Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པཎ་ཆེན་ཐམས་ཅད་མཁྱེན་པའི་རྗེས་དྲན་ཡིད་ཀྱི་སྨྲེ་ངག

Posted on 2012-04-27 By ཁ་བརྡ་ 20 Comments on པཎ་ཆེན་ཐམས་ཅད་མཁྱེན་པའི་རྗེས་དྲན་ཡིད་ཀྱི་སྨྲེ་ངག

སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ།

༄༅། །བདེ་ཅན་ཞིང་ནས་གངས་ཅན་བོད་དུ་སྐར་མདའ་བཞིན་དུ་བྱོན་པ་ཡི། །
རྒྱལ་བའི་དབང་པོ་འོད་ཟེར་དཔག་མེད་པཎ་ཆེན་སྙིང་གི་ནོར་བུ་ལགས། །
ད་སྟེ་ཁྱེད་ཉིད་ཞི་བར་གཤེགས་ཏེ་ལོ་གྲངས་ཉེར་གསུམ་ཙམ་ཞིག་ཐལ། །
འོང་ཏང་བདག་གི་ཁོག་པའི་སྙིང་དུ་ཁྱེད་ཉིད་ཁ་སང་བཞིན་དུ་བཞུགས། །

གྱ་བདུན་ལོ་རུ་མགོན་པོ་ཁྱེད་ཉིད་བོད་ཁམས་ཤར་ཕྱོགས་འདབ་ཡུལ་དུ། །
དགྱེས་བརྩེས་གཟིགས་པས་ཞབས་ཟུང་འཁོར་ལོ་དཀའ་བ་སྟོང་གིས་སྒྱུར་བ་ན། །
ཁྱེད་ཀྱི་ཞལ་རས་ཉ་གང་ཟླ་བས་འཛུམ་དམུལ་དམུལ་གྱི་དགྱེས་ཉམས་བཅས། །
བྱམས་བརྩེ་ཕྱག་གིས་བདག་གིས་མགོ་བོར་རེག་པར་མཛད་པ་ཡིད་ལ་དྲན། །

བོད་རྒྱའི་ཆབ་སྲིད་རླུང་འཚུབ་དཀྱིལ་དུ་ཁྱེད་ལ་རྒྱ་ཕྲུག་མིང་གིས་སྨོད། །
བོད་ཀྱི་དཀའ་སྡུག་བཟོད་པར་མ་ནུས་ཡིག་འབྲུ་ཁྲི་བདུན་སྙན་ཞུ་བྲིས། །
གསར་བརྗེར་ངོ་ལོག་རྒོལ་རྡུང་ཁྲོད་དུ་ཁྱེད་ཉིད་ཕབ་ནས་འཐབ་འཛིང་བྱས། །
འདོམས་གང་མུན་ནག་ཁང་ཆུང་ནང་དུ་ལོ་ངོ་དགུ་ལ་བཙོན་དུ་བཅུག །

འཛམ་གླིང་སྤྱི་ཡི་དུས་འགྱུར་འགྲོས་ནས་ཁྱེད་ལ་འགྲོ་སྡོད་ཆོག་མཆན་ཐོབ། །
བློ་མིག་ཡངས་པའི་དཔོན་པོས་སྐྱོར་ནས་ཁྱེད་ལ་གོ་མིང་སླར་གསོ་བྱས། །
ཉམ་ཆུང་འབངས་ལ་ཁྲི་ཆེན་སྟེང་ནས་ཁོག་སྟོང་འགྱིང་ཉམས་ཁྱེད་ལ་མེད། །
སླར་ཡང་བོད་ཀྱི་སྡུག་རེ་རེ་ཕྱག་མཛུབ་ཀེར་ནས་བགྲངས་པར་མཛད། །

བོད་ཀྱི་རིག་གཞུང་ཉམས་པ་གསོ་བའི་ཐབས་ཚུལ་དུས་དྲུག་འཁོར་མོར་སེམས། །
རྒྱ་ཡི་དཔོན་པོར་མཐེ་བོང་འཕྱུར་ནས་རེས་འགར་འཇམ་པོས་སྐུ་མཁྱེན་ཞུ། །
རེས་འགར་སྙིང་སྟོབས་ཞུམ་པ་མེད་པས་ཁུར་ཚུར་དྲག་པོས་མདུན་དུ་བརྡབ། །
དམར་པོའི་གཞུང་གི་དཔོན་ཆེན་མདུན་དུ་ངར་སྐད་ཕྱུང་ནས་གནས་ལུགས་བསྒྲགས། །

གུང་ཁྲན་གཞུང་གི་སྲིད་ཇུས་གསར་པའི་འགྱུར་འགྲོས་བར་ན་ཁྱེད་ཉིད་ཀྱིས། །
མདོ་དབུས་ཁམས་གསུམ་བོད་ཕྲུག་སྟོང་གི་མ་འོངས་མདུན་ལམ་ལྷམ་མེར་སྟོན། །
ཕ་ནོར་སྐད་ཡིག་ནུབ་པ་མེད་པའི་སློབ་གྲྭ་སྟོང་གི་སྒོ་འཕར་ཕྱེ། །
རིག་གཞུང་ཆ་ལག་ཀུན་ནས་རྒྱས་ཕྱིར་ཐབས་ཇུས་སྟོང་གི་བཀའ་སློབ་ཕེབས། །

དམར་པོའི་གཞུང་གི་དཔོན་ཆེན་མདུན་སར་ད་དུང་ཁྱེད་ཀྱིས་འདི་ལྟར་བསྒྲགས། །
རོགས་སྐྱོར་དངུལ་དང་གཏོར་བཤིག་སྡུར་ཚེ་གཏོར་བཤིག་དེ་བས་ཆེ་ཞེས་གསུངས། །
ཐའི་ཝོན་ཕྱོགས་ལ་ཇི་ཙམ་འོས་པ་ང་ཚོ་བོད་ལའང་ལོས་དགོས་གསུངས། །
ཆོལ་གསུམ་གཅིག་སྒྲིལ་རང་སྐྱོང་དགོས་པ་ཁ་བྲལ་བྱ་བ་མིན་ཞེས་གསུངས། །

ཀྱེ་མ་གངས་ཅན་འགྲོ་བའི་བླ་མ་པཎ་ཆེན་སྙིང་གི་ནོར་བུ་ལགས། །
དེང་དུས་རྒྱ་ཡི་དཔོན་ཆེན་གོ་སར་མིང་གིས་འགྱིང་བའི་རང་རིགས་ཚོའི། །
འབངས་ཀྱི་བདེ་སྡུག་རྒྱབ་ཏུ་དོར་ནས་རྐུབ་སྟེགས་ཙམ་ལ་འཐམས་པ་འདི། །
ཡང་ཡང་མཐོང་ཚེ་ཁྱེད་ཉིད་དྲན་པའི་གདུང་བ་ས་སྟེང་འདིར་མི་ཤོང་། །

བོད་འབངས་བསོད་ནམས་མཐུ་ཡིས་མ་འཁྱོགས་ཀྱེ་མ་ཁྱེད་ཉིད་གྱ་དགུ་ལོར། །
སུ་དང་གང་གིས་མ་བསམ་ས་ནས་གངས་རིའི་ཞིང་གི་མཁའ་དབྱིངས་ནས། །
འོག་མིན་བདེ་ཅན་ཆོས་ཀྱི་གྲོང་དུ་གློ་བུར་གཤེགས་པའི་གཏམ་ངན་འདིས། །
དེང་ཡང་བདག་སྙིང་ཚལ་པར་གས་ནས་ཁྱེད་ལ་འོ་དོད་གདུང་དབྱངས་ཐལ། །

སྔོན་ཚེ་རྒྱལ་སྲས་སྤྱན་མི་འཛུམ་པར་དཔུང་རོགས་དམ་བཅའ་བརྗེད་དམ་ཅི། །
གངས་ཅན་ཞིང་འདི་ཕྱག་ཏུ་བཟུང་བར་འགྱུར་མེད་ཞལ་བཞེས་བསྙིལ་ལམ་ཅི། །
སྙིགས་ལྔའི་རང་མདངས་ལྷག་པར་བདོ་བར་ཁྱེད་ཐུགས་ཞུམ་པར་འགྱུར་ལགས་གྲང་། །
བདག་ཅག་བྱམས་བརྩེའི་པང་ནས་དོར་བ་ཁྱེད་ཀྱིས་ཐུགས་དགོངས་ཅི་ཞིག་ལགས། །

ཅེས་པ་འདི་ནི་སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ནས་པཎ་ཆེན་ཆུང་སྲིད་མཆོག་གི་འཁྲུངས་སྐར་ལ་ཕུལ་བའོ། ༢༠༡༢ ཟླ་ ༤ ཚེས་ ༢༧ ལ། །

སྙན་ངག

Post navigation

Previous Post: བོད་ཆས་གྱོན་གི་མིན་ཟེར་། (ཨ་རིའི་བོད་སྐད་རླུང་འཕྲིན་ཁང་།)
Next Post: མི་རིགས་ཀྱི་ངོ་བོ་མི་རིགས་གང་དེའི་སྐད་ཡིག་ཡིན་ཚུལ་ལས་ཉུང་ངུར་གླེང་བ།

Comments (20) on “པཎ་ཆེན་ཐམས་ཅད་མཁྱེན་པའི་རྗེས་དྲན་ཡིད་ཀྱི་སྨྲེ་ངག”

  1. སྲིན་པོ་རྫ་རྒན། says:
    2012-04-27 at 12:54 pm

    སྔོན་གྱི་ལྷ་རམས་པ་ཚོ་དང་དེང་སང་གི་ལྷ་རམས་པ་ཚོ་བསྡུར་ནས་བལྟས་ན། ཤི་རེ་ཁོ་བསམ་སྤྱད་ཅིག་རེད།

  2. གུ་རུའི་སྲས། says:
    2012-04-27 at 1:55 pm

    སྐུ་ཉིད་ཀྱིས་༧པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་དྲིན་རྗེས་དྲན་གྱི་རྩོམ་ཡིག་འདིས་གུས་པའི་སེམས་ཁོང་གྲང་རྐྱང་དུ་བཏང་སོང་། ངོ་མ་བླ་མ་འདི་གཤེགས་པ་སྔ་ཐག་ཆོད་སོང་། བོད་མིས་སྒྲོ་བཀུར་ཚད་མེད་ཞུས་པས་སྤྱི་མཐུན་བསོད་ནམས་ཟད་པ་ཡིན་ངེས་རེད།
    བླ་མ་ཁོང་ང་དང་ཆོས་བརྒྱུད་གཅི་པ་མིན་ཀྱང་། ང་རང་གི་ཕ་མ་འདས་པོ་ལས་དྲན་པ་འདུག ཁོང་དྲན་ཐེངས་རེར་སེམས་ལ་ན་ཟུག་རེ་བཏང་གི་འདུག ཕལ་ཆེར་ང་དང་འདྲ་བའི་བོད་ནང་གི་གཞོན་སྐྱེས་ཕལ་ཆེར་ལ་བསམ་ཚུལ་གཅིག་མཚུངས་འདུག དེ་ནི་ཁོང་གིས་ཤུལ་དུ་བཞག་གནང་བའི་ལག་རྟགས་གཅིག་པུ་དེ་རེད། ༧པཎ་ཆེན་བླ་མ་དགེ་ལྡན་པའི་བླ་ཆེན་ཞིག་ཡིན་ཀྱང་། ཁྱོད་བོད་འབངས་ཚང་མར་ཤིན་ཏུ་མཁོ།

  3. ཤར་ཕྱོགས་ཁུག་རྟ། says:
    2012-04-27 at 2:01 pm

    ༧ པཎ་ཆེན་བཅུ་པའི་གྲངས་ཀྱིས་བསྟོད་པའི་དཔང་རྟགས་ད་དུང་མ་རྙེད་ཀྱང་།།
    ཁྱིམ་མཚེས་རེ་འགར་ཕྱག་ལག་བསྐྱངས་པའི་སྐྱེ་རྒྱུན་ཡོད་པར་མ་འདོད་ཀྱང་།།
    གོ་གུང་གཉིས་ཀའི་མཆེ་སྡེར་འགྲན་དུས་རྣམ་དཔྱོད་རྒྱས་པར་མ་སེམས་ཀྱང་།།
    ས་ནས་སོན་པའི་དཔའ་བོ་ཁྱེད་ལ་དཔའ་བོའི་ཤུལ་གྱི་ཞབས་རྗེས་གདའ།།

  4. ཤར་ཕྱོགས་ཁུག་རྟ། says:
    2012-04-27 at 2:03 pm

    ཚིག་རྐང་མཐའ་མ་ཡང་ན་འདི་ལྟར་བརྗེ་ཆོག

    བིས་མདོའི་མགོན་པོ་ཚེ་བརྟན་ཁྱེད་ལ་གངས་ཅན་དཔའ་བོའི་ཞབས་རྗེས་གདའ།།

  5. བློ་བཟང་གྲགས་པ། says:
    2012-04-27 at 2:21 pm

    དེ་རིང་འདི་གར་ཁ་བརྡ་དྲ་ལམ་དུ་སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་ནས་མཛད་པའི་པཎ་ཆེན་ཐམས་ཅད་མཁྱེན་པའི་རྗེས་དྲན་ཡིད་ཀྱི་སྨྲེ་ངག་ཅེས་པའི་རྩོམ་ཡིག་འདི་མཇལ་རྒྱུ་བྱུང་པར་བདག་གི་བསོད་ནམས་དང་སྐལ་བ་ཞིག་རེད་སྙམ། མ་འོངས་པར་གང་གི་རྩོམ་ཡིག་གང་མང་མཇལ་རྒྱུ་འབྱུང་པ་དང་ཁྱེད་ཉིད་མཛད་འཕྲིན་ཡར་ངོ་ཟླ་ལྟར་གྱུར་པ་དང་སྐུ་ཚེ་ཡུན་དུ་རྟེན་པར་སྨོན་འདུན་ཞུ།

  6. འདོད་ལྷ་ཁམས་པ། says:
    2012-04-27 at 2:56 pm

    དགེ་བཤེས་ལྷ་རམས་པ་དང་སྤྲུལ་པའི་སྐུ་རིན་པོ་ཆེ། ཨ་་་་ཨ་་་་་ཨ །

  7. བོད་དགའ says:
    2012-04-27 at 3:09 pm

    ཨེ་མ་ཧོ་སྨན་བྱུང་སྐལ་པ་བཟང་། ད་ཡིན་ན་ང་ཚོས་སྐུ་གོང་མའི་བཀའ་དྲིན་དྲན་པ་དང་ཆབས་ཅིག ཡང་སྲིད་རིན་པོ་ཆེ་ཕྲལ་མྱུར་གློད་གྲོལ་འཐོབ་པའི་ལས་སྐུལ་ངེས་པར་དུ་སྤེལ་དགོས་འདུག ཡང་སྟེང་རིན་པོ་ཆེ་འགོ་འཁྲིད་རོགས་གནང་།། །།

  8. ཨ་རིག་དགེ་མཐོང་། says:
    2012-04-27 at 5:20 pm

    ལྷ་རམས་པ་ལེགས་ཤོས་ཤིག་ཡིན། ཁོང་གིས་རྩོམ་ཡིག་གང་མང་སྤེལ་བར་རེ་བ་ཆེ།

  9. ཞོལ་ཕྲུག says:
    2012-04-27 at 7:45 pm

    བོད་དགའ་ལགས། ཨེ་མ་ཧོ་རྨད་བྱུང་བསྐལ་པ་བཟང་།
    ཇ་མཆོད་འདྲེན་པ་མཉམ་མེད་ཆ་ཚང་ཞིག་འདིར་བཀོད་རོགས་གནང་།

  10. སྐྱུ་རྩི་ནས། says:
    2012-04-27 at 8:27 pm

    འོད་གསལ་ལྷ་རིགས་འཁོན་གྱི་རིགས་ལས་མདོ་སྨད་རྟ་ཡི་ཆོལ་ཁར་བལྟམས།
    ལྷ་དང་བླ་མའི་བླ་མེད་ལུང་དང་དམ་པའི་རང་རྟགས་མངོན་པ་ལས།
    འོད་མཚན་མགོན་པོའི་མཆོག་གི་སྤྲུལ་སྐུར་འཁྲུལ་བྲལ་ངེས་པ་རྙེད་པ་ན།
    གྲུ་འཛིན་མགོན་གྱིས་བསྟོད་པའི་དབྱངས་བཅས་མཚན་གསོལ་སྙིམ་པའི་མེ་ཏོག་གཏོར།

  11. བོད་དགའ་ says:
    2012-04-27 at 11:10 pm

    ཞོལ་ཕྲུག་ལགས་སྐབས་སུ་བབས་པ་ནི་ཨེ་མ་ཧོ་རྨད་བྱུང་སྐལ་པ་བཟང་ཞེས་པ་འདི་ཁོ་ནས་ཆོག ཁྱེད་རང་ལ་དུས་ཚོད་ཡོད་ན་ཇ་མཆོད་ཆ་ཚང་ཞིག་བཀོད་རོགས། ཧ་་ཧ་་ཧ་་རྩེད་མོ་ཡིན་ད་བདེ་མོ་བྱོས་ཨོ་ལོ།།

  12. ལ་རྒྱའི་བདག་པོ། says:
    2012-04-28 at 3:12 am

    འདྲེན་པ་མཉམ་མེད་བཟས་གཙང་སྲས།།
    དེ་སྲས་མཁྱེན་དང་བརྩེ་བའི་བདག།
    འཇམ་པའི་དབྱངས་དང་མི་ཕམ་མགོན།།
    མཆོད་པ་འབུལ་ལོ་བཞེས་སུ་གསོལ།།
    ཞེས་དང་།དེའི་མཇུག་དེ་དྲ་གྲོགས་བོད་དགའ་དང་།ཞོལ་ཕྲུག་གིས་ལས་འགན་ཡིན།ཡིན་ནའང་དེ་རིང་ཇ་གྲང་མོ་ཆགས་པ་དང་།རྩམ་པ་དང་ཕྱུར་བ་ཡང་ལུས་འདུག་པས་ད་གང་དྲག

  13. སྐྱུ་རྩི་ནས། says:
    2012-04-28 at 5:21 pm

    ཨ་རོགས་མཛའ་ཉེ། བོད་དགའ་དང་། ལ་རྒྱའི་བདག་པོ། ཞོལ་ཕྲུག་བཅས་བདེ་མོ། ང་ཚོ་འུར་ཁང་ནས་ཁ་བྲལ་བ་ནས་ཡུན་རིང་ཐུགས་མ་སོང་།

  14. ཞོལ་ཕྲུག says:
    2012-04-28 at 5:40 pm

    སྐྱུ་རྩི་ལགས། ཚང་མ་སྒོ་ཇ་ལ་ཤོག

  15. ལ་རྒྱའི་བདག་པོ། says:
    2012-04-29 at 4:26 am

    དེ་རིང་ཞོགས་ཇ་གྲོལ་དུས་རྫོགས་རྒྱུག་མཐོང་སོང་།གླིང་ཤར་དུ་རྫོགས་རྫོགས་ཡོད་ས་རེད།ལྟ་བར་འགྲོ་གི་ཡིན་ནམ།

  16. ཀརྡོ་གཉེར་ཕྱག་པ་ says:
    2012-04-29 at 5:52 am

    ལྔ་བཅུ་ང་དགུའི་ལོ་ནས་བཟུང་། །
    ༸པཎ་ཆེན་བཅུ་པ།
    བཟོད་དཀའ་མང་པོ་མྱངས་པའི་ནང་། །
    ལོ་དགུ་བཙོན་འཇུག་མནར་རྗེས་སུ། །
    ཁྲི་བདུན་འབོད་ཚིག་བྲིས་ནས་མཐར། །
    བརྒྱད་དགུའི་ལོ་ལ་ནམ་མཁར་ཡལ། །

    དགུ་བཅུའི་ལོ་སླར་ཡང་བོད། །
    ནག་ཆུ་ཁུལ་དུ་འཁྲུངས་པ་ན། །
    གོ་ལྔའི་ལོ་ལ་ངེས་བརྙེད་འཚམས། །
    ལོ་དྲུག་སྐབས་ལ་བཟང་བཙོན་བཅུགས། །

    ༸པཎ་ཆེན་བཅུ་གཅིག་པ།
    ༸པཎ་ཆེན་བཅུ་པས་ལས་སྨོན་དང་། །
    བོད་བསྟན་དད་མོས་ས་ཡ་དྲུག །
    ཁྱད་པར་ཞྭ་སེར་བསྟན་བདག་ཏུ། །
    གསེར་ཞལ་ཉི་གཞོན་འཆར་ལ་ཉེ། །

    དཀོན་མཆོ་གསུམ་གྱིས་བདེན་མཐུས་དང་། །
    བདེ་ལྡན་ཞིང་མགོན་སྨོན་ལམ་གྱིས། །
    ལས་སྨོན་བདེན་འབྲས་ཆོས་ཉིད་སྟོབས། །
    ༸པཎ་ཆེན་བསྟན་དགེ་མྱུར་གྲོལ་ཤོག །

    རྒྱལ་མཚན་ནོར་བུ་ལགས།
    ན་སོ་ཆུང་དུས་བཙན་གྱིས་བསྐོས། །
    བཅོ་བརྒྱད་ཡོལ་དུས་རང་ངོ་ཤེས། །
    ཉེར་གསུམ་བར་དུ་ཆོས་སྲིད་སྦྱངས། །
    འོས་སྤྲུལ་ཁྱོད་ཀྱང་དོན་ལྡན་ཤོག །

  17. མེ་ཏོག་དཀར་པོ། says:
    2012-04-29 at 7:29 am

    དེ་རིང་ཀ་རྡོས་འོས་སྤྲུལ་ལ་བསྡོམས་ཚིག་ལེགས་པོ་ཞིག་གནང་འདུག དེ་བཞིན་ཁོ་བོས་ཀྱང་རེ་བ་ཞུ།

  18. གཞིས་ཆགས་བུ་། says:
    2012-04-30 at 2:03 am

    ༸པཎ་ཆེན་ཁྱེད་ཀྱིས་རླབས་ཆེན་མཛད་ཆེན་བདག་གི་རྣ་བར་ཐོས་ཐེངས་རེར། །
    ཁྱེད་ལ་བཅངས་པའི་དད་པའི་རླབས་ཕྲེང་མཐོ་བའི་ནམ་མཁའི་སྟེང་དུ་འཕྱོ། །
    ཁྱེད་ཉིད་དྲིན་ལས་བོད་ཀྱི་སྐད་དང་རིག་གཞུང་གསོན་པོར་གནས་ཐུབ་ཅིང། །
    བོད་འབངས་སེམས་སུ་ཁྱེད་ཀྱི་གསེར་ཞལ་རྡོ་རིས་བཞིན་དུ་གནས་ནས་ཡོད། །

  19. དལ་བའི་ཕོ་ཉ། says:
    2012-05-01 at 12:25 pm

    པཎ་ཆེན་སྐུ་འཕྲེང་བཅུ་པ་ཡི། །
    འཁྲུངས་སྐར་ཉིན་མ་བཟང་པོའི་ཉིན། །
    མཛད་རྗེས་མདོར་བསྡུས་ཡིག་ཐོག་ཏུ། །
    བཀོད་པ་ཤིན་ཏུ་དགའ་པོ་བྱུང་། །

    ཁོང་གིས་གསུང་པའི་ལེགས་བཤད་དག །
    རང་རིགས་སྤུན་ཟླ་ཐམས་ཅད་ཀྱིས། །
    མ་བརྗེད་སེམས་སུ་ཉིན་རྟག་ཏུ། །
    དྲན་པར་བྱེད་ན་ཧ་ཀྱང་ལེགས། །

  20. དལ་བའི་ཕོ་ཉ། says:
    2012-05-01 at 12:37 pm

    པཎ་ཆེན་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་ཉིན་མོར་ཡང་སྟིང་རིན་པོ་ཆེ་ལགས་ཀྱིས་བསྟོད་ཚིག་སྙན་མོའི་གླུ་དབྱངས་ལེན་པར་སེམས་གཏིང་ནས་དགའ་པོ་བྱུང་། ད་དུང་ཡང་མུ་མཐུད་ནས་སྙན་རྩོམ་འབྲི་བའི་རེ་བ་ཡོད། རིན་པོ་རང་གི་སྙན་རྩོམ་འདི་བརྗོད་བྱ་ཟབ་ལ་བརྗོད་བྱེད་སྙན་པས་ཉན་ན་རྣ་བར་སྤྲོ་ཞིང་བསམ་ན་དོན་སྙིང་ལྡན་པ། རེད་ཡ་ངོ་མ་ལྷག་རམས་པའི་སྤྲུལ་པའི་སྐུ་ཞིག་གིས་བརྩམས་པ་ལོས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme