ་འབྲས་བུ་བདེ་བ་འབྱུང་བ་དང། ལས་མི་དགེ་བ་ལ་འབྲས་བུ་སྡུག་བསྔལ་འབྱུང་བ་གསུངས་པ་དེ་བདེན་པ་ཡིན་ན། ཁྱེད་ཀྱི་བཅང་བའི་དམིགས་ཡུལ་དེ་འགྲུབ་ངེས་ཡིན་པར་ཐེ་ཚོམ་མེད། དྲང་བདེན་དང་ཞི་བདེ་ལ་མ་དགའ་བའི་མི་ཞིག་ཡོད་མ་རེད། ཡིན་ན་ཡང་སོ་སོའི་བདེ་བ་དོན་དུ་གཉེར་མཁན་ཞིག་མ་གཏོག། རང་གི་བདེ་བ་བློས་གཏོང་གིས་གཞན་གྱི་སྡུག་བསྔལ་དྭངས་དུ་ལེན་པའི་སྐྱེ་བོ་ནི་ཤིན་ཏུ་ནས་དཀོན། ཚེ་རྡོ་ལགས་ཀྱི་མི་སྒེར་བ་ཞིག་གི་བློས་གཏོང་གིས་མཛད་རིམ་འདི་རླབས་ཆེ་ལ་མི་རིགས་ཞིག་གི་བརྗེད་དུ་མི་རུང་བའི་དྲན་བརྟེན་གྱི་རྡོ་རིང་ཞིག་ཀྱང་ཅི་ལ་མིན། ཐུགས་རྗེ་ཆེ

  2. ཐབས་ཇུས་ཅན says:
    2012-05-31 at 1:47 pm

    ཁྱེད་རང་ལ་རོགས་པ་བྱེད་མཁན་བལ་ཡུལ་གྱི་བོད་མི་དེ་རྣམས་ལའང་རྗེས་སུ་ཡི་རང་ཡོད། ཁོང་ཚོའི་བསམ་དོན་ཡང་འགྲུབ་པར་ཤོག

  3. བོད། བཙན་པོའི་བུ་རྒྱུད། says:
    2012-05-31 at 10:20 pm

    དཔའ་བོ་ཚེ་རྡོར་ལགས། འདིའི་སྐོར་ཁྱེད་ལ་ད་ལྟ་བར་བཤད་མེད། ང་ལ་ཁྱེད་ཀྱི་ཞི་བའི་གོམ་བགྲོད་ཐོག་མའི་སྐབས་ནས་རང་བཞིན་གྱིས་སེམས་ཚོར་ཞིག་བྱུང་བ་ནི། ཁྱེད་ཀྱིས་བལ་ཡུལ་གྱི་རྒྱལ་ས་བརྒལ་ནས་བོད་ཡུལ་དུ་འགྲོ་འདོད་པ་ཕལ་ཆེར་སྟོང་བསམ་ལྟ་བུར་མཐོང་། མདོར་ན་ཁྱོད་བལ་ཡུལ་གྱི་རྒྱལ་ས་བརྒྱུད་ནས་གོམ་བགྲོད་བྱེད་པའི་འདམ་ཀ་དེ་ནི་ཁྱོད་ཇི་ལྟར་ཤེས་རབ་རྣོ་ཡང་ནོར་འཁྲུལ་ཞིག་ཏུ་མཐོང་སོང་། གང་ཡིན་ཟེར་ན་གྲོང་ཁྱེར་ཧྲང་ལམ་དུ་ཉུལ་བའི་བོད་མི་བཙན་འཛུལ་བ་ཞིག་བལ་དམག་གིས་ནམ་ཡང་བོད་ཀྱི་རི་རྒྱུད་དུ་གཏོང་གི་མ་རེད། གཅིག་བྱས་ན་ཁོང་ཚོས་ཁྱོད་ལ་ལོ་རེ་གཉིས་རིང་བཙོན་ཁང་དུ་སྡོད་དགོས་པའི་ཁྲིམས་ཐག་གཅོད་སྲིད། ཡང་ན་སླར་ཡང་རྒྱ་གར་ཉེན་རྟོག་པར་རྩིས་སྤྲད་དེ་རྒྱ་གར་དུ་ལོག་འཇུག་གི་རེད། དེ་ལས་གཞན་ཡོད་པ་མ་རེད། གལ་སྲིད་ང་ལ་ཁྱོད་ལྟ་བུའི་སྙིང་སྟོབས་དེ་འདྲ་ཞིག་ཡོད་ན། བལ་ཡུལ་གྱི་གྲོང་ཁྱེར་བརྒལ་ཏེ་འགྲོ་བ་ལས། གློ་དོལ་བོའི་རི་རྒྱུད་ཀྱི་གསང་ལམ་ཞིག་ནས་བོད་དུ་འགྲོ་ཐབས་བྱས་ཡོད། གང་ལྟར་འཕྱི་དྲགས་པ་རེད། ཁྱོད་རྒྱལ་ལོ། གླིང་ཚ་རྒྱལ་ལོ། མགྱོགས་པོར་རྒྱ་གར་ནས་ཐུག་ཡོང་།

  4. ཁྱུང་སེང་བུ་ནས། says:
    2012-06-01 at 12:11 am

    དྲང་བདེན་ཀྱི་ལུས་འགུལ་སེར་བ་དེ་ཁ་གསལ་གཏིང་གསལ་ངང་དགོས་སྒྲུབ་ངེས་ཡིན་ཙང་། གླིང་ཚ་མཆོག་གིས་དེ་སྔོན་ཡང་ནོར་མི་འདུག་ལ་མ་འོངས་པ་ན་ཡང་རྒྱང་བཀྱེད་དང་མངོན་ལྐོགས་མེད་པར་སྒྲུབས་ངེས་གཏན་ཡིན་པ་ཡིད་ཆེས་ཡོད་། སྐུ་ཉིད་ཀྱི་གནས་ཚུལ་ཉིན་རེ་བཞིན་ངལ་དུབ་ལ་མ་འཛེམས་པར་བཏང་གནངས་ཡོང་པ་དེ་ལ་སྙིང་ནས་བཀྲིན་ཆེ། ད་ཏུང་ཁོངས་ལ་རོགས་བསྐྱོར་གནངས་མཁན་རྣམས་ལ་སྙིང་ཐག་པ་ནས་བཀྲིན་ཆེ་ཞུ་བ་ཡིན་། ང་ཚོའི་ལས་འགུལ་བ་དང་ལས་འགུལ་རྒྱལ་གྱུར་ཅིག

  5. དྭངས་བླངས་པ says:
    2012-06-01 at 2:50 am

    ཆོད་སེམས་དོར་མེད་ཚེ་རྡོ་ལགས། རང་འགུལ་གྱི་ཞི་བགྲོད་ལ་རང་དབང་ཡོད། མ་ཐར་རྩར་ཨུ་ཚུགས་མ་ཆེ་དེས་ཁྱེད་ལ་གནོད་སྐྱོན་སྤྲོད་སྲིད། ངས་བསམ་ན་སྐབས་དང་དུས་ལ་བལྟས་སྟེ་ལས་འགུལ་སྤེལ་ན་ལེགས་པར་མཐོང། འདིར་ཡང་དྲང་བདེན་གྱི་ཐོག་སྤྱང་དྲུང་དང་བསྟུན་མཁས་གནང་ན་ཁྱེད་ཀྱི་འདོད་དོན་འགྲུབ་སྲིད། ད་ལྟར་ཕྱིར་འཐེན་དགོས་པའི་འབོད་བསྐུལ་ཞུ་གི་ཡོད།

  6. chime in italy says:
    2012-06-01 at 8:38 am

    སྡུག་བསྔལ་དྭངས་དུ་ལེན་པའི་སྐྱེ་བོ་ནི་ཤིན་ཏུ་ནས་དཀོན། ཚེ་རྡོ་ལགས་ཀྱི་མི་སྒེར་བ་ཞིག་གི་བློས་གཏོང་གིས་མཛད་རིམ་འདི་རླབས་ཆེ་ལ་མི་རིགས་ཞིག་གི་བརྗེད་དུ་མི་རུང་བའི་དྲན་བརྟེན་གྱི་རྡོ་རིང་ཞིག་ཀྱང་ཅི་ལ་མིན། ཐུགས་རྗེ་ཆེ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme