Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཁུ་ཀླུ་སྨྱོན་དང་བྱ་འཕུར་དབར་གྱི་གླེང་མོལ་ཉིན་ཐོ།

Posted on 2012-05-302012-05-30 By ཁ་བརྡ་ 18 Comments on ཨ་ཁུ་ཀླུ་སྨྱོན་དང་བྱ་འཕུར་དབར་གྱི་གླེང་མོལ་ཉིན་ཐོ།

བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།

གྲགས་སྙན་གྱི་པི་ཝང་དཀར་པོའི་སྒྲ་དབྱངས་ཡུན་རིང་ནས་རྣ་བར་གོ་མྱོང་ཙམ་ལས་སྔར་དངོས་སུ་འཕྲད་མ་མྱོང་བའི་དེང་རབས་བོད་ཀྱི་སྙན་ངག་སྨྲ་བའི་རྒྱལ་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་ཐུག་འཕྲད་བྱུང་བའི་རྒྱུད་རིམ་ནི། ཉིན་དེར་ས་སྐྱའི་ཕུན་ཚོགས་ཕོ་བྲང་བདག་མོ་སྐུ་ཞབས་དང་བཅས་ང་ཚོའི་ས་གནས་སུ་འབྱོར་ཡོད་པ་ཐོས། ལྷག་ཏུ་གྲོགས་པོ་ངོ་ཤེས་ཞིག་གི་ངོ་དེབ་བརྒྱུད་ནས་ཨ་ཁུ་ཀླུ་སྨྱོན་ཡང་དེར་ཡོད་པ་རྟོགས། ཨ་ཁུ་ཀླུ་སྨྱོན་ནི་ང་ཆེས་ཐུག་འདོད་ཆེ་བའི་བོད་ཀྱི་རྩོམ་པ་པོའི་གྲས་ཀྱི་གཅིག་ཡིན། དེ་བས་ན་ཕན་ཚུན་ཁ་པར་བརྒྱུད་དེ་ཉིན་གུང་ཐུག་འཕྲད་དང་ཟ་མ་བཟའ་བར་འགྲོ་འཆར་བྱས།>དུས་བགོས་ལྟར་ཨ་ཁུ་ཀླུ་སྨྱོན་གྱིས་ཁོང་ཚོའི་སྡོད་གནས་ཀྱི་སྒོ་འགྲམ་རླངས་འཁོར་བབས་ཚུགས་དེ་ནས་ང་ལ་སྒུག་འདུག གསར་དུ་ཐུག་འཕྲད་ཀྱི་སྤྲོ་སྣང་དང་བཅས་ཕན་ཚུན་ཁ་དར་དཀར་པོ་ཡུག་རེ་ལག་ཏུ་གཏད། ཉི་མ་དེ་ནི་ཨ་རིའི་རྒྱལ་ཡོངས་ནང་དྲན་པའི་ཉི་མ་ཞེས་པ་དེ་ཡིན་པས་སློབ་གྲྭ་དང་སྦྲག་ཁང་སོགས་ཡོངས་སུ་རྒྱབ་འདུག བདག་གི་གཞུང་ལས་ཁང་གི་ལྟེ་གནས་ནུབ་ཕྱོགས་སློབ་ཆེན་ཁྲོད་སྐད་གྲགས་ཆེ་བའི་གྲས་ UC Berkeley ཐང་ཆེན་དུ་བསྐྱོད་སྐབས་ཕལ་ཆེར་རྗེན་གཅེར་ལྟ་བུའི་གཞོན་ནུ་ཕོ་མོ་མང་པོ་ཞིག་ཆེས་མཛེས་བཀོད་ལྡན་པའི་སྤང་གཞོང་དང་མེ་ཏོག་གི་སུལ་དུ་འཁྱུད་རེས་བྱས་ཏེ་བསྡད་འདུག འདིའི་རིགས་ནི་ནུབ་ཕྱོགས་སྤྱི་ཚོགས་ཕལ་ཆེ་བར་རྒྱུན་ལྡན་ལྟ་བུ་ཡིན་མོད།
ཁ་སང་གི་གནམ་གཤིས་ལ་དཔག་ན་རྒྱུན་ལྡན་མ་ཡིན་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ཏེ། ནམ་མཁའ་ལ་སྤྲིན་པ་བྱེའུ་མགོ་ཙམ་བྲལ་ཞིང་གཡའ་དག་པའི་སྤང་གཞོང་གིས་གཞོན་ནུ་དེ་དག་ལ་བརྩེ་དུང་གི་ཞིང་ཁམས་ཞིག་བསམ་གཟས་ཏེ་བསྐྲུན་པ་དང་ཨ་ན་མ་ན་རེད། མིག་ཟུར་ལས་ཐད་ཀར་མཐོང་ཡོང་བ་ནི་སྟོད་སྨད་ཀྱི་གསང་བ་ཁེབ་ཙམ་ལས་ཕལ་ཆེར་ཕྱིར་མངོན་པའི་འཇིག་རྟེན་གྱི་མཛེས་སྡུག་དེ་དག་གོ གླེང་མོལ་གྱི་བརྗོད་གཞི་དང་པོ་ནི་ནུབ་ཕྱོགས་ཁུལ་དུ་རང་རེའི་བླ་མ་རྒན་གཞོན་ཁག་ཅིག་གིས་དཔེ་ཁྲིད་གནང་སྟངས་དང་། དེས་བོད་ཀྱི་ནང་ཆོས་ཁྱབ་སྤེལ་བཏང་བ་ལ་ཕན་གནོད་ཅི་བྱུང་། མ་ཟད་འདི་གའི་མི་རིགས་ཀྱི་སེམས་ཁམས་ལ་བོད་ཀྱི་ཆོས་ཕྱོགས་ནས་དགེ་ཕྱོགས་ཀྱི་འགྱུར་བ་ག་ཚོད་གཏོང་ཐུབ་མིན་སོགས་རེད། དཔེར་ན། རིས་སུ་མ་མཆིས་པའི་རྩོད་མེད་ཀྱི་མཁས་པ་ཆེན་པོ་ཆོས་རྒྱལ་ནམ་མཁའི་ནོར་བུ་ནི་འཛམ་གླིང་ཤར་ནུབ་ཀུན་ཏུ་གྲགས་སྙན་གཡུ་སྐྱེས་སྔོན་མོའི་མགྲིན་དབྱངས་ཀྱི་རྗེས་སུ་སྙེགས་ཤིང་། འཇིག་རྟེན་གྱི་སྒྲོན་མེ་ཆེན་པོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་རྗེས་ནས། ཁོང་ནི་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུའང་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་སྐོར་ལ་རིས་སུ་མ་མཆིས་པའི་དེད་དཔོན་གཟེངས་སུ་ཐོན་པ་ཞིག་ཏུ་ངོས་བཟུང་ཡང་ཕལ་ཆེར་མ་འགྲིག་པ་མེད།
སྤྱིར་ནུབ་ཕྱོགས་ཁུལ་དུ་བོད་ཀྱི་གྲུབ་མཐའ་སོ་སོའི་ཁོངས་ནས་བླ་སྤྲུལ་དགེ་བཤེས་སོགས་དཔེ་ཁྲིད་གནང་མཁན་མང་པོ་བཞུགས་མོད། ཁག་ཅིག་གིས་གནའ་བོའི་བོད་ཀྱི་ཆོས་རིག་གི་ལྷན་སྐྱེས་ཀྱི་རྣམ་པ་དངས་མོ་ཕྱིའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་འབྱོར་ལྡན་མགོ་སེར་དག་གི་སེམས་ཁམས་དང་བསྟུན་རྒྱུ་མང་དྲགས་པས་བོད་གདོད་མའི་ཆོས་དང་རིག་གཞུང་གི་བྱད་དབྱིབས་ལ་འགྱུར་བ་གང་འཚམས་འགྲོ་བཞིན་པའི་ཚོར་སྣང་ངེད་གཉིས་ཀར་བྱུང་ཞིང་། དེས་བོད་ཀྱི་ནང་ཆོས་ཀྱི་ངོ་བོ་དར་སྤེལ་གཏོང་བ་ལ་ནམ་ཞིག་ཕན་ཐོགས་པ་ལས་ཅུང་སེམས་ཚབས་སྐྱེ་དགོས་པའི་གནད་མང་ཙམ་ཡོད་པ་ཆོས་རྒྱུད་ཁག་གི་བླ་མ་དང་དགེ་བཤེས་འགའ་རེ་དཔེར་སྦྱར་ཏེ་བགྲོ་གླེང་བྱས། འཁོར་བའི་ཕུན་ཚོགས་ཀྱི་རྩ་བ་ངེས་འབྱུང་ཨུ་ཚུགས་ཀྱིས་གཏུབ་པའི་ཨ་ལགས་ཡེ་ཤེས་དང་ངེད་གཉིས་ལ་མཚོན་ན་འཇིག་རྟེན་གཞན་ཞིག་ཏུ་ཡོད་ཁུལ་ཡིན་པས་དེ་ཚོ་དང་ཁ་ཐག་ཅུང་མི་རིང་མི་ཉེ་བའི་ས་རུ་བསྡད། ཉི་འོད་གཞོན་ནུ་ནུབ་ཕྱོགས་ཀླུ་དབང་བུ་མོའི་རུམ་ཁར་འཛུལ་ལ་ཉེ་བའི་སྐབས་དེར་ཤིང་སྡོང་འོག་ཏུ་ཉི་མར་ལྡེ་བའི་གཞོན་སྐྱེས་གཅེར་བུ་བ་རྣམས་ཀྱིས་ཀྱང་གྲ་སྒྲིག་རེ་ཡོད་པའི་ཁུལ་གྱིས་རིམ་གྱིས་ལག་འགྱུ་བྱས་ཏེ་རང་སར་འགྲོ་འགོ་ཚུགས། ཐད་དཀར་མདུན་ཐད་དུ་འགྲེངས་པའི་ཤིང་སྡོང་སྟེང་གི་མེ་ཏོག་དཀར་དམར་དག་གིས་ཀྱང་ཚ་བའི་འོག་ཉིན་གང་བསྡད་པའི་ངལ་དུབ་ཀྱིས་ད་ནི་གཉིད་ལ་ཡུར་བའི་དུས་ཚོད་ལ་སླེབས་ཞེས་བསྒྲགས་པ་དང་ཀུན་ནས་མཚུངས། ངེད་གཉིས་ཀྱང་རིམ་གྱིས་ལམ་དུ་ཆས།
གྲོང་ཁྱེར་འདིར་རྒྱལ་ཁབ་འདྲ་མིན་གྱི་ཟས་རིགས་སྣ་ཚོགས་འཛོམས་ཡོད་ན་ཡང་རྒྱ་ནག་སི་ཁྲོན་གྱི་ཟ་ཁང་ཞིག་ཏུ་འགྲོ་རྒྱུ་བྱས། ཟ་ཁང་དེར་ཞབས་ཕྱི་མ་དག་གིས་མགྲོན་འབོད་ཀྱི་བསུ་བ་ལེགས་ཅིང་། རྒྱུན་དུ་མི་ཚོགས་མང་ཤོས་ཀྱི་གྲས་ཡིན། ཟ་ཁང་ནང་སྐད་ཅོར་འཇམ་པའི་གྲུ་ཟུར་ཞིག་ནས་མུ་མཐུད་དེ་གླེང་མོལ་གཉིས་པ་འགོ་ཚུགས། དེ་ནི་གཞིས་བྱེས་བོད་ཀྱི་རྩོམ་པ་པོ་དང་རྩོམ་ཡིག་ཁག་ཅིག་ཡིན། གཞིས་ཀྱི་རྩོམ་པ་པོ་རྒན་ནོར་ལྡེ་དང་། སེང་རྡོར། ལྗང་བུ། སྒོ་ཤེས་རབ་རྒྱ་མཚོ། བྱེས་འབྱོར་རྩོམ་པ་པོ་ཧོར་གཙང་འཇིགས་མེད་དང་། ཆབ་མདོ་ཤེས་རབ། བེ་རི་འཇིགས་མེད། ལྷ་ཆབ་སྦྱིན་པ། ཁྲི་གཡུང་དྲུང་སོགས་ཆ་རྒྱུས་གང་འཚམས་ཡོད་པའི་ངོ་ཤེས་གྲོགས་པོ་ཁག་ཅིག་གི་མི་གཤིས་དང་རྩོམ་གཤིས་དག་ལ་ཐེ་ཇུས་གང་འཚམས་རེ་བྱས་ཤིང་། ལྷག་པར་དེ་དག་གིས་བྲིས་པའི་རྩོམ་ཡིག་ཁག་ཅིག་གི་ཡང་ལྗིད་དེ་དག་རྒྱ་ཟས་སྣ་ཁ་བཅོ་བརྒྱད་ཀྱི་ལྷན་དུ་བཞག་པས་ང་ལ་སྔར་མ་མྱངས་བའི་བྲོ་བ་ཞིག་དང་བློ་བསྐྱེད་མི་དམན་པ་ཞིག་ཀྱང་རེག་སོང་། སྤྱིར་བོད་གཞིས་བྱེས་ཁུལ་དུ་རྩོམ་པ་པོ་གྲངས་ཀྱིས་མི་ལོངས་མོད། ང་ལ་མཚོན་ན་རྒན་ནོར་ལྡེའི་རྩོམ་ཡིག་ཀློག་རྒྱུར་དགའ་བ་བླ་ལྷག་ཏུ་འཕེལ་མྱོང་ཚུལ་བཤད་ཅིང་། ཁོང་གིས་བྲིས་པའི་ཚིག་བཅད་རྩོམ་ཡིག་ལྷ་ལྡན་ཉི་མའི་གྲོང་དུ་བསྐྱོད་པའི་གཏམ་པི་ཝང་དཀར་པོའི་རང་སྒྲ་ཞེས་པ་ཚིག་དོན་ཕལ་ཆེ་བ་བློ་ལའང་འཛིན་མྱོང་ཞེས་བཤད། ཡིན་ན་ཡང་ཀླུ་སྨྱོན་གྱིས་བཤད་ན་རྒན་ནོར་ལྡེས་དེང་སེང་རྩོམ་ཡིག་མང་པོ་འབྲི་བཞིན་མེད་པ་འདྲ་ཟེར།
ཞོར་འཕྲོས་ཀྱིས་འདས་པོ་ཀླུ་ཚང་བློ་བཟང་ཡེ་ཤེས་དང་། ཁོ་བོའི་སྤུན་མཆེད་བྱ་འཕུར་ནམ་མཁའ་རྒྱལ་མཚན་སོགས་ལོ་ཆུང་འགའ་ཞིག་གིས་སྨྱུ་གུ་ཐང་དུ་བཞག་སྟེ་བལྟས་བལྟས་རིག་རིག་ལ་ཕྱི་མའི་ལྔ་ལམ་དུ་ཆས་པ་ནི། འབྲེལ་ཡོད་དང་ངོ་ཤེས་དག་ལ་མཚོན་ན་སེམས་སྡུག་གི་གཞི་ཡིན་པ་མ་ཟད་བོད་ཀྱི་རྩོམ་ཡིག་རིག་གཞུང་ལ་ཚབ་མཚོན་གཞོན་སྐྱེས་མི་སྣ་རེ་ཡོང་བར་རེ་བ་སྦོམ་པ་རེ་མེད་པར་གྱུར་སོང་བ་ཡིན་པས་བོད་ཀྱི་རིག་གཞུང་ལ་གྱོང་གུད་བྱུང་བ་རེད་ཅེས་ཕན་ཚུན་སྐྱོ་གདུང་གི་རྣམ་པ་ཕྱི་རུ་མངོན།
གལ་སྲིད་ངེད་གཉིས་ཀྱི་ཉིན་གཅིག་གི་བྱ་བ་དེ་དག་མུ་འབྲེལ་གློག་བརྙན་ཟློས་གར་ཞིག་ཡིན་ན་ལེའུ་གཞན་ཞིག་གི་འགོ་བཟུང་བ་ལྟར། ཀླུ་སྨྱོན་གྱི་རྨི་ལམ་ཚུན་ཆད་ཡོངས་སུ་འཕྲོག་མྱོང་བའི་སྙན་ངག་མ་ཆུ་ཐིགས་ཀྱི་སྐོར་ཡང་རོབ་ཙམ་བཤད། ད་དུང་ཞོར་དུ་ ༢༠༡༢ ལོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཇི་ལྟར་སྤྲོད་ཕྱོགས་ལའང་བསམ་ཚུལ་བརྗེས་རེས་གང་འཚམས་བྱས། ཟ་ཁང་ནང་དུ་དུས་ཚོད་ག་ཚོད་ཕྱིན་པ་མ་ངེས་མོད་མགྲོན་བདག་གིས་ཟས་རིན་གྱི་ཤོག་བྱང་ཟུར་དུ་བཞག་སྟེ་ཕྱིན་སོང་། ཕལ་ཆེར་ཟ་ཁང་ནང་དུ་སྡོད་ཡུན་ཅུང་རིང་དྲགས་པ་ཡིན་སྲིད།
ཨ་ཁུ་ཀླུ་སྨྱོན་ཁོང་བཞུགས་སའི་མཚོ་འགྲམ་གྱི་མགྲོན་ཁང་དུ་སྐྱེལ། ཕྲན་ནང་དུ་ལོག་སྟེ་ཉལ་ཁྲིའི་ཐོག་གན་རྐྱལ་གྱིས་ཉལ་ཏེ་བསམ་བློ་ཞིག་བཏང་། ཧོར་འཇིགས་སོགས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་ཁག་ཅིག་གིས་རྩོམ་ཡིག་འབྲི་བའི་དུས་ཚོད་གསེར་ལྟ་བུ་དེ་དག་ཨ་སྒོར་དང་ཡོ་སྒོར་ལ་བརྗེ་བཞིན་པའི་ཚོར་སྣང་ཡང་བྱུང་བས་ཕང་སེམས་བཟོད་དུ་མེད་པ་ཞིག་སྐྱེས། སང་ཞོགས་པ་དེར་ཁོ་བོ་ཨ་རིའི་ཤར་ཕྱོགས་ཁུལ་དུ་ཉིན་གསུམ་རིང་དཔེ་ཁྲིད་ཅིག་གི་ཆེད་དུ་འགྲོ་དགོས། ཀླུ་སྨྱོན་ངེད་གཉིས་ཀྱིས་དུས་བགོས་བྱས་པ་གང་ཡང་མེད་ཀྱང་ཞོགས་ཀར་གནམ་ཐང་དུ་སླེབས་དུས།
ཁོང་དང་ས་སྐྱའི་བླ་མ་སྟོན་འཁོར་བཅས་གནམ་ཐང་དུ་སླེབས་འདུག འཚིག་ཇ་ཁང་ཞིག་ལས་ཤིང་ཏོག་ཁུ་བ་ཕོར་བ་གང་རེ་ཉོས་ཏེ་ཨ་རིའི་མངའ་སྡེ་ཁག་གི་ཕྱིའི་ཡུལ་ལྗོངས་དང་གནམ་གཤིས་སྐོར་ལ་གླེང་མོལ་བྱས། ཁོང་ཉིད་བཞུགས་གནས་སི་ཨེ་ཏྲོལ་ནི་སྟོན་ཁའི་ཟླ་གསུམ་རིང་རི་ཆུ་ནགས་ཚུལ་གྱིས་བཀོད་པས་ཡུལ་ལུང་ཐམས་ཅད་ཡིད་དུ་འོང་ཤིང་། ད་དུང་ཆུ་བོ་ཆུ་ཕྲན་གྱི་ཁ་དོག་ལེགས་པས། དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ཡིད་ངོར་ལྷང་ལྷང་འཆར་བ་ལྟ་བུའི་རི་གཟར་གྱི་རྦབ་ཆུ་ལུ་མ་ཡང་མང་རབས་བཤད། དུས་ཚོད་ཀྱིས་སྟབས་འགྲིག་ན་འདི་ལོའི་ཟླ་བ་བདུན་པ་དང་བརྒྱད་པ་གང་རུང་དུ་ཁོང་དང་ལྷན་ཉིན་ཤས་རིང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་རྒྱུ་བྱས་ཡོད། །

སྣ་ཚོགས།

Post navigation

Previous Post: ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་སམ། གངས་མེ་སྟག་ལགས་ད་ལྟ་གར་ཡོད་ཆ་མེད་དུ་གྱུར་ཡོད།
Next Post: གངས་ཅན་སྐྱིད་གཤོངས་ནས་སྒྲ་ཞིག་གྲགས་སོང་།

Comments (18) on “ཨ་ཁུ་ཀླུ་སྨྱོན་དང་བྱ་འཕུར་དབར་གྱི་གླེང་མོལ་ཉིན་ཐོ།”

  1. བོད། བཙན་པོའི་བུ་རྒྱུད། says:
    2012-05-30 at 12:55 pm

    ཨ་ཁུ་ཁུ་ལོ་གཉིས། ཁྱོད་གཉིས་ལྷན་འཛོམས་ཀྱི་ཉིན་མོའི་གླེང་མོལ་གྱི་བརྗོད་གཞི་རྒྱ་ཆེ་དྲགས་པས། བརྗོད་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་མ་ཐུབ་པའི་ཚོར་སྣང་བྱུང་ལ། སྤུངས་ཀྱང་མི་ཐུབ། དེའི་ནང་ནས་གཙོ་བོ་ཤར་ནུབ་སྤྱི་ཚོགས་ནང་མིག་མཐོང་ལག་ཟིན་གྱི་གནས་ཚུལ་དེ་དག་ཞི་ལི་ཞིས་མོ་གཅེར་བུར་རྒྱུ་བའི་མེ་ཏོག་ལྡུམ་ར་ནས་གླེང་ཙམ་གྱིས་ཕན་ཐོག་མེད། དེས་ན་ཆོས་ལུགས་སོ་སོའི་བླ་མ་དགེ་བཤེས་སོགས་ལ་སྙན་ཞུའི་ཡི་གེ་འབྲི་བ་དང། དེ་དག་གིས་ཕན་ཚུན་གྲོས་བསྡུར་འདྲ་བྱས་ན་བོད་ཀྱི་ཆོས་དང་རིག་གཞུང་ངོ་མ་ཇི་ལྟར་དར་སྤེལ་བྱ་བའི་ལམ་ཁ་ཡག་པོ་རེ་རྙེད་སྲིད། དེ་མིན་ནུབ་ཕྱོགས་ཁྲོད་བླ་མ་རེ་རེར་ཆོས་ལུགས་རེ་འབྱུང་བ་ཉག་གཅིག་གོ། བསམ་ཚུལ་ཙམ་དུ།

  2. སྟག་དམར་བ says:
    2012-05-30 at 1:04 pm

    ཉིན་ཐོ་བཀླགས་པ་ཡིན

  3. མྱུར་མགྱོགས་ཅན། says:
    2012-05-30 at 1:12 pm

    བསམ་ལོ་ཆེན་པོ་འདུག་རེ་བ་འགྲུབ་པའི་སྨོན་ལམ།

  4. རང་འཚོལ། says:
    2012-05-30 at 1:34 pm

    འཆར་ཡན་དུ་མ་གླེང་བའི་ཁ་བརྡ་འདིར།
    བརྗོད་གཞི་རྒྱ་ཆེ་དྲན་ཚད་གླེང་འདུག་ལ།
    མངོན་འགྱུར་ཡོད་ཚད་འཆར་ཡན་ལས་གྲུབ་པས།
    འཆར་ཡན་འདི་དག་འཇའ་རིས་ལྟར་མིན་པར།
    མངོན་དུ་འགྱུར་བའི་ལས་ལ་སྦྱོར་རོགས་གྱིས།
    དེ་མིན་འཆར་ཡན་འཆར་ཡན་ཉིད་འགྱུར་ན།
    ད་གཟོད་འཆར་ཡན་གླེང་བ་སྟོང་འཆལ་ཙམ།

  5. བོད། བཙན་པོའི་བུ་རྒྱུད། says:
    2012-05-30 at 2:03 pm

    ཟླ་བཀྲས་ཕུན་ཁང་ལགས། བརྗོད་བྱ་རྒྱ་ཆེ་དྲགས་པས་བརྗོད་དོན་ལྷན་དུ་དྲིལ་མ་ཐུབ་པ་བདེན་ཡང་། ཨ་ཁུ་གཉིས་ཀྱིས་ལྡུམ་རའི་ནང་གི་མེ་ཏོག་དཀར་ནག་དམར་གསུམ་ལ་བལྟ་བཞིན་ཉིན་གཅིག་གི་གླེང་མོལ་སྐྱིད་པོ་འདྲ་བྱས་མི་འདུག་གམ། མ་གཞི་འདི་དག་གིས་བོད་ཀྱི་གྲྭ་བའི་སྤུས་ཀ་ཇེ་ངན་དུ་བཏང་བ་ཡིན་མིན་ལ་ཐེ་ཚོམ་ཡོད། རྒྱུ་མཚན་ནི་གྲྭ་བ་ཕན་ཚུན་གྱི་གླེང་མོལ་སློབ་ཆེན་འགྲམ་གྱི་གཅེར་ཧྲང་བའི་འགྲམས་ནས་བྱས་འདུག་ག།

  6. ཆུ་ཐིགས་སྔོན་མོ says:
    2012-05-30 at 2:16 pm

    རྩོམ་པ་པོ་རྣམ་གཉིས་ཐུག་འཕྲད་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
    ཉིན་ཐོ་འདི་རིམ་པར་བཀླགས་ནས་མཇུག་བསྡུས་པ་ཡིན་་་་ཡག་པོ་འདུག་་་་བྱ་འདི་འཕུར་སྟངས་མགྱོགས་དྲགས་པས་ཡིན་ནམ་གང་ལྟར་ཡིག་ནོར་དང་བསྐྱར་ཟློས་ཡང་ཟློས་ཤིག་གིས་དྲ་ངོས་འགའ་ཡོངས་སུ་བཀང་འདུག་པས་ང་ལྟ་བུའི་ཡིག་ངོ་ཤར་ཤར་འདེད་མི་ཐུབ་པ་ཞིག་ཡིན་ཚེ་ཧ་ལམ་ཆུ་ཚོད་གཅིག་ཙམ་འགོར་གྱི་མེད་འགྲོ་་་་་ཚིག་ཉུང་ཞིག་གི་ནང་དུ་བསྡུས་ན་ལམ་སེང་ལམ་སེང་ལམ་སེང་་་་་ཧཧཧ་་་ཀུ་རེ་ཡིན་ད་་

  7. བསྟན་འོད་། says:
    2012-05-30 at 4:31 pm

    རྩོམ་པ་པོ་གཉིས་འཕྲད་ནས་གླེང་ལྷོང་ཡག་ཐག་ཆོད་ཞིག་ཀྱང་བྱུང་ཡོད་ངས་རེད་དེ་ལ་ནི་རྗེས་སུ་ཡི་རིང་ཡོད་།
    འོན་ཀྱང་ང་དོག་པ་ཞིག་ལ་གླུ་སྨྱོན་གྱིས་ཅི་གསུངས་ཐམས་ཅད་ཁྱེད་ཀྱི་ཐུགས་ངེས་མེད་ཐག་ཆོད་རེད་།
    དཔེར་ན་གཞོན་ནུ་མ་སྣམས་ཀྱི་གོན་པ་དེས་གསང་མཚན་མཐོང་གྲབ་མཐོང་གྲབ་བྱས་ཚེ་ལྟ་བུ་རེད་།
    ཧ་ཧ་ཧ་། ཀུ་རེ་ཡིན་་ད་བདེ་མོ་།

  8. རིག་པའི་བུ says:
    2012-05-30 at 5:59 pm

    རྒྱ་ཟས་གོང་ཁེ་ཞིང་མགྱོགས་བཟོ་བའི་རྒྱུ་མཚན་ལྡན་ཡང་བྲོ་བ་བཙན་ཞིང་འཕྲོད་བསྟེན་གནོད་པས་རྩོམ་པ་པོ་གཉིས་ཀྱིས་གཟབ་གལ་ཆེ། གནས་ཚུལ་གསུངས་པ་ཡག་བྱུང་།

  9. བོད། བཙན་པོའི་བུ་རྒྱུད། says:
    2012-05-30 at 6:43 pm

    མ་རེད། མ་རེད། རྒྱ་ཟས་གོང་ཁེ་བ་དང་མགྱོགས་པོར་བཟོ་བའི་རྒྱུ་མཚན་རེད་མི་འདུག ཨ་ཁུ་བྱ་འཕུར་གྱིས་་་་ཞབས་ཕྱི་མ་དག་གིས་མགྲོན་འབོད་ཀྱི་བསུ་བ་ལེགས་ཅིང་། རྒྱུན་དུ་མི་ཚོགས་མང་ཤོས་ཀྱི་གྲས་ཡིན། ་་་ཞེས་པའི་རྒྱབ་ལྗོངས་གང་ཞིག་ཡིན་པ་གསལ་བོ་རེད།།

  10. མདའ་བ་ཚང་། ལྷ་མོ། says:
    2012-05-30 at 10:10 pm

    ཨ་ཁུ། ཉིན་ཐོ་རྒྱས་བྲིས་འདི་སུམ་ཆ་གཅིག་བཀླགས་པ་ཡིན་ཆ་ཚང་བ་བཀླག་ལོང་མ་བྱུང་བས་དགོངས་འགལ་མེད་པར་ཞུ།

  11. དགེ་འདུན་བསྟན་པ། says:
    2012-05-31 at 6:23 am

    གྲྭ་རྒན་འདི་ཚོའི་སྙུག་རྩལ་དེ་འདྲ་ཧྲ་རྒྱུ་མེད་ཀ སྙན་ངག་པ་ཡིན་ན་ཚིག་ལྷུག་ད་འབྲི་ཤེས་ཀི་མེད་ས་རེད

  12. གནམ says:
    2012-05-31 at 8:06 am

    ཉིན་ཐོ་འདི་དོན་དག་ཅི་ཞིག་གི་ཆེད་དུ་དྲ་ངོ་འདི་ལ་སྤེལ་བ་རེད། རིན་ཐང་ཅང་མེད་ཀི་ཡ། ཁྱོ་གཉིས་ཀྱིས་བུ་བུ་མོའི་རྐུབ་ལ་ལྟ་བ་དང་རྒྱ་ཟས་ཟ་བ་སོགས་ཀྱི་ཆོད་མེད་འདི་གློག་ནས་དུས་ཚོད་འཕྲོ་རློག་དུ་བཏང་སོང་བས་ད་ཅི་བྱེད།

  13. གནམ says:
    2012-05-31 at 8:10 am

    ཀློག་ནས

  14. སྤྱང་ཤོག་བཀྲ་ཤིས says:
    2012-05-31 at 8:50 pm

    ཨ་ཁུ་ཁྱེད་གཉིས་ཀྱི་རྩོམ་ཡིག་སྐོར་ལ་གླེང་མོ་བྱེད་སྐབས་བོད་ཀྱི་རྩོམ་པ་པོ་ཚ་བ་མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས་ལ་མཁས་དབང་ཁྱེད་གཉིས་ཀྱི་དགོངས་ཚུལ་ག་འདྲ་ཡོད།

  15. ཁྲོ་ཐུང་ says:
    2012-06-01 at 3:31 am

    བླ་སྤྲུལ་ཁྱེད་གཉིས་ཀྱི་རྩོམ་ཡིག་སོགས་ཀྱི་སྐོར་གླེང་མོ་གནང་བ་ལ་ཡི་རང་ཡོད།

  16. བོད་ལ་དགའ་བའི་བུ། says:
    2012-06-01 at 10:52 am

    བྱ་འཕུར་འཕུར་ཐེངས་མང་གི། ཀླུ་ཡི་སྨྱོས་ཆུ་འཐུང་འདུག། ནང་ནས་འབར་བའི་བོད་པ།། ཕྱི་ནས་མཐོང་གི་མི་འདུག།

  17. དྲ་འབུ། says:
    2012-06-01 at 12:26 pm

    དྲ་འབུ་་་་་བཀླགས་ཏེ་བུ་སོང་།

  18. ཆུ་ཐིགས། says:
    2012-07-06 at 11:52 am

    ༑ །དྲོ་སྐྱིད་ཀྱི་ཉི་མ། མུན་སེལ་གྱི་ཟླ་བ། ཞིང་བསིལ་གྱི་སྐར་ཚོགས། འཛམ་གླིང་གི་མགོན་སྐབས། ས་སྟེང་གི་སྐྱབས་མཆོག ཕན་བདེ་ཡི་གཞི་རྩ། འུ་ཅག་གི་བླ་མ། འདི་ཕྱི་ཡི་རེ་སྐྱབས། ཡིད་བཞིན་ནོར་མཆོག་ཁྱེད་ཉིད་ནི། སྒྲིབ་བྲལ་གྱི་དག་པའི་ཞིང་ཁམས་ནས་རྨད་བྱུང་གི་ཐུགས་བསྐྱེད་སྟོབས་ཀྱིས་འཁྲུག་རྩོད་ཀྱི་མཚོན་ཁ་བརྡོལ་བའི་གོ་ལ་འདིར་བསམ་བཞིན་སྲིད་པའི་ཚུལ་བཟུང་ནས་ད་བར་མི་ལོ་ཧྲིལ་པོ་དོན་བདུན་ཡུད་ཀྱིས་འཁོར་བའི་དེ་རིང་གི་བཀྲ་ཤིས་པའི་སྐུའི་འཁྲུངས་སྐར་དགེ་བའི་ཉིན་མོ་འདི་ལ་གུས་འབངས་སུ་ གཏོགས་པའི་ཉམ་ཆུང་བདག་གིས་དྭངས་ཤིང་གཙང་བའི་ལྷད་མེད་དད་གདུང་དྲག་པོ་སོར་མོའི་འདབ་མ་སྙིང་ཁར་ཟུམ་ཏེ་ལྷ་ཕྱག་གྲངས་མེད་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང། བླ་ན་མེད་པའི་གསོལ་སྨོན་ཤུག་དྲག་ཏུ་འདེབས་པ་ནི། ཁྱད་ཆོས་བརྒྱད་ལྡན་གྱི་རྩ་བའི་བླ་མ་ཁྱེད་ཉིད་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཐུགས་བཞེད་ཇི་ཡོད་འབད་མེད་ལྷུན་གྱིས་འགྲུབ་པ་དང་མཛད་བཟང་ལ་ད་ལྟའི་མུ་བཞིན་ཡར་ཟླར་འཕེལ་བའི་སྨོན་ལམ་སྙིང་ཁོངས་རུས་པའི་གཏིང་ནས་འདེབས་པ་ལགས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme