Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫུན་ཁུང་རང་རྡིབ་ཀྱི་དྲི་བ་བདུན་ལ་དགག་གཞག་ཀེ་ཏ་ཀ

Posted on 2012-04-222012-04-23 By ཤར་ཕྱོགས་ཁུག་རྟ། 40 Comments on རྫུན་ཁུང་རང་རྡིབ་ཀྱི་དྲི་བ་བདུན་ལ་དགག་གཞག་ཀེ་ཏ་ཀ


ཐུབ་བསྟན་ལུང་རིགས། ༼ བཀའ་ཟུར། ༽

༄༅། ། ཆོས་མེད་རིང་ལུགས་ཙམ་དུ་མ་ཟད། ཆོས་ལ་དུག་དུ་ལྟ་བ་རབ་ཏུ་བྱུང་བར་རྐུན་མ་དམར་པོ་དང། བླ་མ་སྤྲུལ་སྐུར་ཇག་པ་སེར་པོའི་མིང་འདོགས་མཁན་གྱི་རྒྱའི་དབང་འཛིན་པས་ཆོས་བཤད་བྱས་པ་ནི་འུག་པ་ཆོས་བཤད་ཀྱི་དཔེ་ལྟར་ལ། ལན་བྱ་བ་དོན་ཡོད་པར་མ་མཐོང་ཡང། ༧རྒྱལ་དབང་ལྔ་བ་ཆེན་པོས། བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར།། མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང།། ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས།། འཐིབས་བུའི་སྨག་རུམ་སེལ་བ་འགའ་བྱུང་སྙམ།། ཞེས་གསུངས་པ་བཞིན་ཞི བའི་མི་མང་མགོ་བོ་མི་རྨོངས་ཆེད་དགག་གཞག་ཀེ་ཏ་ཀ་འདིས་དྭངས་བར་བྱེད་ལ་སྤྲོ་བ་ཡིན།

དེ་ཡང་མི་སྒེར་དང་ཁྱིམ་ཚང། རྒྱལ་ཁབ་བཅས་སུ་ཡ་རབས་བཟང་སྤྱོད་རྒྱུན་འཁྱོངས་ཁྱབ་བརྡལ་བྱ་རྒྱུ་ནི་བོད་ཀྱི་ནང་ཆོས་ཚུད་པའི་འཛམ་གླིང་ཆོས་ལུགས་ཁག་ཚང་མའི་གཞི་རྩའི་དམིགས་འབེན་ཡིན་ལ། བོད་མི་རིགས་ནི་དམིགས་འབེན་འདི་ཉིད་དོན་དངོས་ལག་ལེན་གྱི་ཡང་རྩེར་སོན་པའི་མི་རིགས་ཤིག་ཆགས་ཡོད། ༢༠༠༩ ལོ་ནས་བོད་མི་ཚོས་རང་ལུས་གཞོམ་སྲེག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་དང། བོད་མིའི་བསྒྲུབ་བྱའི་རང་དབང་གི་སྙིང་པོར་གྱུར་པའི་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་བཅས་ནི་བོད་མི་རིགས་འགྲོ་བ་མི་གྲལ་དུ་ཡུན་གནས་རྟག་བརྟན་དང། དེའི་ཚེ་སྲོག་གི་གཞི་རྩར་ངོས་འཛིན་གནང་བ་ནི་བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་དེ་སྔ་བྱུང་མྱོང་མེད་པའི་རླབས་ཆེན་གྱི་ལེའུ་གསར་པ་ཞིག་ཏུ་གྱུར་ཡོད།

མི་སུ་ཞིག་ཡིན་ནའང་གཞན་གྱིས་བཙན་གནོན་དང། རྡུང་རྡེག་བཅས་ཀྱི་མནར་གཅོད་ཚད་ལས་བརྒལ་བ་བཏང་ན། དེ་ལ་སུ་རྒྱལ་སུ་ཕམ་གྱི་གནས་སྟངས་ཐག་གིས་གཅོད་པ་ཆོས་ཉིད་ཡིན་ནའང། ༧གོང་ས་མཆོག་གི་ལྟ་དགོངས་སྤྱོད་གསུམ་རྩ་བར་འཐིམས་པའི་བོད་ཀྱི་རིག་གནས་དང་། དེས་བཞེངས་པའི་བོད་མི་ཚོས་དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་གསོད་གཏུབ་བཙོན་འཇུག སྙིང་ཕྱུངས་བ། རྒྱུ་མ་འདོན་པ། མིག་འབྲུ་བ། བཙན་གཡེམ་བྱེད་པ། སྦྲུམ་མ་དམར་བཤག་བྱེད་པ། གསོན་སྦས་བྱེད་པ། ཕ་མ་གསོན་སྦས་སྟེང་བུ་ལ་གར་འཁྲབ་དུ་བཅུགས་པ། ལྕེ་དང་ཕོ་མཚན་གཅོད་པ་སོགས་འགྲོ་བ་མིའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཀླ་ཀློ་དང་འདྲེ་སྲིན་དངོས་ཀྱི་བྱ་སྤྱོད་ལག་ལེན་བསྟར་ཡང། དེ་ལ་སེན་འབྲེད་ཙམ་གྱིས་འཚེ་བ་བྱེད་པ་ལྟ་ཅི། ཁོང་ཚོས་རང་གི་སྐུ་ལུས་ལ་མེ་བགོས་ཏེ་རྒྱ་ནག་གཞུང་གི་ཀླ་ཀློའི་སྤྱོད་པ་དེ་དག་མཚམས་འཇོག་ཡོང་བའི་སྐུལ་མ་གནང་བ་ནི་ཅི་འདྲའི་རིན་ཐང་བྲལ་བ་ཞིག་མ་རེད་དམ།

ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་བདག་གཞན་མཉམ་བརྗེ་སྟེ། གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་རང་གི་དགེ་བ་གཞན་ལ་གཏོང་བ། རང་ལ་གསོད་རྡུང་གཏུབ་གསུམ་བྱས་ཀྱང་གསོད་མཁན་ལ་མ་བཞིན་ལྟ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ་དེ་དག་གི་སྤྱོད་པ་དང་རྦད་དེ་གཅིག་མཚུངས་མ་རེད་དམ། བོད་མི་ཚོའི་དེ་ལྟ་བུའི་ཚེ་སྲོག་བློས་གཏོང་གི་ཚ་རླབས་དེས་འཛམ་གླིང་དང། པེ་ཅིང་ཀྲུང་ཧན་ཧའེ་བཅས་འདུག་བཟོད་ཁྱོན་ནས་མ་བདེ་བ་བཟོས་འཕྲལ། རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་༧ཏཱ་ལའི་བླ་མར་བཏོན་པའི་དྲི་བ་བདུན་གྲགས་པ་འདི་ངོ་ཚ་ཞིང་ཡ་ང་བའི་ངང་འདོན་དགོས་བྱུང་འདུག་པས།

དྲི་བ་དང་པོའི་ལན། བོད་མི་ཚོས་རང་སྲེག་མི་གཏོང་མཐུ་མེད་བྱུང་བ་ནི་རྒྱ་ནག་གཞུང་གི་བྱེད་བབ་ཉག་ཅིག་ཡིན།

སྐད་ཆའི་འགོ་བཙུགས་མ་ཐག་རྫུན་གཏམ་ཁུང་བརྡོལ་བ་ནི་”༢༠༡༢ལོའི་ཟླ་༢ཚེས་༢༢ཉིན། ཏཱ་ལའི་ཡིས་རྒྱ་གར་གྱི་རྡ་རམ་ས་ལ་ནས་ཞོགས་པའི་སྨོན་ལམ་འཚོགས་ཤིང་། བོད་མི་རྣམས་ལ་རང་སྲོག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་ཞུ་དགོས་པ་ལས་ལོ་གསར་མི་གཏོང་བའི་འབོད་སྐུལ་བྱས།”ཟེར་བ་འདི་རེད། ༢༠༡༢ ། ༢ །༢༢ ། ཉིན་སྟེ་ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱུན་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་ཚུགས་ཏེ། ཚོགས་ལངས་གྲུབ་མཚམས་༧གོང་ས་མཆོག་ཕོ་བྲང་དུ་ཆིབས་བསྒྱུར་གནང་བ་ཀུན་གྱིས་དངོས་དང་བརྒྱུད་པས་མཇལ་ཡོད། ཉིན་དེར་བོད་མི་ཙམ་མ་ཟད་ཨིན་ཇི་བ་སོགས་སེར་སྐྱ་མི་མང་ ༢༠༠༠ ལྷག་གིས་ཀྱང་༧གོང་ས་མཆོག་གིས་ཉིན་དེར་ལོ་གསར་མི་གཏོང་རྒྱུར་བཀའ་སློབ་ཚིག་གཅིག་གསན་རྒྱུ་ཕར་ཞོག སྐབས་དེའི་ལོ་གསར་གྱི་ཆོས་ཕྱོགས་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཆོས་སྲིད་གང་ཐད་ཀྱི་བཀའ་སློབ་གཅིག་ཀྱང་གསུངས་མེད་བཞིན། རྒྱ་གཞུང་གིས་རྫུན་གཏམ་འདི་ལྟར་སྨྲ་རྒྱུའི་ཧམ་པ་དང་སྨྱོ་བཤད་འདི་ཅི་ཞིག་ཡིན་ནམ། གསུངས་ཡོད་ན་དེ་ལྟར་གསུངས་པའི་ཁུངས་གང་དུ་ཡོད་དམ། འདིར་མི་འདྲེན་པའི་རྒྱུ་མཚན་ཅི་ཞིག་ཡིན། བོད་མི་རང་གི་གོམས་སྲོལ་ལ་ནང་མི་གཉེན་ཉེ་འདས་གྲོངས་སུ་ཕྱིན་པ་ཡིན་ན་ལོ་དེར་མྱ་ངན་མི་བྱེད་པར་ལོ་གསར་གཏོང་བའི་སྲོལ་རྒྱུན་ཡོད་པ་རྒྱ་ནག་གཞུང་གིས་གང་དུ་མཐོང་སོང་ངམ། དེ་འདྲའི་གནས་ཚུལ་ཐབས་རྡུག་འབྱུང་བཞིན་དུ་སྲོལ་ལུགས་ལ་ཁ་གཡར་སྟེ་དགའ་དགའ་སྤྲོ་སྤྲོ་བྱེད་པ་བྱུང་ན། དངོས་འབྲེལ་ཁྱེད་ཚོས་ཟེར་བ་བཞིན་མཆིལ་མ་དོར་དགོས་པ་ཞིག་ཡིན།

ད་ལོར་ལོ་གསར་དགྱེས་སྟོན་ཚབ་ལ་མྱ་ངན་བྱས་པ་ནི་བོད་མི་ཚོས་རང་གི་མི་རིགས་དང་རིག་གཞུང་གི་ཆེད་དུ་རང་སྲེག་བཏང་སྟེ་བདེན་དོན་རྩད་པས་རེད། བོད་མི་ཚོས་སྐུ་ལུས་མེ་ལ་སྦར་བཞིན་ཞལ་ནས་ཅི་ཞིག་འབོད་ཀྱི་འདུག་གམ། མེ་ཕུང་དམར་པོའི་ཀློང་དུ་སྨོན་པ་ཅི་ཞིག་འདོན་གྱི་འདུག་གམ། དེ་དག་རྒྱ་ནག་གཞུང་གིས་མཁྱེན་ཨེ་ཡོད། ཁོང་ཚོས་༧གོང་ས་མཆོག་གི་དགོངས་གཞིའི་སྙིང་པོ་འཇིག་རྟེན་ཞི་བདེ་དང། ཡུན་རིང་ཐུགས་སྨོན་གནང་པའི་རྒྱ་བོད་འཆམ་མཐུན་གྱི་གཞི་རྩ་དམ་དུ་བཟུང་སྟེ། བོད་མིའི་ཁྱད་ནོར་ ༧གོང་ས་མཆོག་རྒྱང་འབོད་བྱེད་པ་དང་། ༧གོང་ས་མཆོག་རང་གི་ཕ་ཡུལ་དུ་གདན་འདྲེན་ཞུ་དགོས་པའི་རེ་འདུན་དམར་ལྷབ་ལྷབ་ཞུ་བཞིན་པ་དག་ལ་ཤུལ་ལུས་བོད་མི་ཡོད་དོ་ཅོག་གིས་ཅིས་ཀྱང་མྱ་ངན་ཞུ་འོས་པ་ཞིག་ལོས་ཡིན།

མཚམས་འདིར་ཚོར་བ་ཆེན་པོའི་ཐོག་དྲི་བ་གཏོང་འདོད་པ་ནི་བོད་མི་དཔའ་བོ་དཔའ་མོ་འདི་དག་གིས་བཏོན་པའི་རེ་འདུན་རྡོག་པོ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གང་ལ་འགལ་འདུག་གམ་ཞེས་པ་འདི་ཡིན།

བོད་མི་ཚོ་ཅིའི་ཕྱིར་གཞི་རྩ་མེད་པ་དང་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་ཀླ་ཀློའི་སྲིད་བྱུས་འོག་དུས་རབས་ཕྱེད་ཀ་ལྷག་གནས་དགོས་བྱུང་བ་རེད། བོད་མི་ཚོ་ཅིའི་ཕྱིར་མི་རུ་མ་བརྩིས་པ་རེད། འདི་ལྟར་བསམ་ཞིབ་བྱས་འོང་དུས། རྒྱ་ནག་གཞུང་གིས་བོད་མི་རྣམས་མི་གྲལ་དུ་མ་བཞག་པས་བོད་མིས་རང་སྲེག་བཏང་བ་རེད་ཅེས་སྐད་གསེང་མཐོན་པོས་བཤད་ཆོག

སྔོན་ཁྱེད་ཚོའི་ལེའུ་ཧུའུ་ལན་དང་ཏུང་ཚོན་རུས་སོགས་ཀྱིས་རང་སྲོག་བློས་བཏང་རྗེས་དཔའ་བོ་དཔའ་མོ་ཞེས་མིང་བཏགས། འདྲ་འབག་རྡོ་རིང་བཞེངས། སྦྱར་པར་བཀྲམས། སློབ་མའི་སློབ་དེབ་ཚུན་ཆད་དུ་བཀོད་དེ་མི་རིགས་ཆེན་པོའི་རིང་ལུགས་ཀྱིས་རྒྱ་ནག་གི་གནམ་སའང་ཁ་སྦྱར་གྲབས་བྱས་པ་དེ་ལས། བོད་མི་ཚོས་བོད་རྒྱ་གཉིས་ཕན། འཇིག་རྟེན་ཞི་བདེ་བཅས་ལ་འགན་འཁུར་བའི་ཐོག་ནས་རང་སྲོག་བློས་བཏང་གནང་བ་དག་ལ་མྱ་ངན་རྗེས་དྲན་བྱེད་མི་ཆོག་པ་ཅི་ཞིག་ཡིན་ནམ། མི་རིགས་དང་བདེན་དོན་གྱི་ཆེད་དུ་གཅེས་སྲོག་བཏང་བ་འདྲ་མཉམ་ཡིན་ན་ང་ཚོས་ཅིའི་ཕྱིར་མྱ་ངན་ཙམ་ཡང་ཞུ་མ་ཆོག་པ་རེད། རེབ་འདིར་ལོ་གསར་མི་གཏོང་བ་ནི་དྲིན་དྲན་པ་དང་གསབ་པ། བྱས་པར་ཡི་རངས་བྱེད་པ་སོགས་བོད་ཀྱི་རྒྱུ་འབྲས་རིག་གནས་ཀྱིས་བསྐྱེད་པའི་རྒྱུན་ལྡན་གྱི་བསམ་སྤྱོད་བསྒྱུར་ཏུ་མེད་པ་ཞིག་ཡིན་པ་རྒྱ་ནག་གཞུང་གིས་ཤེས་རྟོག་མེད་པ་ག་ལ་སྲིད།

དོན་སྙིང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་གལ་ཏེ་རང་སྲོག་གཏོང་རྒྱུའི་བཀའ་ཟུར་ཙམ་ཞིག་ཕེབས་པའི་དབང་དུ་བཏང་ན། རི་ཉིལ་བ་ཐག་པས་མི་འདུམ་པའི་དཔེ་ལྟར་ཆགས་རྒྱུ་ལས། ད་ལྟ་བཞིན་རྒྱལ་གཅེས་པའི་ཕུང་པོ་ཁྱེད་ཚོས་སྦས་སྐུང་དང་བཙན་གཉེར་བྱེད་པ་སྤྲོས་བྲལ་ཡིན།

དྲིས་ལན་གཉིས་པ། ༧གོང་ས་མཆོག་གིས་རང་སྲེག་བྱུང་རྐྱེན་ངོས་འཛིན་གནང་བ་ནི་རྦད་དེ་དངོས་བྱུང་ཇི་བཞིན་གསུངས་པ་རང་རེད།

༢༠༡༡ ལོའི་ཟླ ༡༡ ཚེས ༧ ཉིན༧གོང་ས་མཆོག་གིས་ཉི་ཧོང་དུ་1″ངོས་སྒེར་གྱི་བསམ་ཚུལ་ལྟར་ན་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་དེའི་ཆབ་སྲིད་དང་ཆོས་ཕྱོགས། དེ་བཞིན་ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཅས་ལ་བསམ་ཞིབ་ནན་པོའི་ཐོག་ནས་ལྟ་དགོས་པ་ཡིན། རྒྱ་ནག་གཞུང་གིས་བོད་ལ་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་དབང་བསྒྱུར་བྱས་པའི་དོན་དངོས་གནས་སྟངས་གང་འདྲ་ཡིན་མིན་དོན་རྐྱེན་དེ་དག་ནས་གསལ་པོར་རྟོགས་ཐུབ། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་ལ་བརྟེན་ནས་བོད་མི་ཚོས་རང་དབང་དང་དྲང་བདེན་རྩོད་བཞིན་ཡོད་པ་དང། རྒྱ་ནག་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་ཛ་དྲག་ལ་བརྩིས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང། བོད་ཀྱི་དངོས་ཡོད་གནས་སྟངས་ཁས་ལེན་བྱེད་དགོས་པ་རེད”ཅེས་གསུངས་ཡོད་ཀྱང་། ད་བར་བོད་ནང་གི་དངོས་ཡོད་གནས་སྟངས་དང་མངོན་འདོད་བཅས་པར་རྒྱ་ནག་གཞུང་རང་ངོས་ནས་ཞིབ་འཇུག་བྱེད་རྒྱུ་ཕར་ཞོག རང་དབང་ཅན་གྱི་ཚོགས་སྡེ་གཞན་ལའང་ཞིབ་འཇུག་བྱེད་དུ་མི་འཇུག་པའི་རྒྱུ་མཚན་ཅི་ཞིག་ཡོད།

གཞན་དུ་སྐབས་འདིར་ཁོང་ཚོས་རང་ནོངས་ཐོད་དུ་བླངས་ནས་སྨྲས་པ་ལྟར་བོད་ཀྱི་རིག་གནས་རྨེག་མེད་གཏོང་མཁན་ནི་རྒྱ་ནག་གཞུང་རང་ལས་གཞན་དུ་འཇོག་རྒྱུ་མེད། རྒྱ་ནག་གཞུང་གིས་བོད་བཙན་ཟོས་བྱས་པ་ནས་གཡོ་ཧམ་དྲག་སྤྱོད་ལ་བརྟེན་ཏེ་བོད་མིའི་རིགས་རུས་དང་སྐད་ཡིག དད་མོས་སེམས་ཁམས་སོགས་བོད་ཀྱི་ངོ་བོ་རྩ་མེད་གཏོང་བའི་གཡོ་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་མོད་། ད་དུང་སུ་ཞིག་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་འདུག་ཅེས་ལྡོག་འདྲི་འདི་འདྲ་བྱེད་རྒྱུར་རྒྱ་ནག་གཞུང་གི་ཁོག་ལ་དྲན་ཡང་ཁ་ནས་ཅི་ལྟར་ཤོར་སོང་ངམ།

བོད་བརྒྱུད་ནང་བསྟན་གྱི་གཞི་རྟེན་དུ་གྱུར་པའི་བོད་ཀྱི་རིག་གནས་ནི་གོ་ལ་ཆེན་པོའི་སྣོད་བཅུད་ཀྱི་ཞི་བདེར་མེད་དུ་མི་རུང་བ་ཞིག་ཡིན་པ་དེར་རྒྱ་གཞུང་གིས་བསམ་བཞིན་འཁྱོག་བརྗོད་ཅི་ལྟར་བྱས་ཀྱང། འཇིག་རྟེན་ཁམས་ཀྱི་གཟུར་གནས་ཚན་རིག་པ་དང་མཁས་པ་དག་གིས་བོད་ཀྱི་རིག་གནས་འདི་བཞིན་ཆེས་མཆོག་ཏུ་གྱུར་པ་ཞིག་ལ་གདེང་འཇོག་གནང་གི་ཡོད་པ། དཔེར་ན། ༧གོང་ས་མཆོག་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་དུ་ཕེབས་ཀྱང་མི་ཚོགས་ས་ཆེན་པོ་གཡོ་བ་ལྟར་འདུ་འཛོམས་འབྱུང་གི་ཡོད་པ་ནི། ཁོང་གི་ཞལ་ཞེ་གཉིས་མེད་ཀྱི་སྤྱིར་འཇིག་རྟེན་ཡོངས་དང། བྱེ་བྲག་བོད་རྒྱ་གཉིས་སྨན་གྱི་དགོངས་གཞི་དགོངས་པ་བོད་ཀྱི་ཆོས་དང་རིག་གནས་ཀྱི་འགུག་ཤུགས་ལ་བརྟེན་ཏེ་བྱུང་བ་ཡིན་པ། ༧གོང་ས་མཆོག་གི་ཞལ་སྔ་ནས་ཀྱང་3″རིམ་པས་ནང་ཆོས་སློབ་གཉེར་བྱས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐའ་མེད་པའི་སྙིང་རྗེ་བཅས་ཀྱི་ལྟ་གྲུབ་ལ་གོ་རྟོགས་འཕེལ་བའི་དབང་གིས་ཀུན་ཁྱབ་ཀྱི་སེམས་ཁུར་དང༌། འཚེ་བ་མེད་པ། ཆོས་ལུགས་མཐུན་ལམ་བཅས་ཀྱི་གལ་འགངས་ཤེས་རྟོགས་བྱུང༌། ལྟ་གྲུབ་གྱི་རྒྱུ་མཚན་འདི་དག་ལ་བརྟེན་ནས་ངས་མིའི་གཞི་རིམ་གྱི་བཟང་སྤྱོད་སྤེལ་རྒྱུའི་འབད་བརྩོན་མུ་མཐུད་བྱེད་ཀྱིན་ཡོད། ཐབས་ཚུལ་འདིས་དཀའ་ངལ་ཧ་ཅང་ཆེ་བའི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ལམ་ནས་བྱེད་ཐུབ་པའི་ལམ་སྟོན་ཐོབ་བྱུང༌།” ཞེས་གསུངས་ཡོད།

དྲི་བ་གསུམ་པའི་ལན། བོད་རྒྱ་གཉིས་ལོ་རྒྱུས་སྟེང་མཆོད་ཡོན་གྱི་འབྲེལ་བ་མིན་ན་གང་ཡིན།

ལོ་རྒྱུས་ཀྱི་དངོས་བྱུང་ཇི་བཞིན་སྨྲ་རྒྱུ་ནི་༧གོང་ས་མཆོག་གིས་འཇིག་རྟེན་ཁྱོན་ཡོངས་ལ་བཅངས་བའི་དྲང་བདེན་གྱི་ཆ་ཤས་ཤིག་ཡིན་པས། མན་ཇུ་དང་བོད་བར་ལབ་ནའང་འདྲ་ལ། གསེར་བུམ་དཀྲུག་འདོན་གྱི་བྱུང་ཚུལ་ནས་བཤད་ནའང་འདྲ། གང་ལྟར་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་པས། དེར་བསྒྱུར་བཅོས་བྱ་མི་ཐུབ་པ་དང་། ད་བར་ཡང་ནས་བསྐྱར་དུ་རྒྱུ་མཚན་ཁུང་ལུང་ཏན་ཏིག་དང་བཅས་རྒྱ་གཞུང་གི་ཞལ་དུ་ཅི་ལྟར་བསྟབས་ཀྱང། རྫུན་མ་སྟོང་བཟློས་ཀྱིས་སུན་སྣང་ཡེ་ནས་མེད་ཚོད་ལ་ལྟོས་ན་སྐབས་འདིར་བྱུང་བ་ངོ་སྤྲོད་བྱ་རྒྱུ་ལས་དྲི་བ་འགའ་བཏང་བར་འདོད་དེ། མན་ཇུ་དང་བོད་ཀྱི་མཆོད་ཡོན་སྐོར་ཅུང་ཙམ་སྤྲོ་བ་ལ།

ཆིང་ངམ་མན་ཇུ་དང་བོད་གཉིས་མཆོད་ཡོན་གྱི་འབྲེལ་བ་མིན་ན་མན་ཇུའི་གོང་མ་ལྷ་སྐྱོང་ངམ་གོང་མ་ཆན་ལུང་སྲིད་དབང་དར་རྒྱས་རྩེ་མོར་སོན་སྐབས་༧རྒྱལ་མཆོག་སྐུ་ཕྲེང་བརྒྱད་པར་ཕུལ་བའི་གཡང་ཀྲིའི་མཇའ་སའི་ནང་། ༧གོང་ས་མཆོག་གི་མཛད་པར་ཆེ་བརྗོད་དང་བསྟོད་བསྔགས་ཚད་མེད་གནང་འདུག་པ་མ་ཟད། ” སྐུ་གོང་མ་ཏཱ་ལའི་བླ་མའི་ལུགས་སྲོལ་བཞིན་ཐུགས་བསྐྱེད་རྒྱ་གང་ཆེ་དང་། སྨོན་འདུན་བཟང་པོས་ཁྱད་འཕགས་ཀྱི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། འགྲོ་བ་ཀུན་ལ་ལེགས་ཚོགས་སྩལ་ཏེ་”ཞེས་མན་ཇུས་བདག་སྐྱོང་བྱས་ཡོད་ན། ༧གོང་ས་སྐྱབས་མགོན་ཆེན་པོར་ཆབ་སྲིད་སྐྱོང་རྒྱུ་ཞིག་གང་ནས་ཡོང་ངམ།

མན་ཇུའི་ཆན་ལུང་གི་རྗེས་སུའང་ ༡༨༤༤ ལོར་བོད་རྗེ་སྲིད་སྐྱོང་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཁྲི་བཤོལ་ཚབ། གནས་སྐབས་རིང་པཎ་ཆེན་བསྟན་པའི་ཉི་མས་ཆབ་སྲིད་བསྐྱངས་པ་དང་། ༡༨༦༢ ལོར་བོད་རྗེ་རྭ་སྒྲེང་དང་དགའ་འབྲས་འགལ་ཟླ་བྱུང་རྗེས། བཤད་སྒྲ་དབང་ཕྱུག་རྒྱལ་པོར་བོད་ཀྱི་སྡེ་སྲིད་བསྐོས་པ། སྲིད་སྐྱོང་དེ་མོ་ཧོ་ཐོག་ཐུ་ལས་ཁུར་དགོངས་པ་ཞུས་མཚམས། གཞུང་འབངས་སེར་སྐྱ་སྤྱི་མགྲིན་ནས་གསོལ་བ་བཏབས་པ་ལྟར་༡༨༩༥ ལོར་༧གོང་ས་བཀའ་དྲིན་ཟླ་མེད་བཅུ་གསུམ་པ་ཆེན་པོས་གངས་ལྗོངས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་སོགས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་ཆེའི་རིགས་འཕོ་འགྱུར་སྐབས་བོད་གཞུང་མང་གིས་རང་ཐག་བཅད་པ་ལས་མན་ཇུས་ཐེ་བྱུས་སྤུ་ཙམ་བྱས་མེད་པ་ལས་ཀྱང་རྟོགས་ཐུབ་བོ།

དེ་བཞིན་སྐབས་དེའི་བོད་ཀྱི་ཕྱི་སྲིད་ཐད་ནས་ཀྱང་༡༨༥༨ མན་ཇུ་དང་ཨིན་ཇིའི་བར་བཞག་པའི་ཆིངས་ཡིག་ནང་དུའང། ཨིན་ཇི་བོད་ནང་འགྲུལ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲད་དོན་ལྟར། ༡༨༨༥ ལོར་ཨིན་ཇིའི་མི་སྣ་གམ་པ་རྫོང་དུ་འབྱོར་སྐབས་བོད་གཞུང་གིས་མན་ཨིན་ཆིངས་དོན་ཁས་མ་བླངས་པར་ཨིན་ཇི་གམ་པ་རྗོང་ནས་བོད་དུ་ཡོང་མ་བཅུག་པ། ༡༨༩༠ ལོར་འབྲས་ལྗོངས་དང་རྒྱ་གར་ཨིན་གཞུང་གཉིས་ཀྱིས་ས་མཚམས་སྐོར་ཆིངས་ཡིག་ཅིག་བཞག་པ་དང་། ༡༨༩༣ ལོར་དེའི་མཇུག་སྐྱོང་མན་ཨིན་གཉིས་ཀྱིས་རྡོར་གླིང་དུ་གྲོས་མཐུན་བཞག་པའི་ནང་གྲོ་མོར་ཚོང་རྭ་བཙུགས་ཏེ་ཨིན་ཇིའི་མི་ཁོངས་ཚོང་ལས་བྱེད་ཆོག་པ་དང་། ཨིན་གཞུང་གི་ལས་བྱེད་གྲོ་མོར་བསྡད་ཆོག་པ་འཁོད་ཀྱང། ཅི་ལྟར་བྱས་ཏེ་དེ་དོན་ལག་ལེན་དོན་འཁེལ་མ་བྱུང་བ་རེད་དམ་ཞེ་ན། དེའང་བོད་གཞུང་གིས་ཞལ་བཞེས་མ་གནང་བ་ལས་བྱུང།

གཞན། གོར་ཁས་ ༡༧༩༣ ལོའི་ཆིངས་དོན་བརྩིས་མེད་ཀྱིས་ ༡༨༥༥ ལོར་བོད་སར་བཙན་འཛུལ་བྱེད་སྐབས་མན་ཇུའི་ཐེ་བྱུས་གང་ཡང་མེད་པ་དང་། ལྷག་པར ༡༩༠༤ ལོར་ཨིན་དམག་བོད་དུ་འཛུལ་སྐབས་མན་ཇུའི་རོགས་རམ་ཕར་ཞོག ལྷ་སྡོད་ཨམ་བན་ནས་ཨིན་ཇིར་ཟུར་གསོས་ཕུལ་སྟེ་སྣེ་ལེན་ཞུས་པ་རྣམས་ནག་བསུབ་བཏང་བ་ཡིན་ནམ།

སྨྱུག་འཛིན་པས་མཚམས་འདིར་ནན་གྱིས་བཤད་འདོད་པ་ཞིག་ནི། རྒྱ་བོད་འབྲེལ་འདྲིས་ཀྱི་དུས་ཡུན་རིང་ཤོས་དང། རྒྱ་ནག་གིས་སོ་འཇོག་སུན་བཙེར་གནང་བྱེད་དུ་བཞག་པའི་ལྷ་སྡོད་ཨམ་བན་ཟེར་བ་དག་གི་ལྐོག་གཡོ་ངན་ཇུས་ཀྱི་བྱས་ཤུལ་ཐར་ཐོར་རེར་མགོ་རྨོངས་ཨ་འཐས་བྱེད་པ་ལས། ༧གོང་ས་སྐྱབས་མགོན་ཆེན་པོ་དང་མན་ཇུ་གོང་མའི་བར་འདྲ་མཉམ་གྱི་གནས་བབ་བྱུང་བ་རྣམས་ཡང་དག་ངོས་འཛིན་ཐུབ་ན་། དེ་ནི་རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་མཛའ་མཐུན་འབྱུང་གཞི་མ་རེད་དམ་ཞེས་ཞུ་ཡི་ཡོད།

དྲིས་ལན་བཞི་པ། དོན་དམ་མི་རིགས་བར་འགལ་ཟླ་བཟོ་མཁན་ངོ་མ་སུ་རེད་དམ།

མགོ་བསྐོར་བསླུ་བྲིད་དང་རྫུན་ནག་དྲག་སྤྱོད་ཀྱི་ཐབས་ལམ་ཁོ་ནར་བརྟེན་ནས། མངའ་འབངས་འཛིན་སྐྱོང་གི་སྲིད་གཞུང་ཞིག་ལ་མཚོན་ན། ཆེས་ཞེད་སྣང་དགོས་ས་དེ་རྒྱལ་ཁོངས་མི་མང་གིས་སྲིད་གཞུང་མངོན་སུམ་དུ་མཐོང་བའི་དུས་ཚོད་དེ་ཡིན་ལ། སྐབས་དེ་ནི་ཁོང་ཚོར་འཇིགས་རུང་གི་ཉམས་སུ་མགོ་རྟིང་ལོག་འགྲོ་བས་མཐའ་མའི་དུས་ཚོད་དེ་ཡིན་པའི་རྐྱེན་གྱིས་སོ།

ཁོང་ཚོའི་དྲི་བ་བཞི་པ་ཟེར་བའི་ཐོག་མར། ཕྱི་ལོ ༢༠༡༡ ལོའི་ཟླ ༧ པར་༧གོང་ས་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིར་བཀའ་ལན་བསྐྱོན་སྐབས། “པེར་ལན་གྱི་རྩིག་གྱང་ལོག་ནས་ང་ཚོས་རྒྱལ་ཁབ་གང་ཡིན་ཡང་མི་མང་ལ་གཏོགས་པ་ལས། སྲིད་ཏང་གང་ཞིག་གམ། རྒྱལ་བོ་གང་ཞིག་ཡང་ན་བསམ་བློའི་འགོ་ཁྲིད་སུ་ཞིག་ཡིན་ཡང་དབང་མི་སྲིད་པ་མཐོང་བྱུང། “ཅེས་གསུངས་བ་དེ་ལུང་དུ་དྲངས་ནས། བཀའ་སློབ་དེས་ནི་མི་རིགས་ཕན་ཚུན་བར་ལ་འགལ་བ་སླངས་པ་རེད་ཅེས་འུར་བརྗོད་ཆེན་པོ་ཞིག་བྱས་འདུག

༧གོང་ས་མཆོག་གི་བཀའ་སློབ་དེའི་མཐའ་མའི་བསྟན་དོན་སྙིང་པོ་ནི་ཚོགས་སྒེར་གང་ཡང་རུང་བའི་སྒེར་སྤྱོད་སྲིད་གཞུང་ཞིག་གི་འོག་ནས་རང་དབང་ཟེར་བ་དེ་གླེང་ཐབས་མེད་ལ། རང་དབང་མེད་པའི་བདེ་སྐྱིད་ཟེར་བ་ཞིག་དེ་བས་མེད་ན། མི་རྣམས་ངེས་པར་མང་གཙོར་བསྐྱོད་དེ། རྒྱལ་ཁབ་དམངས་ལ་དབང་བ་ཞིག་བྱེད་ཐུབ་པ་དགོས་ཞེས་གསུངས་ཡོད་པ་ལས། དེར་མི་རིགས་ཕན་ཚུན་འགལ་འབྲེལ་ལ་ཤུགས་རྐྱེན་ཐེབས་པའི་བཀའ་སློབ་ཅིག་གསུངས་མེད་པ་འདི་རེད། ཡིན་ནའང། དམངས་ལ་དབང་བའི་རྒྱལ་ཁབ་ཟེར་དུས། སྒེར་སྤྱོད་དབང་བསྒྱུར་མཁན་ཚོའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་སྐྱེ་ཡོད་ཕྱིན། དམངས་ལ་དབང་བའི་རྒྱལ་ཁབ་བམ། ཐམས་ཅད་དམངས་ཀྱིས་ཐག་གཅོད་དགོས་པའི་ལམ་ལུགས་ཐད་ལ་སྐུལ་སློང་བྱས་ཡོང་དུས། སྒེར་སྤྱོད་དབང་བསྒྱུར་མཁན་ཚོར་ཞེད་སྣང་དངངས་འཚབ་དང་བཅས་ཏེ་གཞན་དུ་ཁ་བསྒྱུར་གྱི་བྱེད་སྟངས་གསར་པ་ཞིག་འགོ་བརྩམས་ཡོང་བ་ནི་ཁོང་ཚོའི་རྩ་བའི་ལངས་ཕྱོགས་ཡིན།

དོན་ངོ་མའི་མི་རིགས་ཕན་ཚུན་བར་ལ་འགལ་བ་སློང་མཁན་རྒྱ་ནག་གཞུང་ལས་གཞན་པ་གང་ན་ཡོད། དཔེར་ན། ཕྱི་ལོ ༢༠༠༨ ལོའི་ཞི་རྒོལ་དོན་རྐྱེན་སྐབས་སུ་ལྷ་སར་གནས་སྡོད་རྒྱ་རིགས་ཚོང་པ་ཁ་ཤས་འདས་གྲོངས་སུ་ཕྱིན་པ། བོད་མིས་ཆེད་མངགས་དམར་གསོད་བཏང་བ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚད་མེད་འུར་སྒྲོག་བྱས་ཏེ་འགལ་བ་ག་ཚོད་ཅིག་བཟོས་ཡོད། དེ་བཞིན་༧གོང་ས་མཆོག་གིས་ལོ་དེའི་ཨའོ་རྩེད་འགྲན་ཚོགས་རྒྱ་ནག་ཏུ་ཚོགས་རྒྱུར་སྔ་ཕྱིར་འཛམ་གླིང་ཡོངས་གྲགས་ཀྱིས་རྒྱབ་སྐྱོར་ག་ཚོད་གནང་བས་དངོས་བདེན་ཤེས་བཞིན་དུ། དེ་ལས་ལྡོག་སྟེ་ཨའོ་རྩེད་རྒྱ་ནག་ཏུ་ཚོགས་རྒྱུར་༧གོང་ས་མཆོག་གིས་བར་ཆད་བཏང་རབས་རྒྱ་ནག་གཞུང་གིས་རྫུན་གཏམ་བསྟུན་མར་སྤེལ་སྟེ་བོད་རྒྱ་མི་རིགས་བར་ལ་ཆེད་མངགས་ཞེ་འཁོན་ག་ཚོད་སླངས་པ་འཇིག་རྟེན་ཀུན་གསལ་ཡིན།

ཡང་དེར་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་”མངོན་སུམ་འཛེམ་མེད་ངང་བོད་རིགས་ཕུད་མི་རིགས་གཞན་རྣམས་བོད་ནས་ཕྱིར་འབུད་བྱེད་རྒྱུ་བསྒྲགས།”ཞེས་པ་ཞིག་ཡིག་ཆ་དེའི་མགོ་མཇུག་བར་གསུམ་གང་དུའང་མེད་པ་ཡོད་པར་སྨྲ་བའི་མངོན་སུམ་ལ་བསྙོན་པའི་འཁྱོག་བརྗོད་ཀྱིས་རྒྱ་བོད་མི་རིགས་བར་འགལ་ཟླའི་པེར་ལན་རྩིག་གྱང་ཞིག་བསྐྲུན་དགོས་དོན་ཡང་གང་ཡིན་ནམ།

བཙན་བྱོལ་བོད་གཞུང་གིས་སྐབས་དེར་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་4″བོད་ནང་གཏན་དུ་གཞིས་ཆགས་པ་དང། དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་ཀུན་སློང་མིན། ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང། བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཀྱི་ཡོད་པ་དེ་དག་ཡིན་”ཞེས་གསལ་པོར་འཁོད་ཡོད་པ་མ་མཐོང་བ་ག་ལ་ཡིན།

དྲིས་ལན་ལྔ་པ། ༧གོང་ས་མཆོག་ལས་ལྷག་པའི་བོད་མིའི་ཚབ་མཚོན་ཞིག་གང་ན་འདུག

ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ལྟ་སྟངས་གཅིག་ཡོད་པ་ནི་བོད་མི་རྣམས་ནི་ཆོས་དད་པས་ཁོང་ཚོའི་འཇིག་རྟེན་གྱི་ཐོབ་དབང་ལ་གྱོང་གུད་དང་ཚོད་འཛིན། དབང་བསྒྱུར་ཐེབས་ཀྱིན་ཡོད་པར་འདོད་ཀྱི་ཡོད་ལ་བསྒྲགས་བཞིན་པའང་རེད། ལྟ་སྟངས་འདིས་བོད་མི་རྣམས་ལ་”རྨོངས་དད་ཡོད་པ་དང། བླ་མས་དབང་སྒྱུར་གྱིན་ཡོད་པ། རྗེས་ལུས་ཀྱི་བསམ་བློ་ཡོད་པར་”ཧམ་བཤད་བྱ་རྒྱུ་ནི་རྒྱ་ནག་མི་མང་གིས་བོད་མི་མང་ལ་ལྟ་ཚུལ་འགྱུར་བ་ཐེབས་གཞི་གཙོ་བོ་ཞིག་ཆགས་པར་རེ་བ་ནི་ཧ་ཅང་གསལ་བོ་རེད། ཡིན་ནའང་གུང་བྲན་ཏང་གི་བྱ་འཕུར་བ་ལྟ་བུའི་སྤྱི་ཚོགས་ཡར་རྒྱས་འགྲིམས་ཤིང་ལྷ་ཡུལ་ལྟ་བུའི་བདེ་སྐྱིད་མྱོང་བཞིན་པར་བསྙད་པའི་”རྨོངས་དད་མེད་པ་དང་བོད་མིའི་རྗེས་ལུས་ཀྱི་བསམ་བློ”མེད་པའི་བོད་མི་གུང་བྲན་ཏང་མི་རྣམས་ལ་ཉིན་བརྒྱ་དུས་གཅིག་ཏུ་རང་དབང་ཐོག་བོད་ཀྱི་ཚབ་མཚོན་པ་སུ་ཡིན་མིན་འོས་ཤོག་འཕེན་བཅུག་པ་ཡིན་ན། ཉིན་མོ་དེར་གུང་བྲན་སྲིད་གཞུང་ལ་བློ་བསྐྱེད་གསར་པ་ཞིག་འབྱུང་ངེས་ལ། སྔར་འགྱོད་ཕྱིས་སྡོམ་གྱི་མདུན་ལམ་གསར་པ་ཞིག་ཀྱང་འབྱུང་ངེས་པ་ནི་ཐེ་ཚོམ་མེད་པ་ཞིག་རེད།

༢༠༠༢ ནས་ཚུགས་པའི་རྒྱ་བོད་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་དམིགས་བསལ་སྐུ་ཚབ་མཆོག་གིས་ཀྱང། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་མིའི་ཚབ་མཚོན་སུ་ཡིན་ལྟ་འདོད་ཡོད་ན་འོས་འཕེན་དུ་བཅུག་དང་ཞེས་གོ་བརྡ་གསལ་པོར་སྤྲད་པ་བཞིན། ཅི་སྟེ། ཁྱེད་ཚོར་བློ་རྒྱ་ཡོད་ན། ༧གོང་ས་མཆོག་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་མིན་བོད་མི་ཚོར་བསམ་ཚུལ་འདྲི་རྒྱུའམ། ཡང་ན་རྒྱ་ནག་གཞུང་དང་༧གོང་ས་མཆོག་གཉིས་ལས་སུ་ཞིག་བོད་མིའི་མགྲིན་ཚབ་པ་ཡིན་མིན་རང་དབང་གི་འོས་ཤོག་འཕེན་དུ་བཅུག་དང། དེ་དུས་བོད་མི་རིགས་ཀྱིས་ས་ས་མལ་དང་རྡོ་རྡོ་མལ་གྱི་དཔེ་རུ་བསྐྱལ་སྟེ་ཁྱེད་ཚོའི་ཁ་ལྕེར་རྡོ་རྗེ་རྒྱ་གྲམ་གྱིས་གཏན་དུ་གཡོ་བ་མེད་པའི་གནས་སུ་འགོད་ངེས་པ་ཡིན་པས། ཕར་ཚུར་རྩོད་རྙོག་གི་གཞི་མ་ཅི་གང་ལྷག་མི་སྲིད་པ་ཡིན་ནོ་ཞེས་བཤད་རྒྱུ་ཡིན།

དྲིས་ལན་དྲུག་པ། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བར་དེ་འདྲ་ཞེད་དོན་ཅི།

དངོས་གནས་གོང་དུ་ཞུས་པ་བཞིན། བོད་མི་ཚོས་ཤི་གསོན་གྱི་མཐའ་མའི་ཐག་གཅོད་ཀྱང་༧གོང་ས་མཆོག་དང་༧གོང་ས་མཆོག་གི་ལྟ་དགོངས་སྤྱོད་གསུམ་བོད་དུ་གདན་འདྲེན་ཞུ་རྒྱུ། བོད་ཀྱི་རང་དབང་གི་ཆེད་གནང་གི་ཡོད་ན། བོད་མི་ཚོ་ཚེ་སྲོག་ལས་ལྷག་པའི་གལ་ཆེན་ཞིག་ཡོད་པ་དེ་༧གོང་ས་མཆོག་དང་། ཡང་ན་༧གོང་ས་མཆོག་གིས་སྙིང་པོ་བྱས་པའི་རང་དབང་ཁོ་ན་མ་རེད་དམ། གནད་དོན་འདི་གཅིག་པུས་༧གོང་ས་མཆོག་གིས་བོད་ཀྱི་དཀྱིལ་སྙིང་མཚོན་ཐུབ་མིན་དངོས་ར་གསལ་སྤྲོད་བྱས་འདུག་པས་ད་དུང་དྲི་བ་གཏོང་དགོས་ཅི་ལ་ཐུག

༢༠༠༩ ནས་བོད་ཕྱི་ནང་གཉིས་སུ་བོད་མི་ ༣༥ རང་ལུས་མེར་སྲེག་བཏང་བས་བོད་མིའི་བློས་གཏོང་དང་སེམས་ཐག་ཆོད་པོར་འཛམ་གླིང་མི་མང་ཡིད་སྨོན་སྐྱེ་བཞིན་ཡོད། ཁོང་ཚོས་ཚེ་འདིའི་ལུས་སྲོག་བློས་གཏོང་གིས་བོད་ཀྱི་བདེན་དོན་རྩོད་ཀྱིན་པས། བོད་མི་རིགས་ཀྱི་བླ་ན་མེད་པའི་རྒྱུ་འབྲས་རིག་གནས་ཀྱི་ངོས་ནས་བཤད་ན། ཁོང་རྣམ་པ་ཚོར་ཕྱི་མའི་རྟེན་བཟང་ཐོབ་རྒྱུར་སྨོན་ལམ་རྒྱག་པ་ལ་དྲི་བ་གཏོང་དགོས་པ་ཞིག་རེད་དམ། བོད་མི ༣༥ རང་སྲེག་གཏོང་དགོས་པའི་རྒྱུ་མཚན་ལ་གོ་ཤེས་ཉན་འཇོག་ཁྱོན་ནས་མེད་པར། ད་དུང་བོད་མི་ཚོས་བསྔོ་བ་སྨོན་ལམ་བྱས་ན་ནོར་འཁྲུལ་ཡོད་ཚུལ་དང་ལོག་བཤད་བྱ་རྒྱུར་འཇིག་རྟེན་འདིར་ངོ་ཚ་ཁ་སྐྱེངས་ཅུང་ཙམ་མེད་པ་འདི་ནི་ཟེར་རྒྱུས་ཕོངས་པ་མིན་ན་ཅི་ཞིག་ཡིན་ནམ།
རང་སྲེག་བཏང་བའི་བོད་མི་ཚོར་ཚེ་སྲོག་ཀྱང་གཏོང་གཏོང་ཆོག་གི་སྙིང་སྟོབས་ཡོད་ན། ཁོང་ཚོར་འཇིག་རྟེན་འདིར་འཇིགས་སྣང་བྱེད་ས་ཅི་ཞིག་ཡོད་དམ། ཁོང་རྣམ་པས་ཅིའི་ཕྱིར་རང་གི་ཚེ་སྲོག་གིས་རྒྱ་བོད་ཞི་འགྲིག་གཞི་རྩ་འབོད་བཞིན་པ་རེད་དམ། མི་རིགས་འདྲ་མཉམ་གྱི་དར་ཆ་འཕྱར་བ་རེད་དམ། སྐད་ཡིག་རང་དབང་གི་སྲོག་ཤིང་བསླངས་བ་རེད་དམ། འདི་འདྲའི་རླབས་ཆེན་གྱི་རང་སྲོག་བློས་གཏོང་ལ་༧གོང་ས་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་གནང་མི་ཆོག་པ་ག་རེ་ཡོད་དམ།
༢༠༠༨ ཟླ ༥ ཚེས་ ༡༢ ཉིན་ཟི་ཁྲོན་དུ་འབྱུང་བའི་གོད་ཆགས་བྱུང་སྐབས་ཟླ་དེའི་ཚེས ༡༥ ཉིན་འཇར་མན་དུ་༧གོང་ས་མཆོག་ནས་”གནས་ཚུལ་དེ་ཐོས་པ་དང་པར་སོགས་མཐོང་མ་ཐག་ངོས་རང་སེམས་པ་ཤིན་ཏུ་སྐྱོ་བོ་བྱུང། འབྱུང་ཁམས་གོད་ཆག་དེའི་ཆེད་དེ་རིང་སང་ཉིན་གང་མགྱོགས་ང་ཚོས་སྨོན་ལམ་མཆོད་འབུལ་ཞུ་རྒྱུ་ཡིན་”ཞེས་གསུངས་པ་དང། ཟླ ༦ ཚེས ༤ ཉིན་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམས་བྱུང་བར་བསྔོ་སྨོན་སྐྱབས་འཇུག་ཞུས་ཡོད་ཀྱང། ཁྱེད་ཚོས་”༢༠༠༨ལོའི་ཟླ་༥ཚེས་༡༢ཉིན་གྱི་སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་པོ་བྱུང་ནས་མི་མང་པོ་ཤི་རྨས་ཐེབས་པ་དང་། བོད་རིགས་མི་ཉུང་བ་ཤི་གསོན་ཧ་མ་གོ་བའི་སྐབས་དེར། ཏཱ་ལའི་འཇར་མན་དུ་སོང་ཞིང་། མིའི་རིགས་ཀྱི་འཇིགས་པ་ཆེན་མོ་འདིའི་སྐོར་ཚིག་གཅིག་ཀྱང་མ་བཤད་ལ། ལྷག་པར་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལའང་སྙིང་རྗེ་རྩ་བ་ནས་མཚོན་མེད་པ་རེད།”ཅེས་བཤད་པ་ནི་མིའི་རིགས་ཀྱི་སྐད་ཆ་བཤད་སྟངས་ཤིག་རེད་དམ།

ད་དུང་སྐབས་དེའི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གྱི་སྐྱབས་ཐོའི་ནང་དུའང” བར་ལམ་༢༠༠༨། ༥། ༡༢། ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམས་ཀྱི་གོད་ཆགས་བྱུང་སྟེ་མི་༦༩༠༡༩ (དྲུག་ཁྲི་དགུ་སྟོང་བརྒྱ་མེད་བཅུ་དགུ)་རྐྱེན་འདས་ཕྱིན་པ་དང་། མི་མང ༣༧༣༥༧༣ ལ་རྨས་སྐྱོན། མི་མང་ ༡༨༦༢༧ གར་སོང་ཆ་མེད། མི་མང་ས་ཡ་ ༡༥.༡༥ གནས་སྤོས་བྱེད་དགོས་པ་སོགས་མདོར་ན་མི་མང་འབུམ་ ༡༥༠ ལྷག་ཙམ་ལ་གོད་ཆག་གི་སྡུག་བསྔལ་བཟོད་དཀའ་བྱུང་བ་རྣམས་ཀྱི་སླད། རྟེན་མཆོག་སྤྱན་སྔར་མཆོད་བཤམས་དང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་གདན་ཞུས་དང་དགེ་འདུན་པ་རེར་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ་ཕུལ་སྟེ། ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམས་གོད་ཆག་འོག་འདས་གྲོངས་ཕྱིན་པ་རྣམས་ཀྱི་སྡིག་ལྟུང་བྱང་སྟེ་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་ཐོབ་པ་དང་། ཤུལ་ལུས་ནང་མི་རྣམས་ཀྱི་སེམས་ངལ་སངས་པ་ཚེ་འཇུག་བདེ་སྐྱིད་ཡོངས་ཐབས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་བསྔོ་སྨོན་ཤུགས་དྲག་ཞུ་ན་”ཞེས་འཁོད་འདུག་པ་དང། གཞན་༧གོང་ས་མཆོག་གིས་སྐབས་དེར་ཟི་ཁྲོན་ཝུན་ཁྲོན་དུ་སྐུ་དངོས་སུ་ཕེབས་འདོད་ཡོད་པའི་ཐུགས་རེ་གནང་བ་སོགས་རྒྱ་རིགས་མི་མང་གིས་གསལ་གཟིགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

དྲིས་ལན་བདུན་པ། རྒྱ་ནག་གཞུང་གིས་སྒོར་མོས་དྲ་དམངས་བསླུ་ཉོ་བྱེད་ཀྱི་ཡོད་པ་སུས་མི་ཤེས།

“སྒོར་ཟུར་ལྔ་པ་”ཞེས་ན་དེང་སང་འཛམ་གླིང་དུ་ཡོངས་གྲགས་ཆགས་ཟིན་སྟབས། རྒྱ་ནག་གཞུང་གིས་བསླུ་ཉོ་བྱས་པའི་དྲ་དམངས་ལ་གྲངས་ཀ་ཞིག་གང་དུ་ཡོད་དམ། གླེང་ཕྱོགས་རྫུན་མ་བཟོ་བ་དང་གུང་བྲན་ལ་ཆེ་བསྟོད་ཀྱིས་འུར་རྒྱག་པ་སོགས་ནི་ཧུའུ་ཅིན་ཐའོས་དབུ་ཁྲིད་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་ཚིང་ཁ་ཤིག་ཤིག་ཡོད་ནའང་། དེས་སྐུ་ཞབས་ཧུའུ་ཅིན་ཐའོར་དོན་དངོས་འཆམ་མཐུན་གྱི་གཞུང་དམངས་བསྐྲུན་སོང་ངམ། ཡང་ན་སྤྱི་ཚོགས་བརྟན་བརླིང་བསྐྲུན་སོང་ངམ། དེ་ལ་ཏང་ཀྲུང་དབྱང་རང་ཉིད་རྒྱུས་ཡོད་ཆེ་ཤོས་ཡིན་སྟབས་ཁ་གསང་ནས་གསུང་ཐུབ་ཀྱི་ཡོད་དམ།

ང་ཚོས་ཤེས་གསལ་ལ་རྒྱ་ནག་ནང་ཁུལ་དུ་”སྒོར་ཟུར་ལྔ་པ་”མིན་པའི་དྲ་ཞུགས་པའི་གནས་ཚུལ་ལ་ལྟ་རྟོགས་བྱ་ཆེད་ངོ་སྤྲོད་ལག་ཁྱེར་བརྒྱུད་ཐོ་འགོད་བྱ་དགོས་པ་དང་། ངོ་སྤྲོད་ལག་ཁྱེར་མེད་ན་དྲ་བར་ཞུགས་ཐུབ་ཀྱི་མེད་པའི་གནས་ཚུལ་ཐབས་རྡུག་མང་པོ་ཉིན་རེར་ཇེ་མང་དུ་འགྲོ་ཡི་འདུག ག་རེ་བྱས་ནས་རྒྱ་ནག་གཞུང་གིས་རང་གི་མི་མང་ལ་ཡིད་ཆེས་མ་རྙེད་པ་རེད་དམ། གཞན་སྒོར་ཟུར་ལྔ་པས་རྒྱ་ནག་ནང་ཁུལ་གྱི་རྙོག་གླེང་ཆེད་དཀྲོག་གཏམ་སྣ་ཚོགས་སྤེལ་རྒྱུར་འགྲོ་སོང་ག་ཚོད་གཏོང་གི་མེད་དམ། ༧གོང་ས་མཆོག་ནས་རྒྱ་ནག་གི་རྒྱལ་སྲུང་ལས་ནང་ཁུལ་གྱི་རྙོག་གླེང་ལ་དཔལ་འབྱོར་འགྲོ་སོང་ཕོན་ཆེ་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་གནང་གི་ཡོད་ལ། རྒྱ་རིགས་ནམ་འཕྲད་ལ་ནང་ཁུལ་འཆམ་མཐུན་གྱི་རྩ་བ་ཡིད་ཆེས་ལ་ཐུག་ཡོད་པའི་བོད་དང་༧གོང་ས་མཆོག་གི་རིག་གནས་གཞི་རྩར་དྲངས་ནས་བསླབ་བྱ་ལམ་སྟོན་གནང་གི་ཡོད་པས། འཆམ་མཐུན་དང་མཐུན་སྒྲིལ། གཞུང་མང་བར་ཡིད་ཆེས་དགོས་ན་ངེས་པར་དུ་༧གོང་ས་མཆོག་གི་ལམ་སྟོན་སྙིང་པོ་ལས་བརྒལ་ཐབས་མེད་པས། སྲིད་བློན་ཝུན་ཇ་པོས་བཤད་པ་ལྟར་ཆབ་སྲིད་བསྒྱུར་བཅོས་མ་བྱས་ཚེ་གུང་བྲན་གྱིས་བསླུ་ཉོ་བྱས་པའི་དྲ་དམངས་ཉོག་གཏམ་རུ་ཁག་གིས་གུང་བྲན་ལ་རྫུན་བསྟོད་བྱས་ནས་གུང་བྲན་གྱི་རྒྱལ་སྤྱིའི་མཚན་ཉིད་སྔར་བཞིན་སྲུང་དགོས་ཤར་ཚེ་ནམ་རིང་སྒྲུང་གིས་མི་འཁྱོལ་བ་ས་རིས་ཐང་གསལ་རེད་མི་འདུག་གམ། ད་དུང་ཡ་ང་བག་ཚ་གང་ཡང་མེད་པར་རང་གིས་བསླུ་ཉོ་བྱས་པའི་དྲ་དམངས་ཉོག་གཏམ་རུ་ཁག་གི་སྐད་ཆ་དྲངས་ནས་༧གོང་ས་མཆོག་ལ་སྡུག་དམོད་གཏོང་ཁུལ་འདི་ནི་”ཐབས་ཟད་གཏི་ཐུག་གི་ལས་ཀ་”མིན་ན་གཞན་དུ་མིང་ཞིག་འདོག་རྒྱུ་གཏན་ནས་མི་འདུག་གོ།

དེས་ན་མཐའ་སྡོམ་དྲ་དམངས་ཀྱི་སྐད་ཆ་མ་ཡིན་པའི་འཛམ་གླིང་འདིར་སྐད་གྲགས་ས་ཁྱབ་གནམ་ཁྱབ་ཏུ་ཕྱིན་པ། ལྟ་སྤྱོད་གཉིས་ལ་འཛམ་གླིང་ནང་ཆ་འཇོག་ཡོད་པའི་ཞི་བདེའི་དེད་དཔོན་ཆེན་པོ་བཅུ་གཉིས་ཀྱིས་དེ་རིང་༢༠༡༢ ཟླ ༤ ཚེས ༣ ཉིན་སྐུ་ཞབས་ཧུའུ་ཅིན་ཐའོར་ཕུལ་བའི་སྙན་ཞུའི་སྙིང་དོན་འདིར་དྲངས་ན། “བོད་མི་ཚོས་ཡུན་རིང་ནས་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། ཁོང་ཚོས་འཚེ་བ་མེད་པ་དང་གྲོས་མོལ་གྱི་ལམ་ནས་དགོས་འདུན་དེ་དག་སྒྲུབ་ཐབས་བྱས་ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་བྱུང་མེད་སྟབས། ད་ཆ་ཞི་རྒོལ་བྱེད་དགོས་ཐུག་གི་ཡོད། ང་ཚོའི་ཆོས་གྲོགས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད། རྒྱ་ནག་དབུ་ཁྲིད་ཚོས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་གནད་དོན་དེ་བཞིན་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་གོ་སྐབས་དེ་འཛིན་དགོས། དེའི་ཆེད་གྲོས་མོལ་གྱི་བརྒྱུད་རིམ་ཚར་གཅིག་འགོ་བཙུགས་ཚར་བ་དེ་བར་མ་ཆད་པ་ཞིག་དང་འཁྲུག་ཆ་དོད་པོ། དོན་ཕན་སོན་པ་ཞིག་དགོས”ཞེས་འཁོད་དོན་ལྟར།

ད་ནི་རྒྱ་ནག་གཞུང་གིས་དོན་དམ་གྱིས་བོད་མི་རིགས་ལ་དུས་རབས་ཕྱེད་ཀ་ལྷག་རིང་བཙན་བཟུང་གིས་གསོད་རྡུང་རྨས་གསུམ་ཚད་མེད་བྱས་དང་བྱེད་བཞིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་མཚམས་འཇོག་བྱས་ཏེ། རྒྱ་བོད་མི་རིགས་གཉིས་འདྲ་མཉམ་གཞི་མཐུན་མཉམ་གནས་ཡོང་གཞིའི་མ་གདན་ཞིག་བསྐྲུན་ན་གོ་སྐབས་ཏག་ཏག་ཤར་འདུག་སྙམ་བྱུང།

༢༠༡༢། ༣། ༤། ཉིན་ཤར་མར་བྲིས།
མུ་འགོད།

1) ༧གོང་ས་མཆོག་གི་བཀའ་སློབ་ལུང་འདྲེན་གྱི་ཁུངས། http://www.gyalwarinpoche.com/newsdetail.php?recordID=111
2)ཞི་བདེའི་དེད་དཔོན་ཆེན་པོ་བཅུ་གཉིས་ཀྱིས་ཧུའུ་ཅིན་ཐའོར་ཕུལ་བའི་སྙན་ཞུ།
http://bod.asia/2012/04/
3) ཨ་རི་གསེར་གྱི་རྟགས་མའི་གཟེངས་རྟགས་མཛད་སྒོར་སྩལ་བའི་བཀའ་སློབ་ནས་དྲངས།
4) རང་སྐྱོང་བསམ་འཆར་གྱི་ཤོག་ངོས ༢༠ སྟེང་གི་ཐིག་ཕྲེང ༡༠ ནས་ ༡༥ པར་གསལ།

དཔྱད་རྩོམ།

Post navigation

Previous Post: སྙན་ངག་མ་བྲིས་ཡུན་རིང་འགོར།
Next Post: ཡལ་མི་ཐུབ་པའི་བརྩེ་དུངས།

Comments (40) on “རྫུན་ཁུང་རང་རྡིབ་ཀྱི་དྲི་བ་བདུན་ལ་དགག་གཞག་ཀེ་ཏ་ཀ”

  1. གངས་སེང་དཀར་མོ། says:
    2012-04-22 at 1:39 am

    བཀའ་ཟུར་ཁོང་གིས། རྩོམ་ཡིག་འདིའི་ཚིག་དང་དོན་གཉིས་ཐད་ནས་རང་བཞིན་གྱིས་སྒྱུ་རྩལ་དང་། ནུས་ཤུགས་སོགས་གཞན་དང་མ་འདྲ་བའི་ཁྱད་ཡོན་མཚོན་ཡོད་ལ། དམིགས་བསལ་གྱིས་དགག་པ་འདིས་དམིགས་འདུན་དུ་བཟུང་བའི་དམིགས་བྱ་དེ་ཉིད་ཚར་བཅད་གཙང་མའི་ངོ་བོ་མཚོན་ཐུབ། དེ་ནི། སྒྲོ་འདོགས་དང་སྐུལ་འདེབས་སྤངས་བའི་རང་བཞིན་དང་དྲང་བདེན་གྱི་དཔུང་ཤུགས་ཤིན་ཏུ་མཐོ་ལ་ལོ་རྒྱུས་དང་། གནས་བབས། སྤྱི་ཚོགས་སོགས་ཀྱིས་འཕང་བའི་བདེན་དོན་བསལ་བཤད་ཀྱིས་རྒྱབ་དཔུང་བྱས་ཡོད། དེ་ལྟ་བུའི་དགག་གཞག་སོགས་ལན་གསལ་པོ་ཞིག་སྤྲོད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ཕྱིར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

  2. བློ་བཟང་གྲགས་པ། says:
    2012-04-22 at 1:54 am

    རྒན་ཐུབ་བསྟན་ལུང་རིག་ལགས་ཀྱི་རྩོམ་ཡིག་མཇལ་པར་དགའ་སྤྲོ་ཆེས་ཆེར་ལྡན་ལ། རྩོམ་ཡིག་འདི་འདྲ་ལ་རྩོམ་ཡིག་ཟེར་བས་རྒན་ལགས་ཀྱིས་ཁ་བརྡ་རུ་རྩོམ་ཡིག་འདིའི་རིགས་སྤེལ་པར་ཐུགས་རྗེ་ཆེ་ལ། མུ་མཐུད་རྩོམ་ཡིག་གང་མང་སྤེལ་གནང་ཡོང་པར་མཁྱེེན།།།།།

  3. གཉིས་མེད་སེངྒེ says:
    2012-04-22 at 2:16 am

    འབད་པ་ཤ་ཐང་བསྟེན་པའི་རྫུན་པོ་ཆེར། །
    བདེན་གཏམ་རྡོ་རྗེའི་ཚིག་འདི་རྣོ་དྲགས་སྟབས། །
    བྱིས་པས་ཕིབས་པའི་བྱེ་མའི་ཁང་བུ་བཞིན། །
    ཁད་ཀྱིས་འཐོར་བའི་ལྟད་མོ་དེ་རིང་མཐོང་། །

  4. ལ་རྒྱའི་བདག་པོ། says:
    2012-04-22 at 2:25 am

    ལྷག་བསམ་དང་།དྲང་ཚུགས།ཤེས་ཡོན་བཅས་ཀྱིས་ཕྱུག་པའི་བཀའ་ཟུར་སྤྱི་འཐུས་ལས་ཐོག་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་འཚམས་འདྲི་དང་སྦྲགས་།གོང་གི་རྩོམ་ཡིག་དེ་དཔེ་མི་སྲིད་པའི་བརྗོད་དོན་གནད་དུ་བསྣུན་ལ་བརྗོད་བྱ་གཟབ་པ་བཅས་འདུག་པས་ཐུགས་རྗེ་ཆེ་ཞུ།རང་འཇགས་གངས་ཅན་སྐྱིད་གཤོངས་ཀྱི་སྐུ་ངོ་ཚོའི་དབུས་ན་འདི་ལྟ་བུའི་རྩོམ་ཡིག་བྲིས་མཁན་ནི་ཁྱོད་རེ་ཙམ་མངོན།དེས་ན་ཁྱོད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།

  5. ཁ་བ་འཚོ says:
    2012-04-22 at 3:07 am

    བཀའ་སྤྱིའི་གྲལ་ན་འདི་འདྲའི་རྩོམ་ཡིག་སྤེལ་ཐུབ་མཁན་ཡོད་པ་འདི་དགའ་འོས་བའི་བྱ་བ་ཞིག་རེད།ཆབ་སྲིད་ཀྱི་གླེང་ཕྱོགས་ཡང་གཞན་དང་མི་འདྲ་བར་གནད་ལ་འཁེལ་འདུག དེ་མིན་ཁ་ནས་བོད་མིའི་སྐྱིད་སྡུག་བཤད་པ་ཙམ་གྱིས་བོད་རྒྱ་མི་དམངས་མང་པོས་མཐོང་དཀའ་བས་རྩོམ་ཡིག་འདི་བཞིན་སྤེལ་ཐུབ་ན་ཤིན་ཏུ་ལེགས་སྙམ།
    གང་ལྟར་མུ་མཐུད་ནས་རྩོམ་འབྲི་གནང་བ་ཡིན་ན་གཞོན་སྐྱེས་མང་པོར་ཆབ་སྲིད་ཀྱི་བགྲོ་གླེང་དང་རྩོམ་འབྲི་ཕྱོགས་ལ་བློ་རྐྱེན་རེག་ཐུབ་པ་ལ་ཡིད་ཆེས་ཡོད།བཀའ་ཟུར་ལུང་རིག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  6. ཟླ་བཀྲས་ཕུན་ཁང། says:
    2012-04-22 at 3:19 am

    སྐུ་ངོ་བཀའ་ཟུར་མཆོག་ནས་དགག་གཞན་གནད་དུ་ཐོན་པ་སྤེལ་འདུག་པས་དངོས་གནས་བཀའ་དྲིན་ཆེ། སྐུ་ངོ་མཆོག་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས་ནི་བོད་བཙན་བྱོལ་ནང་གི་༧གོང་ས་མཆོག་གི་དབུ་འོག་དཔུང་འདེག་མཁན་གྱི་གངས་རིའི་ཕོ་རྒོད་དག་ཡིན། ཁྱེད་རྣམ་པས་མུ་མཐུད་འདི་ལྟར་ལམ་སྟོན་གནང་རོགས། བཀའ་དྲིན་ཆེ།

  7. ཟླ་བཀྲས་ཕུན་ཁང། says:
    2012-04-22 at 3:29 am

    བཀའ་ཤག་དང་བཀའ་བློན་རིམ་པ་མང་པོ་བྱོན་མྱོང་བ་རེད། དེའི་ནང་དུ་རུལ་སུངས་ཆེ་བ་དང་ཡོན་ཏན་མེད་པ། ཕྱོགས་ཞེན་ཆེ་བ་སོགས་ཡོད་ཡོད་པ་རེད། ཐའེ་ཝན་བོད་སོག་ལས་ཁུངས་དང་ཀུན་བཟང་བླ་མ་སོགས་ཀྱི་རྙོག་གླེང་ལས་བཀའ་ཤག་དགོངས་པ་ལྡེབ་ཞུ་ཞུ་དགོས་པའང་ཡོང་མྱོང་བ་རེད། ཡིན་ནའང། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ཁོང་གི་ཐུགས་སྲས་མཁས་པ་ཐུབ་བསྟན་ལུང་རིགས་གཉིས་ནི་དངོས་གནས་དྲང་པོ་གཞི་ལ་བཞག། ༧གོང་ས་མཆོག་གི་བཀའ་དགོངས་དང་དུ་བླངས། བོད་མི་ས་ཡ་དྲུག་གི་བདེ་དོན་གཙིག་ཆེན་འཛིན་ཞིག་ཡིན་པ་མ་ཟད། འདི་ལྟར་རྒྱ་ནག་ལའང་ལན་འདེབས་ཐོག་ལྟར་རྒོད་པ་ཞིག་གནང་འདུག་པས། ཁྱེད་རྣམས་ནི་བོད་གངས་ཅན་གྱི་དབུ་ཁྲིད་ཁྱད་ཡོན་འཛོམས་པ་དག་རེད་འདུག་པས། ང་ཚོ་མི་མང་གིས་ནམ་ཡང་བརྗེད་མི་སྲིད།

  8. བོད་དགའ་ says:
    2012-04-22 at 4:53 am

    ལྷག་བསམ་དང་ཤེས་འབྱོན་དྲང་ཚུགས་བཅས་ཀྱི་ཕྱུག་པའི་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་གིས། རྒྱ་ནག་གིས་འཁྱོག་བཤད་བྱས་པའི་དྲི་བ་བདུན་ལ་ལན་འདེབས་མཛད་པ་འདི། རྒྱུ་མཚན་ཆེ་ལ་དྲི་བ་སོ་སོའི་ལན་་་གནས་ལ་འཕིགས་པ་ཞིག་མཛད་འདུག་པར་གུས་པས་སྐུ་ངོ་མཆོག་ལ་སེམས་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།།

  9. གཉིས་མེད་སེངྒེ says:
    2012-04-22 at 6:06 am

    ང་ཚོས་ལྷ་ཀླུ་དང་པ་བའི་ཐོབ་ཐང་བརྩད་ནས་འདུག་ཚོད་མིན་པར་འདི་ལྟ་བུའི་ཁ་ཚ་དགོས་གཏུགས་ཀྱི་རྩོམ་ཡིག་འབྲི་བ་ནི་སྨྱུག་ཐོགས་པ་ཀུན་ལ་རང་བཞིན་གྱིས་འཁྲི་བའི་ལས་འགན་གཡེལ་མེད་དེ་ཡིན་པ་མ་བསྙེལ་བར་མཛོད། ད་རེས་བཀའ་ཟུར་མཆོག་གིས་ཚིག་ཉུང་ལ་དོན་འདུས་པའི་དགག་ལན་ཚ་ཐག་ཆོད་གནང་བ་ངོ་མ་བཀའ་དྲིན་ཆེ།

  10. བཟོད་པ་ལྷ་རྩེ། says:
    2012-04-22 at 6:41 am

    རྒྱ་ནག་གཞུང་འབྲེལ་དྲྭ་བ་དག་གིས་ནང་དུ་མགོ་བརྗོད་དུ་《ཏཱ་ལའི་བླ་མར་་འདྲི་བ་བདུན་》ཞེས་པའི་རྫུན་གཏམ་ཁོ་ན་སྤུངས་བའི་རྩོམ་ཡིག་ཞིག་སྤེལ་བར་དེར་དགག་རྩོམ་ཞིག་རྒྱའི་མཁས་པ་ཞིག་ནས་《“ཏཱ་ལའི་བླ་མར་དྲི་བ་བདུན་བཏོན་པ་”ཞེས་པའི་རྩོམ་ཡིག་གི་ཉེན་ཁའི་ཕྱོགས་ལྷུང༌》ཞེས་པ་ཞིག་བོད་བསྒྱུར་བྱས་ནས་བཀོད་འདུག འོན་ཀྱང་ངའི་སེམས་ལ་ནམ་ཀུན་བཙན་བྱོལ་ནང་གི་དྲྭ་རྒྱ་ཁག་ཏུ་རང་གཞུང་དང་རང་རིགས་དབུ་འཁྲིད་དག་ལ་བསྐྱོན་བརྗོད་དང་ཆོལ་ཁ་ཆོས་ལུགས་བར་ལ་དཀྲུགས་ཤིང་རྒྱགས་མཁན་སྨྱུག་ཐོགས་པ་ཤ་ལ་སྦྲང་བུ་འཁོར་བ་ལྟར་གབ་ཡོངས་ཤིང་ཡོད་པས་དེ་དག་གི་ད་རེས་གོ་སྐབས་འདི་བཟུང་ནས་རྫུན་སྐུབ་དམར་རྗེན་མ་སྟོན་རྒྱུའི་རེ་བ་ཡོད་ཀྱང་སེམས་ཕམ་པ་ཞིག་ལ་དེ་དག་ཚང་མ་ལྐུག་པས་ལྷ་མཐོང་བར་ཁ་དང་ལག་པ་ཚང་མ་ལྕགས་སྒྲོགས་ཀྱིས་བཅིངས་བ་ལྟར་མཆན་བུ་འདེབས་མཁན་ཡང་མིན་འདུག དངོས་གནས་བཙན་བྱོལ་ནང་གི་སྨྱུག་ཐོགས་པ་དེ་དག་ཡང་དགོས་སར་ཆད་མི་དགོས་སར་ལྷག་མ་རང་རེད་འདུག་བསམ་མི་རིགས་འདི་ཉམས་གུད་དུ་འགྲོ་རྒྱུ་ལས་དབང་རང་རེད་སྙམས་སེམས་སྐྱོ་ལྷང་ལྷང་དུ་སྡོད་དགོས་བྱུང་། འོན་ཀྱང་མཉམ་དགའ་བ་ཞིག་ལ་དེ་རིང་བཀའ་ཟུར་ཁོང་གིས་ང་ལ་བདེ་སྐྱིད་སྦྱིན་བྱུང་། བོད་མི་རིགས་ཀྱི་གཉའ་འགུར་མི་དགོས་པ་བཟོས་བྱུང་བཀའ་ཟུར་ལགས་སྙིང་དབུས་ནས་ཐུགས་རྗེ་ཆེ།

  11. ཁྲི་རལ་པ། says:
    2012-04-22 at 7:39 am

    བོད་དང་རྒྱ་མིའི་གནད་དོན་འདི་ཕན་ཚུན་ལ་རྟགས་བསལ་འདྲ་བཏང་རེས་བྱས།ཚིག་རྩོད་འདྲ་བྱེད་རེས་དང་ལན་འདེབས་འདྲ་བྱས་པས་སེལ་འགྲོ་བ་ཅིག་ཡིན་ན་སྐྱིད་པ་ལ།འོན་ཀྱང་།འདི་འདྲས་རིགས་ཀྱིས་དོན་དངོས་ཐོག་འགྱུར་ལྡོག་སྤུ་ཉག་ཙམ་འགྲོ་ཀི་མ་རེད།ལར་བཙན་བྱོལ་གཞུང་དང་རྒྱལ་སྤྱིའི་ཁྲིམས་ཚོགས།ནུབ་ཕྱོགས་པ་དང་བོད་མི་མཁས་པ་གང་མང་གིས་མི་ལོ་༥༠རིང་རྒྱ་ནག་གཞུང་ལ་ལན་འདེབས་མང་པོ་བྱས་ཡོད་མོད།ལན་འདེབས་ཀྱིས་མཐའ་འཁྱོལ་པ་དང་མཐའ་གསལ་སོང་བ་ཅིག་མེད།
    དེ་ལས་ང་ཚོས་རྒྱ་ནག་ལ་འགྱུར་བ་གཏོང་བར་ཐབས་གསར་པ་ཅིག་བཙལ་རན་རེད།

  12. རྭ་དབུ་དབང་རྒྱལ། says:
    2012-04-22 at 7:46 am

    རྩོམ་ཡིག་འདི་དྲི་བ་བདུན་དེར་བྲིས་པའི་དགག་རྩོམ་གནད་ལ་འཁེལ་ཤོས་དེ་ཡིན་པར་མཐོང་ཞིང་། རྩོམ་ཡིག་འདིའི་རྣོ་ངར་བརྡར་གསུམ་གྱི་མདའ་མོ་གཟུགས་སུའི་འབེན་རྒྱ་ནག་གཞུང་དང་དེའི་ཕྱོགས་གཏོགས་ཀྱི་གཏེ་བོ་ཀྲུང་གོ་བོད་ལྗོངས་དྲ་བ་ཡིན་སྟབས་དབྱིན་འགྱུར་དང་རྒྱ་འགྱུར་བྱས་ན་ཤིན་ཏུ་ལེགས།

  13. minyaktashi says:
    2012-04-22 at 7:46 am

    བཟོད་པ་ལ྄ྷ་ར྄ྩེ་ལགས་ཀ྄ྱིས་གསུངས་པ་དངོས་བདེན་རེད། དུས་བབ་ད྄ྲ་ཐོགས་ལ་བལ྄ྟོས་དང་བཀའ་ཁ྄ྲི་བ྄ློ་བཟང་སེང་མཁས་དབང་ཡིན་མིན་ཕ྄ྱོགས་ལ྄ྷུངས་ཀ྄ྱི་ར྄ྩོད་པ་འད྄ྲ་བ྄ྱས། དོན་མེད་ནང་ད྄ཀ྄ྲུགས་འད྄ྲ་ར྄ྒ྄ྱབ། ར྄ྒ྄ྱ་མིའི་དམིགས་ཡུལ་འག྄ྲུབ་གང་ཐུབ་བ྄ྱེད་པ་ལས་བོད་ཀ྄ྱི་ར྄ྩ་དོན་ལ་ཕན་པའི་མཆན་ས྄ྣ་གཅིག་མཐོང་ར྄ྒ྄ྱུ་མི་འདུག། བཙན་བ྄ྱོལ་ནང་གི་ས྄ྙན་ངག་པ་དང་ལོ་ར྄ྒ྄ྱུས་ས྄ྨ྄ྲ་བ་ར྄ྣམས་ཀ྄ྱི་རང་འཚང་བས྄ྟན་པ་ལས་གཞན་དགོས་པ་ནི་ནམ་མཁའི་མེ་ཏོག་རེད།
    དུས་ཚོད་པེད་ས྄ྤ྄ྱོད་གཏོང་ས྄ྟངས་དང་ར྄ྣམ་ས྄ྤ྄ྱོད་པེད་ས྄ྤ྄ྱོད་གཏོང་དེ་འ྄ད྄ྲ་རང་ཨེ་ཡིན།

  14. དཔལ་སྟུག says:
    2012-04-22 at 8:23 am

    དངོས་ནས་ཚིག་ཉུང་ལ་དོན་གསལ་བའི་ལན་འདེབས་ཡག་པོ་གནང་འདུག་བསམ་གི་ཐུགས་རྗེ་ཆེ།

  15. བསྟན་པའི་དངོས་གྲུབ། says:
    2012-04-22 at 8:57 am

    བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་གི་དགག་ལེན་ཀེ་ཏ་ཀ་ཟེར་བ་ནི་མང་དོན་མཚུངས་ལ་དོན་གནད་ལྡན་པ།
    འདི་ལྟ་བུ་རྩོམ་ཡིག་རང་རེ་སྤྱི་ཚོགས་ནང་མང་དུ་འབྲི་ཐུབ་དགོས་ལ། ལྷག་པར་མང་ཚོགས་ཀྱི་འཐུས་མི་སྤྱི་འཐུས་རྣམས་པས་ལས་འགན་ཡིན་པས་དུས་ཐོག་ལ་འབད་བརྩོན་གནང་རོགས་གནང་།
    སྐུ་ངོ་མཆོག་གི་དགག་གཞག་ཀེ་ཏ་ཀ་འདི་དབྱིན་ཡིག་དང་རྒྱ་ཡིག་ཐོག་བཀོད་རྒྱུ་ང་ཚོས་འབད་བརྩོན་བྱེད་དགོས།

  16. ཆིག་སྒྲིལ says:
    2012-04-22 at 9:30 am

    ཡག་པོ་རེད

  17. གཞིས་ཞོལ་ཚེ་རྡོར། says:
    2012-04-22 at 10:22 am

    སྤྱིར་རྒྱ་མིའི་དྲི་བ་ཐེབས་ཆག་དེ་ཚོར་ལན་འདེབས་བྱེད་རིན་མེད་ཀྱང་། ཆབ་སྲིད་ཀྱི་འཚོར་རྐྱེན་ཤིན་ཏུ་རྣོ་བའི་གོ་ལ་འདི་ཧམ་སེམས་ཅན་གྱིས་དབང་བསྒྱུར་བྱེད་ཐུབ་པའི་དུས་ངན་འདིར། རྫུན་གཏམ་གཅིག་ཀྱང་དེ་མུར་འཇོག་ཐབས་མེད་པ་གཟིགས་ནས་སྐུ་ཉིད་ཀྱིས་དྲང་བདེན་གྱི་ལན་འདེབས་གནག་ཐོག་བཙག་འཁེལ་གནང་འདུག་པར་རྗེས་སུ་ཡི་རངས་ཞུ། སྐུ་ངོ་མཆོག་མཁྱེན་འཇོན་ལྷག་བསམ་ལྡན་པས་ང་ཚོ་བོད་མིའི་སྤྱི་ཚོགས་འདིར་ད་དུང་ཁྱོད་ཉིད་དགོས་མཁོ་ཤིན་ཏུ་ཆེ།

  18. ལུང་ཤར་ཚེ་སྟོབས། says:
    2012-04-22 at 10:24 am

    ཚིག་ཉུང་དོན་ཟབ་འདི་འདྲ་གནད་ལ་འཁེལ་བ་བྱུང་འདུག ཐུགས་རྗེ་ཆེ།

  19. ཨ་རོགས་ཁམས་པ says:
    2012-04-22 at 10:26 am

    བཀའ་ཟུར་ལགས་ཐུགས་རྗེ་ཆེ་ཞུ།
    བོད་ནང་ནས་འཚར་ཞིང་བཙན་བྱོལ་ཏུ་འབྱོར་པའི་མཁས་རློམ་ཁེངས་དྲགས་ཅན་དང་། ཁྱད་པར་སྙུག་ཁ་ཆོས་ལུགས་ཆོལ་ཁ་ཁོ་ནར་གཏད་མཁན་ཚོས་བཀའ་ཟུར་ཁོང་གི་གནད་རྩོམ་འདིའི་ཚིག་དོན་གཉི་ཀར་སློབ་སྦྱོངས་གནང་རོགས།
    ཨོ་་་ཞུ་ཡ་ཅིག་ལ། དེང་སྐབས་སྐུ་ངོ་ཟེར་པའི་ཐ་སྙད་དེ་ད་དུང་བེད་སྤྱོད་གནང་དགོས་ན་་་་་་་་

  20. ལུང་རྟོགས། says:
    2012-04-22 at 10:56 am

    བཟོད་པ་ལྷ་རྩེས་བཤད་པ་དེ་བདེན་པ་རེད། ངོ་མ་བཙན་བྱོལ་ནང་གི་སྨྱུག་ཐོག་པ་ཕལ་མོ་ཆེར་ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་ཞེས་པའི་མཚན་གྱི་ཆོ་ལོ་འདི་འབུལ་ན་ཏག་ཏག་རེད།

  21. ལུང་རྟོགས། says:
    2012-04-22 at 11:01 am

    བཀའ་ཟུར་ཁོང་ནི་ནམ་ཡིན་རུང་གནད་འགག་གི་སྐབས་སུ་ལང་ཡོང་མཁན་ཞིག་ཡིན། ཁོང་ལྟ་བུའི་མི་བཟང་རེ་དབུ་ཁྲིད་ནང་སླེབས་ཐུབ་པ་ནི་བོད་མི་མང་གི་རྒྱལ་ཁ་ལོས་ཡིན།

  22. རིགས་སློབ། ཐར་པ། says:
    2012-04-22 at 11:33 am

    དངོས་གནས་ཤེས་ཡོན་ཅན་གྱི་ཆབ་སྲིད་པ་ཞིག་རེད་འདུག

  23. ཅོག་རོང་གི་མྱི། says:
    2012-04-22 at 12:03 pm

    བྱེ་མའི་ཁུང་བུ་རྡུབས་པ་ན།།
    བྱིས་པ་རྣམས་ནི་ག་ཆད་ངུ་།།
    ཀེ་ཏ་ཀ་འདིས་རྒྱ་མི་རྣམས་ག་ཆད་དུ་ངུ་བར་བཅུག

  24. བསྟན་འཛིན་བློ་ལྡན says:
    2012-04-22 at 1:46 pm

    སྐུ་ངོ་ལགས། བཀའ་དྲིན་ཆེ། ཆེས་གཉན་འཕྲང་གི་དུས་འདིར་བོད་མི་རིགས་ལ་ཤེས་འབྱོན་མྱོང་གསུམ་གྱི་རབ་ཏུ་རྒྱས་པའི་མི་སྣ་སྐུ་ཉིད་ལྟ་བུ་་ཡོད་པ་ནི་གངས་ཅན་པའི་བསོད་ནམས་རེད་དྲན། སྐུ་ཉིད་ལུས་ཁམས་བདེ་ཞིང་བོད་སྤྱི་ལ་སྨན་པའི་ཞབས་འདེགས་གངྒའི་ཆུ་རྒྱུན་ལྟར་ཡོང་བའི་སྨོན་ལམ་ཞུ།

  25. སྲིན་པོ་རྫ་རྒན། says:
    2012-04-22 at 1:58 pm

    བཀའ་ཟུར་ཁོང་ལ་གུས་བརྩི་ཡོད། ཡིན་ནའང་། རྩོམ་འདིའི་ནང་གི་ཚིག་གྲུབ་ཁག་ཅིག་ལ་བལྟས་ན། རྩོམ་འདི་ཁོང་གིས་་་་་་་ཁོང་གི་མཚན་ཐོག་ནས་་་་་་་་་་་་་་ད་མི་བཤད།

  26. སྤྲུལ་སྐུ་དབང་ཆེན says:
    2012-04-22 at 5:47 pm

    དབུ་མའི་ལམ་དང་དགག་གཞག་སྤང་གསུམ་ཟེར་ནས་ཧོན་འཐོར་མདོག་མདོག་དང་ཧ་ལས་འགྲོ་མདོག་མདོག་བྱས་ནས་རང་སྡེ་ནང་ཁུལ་དུ་ཉི་མ་འཕུལ་ཐབས་རྐྱང་བྱེད་པ་འདི་བོད་མིའི་གཤིས་ཀ་ཡག་ཤོས་ཞིག་ལ་བརྩི་བཞིན་མཆིས།།

  27. ཆབ་བྲག་ལྷ་མོ་སྐྱབས། says:
    2012-04-22 at 7:27 pm

    ལུང་རིགས་དཔེ་གསུམ་ཚང་བའི་བདེན་གཏམ་འདིས། ཐུབ་བསྟན་ལུང་རིགས་མཚན་དོན་ལྡན་པར་བྱས། ཧ་ཧ་ཧ

  28. ལོག་སྨྲ་ཚར་གཅོད། says:
    2012-04-23 at 12:25 am

    ང་ཚོས་སྲོག་ཀྱང་གཏོང་ཐུབ། ལུས་ཀྱང་གཏོང་ཐུབ། རྒྱལ་ཁབ་དུས་ནམ་ཡང་གཏོང་མི་ཐུབ།

    जीवन भी दे सकते हैं,खून भी दे सकते हैं,
    हमारे देश में कभी नहीं दे सकता.

  29. ཐང་ རིག་བཟང says:
    2012-04-23 at 12:40 am

    བཀའ་ཟུར་མཆོག་གིས་དྲ་འཕྲིན་བརྒྱུད་མིག་སྔའི་ཛ་དྲག་གི་གནས་བབ་ལ་གཞིགས་པའི་དགག་ལན་ཞིག་བྲིས་འདུག་པ་དེ་ལ་དུས་དང་བསྟུན་པའི་ཁྱད་ཆོས་ཀྱི་གསོན་ཉམས་ཐོན་ཡོད། ་་་་་་་་་་་རྗེས་ཕྱོགས་གཞུང་ཞབས་ལས་ཐོག་པ་སུ་ཡིན་ན་དེ་འདྲའི་རྫུན་གཏམ་གྱི་ངོ་བོ་རང་ལས་མ་འདས་པའི་སྐད་ཆ་འདྲ་མིན་བརྒྱུད་ལམ་ཁག་ནས་བྱུང་ཚེ། དེ་རིགས་ལ་ཞིབ་འཇུག་ནན་པོར་བྱས་ནས་བོད་རྒྱ་དབྱིན་གསུམ་གང་རུང་ཞིག་བཀོལ་ཏེ་བྲི་གལ་ཆེ།

  30. ཀརྡོ་གཉེར་ཕྱག་པ་ says:
    2012-04-23 at 3:22 am

    བཀའ་ཟུར་ཐུབ་བསྟན་ལུང་རིགས་འདི། །
    དུང་ཕྲུག་འོ་མས་གསོས་དང་འདྲ་དང་། །

  31. ཀརྡོ་གཉེར་ཕྱག་པ་ says:
    2012-04-23 at 3:24 am

    ་་་གསོས་དང་འདྲ། །ལས་དང་སྒྲ་ཅིག་ཐོལ་འདུག་པས། དགོངས་དག

  32. ཀརྡོ་གཉེར་ཕྱག་པ་ says:
    2012-04-23 at 3:46 am

    जीवन भी दे सकते हैं,खून भी दे सकते हैं,हमारे देश कभी नहीं दे सकता
    སྲོག་ཀྱང་གཏོང་ཐུབ། ཁྲག་ཀྱང་སྤྲད་ཐུབ། ང་ཚོའི་རྒྱལ་ཁབ་དུས་ནམ་ཡང་གཏོང་མི་ཐུབ། །

  33. གཞིས་ཆགས་བུ་། says:
    2012-04-23 at 4:41 am

    ཆེས་བཀུར་བར་འོས་པའི་བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས་ནས་དགག་ལན་མཐིལ་ཕྱིན་པ་ཞིག་བྱས་འདུག་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆབ་སྲིད་ཀྱི་མི་སྣར་འབོད་ཅིང། ཆབ་སྲིད་གོ་རྟོགས་ཟབ་པའི་སྐུ་ངོ་མཆོག་ནས་རྩོམ་ཡིག་དེ་འདྲ་ད་དུང་མང་ཙམ་སྤེལ་དགོས་ཀྱི་འདུག

  34. ཇ་ཤིང་། says:
    2012-04-23 at 5:02 am

    རྒན་ཐུབ་བསྟན་ལུང་རིགས་ལགས་ནི་དངོས་གནས་རྒྱལ་ཁབ་ལ་ལ་ཞེན་ཆེ་ལ་སྙིང་སྟོབ་དང་སེམས་ཤུགས་དེ་བཞིན་དྲང་བདེན་ཆེ་བ་ཞིག་ཡིན་པ་དང་དབུལ་ཕོངས་དང་ཉམ་ཐག་ལ་བྱམས་བརྩེ་ཅན་ཞིག་ཡིན།

  35. ཇ་ཤིང་། says:
    2012-04-23 at 5:05 am

    རྒན་ཐུབ་བསྟན་ལུང་རིགས་ལགས་ནི་དངོས་གནས་རྒྱལ་ཁབ་ལ་ལ་ཞེན་ཆེ་ལ་སྙིང་སྟོབ་དང་སེམས་ཤུགས་དེ་བཞིན་དྲང་བདེན་ཆེ་བ་ཞིག་ཡིན་པ་དང་དབུལ་ཕོངས་དང་ཉམ་ཐག་ལ་བྱམས་བརྩེ་ཅན་ཞིག་ཡིན། རྒན་ལགས་ཀྱི་སློབ་གྲྭའི་སྐབས་བགྲོ་གླེང་བསླབ་ཤིན་ཏུ་ལེགས་པོ་བསླབས་པ་དེ་གུས་སོགས་སློབ་མ་གྲངས་མེད་ཀྱི་སྙིང་ནང་ཉིན་ལྟར་དྲན་བཞིན་ཡོད། དེ་རིང་དགེ་ལགས་ལ་སྙིང་ནས་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒན་ལགས་ཀྱི་རྩོམ་ཧ་ལས་པའི་ལེགས་པོ་འདུག་བཀའ་དྲིན་ཆེ།

  36. མདའ་མོ་བ། says:
    2012-04-23 at 9:23 am

    ངོ་མ་བཟང་གི ཀླ་ཀློར་འདི་ཚོར་ལན་ཐོག་འདྲ་བ་འདི་འཕེན་རན་འདུག་ག

  37. གསེར་འབྲུག་སྡེར་ལྔ་ says:
    2012-04-23 at 3:19 pm

    དགག་ལན་གནད་ལ་འཁེལ་འདུག། ཡིད་རངས་ཡོད། འོན་ཀྱང་ཕར་ཕྱོགས་ནས་ལམ་དབུ་མའི་གོང་ཐང་གླེང་། ཚུར་ཕྱོགས་ནས་ལམ་དབུ་མའི་རིན་ཐང་གླེང་། དེ་གཉིས་དབར་ནས་འབྲས་བུ་མངོན་འགྱུར་མེད་པའི་རང་སྐྱོང་ཞིག།

  38. ཤེལ་དཀར་བུ། says:
    2012-04-24 at 1:53 am

    དེ་འདྲ་ཞིག་མེད་ན་བཀའ་བློན་དུ་ག་ནས་སླེབས་དངོས་གནས་འགག་ལན་ཚ་པོ་ཞིག་གནང་འདུག་ང་རང་ཡང་སྙིང་འཚིམ་པ་ཞིག་བྱུང་སྐུ་དྲིན་ཆེ་མི་རྗེ་མཆོག་

  39. ཤེལ་དཀར་བུ། says:
    2012-04-24 at 2:22 am

    རྩོམ་འདིའི་ཚིག་གྲུབ་ཁོང་རང་གི་ཡིན་མིན་ལ་མ་ལྟོས་པར་གང་ལྟར་ཡ་ལན་སྤྲོད་མཁན་ཁོང་མིན་གཞན་བཙན་བྱོལ་བའི་ཆབ་སྲིད་པ་སུས་བྲིས་འདུག་གམ་ཡིད་རངས་ཡོད།

  40. རང་དབང་ཨ་རྡུ་མན། says:
    2012-06-20 at 8:18 pm

    རེད་ཡ། ཁ་བཤད་ཆུ་ཡི་རྦ་བ་་་་ལག་ལེན་གསེར་གྱི་ཐིག་པ། བཀའ་ལེན་གནང་སྐབས་ངེས་པར་དུ་གཟབ་ཟབ་གནང་རོགས། ཆོས་ཀྱི་གནས་དོན་ཡག་པོ་མ་མཁྱེན་ན་ཡིན་ཅི་ཆོས་དང་འབྲེལ་བའི་བཀའ་ལེན་མ་གནང་ན་འགྲིག་གི་རེད། ཆོས་ཟེར་ཡག་དེ་་་བོད་ཀྱི་རྩ་དོན་བཞིན་ག་པར་འཐེན་འཐེན་དེ་འདྲ་མ་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme