Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

(ཞོགས་དུང་སྙིང་སྟོབས)་ལ་ཕུལ་བ།

Posted on 2012-04-22 By ཁ་བརྡ་ 21 Comments on (ཞོགས་དུང་སྙིང་སྟོབས)་ལ་ཕུལ་བ།

ཨ་རིག་དགེ་མཐོང་།
རྩོམ་བརྡ་ལས་འཕྲོས་ཏེ་གླེང་བ།
ཁོ་བོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕྱིར་རང་ཤག་ཏུ་ཐོན་མ་ཐག་དྲ་རྒྱ་ཁག་གི་སྒོ་ཕྱེས་ཏེ་བལྟས་ཡིན། ཁོ་བོའི་ཟིན་བྲིས་དགོན་པ་དང་སྒོར་མོ་ཞེས་པའི་འོག་ཏུ་མཆན་བུ་ཞིག་བཏབས་པ་འདི་ལྟར་ཏེ། སྐུ་ཞབས་ཞོགས་དུང་གི་བསམ་བློའི་ཆ་དང་དགག་སྒྲུབ་སྙིང་སྟོབས་ཀྱི་ཆ་ལས་ཆབ་སྲིད་སྐོར་མི་གླེང་རོགས་ལྟ་བུའི་རྩོམ་བརྡ་ཞིག་འབྱོར་ཐལ། ང་ཚོས་དགེ་ཆོས་དང་དོན་གྲུབ་རྒྱལ་ལ་སྒྲོ་བཏགས་ཏེ་ངག་ཐོག་དང་ཡིག་ཐོག དྲ་སྟེང་དང་ཚགས་དེབ་སྟེང་ནས་ཤེས་ཡོན་པ་དང་བླུན་རྨོངས་པ། ཤེས་ནས་དཔྱད་མཁན་དང་མ་ཤེས་ཀྱང་འུར་འདྲོགས་བྱེད་མཁན་གང་མང་མང་གིས་གླེང་བ་རེད། དོན་དངོས་སུ་གླེང་རིན་ཡང་ཡོད་རེད། ལྷག་པར་ངས་བལྟས་ན་དགེ་ཆོས་དང་དོན་གྲུབ་རྒྱལ་ལས་ཀྱང་སྐུ་ཞབས་ཞོགས་དུང་གླེིང་རིན་འདུག་པ་དང་། གླེང་དགོས་པ་ཞིག་རེད་བསམས། རྒྱུ་མཚན། བོད་ཁུལ་ ཡོངས་ལ་བགྲོ་གླེང་མེད་པར་རང་ས་ན་གཉིད་སྐབས་སུ་གློ་བུར་དུ་ཞོགས་དུང་གིས་ཤེས་ རྨོངས་པ་དང་བག་ཆགས་ཀྱིས་གཉིད་དུ་ཡུར་བའི་མཁྲེགས་འཛིན་པ་ཚོ་ལ། དུང་ཆེ་ཆུང་གཉིས་རྣ་ལམ་དུ་སྒྲོག་པ་ནི་འཕག་འཚག་གི་ང་རོ་དང་བག་ཆགས་དོང་སྤྲུག་གཉིས་སོ། ། དེ་གཉིས་འཇིག་རྟེན་འདིར་ཐོག་མར་ཐོན་པའི་ཉིན་ནས་འགའ་རེས་བཀྲ་མི་ཤེས་ཤིང་དོན་མ་འགྲུབ་པའི་ཕྱོགས་སུ་བཟུང་སྟེ། རྩོམ་ཡིག་བཀླག་ནི་མ་དགོས་ས་ཕྱོགས་སུ་ཡོང་ན་རྣམ་རྟོག་ལྟ་བུར་བརྩིས་པ་རེད། ད་ དུང་དགོན་པ་ཁག་ཅིག་གི་དགེ་རྒན་དང་མཁས་མིང་འཛིན་པ་རེ་ཟུང་གིས་དཔྱོད་ཤེས་ རྒྱང་འབོད་ཅེས་པའི་ཞོགས་དུང་གི་བྱིས་པ་དམར་འབྱར་དེ་རྩོམ་རིག་ལ་མོས་པའི་རང་ གི་དགེ་ཕྲུག་ཚོའི་གཟན་ཤམ་འོག་ནས་དམར་གསོད་བཏང་བའི་གཏམ་རྒྱུད་སྨད་རྒྱ་ནག་ནས་ སྟོད་རྒྱ་གར་ཏུ་གྲགས་པ་རེད།
དོན་དངོས་སུ་ཞོགས་དུང་གི་སྐད་ཆ་དང་ཞོགས་ དུང་གི་བསམ་བློ་ལ་ཞིབ་འཇུག་མ་བྱས་པར་འདི་ལྟར་འབུར་འཇོམས་བྱས་པ་ནི་སྟོན་པའི་ ལྟ་གྲུབ་དང་ཚད་མའི་ཚད་ཐིག་སོགས་ནས་ཕྱི་ལོགས་སུ་བུད་པ་རེད། ངས་ཞོགས་དུང་གི་བཤད་ཚུལ་བདེན་པ་རེད་ཟེར་གི་མེད་ལ། ཞོགས་དུང་ནི་བོད་གངས་ཅན་གྱི་མཁས་པ་དང་གསར་བཏོད་པ་པོ་སྙམ་གྱིན་མེད། ཡིན་ནའང་། ཞོགས་དུང་ གི་དུང་སྒྲ་སྙན་མིན་ལ་མ་བལྟས་པར་དགོན་པ་ནས་འབུད་མི་ཆོག་པ་དང་གྲོང་པ་ནས་ འཇོག་མི་ཆོག་པ་ལྟ་བུའི་སྒེར་གཅོད་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ཞོགས་དུང་གི་སྐད་ཆ་བསྡུས་ཏེ་གླེང་བ།
སྐུ་ཞབས་ཞོགས་དུང་གིས་ཐོག་མཐའ་བར་གསུམ་དུ་དཔེ་དེབ་དང་རྩོམ་ཡིག་མང་བོ་སྤེལ་བ་དང་དེ་ལ་དགའ་བསུའི་ཐལ་སྒྲ་བར་མེད་དུ་བརྡེབ་མཁན་དང་། སྡང་སེམས་ཀྱི་མིག་ཟུང་ལྷོག་ལྷོག་ཀེར་བྱས་ཏེ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སྐྲད་བརྩིས་བྱས་པའི་གྲངས་ཚད་མང་། ཡིན་ནའང་། ཞོགས་དུང་ གིས་མགོ་ནས་མཇུག་བར་དུ་འགྱུར་མེད་ཀྱི་དམ་བཅའ་རི་རབ་ལྟ་བུ་དང་རང་ཚུགས་ཀྱི་ སྒལ་ཚིགས་ལྕགས་འདྲ་བ་ཞིག་བཟུང་བའི་དོན་སྙིང་ནི་འདི་ལྟར་ཏེ། “རྣམ་པ་ཐམས་ཅད་ནས་རྩ་ལག་མི་གཅིག་པའི་རིག་གནས་གཉིས་ཏེ། མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གཉིས་མ་འདྲེས་སོ་སོར་ཕྱེས་ཏེ་དང་ལེན་དང་བཀོལ་སྤྱོད་བྱེད་དགོས་ཞེས་པ་ནི་ང་ཚོའི་རྩ་ཚིག་གམ་ཁ་གཡང་ཡིན།”་འདི་ནི་ཞོགས་དུང་གི་དེབ་དག་དང་རྩོམ་ཡིག་ཕལ་ཆེར་གྱི་མྱང་དགོས་ལྟ་བུ་ཡིན་ལ། རྣམ་དཔྱོད་ལྡན་པ་དང་གུ་ཡངས་ཀྱི་སེམས་ཤིག་ཡོད་ནི་ཚོས་འདི་ལ་དཔྱད་དེ་འདི་ལྟར་འགྲེལ་ན་ཞོགས་དུང་གི་ངོས་དང་ཟུར་ཁག་ཅིག་མཐོང་ངེས་ཡིན། འོན་ཀྱང་། དེ་ཙམ་གྱིས་མཁྲེགས་པར་འཛིན་པ་དང་རིག་པ་རྟུལ་བ་ཚོས་མི་གོ་བས་ཁ་ཇེ་གསལ་དུ་བཏང་སྟེ་ཞོགས་དུང་གིས་བྲིས་ཡོད་དེ། “མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་ཞེས་པ་གཉིས་ནི་སྒྲ་ཡངས་འཇུག་ཏུ་གོ་དགོས། མི་ཆོས་རིག་གནས་ཞེས་པ་ནི་འཇིག་རྟེན་པའི་འགྲོ་ལུགས་སམ་ཚུལ་ལུགས་ཙམ་ལ་གོ་བ་མ་ཡིན་པར། འཇིག་རྟེན་འདིའི་འཚོ་གནས་དང་སྐྱིད་སྡུག་གི་ཐབས་ལམ་བརྗོད་པའི་རིགས་པ་དང་རིག་གནས་ཡོད་ཚད་ལ་གོ་དགོས་ཤིང་། ལྷ་ཆོས་རིག་གནས་ཞེས་པའང་སངས་རྒྱས་སྒྲུབ་པའི་དམ་པའི་ལྷ་ཆོས་ཁོ་ན་ཙམ་ལ་མི་གོ་བར། ལྷ་མོ་རྩིས་གསུམ་དང་རྫུ་འཕྲུལ་སྒྱུ་གསུམ་སྟོན་པའི་འཇིག་རྟེན་ལྷ་ཆོས་ཀྱི་རིག་གནས་ཐམས་ཅད་ལ་གོ་དགོས་པ་ཡིན།”་ཞེས་པ་འདི་རེད། ཞོགས་དུང་ལྟ་ལོག་ཡིན་པར་བསྒྲུབ་ན་རྟགས་འདི་ལས་འགོད་རྒྱུ་མེད་ལ། ཞོགས་དུང་མཁས་པ་དང་བསམ་བློ་བར་བརྩི་ན་ཡང་འདི་ལས་ལྷག་ཅིག་སྟོན་རྒྱུ་མེད། ཁོའི་ཐོག་མཐའ་བར་གསུམ་དུ་ཤ་ཁྲག་རུས་གསུམ་གྱིས་ཉར་བའི་ནོར་བུ་ལྟ་བུའི་ལྟ་གྲུབ་ཀྱང་འདི་ཁོ་ནའོ། །
གོང་གི་སྐད་ ཆ་འདི་ལ་བལྟས་ན་ཞོགས་དུང་གིས་ལྷ་ཆོས་རིག་གནས་ཚར་གཅོད་རྒྱུ་དང་གཙང་ཕྱགས་ བྱེད་རྒྱུ་ཞེས་པ་ནི་གཙོ་བོ་མོ་ལུང་རྩིས་གསུམ་དང་།གླུད་གཏོར་བཅའ་ཤོམ་སོགས་ ཤེས་རྨོངས་པའི་བློ་ངོར་འཚམ་ཤིང་རོང་འབྲོག་གི་རེ་ལྟོས་འཆའ་ས་དེ་རེད་འདུག་ སྙམ། གལ་སྲིད་དེ་ལྟར་ཡིན་ཚེ་དེ་ནི་དངོས་གནས་ཚར་བཅད་གཙང་ཕྱགས་བྱས་ན་ལེགས་ཏེ། ང་ཚོ་གདོང་དམར་བོད་དང་ནང་བ་ཡོངས་ཀྱི་ལྟ་བུའི་སྙིང་བཅུད་དང་མཐར་ཐུག་གི་དམིགས་འབེན་ནི། ལྟ་བ་རྟེན་འབྲེལ་དང་སྤྱོད་པ་འཚེ་མེད། ལས་རྒྱུ་ འབྲས་དང་དཔྱད་ནས་ངེས་ཤེས་འདྲོངས་པ་སོགས་ལ་གོ་བ་ལས་གོང་གི་འདི་དག་ནི་སངས་ རྒྱས་ཀྱི་གསུང་རབ་གང་དུ་ཡང་ཆོས་ཕལ་བ་ཞིག་ལས་ཆོས་རྣམ་དག་ཅིག་ཏུ་འགྲེལ་མེད། ད་དུང་འཛམ་གླིང་ན་མིང་དུ་གྲགས་པའི་སྟོན་པ་བསྟན་འཛིན་རྒྱ་མཚོ་ཁོང་གིས་ཀྱང་འདི་ཚོ་ལ་དགག་བྱ་གནང་གིན་ཡོད།
ཞོགས་དུང་གི་ནོར་འཆུག་གླེང་བ།
ཞོགས་དུང་གིས་ལན་དུ་མར་རང་ལ་རྒྱུས་མངའ་མེད་པ་དང་རང་གི་ཆེད་ལས་མ་ཡིན་པའི་ནང་ཆོས་ཀྱི་ལྟ་བ་དང་རྟེན་འབྲེལ། བདག་མེད་ཕྲ་རགས་དང་ལས་རྒྱུ་འབྲས་རགས་པ་ཙམ་མིན་པར་རྒྱུ་འབྲས་ཕྲ་མོའི་རྣམ་གཞག གྲུབ་མཐའ་ཁག་གི་བཞེད་མཚམས་སོགས་སུ་ལག་པ་བསྲིངས་ཏེ་མི་ཤེས་ཀྱང་ཨེ་ཤེས་བལྟས་པ་ནི་ངས་བལྟས་ན་ཞོགས་དུང་གི་ནོར་འཆུག་རེད་དྲན།
འཛམ་གླིང་འདིར་ནང་ཆོས་ཁས་མི་ལེན་ནི་བརྒྱ་ ཆའི་དགུ་བཅུ་ཟིན་ཡོད་པ་དང་ལྷག་པར་བོད་མི་རིགས་ཀྱི་ནང་དུ་ཡང་ཁ་ཆེ་སོགས་ཀྱི་ མཚོན་པའི་ནང་ཆོས་ཁས་མི་ལེན་ནི་མང་། དེ་དག་ལྟར་སེམས་ཐག་བཅད་དེ་ཁ་གསལ་ཁུང་དག་ཅིག་ང་ཚོ་ལ་མ་བསྟན་པར་ལན་རེ་ནང་ཆོས་ཁས་ལེན་གི་ཡོད་པའི་སྲོལ་འདྲ་བོ་དང་། སྐབས་རེར་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སོགས་ཀྱི་མཚོན་པའི་ལྷ་ཆོས་ཡོད་ཚད་བག་ཆགས་རྙིང་བའི་གྲུབ་ཆར་ངོས་འཛིན་པ། ཡང་སྐུ་ གསུང་ཐུགས་གསུམ་གྱི་ཡོན་ཏན་དང་ལྷག་པར་སྒྲིབ་གཉིས་སྤངས་ཤིང་ཆོས་ཐམས་ཅད་ མཁྱེན་པ་དང་སངས་རྒྱས་ཀྱི་གོ་འཕང་དེ་ལྷ་ཆོས་རིག་གནས་ཀྱི་དམིགས་ཡུལ་མཐར་ཐུག་ རེད། “དམིགས་ཡུལ་ དེ་ནི་ཆོས་པའམ་ཐར་བ་སྒྲུབ་མཁན་ཚོའི་མཐོ་སྙེག་བྱ་ཡུལ་ཅིག་ཡིན་པ་ལས་འཇིག་ རྟེན་པའམ་འཚོ་གནས་འབུངས་མཁན་ཚོའི་དོན་དུ་གཉེར་བྱ་ཞིག་མིན།” ཞེས་པ་འདི་ དག་ལ་གཞིག་ན་ཁོས་ནང་ཆོས་ཁས་ལེན་པ་དང་ནང་ཆོས་དོན་དུ་གཉེར་མཁན་དང་འཚོ་གནས་སམ་ མི་ཚེ་འདི་གལ་ཆེན་བརྩི་པའི་ལུགས་གཉིས་ལས་ཕྱི་མ་གཙོ་བོར་འཛིན་པ་ལྟ་བུར་ཚོར། ད་དུང་རིགས་ཤེས་ཀུན་གྲོལ་སོགས་སུ་ང་ཚོ་འཇིག་རྟེན་འཚོ་གནས་དོན་དུ་གཉེར་མཁན་ཚོ་མི་ཕལ་བ་རེད་ཅེས་པ་ལྟ་བུའི་ཚིག་དང་། ཆོས་པ་ཡིན་ན་རྣམ་དག་གྲོང་སྲོང་ལྟ་བུ་དགོས་པའི་རེ་འདོད་ཁག་ཅིག་བྲིས།
དེ་ཙམ་དུ་མ་ཟད་དོལ་རྒྱལ་ལམ་རྒྱ་ཆེན་ཤུགས་ ལྡན་གྱི་སྐོར་གླེང་སྟེ་བག་ཆགས་རྙིང་པ་ཞིག་ལས་དོན་དངོས་སུ་བཟང་ངན་གྱི་དབྱེ་ འབྱེད་མེད་ཚུལ་བྲིས་པ་འདིས་ཁོ་རང་གིས་ལྟ་ཚུལ་དེ་མོག་མོག་པར་བསྒྱུར་བ་རེད། གཞན་ལྷ་ལུང་ དཔའ་རྡོར་གྱིས་རྒྱལ་བོ་གླང་དར་མ་གྲོངས་པ་ནག་ཉེས་ཆེ་རབས་སོགས་ལ་གཞིག་ན་མི་ རིགས་ཀྱི་ལ་རྒྱའི་བཟི་སྟེ་ཡོད་ཚད་ལ་དབྱུག་པ་ལེབ་བརྡུང་བྱས་འདུག་པས་གང་བདེན་ དང་ཞོགས་དུང་གི་ནང་ཆོས་ཁས་ལེན་མིན་སོགས་གསལ་བོ་མ་ཆགས་པ་རེད། དེ་ལ་བརྟེན་ནས་གླེང་མོལ་སྣ་ཚོགས་བྱུང་བ་དང་དོན་མེད་ཀྱི་ཚིག་རྙོག་རི་ལྟར་སྤུངས་པ་རེད། ཞོགས་དུང་གིས་ཆོས་ཁས་མ་བླངས་ན་ཧང་སང་དགོས་དོན་མེད་ལ། གལ་སྲིད་བླངས་ན་ཡང་ཁྱད་པར་སོགས་བྱས་ཏེ་གསལ་བོར་བཟོ་རྒྱུ་ལས་ཉ་རྙོག་གི་ལྟ་གྲུབ་དེར་ཁོ་བོ་ཁྱོན་ནས་འཐད་པ་མ་བྱུང་། དེ་ནི་རང་ཉིད་ཞོགས་དུང་གི་ཆ་འགའ་རེ་ལ་ཡིད་སྨོན་སྐྱེ་མཁན་ཞིག་གི་བསམ་འཆར་ལས་ཐག་བཅད་རང་ལུགས་དང་སྒེར་གཅོད་ཅིག་ནི་མ་ཡིན་ནོ། །
ཞོགས་དུང་གིས་བསྐྲུན་པའི་བགྲོ་གླེང་།
སྐུ་ཞབས་ཞོགས་དུང་གིས་བྲིས་པའི་འཕག་ཚག་གི་ང་རོ་དང་བག་ཆགས་དོང་སྤྲུག་གཉིས་གཙོས་དེབ་དང་རྩོམ་ཡིག་ཡོངས་ལ་བརྟེན། ད་ལྟ་ཐར་བ་ དོན་དུ་གཉེར་ས་དང་ལྟ་བ་རྟེན་འབྲེལ་རྩོད་སའི་དགོན་སྡེ་ཁག་གི་ཆོས་རྭ་ན་ཞོགས་ དུང་གི་བསམ་བློ་གླེང་གིན་ཡོད་ལ་ཞོགས་དུང་གི་དཔེ་དེབ་བལྟ་གི་ཡོད། དེ་བཞིན་ལོ་ལོན་ཚོས་འཆི་ཁའི་ཁ་ཏོན་དང་བསྐོར་ལམ་སོགས་ན་ཞོགས་དུང་གི་ནང་ཆོས་བསྣུབས་སོང་རབས་དང་། ན་གཞོན་སྐྱེས་ཚོ་བརླག་རབས་གླེང་གིན་ཡོད། དེར་མ་ཟད་ སློབ་ཆེན་སློབ་མ་ཆང་རག་གིས་བཟི་ས་ན་ཞོགས་དུང་གི་བསམ་བློ་དང་ལྟ་བ་ཟེར་ནས་ ཡིད་སྨོན་སྐྱེ་བཞིན་རང་ཚུགས་མི་ཟིན་ཡང་ཁ་ནས་ཞོགས་དུང་གླེང་གིན་ཡོད། ད་དུང་དཔོན་པོ་ཚོའི་རྐུབ་སྟེགས་སྟེང་ན་ཞོགས་དུང་གི་སྐོར་གླེང་གིན་ཡོད་ལ་ལས་བྱེད་དག་གི་ལས་ཁུངས་ན་ཞོགས་དུང་གི་བདེ་སྡུག་གླེང་གི་ཡོད། དྲ་འབུ་འགའ་རེས་ཞོགས་དུང་དྲ་ཐོག་ནས་གླེང་སྟེ་ཉུལ་མ་ཡིན་རབས་དང་ལྟ་བ་ལོག་རབས། མི་བུ་རྫུན་མ་ཡིན་ཚུལ་གྱིས་ཡི་གེ་བྲི་རྒྱུའི་བྲེལ་འཚུབ་ཧ་ཅང་ཆེ། ཡང་ཞོགས་ དུང་ནི་ལ་རྒྱའི་མེ་ལྕེ་དྲག་ཏུ་འཕྱུར་པའི་གསེབ་ན་རང་སེམས་དམར་པོ་བཙོན་དུ་ འཇུག་མཁན་ཞིག་ཏུ་ངོས་འཛིན་པ་སོགས་ནི་ཞོགས་དུང་གིས་བསྐྲུན་པའི་བགྲོ་གླེང་ རེད།
ཞོགས་དུང་གི་ནུས་ཤུགས།
ང་ཚོ་བོད་ལ་མཚོན་ན་གནའ་ནས་ད་ལྟའི་བར་དུ་ གྲུབ་མཐའི་འཐེན་ཁྱེར་དང་ཆོས་ལུགས་ཀྱིས་རྩོད་རྙོག་ཁྲོད་ནས་ཁྱོད་ཤི་ང་གསོན་ གྱིས་འཐབ་འཛིན་བྱས་པ་ལས། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཟེར་ནས་གླེང་སློང་བྱེད་མ་མྱོང་། ཞོགས་དུང་ གིས་ལྷ་ཆོས་རིག་གནས་མི་ལེགས་ཚུལ་དང་མི་ཆོས་རིག་གནས་གལ་ཆེ་ཚུལ་གླེང་བས་བོད་ ཀྱི་དགོན་གྲོང་གཉིས་ཀར་ཉིན་མཚན་མེད་པར་བདེན་རྫུན་གཉི་ག་བརྩད་དེ་གྲོགས་པོ་ ཟེར་བའི་འདང་ཆེན་དང་འགལ་མཁན་ཡོད་ལ། དྲིན་ཆེན་ཕ་མ་དང་རྒྱབ་འགལ་དུ་ཕྱིན་པ་ཡང་ཡོད། ད་དུང་དགེ་རྒན་དང་སློབ་མའི་བར་དུ་ལྟ་ཚུལ་མ་མཐུན་པས་ཁ་འཛིན་ཤོར་བ་མང་ལ་བླ་མ་དང་སློབ་མ་ཁ་ཁར་གྱེས་པ་དེ་བས་ཀྱང་མང་། ཡང་ན་སྐྱ་སེར་གྱི་རྩོད་རྙོག་ཀྱང་ཞོགས་དུང་ནས་བྱུང་ཞེས་ཐ་སྙད་སྦྱར་ན་མི་ཆོག་རྒྱུ་མེད། བོད་ཁུལ་དུ་གླེང་སློང་ལྟ་བུ་དང་གསར་འགྱུར་ལྟ་བུ་དང་དགའ་སྡུག་གི་དབྱེ་འབྱེད་དང་མི་གཞིའི་བཟང་ངན་སོགས་མང་བོ་གླེང་བཞིན་པ། ཕར་དེད་ན་ཞོགས་དུང་གི་བསམ་བློའི་ཆ་དང་སྐད་ཆའི་སྔ་ཕྱིའི་རྒྱུད་རིམ་དང་འབྲེལ་ཤིན་ཏུ་ནས་ཆེའོ། ། མདོར་ན། ཞོགས་དུང་ནི་དཀར་དཀར་བྱས་ཏེ་ལུག་ཁྱུའི་ནང་དུ་འདེད་མཁན་དང་ནག་ནག་བཟོས་ཏེ་ནོར་ནང་དུ་ཁྲིད་མཁན་མང་བས། སུ་བདེན་དང་གང་འགྲིག་གི་དབྱེ་ཐག་གཅོད་དཀའ་ལ་ཁོ་བོས་བལྟས་ན་ཞོགས་དུང་ལ་ནོར་འཆུག་མང་ལ་བཟང་ཆ་དེ་བས་ཀྱང་མང་གི་སྙམ། །
ཞོགས་དུང་ལ་བརྟེན་ནས་མགོ་འཁོར་ཚུལ།
སྐུ་ཞབས་ཞོགས་དུང་ནི་དེང་སང་གི་རྩོམ་པ་པོ་དང་ཟིན་བྲིས་པ། མཁས་པ་དང་མཁས་དབང་ཞེས་པའི་རྫུན་མ་དེ་ཚོ་དང་མི་འདྲ་བར་སློབ་སྦྱོང་གི་རྒྱུད་རིམ་ཚད་ངེས་ཅན་ཞིག་ཡོད་པ་གསལ་གསལ་ཐིང་ཐིང་རེད། དེས་ན་ཁོས་ རང་གི་སེམས་ཀྱི་འཆར་སྒོ་དང་བསྟུན་ཏེ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་རིག་ གནས་གཉིས་འདྲེས་མི་རུང་བའི་རྒྱུ་མཚན་དང་དགོས་པ་ལན་དུ་མར་སྨྲས་པ་བྱིས་པའི་ ལབ་བརྡོལ་ལྟ་བུ་ཞིག་ག་ལ་ཡིན།
ཡིན་ནའང་། ཞོགས་ དུང་གིས་དེ་ལྟར་གླེང་བ་ལ་བརྟེན་གྲྭ་བ་དང་སློབ་མ་ཁག་ཅིག་གིས་ཁྱོན་ནས་ནང་ཆོས་ མི་ལེགས་ཚུལ་དང་དགོན་སྡེ་གཏོར་ཏེ་སློབ་གྲྭ་འཛུགས་དགོས་པའི་བསམ་ཚུལ་དང་། བག་ཆགས་རྙིང་བ་ཟེར་བ་ནས་སྲོལ་རྒྱུན་རིག་གནས་ཡོད་ཚད་གཙང་ཕྱགས་བྱེད་རན་ལྟ་བུའི་ཐ་ཚིག་སྒྲོག་པ། མཐའ་ན་རང་གི་དྲིན་ཆེན་ཕ་མས་ཚེ་གང་གསོག་པའི་རྒྱུ་དངོས་ཀྱིས་འགྲོ་གྲོན་བཏང་སྟེ་སློབ་གྲྭར་བཏང་། ཁྱོའི་མདུན་ལམ་བརླག་མི་ཉན་ཟེར་བཞིན་རང་གི་ཉིན་རེའི་འཚོ་བ་ཡང་སྐྱོ་བོ་བརྟེན་ཏེ་ཁྱོད་ཚོ་ལ་སློབ་སྦྱོང་ཞིག་ཨེ་འབྱོར་འདོད། ཁོ་ཚོ་སློབ་གྲྭར་འགྲིམས་ཏེ་ཕྱིར་ཐོན་སྐབས་དང་པོ་ནས་དྲིན་ཆེན་ཕ་མ་ལ་བག་ཆགས་རྙིང་བའི་ཤན་ཤུགས་ཆེ་རབས་དང་། སྲོལ་རྒྱུན་གྱི་ལུགས་སྲོལ་བཅོས་བསྒྱུར་དགོས་རབས། བསང་གསོལ་དང་དགེ་སྒྲུབ་སོགས་མི་རུང་ཚུལ་གླེང་སྟེ་ཕ་མའི་སེམས་ཁམས་ཐོག་མར་དམར་གསོད་གཏོང་ངེས་ཡིན། འོན་ཀྱང་། རང་གིས་མདུན་ལམ་དང་མཐའ་ན་འཚོ་རྟེན་ཙམ་ལ་ཡང་བསམ་བློ་ཡེ་ནས་མི་གཏོང་བར་ཁ་ནས་ལས་འགུལ་སྤེལ། དེ་ནི་ཞོགས་དུང་སོགས་ཀྱི་ལྟ་བ་དང་རྒྱབ་འགལ་ཏུ་ཕྱིན་ཏེ་རང་ཉིད་ནས་མགོ་རྩོམ་དགོས་པའི་རང་ལུགས་དང་མི་མཐུན་པའི་ཕྱིར། དེ་དག་ནི་ཁྱི་ལ་ལ་གོ་ནས་ཟུག ཁྱི་ལ་ལ་མ་གོ་བར་ཟུག་ཅེས་པའི་དཔེ་ལྟར་ཞོགས་དུང་སོགས་ཀྱིས་གནད་འགག་ཅིག་མཐོང་ནས་ཐེར་འདོན་དང་དགག་སྒྲུབ་གཙོ་འཛིན་བྱས་པ་རེད། ཁོ་པ་ཚོས་ཞོགས་དུང་སོགས་ཀྱི་ལྟ་བ་དང་བསམ་བློ། སློབ་སྦྱོང་དང་ཤེས་ཡོན་ལ་ཁ་མིག་ཡར་ལྟ་མ་བྱས་པར་ཁ་ཙམ་གྱིས་ཁོ་ཚོའི་རྗེས་སུ་འབྲང་པ་རེད། དེ་ནི་ཞོགས་དུང་ལ་བརྟེན་ནས་མགོ་འཁོར་སྟངས་ཤིག་རེད།།

རྩོམ་རིག

Post navigation

Previous Post: ཕྱེ་མ་ལེབ།
Next Post: རྒྱ་ཆེའི་དྲ་གྲོགས་ལྷན་རྒྱས་མཆོག་ལ་ཆེད་ཞུ།

Comments (21) on “(ཞོགས་དུང་སྙིང་སྟོབས)་ལ་ཕུལ་བ།”

  1. བོད་པ། says:
    2012-04-22 at 4:39 pm

    ཨ་རིག་དགེ་མཐོང་ལགས། ཞོགས་དུང་དང་མདའ་སྨྱུག་གཉིས་ཀྱི་ལྟ་གྲུབ་མཐུན་ནམ། ཁྱེད་ཀྱི་དགོངས་ཚུལ་ལ་ཉན་པར་འདོད།

  2. ལྷ་སྐྱིད། says:
    2012-04-22 at 9:48 pm

    ངས་གནས་ཚུལ་འདི་ཁ་བརྡ་དང་དུས་བབ་ཚང་ལ་བསྐུར་ཐབས་བྱས་ཀྱང་བཀུར་ཐུབ་མ་སོང་བས་རྩོམ་འདེའི་མཆན་གྱི་ཐོག་ལ་མ་བཀོད་ཐབས་མེད་བྱུང་སོང་བས།་བྱུང་ན་མདུན་ཤོག་རྩོམ་གྱི་སྡེ་ཚན་ནང་བཀོད་རིན་འདུག་ན་བཀོད་རོགས་ཞུ་གི་ཡིན།་
    ཟླ་བ་བཞི་པའི་ཚེས་༢༡གཟའ་སྤེན་པའི་ཕྱི་དྲོ་ཨ་རིའི་རྒྱལ་སའི་ཁུལ་དུ་མི་སྒེར་བ་ཁག་ཅིག་གིས་གོ་སྒྲིག་བྱས་པ་རེད་ཟེར་བོད་ཀྱི་གླུ་མ་གྲགས་ཅན་རིག་འཛིན་སྒྲོལ་མ་གདན་ཞུ་བྱས་འདུག་་ངས་རིག་འཛིན་སྒྲོལ་མིའི་གཞས་ཉན་མྱོང་བ་དང་གཞས་གཉིས་གསུམ་དགའ་མོས་བྱེད་པ་ལས་རྒྱུས་མངའ་མེད།་་དགོང་དྲོ་དེར་གཞས་ཉན་བར་འགྲོ་འདོད་དེ་ཙམ་མེད་པའི་ཟོམ་རྙིའི་དྲ་བར་ཚུད་ཀྱང་མཐར་རོགས་པ་དང་གྲོང་པ་ཁྱིམ་མཚེས་འགྲོ་མཁན་གྱི་རྦིར་གྲགས་ཀྱིས་འགྲོ་རྒྱུ་ཐག་བཅད་པ་ཡིན།་ཕྱི་དྲོ་དེར་ཚོགས་ཁང་དུ་མ་འབྱོར་བ་ཕྲན་བུ་ཕྱི་པོ་ཡང་ཆགས་སོང་བས་འགོ་བཙུགས་ཟིན་ཡོད་པ་བློ་ཐག་བཅད་པ་ཡིན་ལ་སེམས་ནང་དུ་དེ་ཙམ་གྱི་བལྟ་འདོད་པ་ཡང་མེད།་སྟབས་ལེགས་པར་ང་ཚོ་ཚོགས་ཁང་དུ་འབྱོར་དུས་གཞི་ནས་འགོ་བཙུགས་རྒྱུ་རེད།་ཡར་འཛུལ་ཏེ་བལྟ་དུས་ཚོགས་ཁང་གི་གློག་འོད་ཚང་མ་བསད་དེ་ཇི་ཡང་མི་མཐོང་བའི་ནག་རྐྱང་རེད།་ཡིན་ནའི་གླུ་གཏོང་སའི་གར་སྟེགས་ཀྱི་གློག་གསལ་ཙམ་ལས་ངའི་འདོད་པ་བཞིན་གསལ་པོ་ཞིག་མིན་འདུག་པས་སེམས་ནང་དུ་གལ་ཏེ་རིན་འཛིན་སྒྲོལ་མ་སྒར་སྟེགས་ཐོག་ཐོན་པའི་སྐབས་ངོ་གདོང་གསལ་པོ་མཐོང་བ་མིན་འདུག་བསམ་པའི་སེམས་ཁྲལ་ཕྲན་བུ་བྱུང།་ཚོགས་ཁང་ནང་དུ་སླེབས་ཚར་དུས་སྔོན་དང་མི་འདྲ་བར་རིན་ཆེན་སྒྲོལ་མའི་བྱད་གཟུགས་དངོས་སུ་མཐོང་རྒྱུ་རེད་བསམ་པའི་དགའ་ཚོར་ཡང་ཕྲན་བུ་སྐྱེས་བྱུང།་དེ་ནས་འདོན་རྒྱུར་སྒུག་ནས་སྡོད་པའི་སྐབས་དུས་ཚོད་ཐུང་ངུ་ལས་མི་འགོར་བར་འགོ་བཙུགས་སོང་ཡང།་ད་དུང་འདུ་འཛིན་པས་ཤོད་རྒྱུ་མ་རྗོགས་པར་དེ་བས་དངངས་སྐྲག་སྐྱེད་དགོས་པ་བྱུང།་
    དེ་ནས་འདུ་འཛིན་པས་རིན་འཛིན་སྒྲོལ་མའི་གླུ་གཞས་དང་པོའི་ནང་དོན་ངོ་སྤྲོད་བྱས་པ་དང་སྦྲགས་མིང་ནས་འདོན་པ་དང་མདུན་དུ་ཐོན་སོང་བ།་ཨ་རྗི་་་་་རིག་འཛིན་སྒྲོལ་མ་དངོས་སུ་མཐོང་སོང་ཨ་སེམས་སུ་འཁོར་བྱུང་ཡང་གར་སྟེགས་ཀྱི་འོག་ནས་ཁོང་གི་བྱད་བཞིན་གསལ་པོ་ཞིག་རྩ་བ་ནས་མཐོང་མ་བྱུང།་གླུ་གཉིས་ཙམ་བཏང་སོང་བ་དེར་གར་སྟེགས་འོག་ནས་བལྟ་རྒྱུ་ལས་ཉེ་མཁྲིས་སུ་བཅར་ཐབས་མེད་པ་རེད།་གླུ་གཞས་གཉིས་གསུམ་་གྱི་བར་གསེང་ལ་ཟ་མ་བཏང་སོང་བར།་དེའི་གོ་སྐབས་བཟུང་སྟེ་གར་སྟེགས་རྒྱབ་དུ་བལྟ་བར་བསྐྱོད་པ་ཡིན།་ཁོང་ནི་རྒྱལ་ས་ཝ་ཤིང་ཀྲོན་གྱི་བོད་སྐད་སློབ་གྲྭའི་སློབ་མ་ཁག་ཅིག་དང་གླུ་གཞས་ཤིག་སྔོན་ནས་མཉམ་དུ་གཏོང་རྒྱུ་གོ་སྒྲིག་བྱས་པ་དེ་ནང་སྦྱོང་བྱེད་བཞིན་འདུག་་་་ངས་གོ་སྐབས་དེ་བཟུང་སྟེ་ཁོང་ལ་ཞིབ་བལྟ་བྱ་རྒྱུ་བྱུང་བས་ཁོང་གི་བྱད་གཟུགས་དེ་ཙམ་གྱི་རིན་པོ་མིན་ཡང་ཚད་མ་ཞིག་འདུག་
    སྐམ་ཤ་དོད་པོ་འདུག་་་ཡིན་ནའི་བཞིན་མདངས་མེད་པ་ནི་སེམས་ནང་དུ་་སྐྱོ་གདུང་དང་ངལ་བ་ཞིག་ཡོད་པ་གསལ་པོ་མཐོང་གི་འདུག་་དུས་ཚོད་ཁྱུག་ཙམ་དེའི་ནང་ཁོང་གི་ཀུན་སྤྱོད་ནི་ཡ་རབ་དང།་ཉམས་ཆུང།་གཞན་གྱི་བློ་ཁར་བསྟུན་ཐུབ་མཁན་ཞིག་རེད་འདུག་་་་་སྐབས་དེར་ཁོང་ལ་བཀོད་སྒྲིག་བྱེད་མཁན་སུས་ག་རེ་བཤད་ཀྱང་ཚང་མ་་་་་་ཆོག་གི་་་་་་་ཆོག་གི་་་་ཆོག་གི་ཟེར་ལན་འདབས་ཀྱང་བྱེད་ཀྱི་འདུག་་་ཁོང་བཀོད་སྒྲིག་གནང་མཁན་དང་གླུ་གཞས་སྐོར་ལ་སྐད་ཆ་ཤོད་བཞིན་བྲེལ་བ་ཆེ་བས་ངས་ཁམས་འདྲི་ཞིག་བྱ་འདོད་ཀྱང་བྱེད་རྒྱུ་བྱུང་མ་སོང།་དེ་ནས་ངལ་གསོའི་བར་མཚམས་རྫོགས་ཏེ་མུ་མཐུད་འགོ་བཙུགས་སོང་བར།་ཁོང་གིས་
    ཕ་ཡུལ་དུ་སློབ་གྲྭ་བཙུགས་དགོས་པའི་དགོས་པ་དང་དམིགས་ཡུལ་ཞིབ་ཕྲ་བཤད་སོང་།་་ཁོང་ནི་ཁྱིམ་ཚང་ཉམས་ཆུང་ཞིག་ཏུ་སྐྱེས་པ་དང།་ལོ་བཅུ་ནས་ཨ་མ་གྲོངས་འདུག་་ཤེས་ཡོན་སྦྱང་པའི་གོ་སྐབས་བྱུང་མེད་ཀྱང།བོད་ཀྱི་སྐད་ཡིག་ནི་མི་རིགས་བླ་སྲོག་ཡིན་པ་ངོས་འཛིན་གྱིས་མི་རབས་གསར་པ་ཚོར་སྐད་ཡིག་རྒྱུན་འཛིན་ཡོང་བར་ལས་དོན་ཆེན་པོ་ཞིག་བརྩམས་པའི་ནང་དོན་ཐོས་པའི་སྐབས་ཁོང་ནི་ལྷག་སྐྱེས་ཀྱི་ལྷག་བསམ་ནུས་པ་ལྡན་པ་ཞིག་དང།་མི་རིགས་ཀྱི་ལ་རྒྱ་སྲུང་མཁན་ཞིག་ཡིན་པ་རྟོགས་བྱུང།་དེ་རྗེས་ཁོང་གིས་མུ་མཐུད་ནས་བོད་དུ་བཏང་མྱོང་བའི་གླུ་གཞས་ཁག་ཅིག་བཏང་སོང་བས་ཚང་མ་གོ་མྱོང་བ་ལས་གསར་པ་གང་ཡང་མ་རེད།་འོན་ཀྱང་ཁོང་གིས་རྒྱལ་སའི་བོད་རིགས་སློབ་གྲྭའི་སློབ་མ་དང་མཉམ་དུ་་་་་་ལྷན་འཛོམས་་་་ཟེར་བའི་གླུ་དེ་བླངས་སོང་བར།་གླུ་དེ་ནི་ལོ་གཉིས་ཀྱི་སྔོན་ལ་བོད་ཀྱི་ཁམས་སྐྱེ་རྒུ་མདོར་ས་ཡོམ་གནོད་འཚེ་ཆེན་པོ་བྱུང་བའི་ནང།་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྨས་མ།་་ཁོང་ཚོའི་ནང་མི་བུ་ཕྲུག་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་བའི་ནང་དོན་མཚོན་པ་ཞིག་རེད།་་་གླུ་མ་རིག་འཛིན་སྒྲོལ་མས་གླུ་བཞས་དེ་འགོ་བཙུགས་ཡོང་དུས་ནས་བཞིན་གྱི་རྣམ་འགྱུར་ནས་སེམས་ནང་དུ་བསུབ་ཐབས་མེད་པའི་སྐྱོ་སྣང་གི་བསྣན་ཡོད་པ་གསལ་པོ་འདུག་་སྐྱོ་གདུང་དང་འབྲེལ་མའི་གླུ་གཞས་ཀྱི་དུམ་དང་པོ་དེ་འཁྱོལ་ཐུབ་ལ་མ་ཐུབ་ཀྱིསབཏང་བཞིན།་མིག་གཉིས་མཆི་ཞག་འཁོར་ཏེ།་ལགགཅིག་གིས་་བྲང་སྟེང་དུ་སྣན་བཞིན་སྡུག་རུས་ཀྱི་དུམ་བུ་དང་པོ་དེ་འཁྱོལ་ཙམ་བཏང་ཐུབ་སོང་བས།་ང་ཚོ་གར་སྟེགས་འོག་ཏུ་བལྟ་མོ་བ་ཚོར་ཡང་མིག་ཞག་འཁོར་བཞིན་ཁོང་གིས་གླུ་གཞས་ཀྱི་ནང་དོན་དང་་བསྒྱུར་རྩལ་བལྟ་འདོད་པའི་དོ་དབྱིངས་ཚར་མ་གློ་བུར་བྱ་བླག་གིས་ལུག་ཕྲུག་འཁྱེར་བ་ལྟ་བུར་གཡལ་བར་གྱུར་ཏེ།་གླུ་གཞས་ཀྱི་དུམ་དང་་པོ་ཡང་འཁྱོལ་ཨ་ཡོང་བསམ་པའི་ཕྱོགས་སུ་སེམས་གཏད་སོང།་ང་རང་ཡང་ཁོང་ཚོ་དང་གཅིག་མཚུངས་མིག་གི་མཆི་མ་དང་སེམས་ཁྲལ་མཉམ་དུ་འཛོམས་སོང།་་རེད་ཡ་་་་ཁོང་གིས་གླུ་གཞས་དེའི་དུམ་བུ་དང་པོ་བཏང་ནས་མཚམས་འཇོག་བྱེད་ཀྱི་རེད་བསམ་པ་བྱུང་ཡང།་མུ་མཐུད་ནས་དུམ་དུ་གཉིས་པ་འགོ་བཙུགས་སོང་བས་ཚང་མ་གཟབ་ནན་ངང་དོ་སྣང་དང་བལྟ་བཞིན་འདུག་་ང་ཡང་མུ་མཐུད་ནས་ཁོང་གི་བཞིན་གྱི་ཕྱོགས་སུ་དོ་སྣང་བྱེད་འགོ་བཙུགས་པ་ཡིན།་དུམ་བུ་གཉིས་པ་ཡང་འགོ་བཙུགས་དུས་ནས་ངུ་སྒྲ་ཐོས་བཞིན་འདུག་པས།་སླར་ཡང་ང་ཚོའི་སེམས་ནང་ངལ་བ་ཞིག་ཏུ་གྱུར་ཏེ།་ཁོང་གི་གཞས་དེའི་མཇུག་འཁྱོལ་ཨ་ཡོང་བསམ་པ་ཁོ་ན་ལས་འཁོར་རྒྱུ་མིན་འདུག་་་དུམ་དུ་གཉིས་པའི་གླུ་གཞས་ཀྱི་ཚིག་རྐང་དང་པོ་་་་ཚེ་སྲོག་གི་མཆོད་མེ་གཟིམ་པའི་ངའི་ནང་མི་སྤུན་ཟླ་་་་་་་་་བཏང་བ་དང་མཉམ་དུ་མིག་ནས་མཆི་མ་བཞུར་བཞིན་དུ་མགྲིན་པ་སྣང་སྟེ།་ཚིག་རྐང་འགའ་ཡང་ཆད་སོང་ཡང་བློ་རྩེ་འགྲིམས་ཏེ་གཏོང་ཐབས་བྱེད་ཀྱི་འདུག་ཀྱང།་ཁྱོད་ཀྱི་གདུང་བ་ངས་ཀྱང་མྱོང་གྱི་ཡོད།་སེམས་ཀྱིས་མྱོང་བཞིན་ཡོད་ཅེས་པའི་ཚིག་རྐང་དེ་ར་སླེབས་སྐབས་་དེ་བས་སེམས་ཀྱི་སྐྱོ་བ་བཀག་མ་ཐུབ་པར་རང་དབང་མེད་པར་མུ་ཏིག་གི་ཕྲེང་བ་བཞིན་མིག་གཉིས་ནས་མཆི་མ་ལྷུངས་ལྷུངས་སུ་བཞུར་བཞིན་འདུག་་ང་ཚོ་བལྟ་བ་མོ་ཡང་ཁོང་གི་སེམས་ཁོངས་ཀྱི་སྐྱོ་གདུང་དང་སྤུན་ཟླའི་ཆག་སྒོ་ཕྱིར་དྲན་བཞིན་མཆི་མ་མི་གཏོང་མཁན་གཅིག་ཀྱང་མིན་འདུག་་དུམ་དུ་གཉིས་པ་དེ་ནི་དེ་བས་སྐྱོ་གདུང་འབྲེལ་མ་དང་མཉམ་དུ་མཇུག་འཁྱོལ་ཙམ་བྱུང་སོང་བར་ང་ཚོ་བློ་ལྷོས་ལ་འབབ་སོང།་དེ་ནས་ཁོང་གི་ངུ་ངལ་གསོས་ཏེ།་མཇུག་བསྡུའི་གླུ་གཞས་ཤིག་བཏང་སོང་ཡང་བལྟ་མོ་བ་ཚང་མ་ངུ་ཐག་མ་ཆོད་པ་ནི་སེམས་ནང་གི་སྐྱོ་གདུང་གསང་མེད་པ་གསལ་པོ་རེད་འདུག་པས་ཁོང་གི་མཇུག་བསྡུའི་གླུ་གཞས་དེའི་ཚིག་རྐང་མཐའ་མ་མཇུག་སྒྲིལ་བ་དང་མཉམ་དུ་བལྟ་མོ་ཚོའི་སེམས་ཚོར་གྱིས་ཁེངས་པའི་་དགའ་བསུའི་ཐལ་སྒྲངས་ཁེངས་སོང།་་འཁྲབ་སྟོན་མཇུག་སྒྲིལ་བ་དང་ཚོགས་ཁང་གློག་འོད་ཕྲ་ཆིལ་དུ་སྤར་བ་སོང་བར།་བལྟ་མོ་བ་བོད་པ་ཚོ་ལོས་ཡིན།་ཕྱི་རྒྱལ་བ་ཚོ་ཡང་མིག་གི་མཆི་མ་ཕྱིད་བཞིན་དུ་སོ་སོའི་རྐུ་སྟེགས་ཕན་ཚུན་གྱི་བལྟ་མོ་བ་ཚོ་དང་མཉམ་དུ་སེམས་ཚོར་གླེང་བཞིན་དུ་གླུ་མ་རིན་ཆེན་སྒྲོལ་མར་གདུང་སེམས་ཉམས་སྐྱེད་དང་ཁོང་གི་ལས་ཀར་རྒྱབ་སྐྱོར་གྱི་ཚོར་ཤུགས་དྲག་ཏུ་ཕྱིན་ཏེ།་ཁོང་གི་གླུ་གཞས་ཀྱི་འོད་ཐེར་(CD/DVD)ཚོང་ཐབས་ཀྱི་སེམས་འཁུར་ཆེ་རུ་དང་ཞལ་འདེབས་ཕུལ་མཁན་བྱུང་སོང།་་ངས་ཤོད་འདོད་པ་ནི།་གླུ་མ་རིག་ཆེན་སྒྲོལ་མ་ནི།་ཕུག་བསམ་དང་བཟང་སྤྱོད་ལྡན་པའི་ཁར་་སྤྱི་སེམས་དང་གཞས་ཀྱི་ནང་དོན་མཚུངས་པའི་གཞན་གྱི་གདུང་བ་་མྱོང་ཐུབ་མཁན་གྱི་བོད་ཀྱི་གླུ་མ་ཞིག་ཡིན་པ་ང་རང་སྒེར་གྱི་མཐོང་སྣང་བྱུང།་

    འགྲོ་མཁན་

    སོགས་བས

  3. རྨུ་ཐག་གི་བུ་རྒྱུད། says:
    2012-04-22 at 10:10 pm

    ལྷ་སྐྱིད་ལགས། མཆན་འདི་འདིར་བཀོད་པར་རྩོམ་ཡིག་དངོས་ཀྱི་འདྲེན་ཤུགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་སྨྲོས་མེད་རེད། དེ་ཡང་ཡིན་ཏེ། ང་དང་ང་ལྟ་བུའི་གླུ་གཞས་ལ་དགའ་ཞིང་ཞོགས་དུང་གི་ཆེས་ཟབ་པའི་བསམ་བློའི་གཏིང་མི་དཔོག་མཁན་ཤིན་ཏུ་མང་བས། རྩོམ་ཡིག་འདིའི་མགྲོན་པོ་མང་པོ་ཞིག་རང་བཞིན་གྱིས་འགག་འགྲོ་བ་རེད། དེ་སྤྱིར་བཏང་གི་སྐད་ཆ་ཡིན། ཁྱེད་ཀྱི་མཆན་ཡིག་འདིར་ནོར་འཁྲུལ་ཚབ་ཆེན་ཞིག་ཡོད་པ་ནི་༼ལོ་བཅུའི་ཐོག་ཨ་མ་གྲོངས་འདུག༽ཟེར་བ་དེ་རེད། ཁོང་གི་ཨ་མ་ད་དུང་འཚོ་བཞུགས་ཡིན་པར་མ་ཟད་ཕུང་ཁམས་ཀྱང་བདེ་བོ་རེད། གཞན་ཡང་ཡུལ་ཤུལ་གྱི་ས་ཡོམ་ལ་བླངས་པའི་གླུ་དེའི་མིང་ལ་༼ལྷན་མཛོམས་༽ཟེར་བ་མ་ཡིན་པར་༼གདུང་སེམས་མཉམ་བསྐྱེད༽ཟེར་བ་རེད། ཁོང་གིས་བཏང་བའི་༼ལྷན་འཛོམས་ཀྱི་ཉིན་མོ།༽ཞེས་པ་དེ་སྔོན་མ་༼རེབ་ཀོང་གསེར་མོ་ལྗོངས།༽ཞེས་པའི་བོད་ཁུལ་དུ་བསྐྱོད་པའི་རིགས་རྩལ་སྤྲོ་ཚོགས་ཤིག་གི་སྐབས་སུ་བླངས་པ་རེད། ད་དུང་ཁྱེད་ཀྱིས་སྐབས་རེར་ ༼རིན་ཆེན་སྒྲོལ་མ།༽དང་། ཡང་ལན་རེར་༼རིན་འཛིན་སྒྲོལ་མ།༽ཞེས་བྲིས་འདུག་སྟེ། སྣང་མེད་ཀྱི་བྱེད་སྟངས་དེས་ཁྱེད་ཀྱི་རྩོམ་ཡིག་གི་རིན་ཐང་དང་དོ་སྣང་གི་རིན་ཐང་གཉིས་ཀ་རྩ་མེད་དུ་བཏང་འདུག་པས། ཁ་བརྡ་ཚང་གིས་དྲྭ་ཐོག་ཏུ་མི་འགོད་པ་ལའང་ཁག་མི་འདུག་སྙམ། ཡིག་སྐྱོན་རྣམས་བསལ་ཁོམ་བྱུང་མ་སོང་། དེ་ཙམ་ཡིན།

  4. ཨ་རིག་དགེ་མཐོང་། says:
    2012-04-23 at 11:51 am

    ཞོགས་དུང་གི་རྒྱབ་ཏུ་ཚ་བ་མདའ་སྨྱུག་ལངས་པ་རེད། འོན་ཀྱང་ཕྱོགས་ཀུན་ནས་ཁོང་གཉིས་ཀྱི་ལྟ་ཚུལ་མཐུན་པར་ནི་བདག་གིས་སྒྲུབ་མི་ནུས་སོ། །

  5. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-04-23 at 12:04 pm

    ་ཕྱོགས་རིས་མིག་ཅན་ཁྱེད་ལྟ་བའི་ཞིག་གིས་ལབ་ཤེས་ཀྱི་མ་རེད་འཆི་ཆོས་རེ་འགྲུབ་ན་དེས་དགའ་ས་རེད་དངོས་གནས་ཡིན་ད་བླ་རྒན་དཀོབ་ཐོ་་་་་་་་་་་་

  6. ཨ་རིག་དགེ་མཐོང་། says:
    2012-04-23 at 12:16 pm

    གསེར་རྟའི་མིང་འཁུར་བ་ཁྱོས་ཉོན། ཁྱོད་དང་ཁྱོད་ལྟ་བུའི་གླེན་པ་ཁ་ནག་རིགས་ལ་ཁ་བརྡ་བྱེད་འདོད་མེད།རབ་ཡིན་ན་ངའི་རྩོམ་ཡིག་ཉི་མའི་འོད་ཟེར་འདིའི་ངོགས་སུ་སྒྲིབ་ནག་བགོས་རོགས་ཞུ།

  7. ཨ་རིག་དགེ་མཐོང་། says:
    2012-04-23 at 12:29 pm

    མ་ཞིག་ཆད་པས་མཐུད་དེ་ཀློགས།

  8. རྒྱལ་མཚན་ says:
    2012-04-23 at 12:40 pm

    རབ་ཏུ་བྱུང་བའི་ཟུར་ཙམ་མི་མངོན།

  9. ཡུལ་གྱར་བ says:
    2012-04-23 at 3:55 pm

    རྒྱལ་མཚན་ལགས། རབ་ཏུ་བྱུང་བའི་ཟུར་ཙམ་མི་དངོན་པ་གང་ཡིན་ནམ། རྒྱུ་མཚན་མི་འགྲོ་སའི་གདུལ་བྱར་ཁོ་རང་གི་རྣམ་འགྱུར་དང་འདྲ་བའི་ལན་ཞིག་འདེབས་རྒྱུ་དེའང་གང་ལ་གང་འདུལ་གྱི་མཛད་པ་ཡིན་པ་མཁྱེན་པར་མཛོད། ཧཧཧཧ

  10. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-04-23 at 9:33 pm

    བླ་རྒན་ཀླད་མེད་མི་ལ་མཐོང་ཆུང་བྱེད་མཁན་ཁྱོད་འདྲ་བ་ཞིག་གིས་ཡོང་གི་མ་རེད་ལོ་་་་་་་་་་་་་་་་་་་་་་་་་་་་་ཞེན་འགོག་རྐྱང་རྐྱང་མི་ཚེ་རྫོགས་པའི་དུག་དྲི་འཐུལ་བའི་བསམ་མེད་འདི་སྙིང་རྗེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་ཀྱི་བསམ་ལོ་པ་མདའ་སྙུག་སོགས་སུ་ཟིར་ཟ་དང་ཕྲག་དོག་བྱེད་མཁན་རང་སྐྱོན་ཨུ་ཚུགས་ཀྱི་འགེབ་པའི་
    ཞེན་འགོག་དང་ཁོག་རུལ་སོང་བའི་་བག་ཆགས་དགུ་བརྩེགས་ཅན་བླ་རྒན་ཡར་རྒྱས་དང་ཁ་ཕྱོགས་ཀྱི་དབེན་པའི་མུན་ནག་གི་ཁང་ཆུང་ནང་ན་ཆགས་སྲིད་ཀྱི་་བཟི་བའི་གླེན་ནག་མཐོང་བ་ཙམ་གྱི་མོད་ལ་ཞེན་ལོག་བྱུང་སའི་
    བླ་རྒན་བསམ་ལོ་གུ་ཡངས་སུ་གཏོང་རོགས་་་་་་་་་་་

  11. རྡོ་རྗེ་རྒྱལ་མཚན། says:
    2012-04-24 at 7:07 am

    ད་མང་པོ་མི་བཤད།ཚ་མདས་ནང་ཆོས་ཀྱི་མདོ་ཕྱོགས་དགག་སྟངས་དང་རིགས་ལམ་འགོད་ཚུལ་དེ་སྔའི་རིག་གནས་གསར་བརྗེའི་སྐབས་རྒྱ་གོང་བྲན་གྱིས་ཆོས་ལུགས་དགག་སྟངས་དང་གཅིག་པ་གཅིག་རྐྱང་རེད།
    ཚ་མདས་ནང་ཆོས་ཀྱི་སྔགས་ལུགས་དགག་སྟངས་ཀྱང་སྔགས་ནང་གསུངས་པའི་རྩ་ཐིག་རླུང་གསུམ་གྱི་རྣམ་བཞག་ལྟ་བུ་དང་།འོད་གསལ།སྒྱུ་ལུས།འཕོ་བ་དང་ཏིང་འཛིན་གྱི་རིགས་སྣ་ཚོགས་ཤིག་ཡོད་བསྡད་པ་ལྟ་བུ་དགག་མེད་པར།གཙོ་བོ་སྔགས་པ་ཚོ་རྫུན་མ་ཡིན་པ་དང་མགོ་བསྐོར་གཏོང་བ།རྒྱུད་སྡེ་ཁུངས་མེད་ཡིན་པ་སོགས་བོད་ཀྱི་ནང་ཆོས་མི་ཤེས་མཁན་དེང་སང་ཐེག་དམན་གྱི་གྲུབ་མཐའ་ཁོ་ན་འཛིན་མཁན་ཁག་ཅིག་གིས།ཚུར་ཕྱོགས་ཀྱི་གནས་ཚུལ་གསལ་བོ་གང་ཡང་རྒྱུས་མེད་པར་བོད་ཆོས་ལ་སྐྱོན་བརྗོད་བྱེད་སྟངས་དང་གཅིག་པ་གཅིག་རྐྱང་རེད།
    དེ་ཚོ་དེ་འདྲའི་རིན་ཐང་ཡོད་པ་ཅི་གང་མ་རེད།དེ་འདྲ་ཁུངས་མེད་འདྲོགས་འགོ་སློང་བའི་དེབ་ཐེར་རྒྱ་ཚོ་འབྲི་དགོས་རུང་དཀའ་ངལ་གང་མེད་རེད།ལར་འདི་ཚོའི་རིགས་ཨ་ཞང་ཚང་གི་ཆོ་འཕྲུལ་འདྲ་མིན་ན་བླ་མ་དཀོན་མཆོག་རེད།

  12. ཇ་མ་ says:
    2012-04-24 at 9:13 am

    དགེ་མཐོང་བླ་རྒ། སྔོན་གྱི་ཞོགས་དུང་དེང་སང་མེད། དེང་སང་མཚན་དུང་ཟེར་བ་ཞིག་ཟི་ལིང་དུ་ཡོད་སྲོལ་འདུག དེར་ཁྱེད་ཀྱིས་སྟོད་རན་མི་འདུག

  13. ཤུག་པ། says:
    2012-04-24 at 11:20 am

    དེ་ལྟར་གླེང་ན་ཁྱེད་ཀྱི་རྩོམ་ཡིག་གི་སྤྱི་ཁོག་དེང་ལེན་བྱེད་མི་ཐུབ་པའི་རྒྱུ་མཚན་མི་འདུག འོན་ཀྱང་བདག་གིས་འདི་ལྟར་འདོད་དེ། ཞོགས་དུང་གིས་བག་ཆགས་རྙིང་ཧྲུལ་ལ་རྒོལ་སྟངས། ལས་དབང་དང་བདག་མེད་ལྟ་བས་འོག་ནས་བཅང་གྲོལ་བྱེད་སྟངས་སོགས་ཀྱི་རིག་གནས་ལེབ་རྡུང་གི་བསམ་བློ་དེ་སྙིང་སྟོབས་རིགས་ཤིག་ཡིན་ན་དེ་ནི་རིག་གནས་དམར་གསོད་ཀྱི་སྙིང་སྟོབས་རེད་ཅེས་བརྗོད་འདོད། རྒྱུ་མཚན་གཞན་ཞིག་ནི་ཁོའི་རྗེས་འབྲང་གི་སྙིང་སྟོབས་གླེང་མཁན་ཚོས་ཀྱང་ས་སྐྱ་པཎ་ཆེན་མཁས་གྲལ་ནས་ཕུལ་རྒྱུ་ཡིན་རབ་དང་། རྗེ་རིན་པོ་ཆེས་བོད་ལ་ལྷམ་གོག་ཞིག་ཀྱང་བཟོ་མ་ཐུབ་ཚུལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བོ་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཡིན་ཚུལ། ཆོས་ལུགས་དང་ཉལ་ཐ། བསྡུས་གྲྭ་སྦྱང་བའི་ནག་ཉེས། རྒྱང་འཕེན་པར་དཀར་འདོན་བྱེད་པ་སོགས་གླེང་དེ་ཡོང་བ་དེ་ནི་སྤྱིར་གཏང་གི་རིག་གནས་བགྲོ་གླེང་བྱེད་སྟངས་ཞིག་དང་། དུས་རབས་དང་འབྲེལ་བའི་རིག་གནས་གནས་ལེགས་བཅོས་བྱེད་སྟངས་ཞིག རིག་གནས་ཀྱི་ཟབ་སར་དགག་བཞག་སྤྲོས་པ་ཙམ་མིན་པར་མཐའ་དག་གཙང་ཕྱགས་ཀྱི་ལས་འགུལ་སླེང་བ་ཞིག་ཏུ་བདག་གིས་གོ འདིས་ནི་བདག་ལ་དུས་རབས་སྔ་མའི་ལོ་རབས་དྲུག་ཅུ་བའི་གུང་ཕྲན་ཏང་གི་འབོད་སྒྲ་དྲན་དུ་བཅུག་སོང་། ཁོ་ཚོས་གཤིས་ཀ་དང་མོའུ་ཡིས་བསྐྲུན་པའི་མི་བུ་དེ་དག་གི་གཤིས་ཀ་ནི་ལུགས་གོང་གཅིག་ལས་ཐོན་པ་ལྟར་དེ་འདྲའི་མཚུངས་པ་ལའང་། འོན་ཀྱང་ཅུང་མི་འདྲ་ས་ནི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སོགས་རེད། དེ་ནི་ཁོ་བ་ཚོས་སྒམ་ཚིག་སྟོན་བྱེད་ཙམ་ལས་དེ་དག་གི་ཤེས་བྱའི་བློ་མིག་ལྡོང་བ་ནི་བསམ་བློའི་སྤྱི་ཁོག་ལ་ལག་གཉོབ་ཅིག་བྱོས་དང་ཤེས་ངེས།
    སྐབས་འདིར་བདག་ལ་དྲི་བ་ཞིག་བྱུང་བ་ནི། གལ་ཏེ་ཞོགས་དུང་རྒྱལ་བོ་དང་ཁོའི་རྗེས་འབྲང་བ་ཚོ་དམག་དཔོན་དང་ཁྲིམས་དཔོན་ཡིན་པའི་དབང་དུ་བྱས་ན་ཁོ་ཚོའི་ལས་ཀ་ཐོག་མ་དེ་གང་ཡིན་ནམ? ཞེས་པ་དེའོ། །

  14. ཡུལ་གྱར་བ says:
    2012-04-24 at 12:54 pm

    གལ་སྲིད་ཞོགས་དུང་རྒྱལ་པོ་དང་ཁོའི་རྗེས་འབྲང་བ་ཚོ་དམག་དཔོན་ཁྲིམས་དཔོན་ཡིན་པའི་དབང་དུ་བཏང་ན་ཁོ་ཚོའི་ལས་ཀ་ཐོག་མ་དེ་དྲང་བདེན་ལ་རྒོལ་བའི་གླེན་པ་རྣམས་རྒྱུ་མཚན་གྱི་སྒོ་ནས་ཚར་གཅོད་རྒྱུ་དང་བཙན་གནོན་གྱི་མནར་བཞིན་པའི་མི་རིགས་ལ་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ་དེ་གཉིས་ཡིན།

  15. ཚངས་དབྱངས། says:
    2012-04-24 at 1:52 pm

    བསམ་བློ་གསར་པ་དང་ལྟ་བ་གསར་པར་དགག་པ་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ལ་ལེགས་སོ། བློ་ཟུར་བོར་གནས་ནས་བརྟག་རྗེས་རང་གི་བསམ་བློ་བཤད་པ་དེ་འགྲིགས་པ་རེད་སྙམ། ང་ཚོའི་ལྟ་བ་དང་བསམ་བློར་གཞན་གྱིས་མི་བརྟག་མི་དཔྱད་ན། དེ་ལ་ནུས་པ་ཇི་ཡོད་ཤེས་དཀའ། 

    ལྷག་པར་དུ་ནང་ཆོས་ལ་མཚོན་ན། བློ་སྟོང་ཕྲག་རིང་ཕྱི་རོལ་བ་ཚོས་དགག་སྒྲུབ་བྱས་པ་དེས། ནང་པའི་ལྟ་བ་ཕུན་སུམ་ཚོགས་པར་ལེགས་སྐྱེས་ཕུལ་འདུག་སྙམ།

  16. ཀླུ་སྨྱོན། says:
    2012-04-24 at 6:54 pm

    ཐོག་མར་ཞོགས་དུང་གི་བག་ཆགས་དོང་སྤྲུགས་སོགས་སྤྱི་ཚོགས་སྟེང་བསླེབས་དུས་ནུབ་བྱང་མི་རིགས་སློབ་གླིང་གི་གསར་བུ་རྐྱལ་སྟོང་ནང་ཆོས་མི་ཤེས་ཤིང་དམར་པོའི་ལྟ་བ་ཤུགས་ཆེན་ཡོད་མཁན་ཚོས་གནམ་ལྡིང་ས་ལྡིང་བྱེད་སྤྱད་བྱས་པ་རེད། དེ་ལ་གསེར་རྟ་བླ་རུང་སློབ་གླིང་ནས་མཁས་པ་ཆེན་པོ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་དགག་སྒྲུབ་གནད་དུ་སྨིན་པ་ཞིག་བྱས་ཏེ་ལན་མེད་དུ་བཏང་བ་རེད། གཙོ་བོ་ནི་བོད་ཀྱི་ད་ཡོད་ནང་ཆོས་རིག་གནས་དང་དེས་བཞག་པའི་བག་ཆགས་མེད་པར་བཏང་ཚེ་ཁྱེད་ལ་དེའི་ཤུལ་དུ་འཇོག་རྒྱུའི་རིག་གཞུང་གང་ཡོད་སོགས་ལས་བརྩམས་ཏེ་སྨྲ་ངན་ཞིབ་མོ་རྣམ་འཐག་བྱས་པ་རེད། དེའི་རྗེས་སུ་བྲིས་པའི་ཞོགས་དུང་གི་དེབ་གཞན་དག་ཀྱང་ནུབ་བྱང་མི་རིགས་སློབ་གླིང་གི་གསར་བུ་ཚོ་དམར་ཕྱོགས་པ་ཚོའི་བསམ་བློའི་རྒྱབ་རྩར་གྱུར་པ་རེད། ཡིན་ན་ཡང་ཞོགས་དུང་གིས་གནམ་ས་གོ་འབྱེད་བྲིས་ནས་བཟུང་བོད་ཀྱི་སྐྱ་སེར་ཤེས་
    ཡོན་ཅན་གྱི་སྡེ་རུ་ཞོགས་དུང་ལ་གདེང་འཇོག་ཕྲན་བུ་ཞིག་ཐོབ་པ་རེད། ཐ་ན་ཁོས་བག་ཆགས་དོང་སྤྲུགས་སོགས་བྲིས་པའི་ནག་ཉེས་ཀྱང་ཉུང་དུ་དག་པའམ་ཡང་ན་ནག་ཉེས་དེ་ལ་རེ་ཞིག་གཡོལ་ཐབས་བྱུང་བ་རེད། ཡིན་ཡང་བག་ཆགས་དོང་སྤྲུགས་སོགས་གལ་སྲིད་རྒྱ་མི་ཞིག་གིས་བྲིས་པ་ཡིན་ན་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་མཐོང་ཆུང་བྱས་སོང་ཟེར་ནས་ངར་ངར་ཤོར་ཤོར་བྱེད་སྲིད་ཀྱང་། ཞོགས་དུང་ནི་བོད་པ་ཞིག་ཡིན་
    པས་སེར་མོ་བའི་སྡེ་རུ་མ་གཏོགས་དེ་ཙམ་ཕོག་ཐུག་མ་བྱུང་བ་རེད། དེ་བས་བག་ཆགས་དོང་སྤྲུགས་འབྲི་མཁན་གྱི་ཞོགས་དུང་དང་གནམ་ས་གོ་འབྱེད་འབྲི་མཁན་གྱི་ཞོགས་དུང་གཉིས་མི་གཉིས་ཀྱི་གོ་སར་བཞག་སྟེ་དཔྱད་གླེང་བྱས་ན་དོན་དང་ལྡན་པར་སྙམ།

  17. ཤུག་པ། says:
    2012-04-25 at 10:55 am

    ཀླུ་སྨྱོན་གྱིས་གསུངས་པ་དེ་ཀ་རང་སེམས་ཀྱིན་ཡོད།
    ཡུལ་གྱར་བ་ལགས་ནས། ༼གལ་སྲིད་ཞོགས་དུང་རྒྱལ་པོ་དང་ཁོའི་རྗེས་འབྲང་བ་ཚོ་དམག་དཔོན་ཁྲིམས་དཔོན་ཡིན་པའི་དབང་དུ་བཏང་ན་ཁོ་ཚོའི་ལས་ཀ་ཐོག་མ་དེ་དྲང་བདེན་ལ་རྒོལ་བའི་གླེན་པ་རྣམས་རྒྱུ་མཚན་གྱི་སྒོ་ནས་ཚར་གཅོད་རྒྱུ་དང་བཙན་གནོན་གྱི་མནར་བཞིན་པའི་མི་རིགས་ལ་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ་དེ་གཉིས་ཡིན།༽
    ཟེར། ད་དུང་ཁྱེད་ཀྱིས་བཤད་མེད་པ་ཞིག་ནི། བསང་ཁྲི་ཡོད་ཚད་བཤིག་ནས་རྒྱང་འཕེན་སྙིང་སྟོབས་མངོན་གྱུར་བྱེད་རྒྱུ་དེ་ཡང་ཁོ་ཚོས་ལས་ཀ་ཐོག་མ་དེ་མ་ཡིན་ནམ???

  18. ཡུལ་གྱར་བ says:
    2012-04-25 at 1:10 pm

    ཤུག་པ་ལགས། ཞོགས་དུང་རྗེས་འབྲང་འགས་བསང་ཁྲི་བཤིག་པར་ཞོགས་དུང་གིས་དེ་ནི་ཁྲིམས་འགལ་དང་མ་འོས་པ་ཞིག་ཡིན་པར་བརྗོད་པ་ལས་ཁོང་རང་ཉིད་ཀྱིས་བཤིག་མེད་ལ་བཤིག་པར་ཡང་བསྐུལ་ཡོད་བཟོ་མི་འདུག སྤྱིར་ན་ར་ལུག་གསོན་པོ་གཞོབ་དྲི་ཐུལ་ཐུལ་དུར་འཇུག་བྱ་ས་བཤིག་རྒྱུ་དེ་ལས་ཀ་ཐོག་མ་ཡིན་པ་སྐྱོན་ཆ་རང་མི་ཆེ། འོན་ཀྱང་དེ་ཡིན་བཟོ་མི་འདུག

  19. ཤུག་པ། says:
    2012-04-26 at 7:42 am

    ཡུལ་གྱར་བ་ལགས།
    བདག་གིས་དེ་ལྟར་བཤད་དོན་ནི། གསར་བུ་ཞིག་གིས་ཞོགས་དུང་གི་རྗེས་འབྲང་བ་ཡིན་ཟེར་ནས་བསང་ཁྲི་བཤིག་རྗེས་ཞོགས་དུང་གིས་ཁོ་ལ། གཙོ་བོ་སེམས་ཀྱི་བསང་ཁྲི་བཤིག་དགོས་པ་རེད། སེམས་ཀྱི་བསང་ཁྲི་བཤིག་ན་ཕྱིའི་བསང་ཁྲི་རང་བཞིན་གྱིས་འཇིག་འགྲོ་གི་རེད། ཅེས་བཤད་པ་དེ་ལ་བཤད་པ་ཡིན།
    ཉིད་ཀྱིས་བཤད་པ་བཞིན་ར་ལུག་གསོན་སྲེག་བྱ་སའི་བསང་ཁྲི་བཤིག་པ་ཡིན་ན་ཡི་རིང་མི་བྱེད་དོན་ཅི་ལ་ཡོད་དེ། བདག་གིས་བསམ་ཚོད་ནི་བསང་ཁྲི་ལ་རྒོལ་བ་ཙམ་མ་ཡིན་པར་དད་མོས་ལ་རྒོལ་བ་ཞིག་ཏུ་འདོད་པས་ཡིན། འོན་ཀྱང་བདག་གིས་ཀྱང་ཞོགས་དུང་གི་བསམ་ཚུལ་འགའ་ཞིག་དེང་ལེན་དང་། དེ་དེ་བཞིན་ནོ་སེམས་ཀྱིན་ཡོད། དུས་རབས་གསར་བའི་རླབས་རྒྱུན་དང་བསྡོངས་ནས་ང་ཚོ་ཡང་མདུན་དུ་བསྐྱོད་དགོས་པ་སྨོས་མེད་ཡིན་ཀྱང་། གཙོ་བོ་ང་ཚོའི་གནས་བབ་དང་ཁྱད་ཆོས་ལ་གཞིགས་དགོས་བསམ་ཡོད།
    ༧ ཀུན་གཟིགས་པཎ་ཆེན་རིན་པོ་ཆེས། ལྷ་ས་ལྷ་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་དགོས་པ་ལས། ཧོང་ཀོང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་མི་རུང་། གསུངས་པ་ལྟར་འདོད་དོ། །

  20. ཡུལ་གྱར་བ། says:
    2012-04-26 at 9:35 am

    ཤུག་པ་ལགས། ཁྱེད་ཀྱི་རྒྱུ་མཚན་ལྡན་པའི་གསལ་བཤད་འདིར་ཕྲན་ལ་མོས་མཐུན་ཡོད། ཞོགས་དུང་ལ་སྐབས་འགར་ཐལ་ཆ་ཆེ་དྲག་པའི་སྐྱོན་ཡོད། འོན་ཀྱང་མི་རིགས་འདིར་སླད་མེད་དང་གཙང་གི་ཀུན་སློང་ཅན་གྱི་མི་ཞིག་ཏུ་ཁོ་བོས་མཐོང་བཞིན་འདུག

  21. ཤུག་པ། says:
    2012-04-26 at 10:03 am

    དེ་ཀ་རང་ངེས་འཛིན་ཞུ་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme