Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤི་འདོད་མེད་པའི་ང་དང་ངའི་སྙན་ངག

Posted on 2012-04-12 By ཁ་བརྡ་ 61 Comments on ཤི་འདོད་མེད་པའི་ང་དང་ངའི་སྙན་ངག

(གྲོགས་པོ་འགའ་ཞིག་གིས་སྙན་ངག་མ་འབྲི་ཞེས་བཤད་རྗེས་ཀྱི་ན་ཟུག)

འབའ་སྲས།

མི་རེ་རེ་ལ་དགའ་ཕྱོགས་དང་ཕུགས་བསམ་མི་མཚུངས་པ་རེ་ཡོད་པ་སྣང་བཞིན་ང་ལ་ཡང་དགའ་ཕྱོགས་དང་ཕུགས་བསམ་ཞིག་ཡོད་ཆོག ངའི་དགའ་ཕྱོགས་དང་ཕུགས་བསམ་ནི་མ་ཤི་བར་དུ་སྙན་ངག་འབྲི་རྒྱུ་ལས་གཞན་ཅི་ཡང་མེད་ལ། དེ་ལས་གཞན་ཞིག་རྩོམ་པའི་ནུས་པ་ཡང་བདག་ལ་ཞན། དེ་བས། ངས་ནམ་ཡང་སྙན་ངག་འབྲི་འདོད།

གྲོགས་པོ་འགའ་ཞིག་གིས་ང་ལ་འདི་ལྟར་ཟེར། སྙན་ངག་བྲིས་པས་རང་གི་ཁྱིམ་ཚང་ལ་མི་ཕན་ལ་རང་གི་ལུས་ཕུང་ལ་ཡང་གནོད་ཅེས་ཟེར། ད་དུང་ཁོ་ཚོས་སྙན་ངག་པ་མང་ཆེ་བ་སེམས་ཁམས་མི་བདེ་བ་མ་ཟད། ཆང་རག་དང་ཐ་མག་ལོངས་སུ་སྤྱོད་མཁན་ཤ་སྟག་ཡིན། མདོར་བསྡུས་ན་སྙན་ངག་པ་ནི་སེམས་པ་མི་ཐང་བའི་སྨོན་པ་ཞིག་ཡིན་ཟེར། ངས་ཁོང་ཚོར། སྙན་ངག་པ་ནི་ཁྱེད་ཚོའི་མིག་མདུན་ལས་རྒྱང་དུ་འཕར་བའི་མི་བུ་ཞིག་ཡིན་པ་མ་ཟད། སྙན་ངག་པ་ནི་ཁྱོད་ཚོའི་བསམ་བློའི་འདུ་ཤེས་ལས་རིང་དུ་སོན་པའི་བསམ་བློ་བ་ཞིག་ཡིན་ཞེས་ཡང་དང་བསྐྱར་དུ་བཤད། སྐད་ཆ་འདི་ནི་ངས་བཤད་འདོད་པའི་སྐད་ཆ་ཡིན་ལ། བདེན་དཔང་གིས་གྲུབ་པའི་ངའི་བསམ་བློའི་ཚད་མ་ཡང་ཡིན།

སྤྱིར་སྙན་ངག་ལ་སྡང་བའི་མི་བུ་དག་ནི་སྙན་ངག་གི་དགེ་མཚན་མི་རྟོགས་ཤིང་། ཐ་ན་སྙན་ངག་ཅེས་པ་ཅི་ཞིག་ཡིན་མིན་མི་ཤེས་པའི་རྟོག་གེ་བ་ཁག་ཅིག་ཡིན། ཁོ་ཚོའི་བསམ་བློ་ནང་དུ་ནམ་ཡང་འགྱུར་བ་མེད་པའི་ཁས་ལེན་ཞིག་དང་ཡིད་ཆེས་ཤིག་ཡོད་པ་ནི་མིག་མདུན་གྱི་འཁོར་བའི་ལོངས་སྤྱོད་ཀྱིས་གྲུབ་པའི་གནས་སྐབས་ཀྱི་འཚོ་བའི་བདེ་བ་ཙམ་རེད། ཁོ་ཚོས་འཁོར་བའི་བདེ་སྐྱིད་ནི་སྒོར་མོས་བསྐྲུན་ཞིང་། སྒོར་མོ་ངལ་རྩོལ་གྱིས་འགྲུབ་ཅེས་བཤད། ཡིན་ན་ཡང་། བདག་གིས་འཁོར་བའི་བདེ་སྐྱིད་ནི་སེམས་པས་བསྐྲུན་ཞིང་། སེམས་པ་ནི་དགའ་ཕྱོགས་ཀྱིས་བསྐྲུན་ཅེས་རྒོལ་ལན་སྤྲོད་བཞིན་ཡོད། འཇིག་རྟེན་འཁོར་བའི་ལྟ་ཚུལ་ལ་ལན་དོན་ལྡན་ཞིག་ཡིན་ཞེས་བདག་གིས་མི་སྤོབས་ཀྱང་། སེམས་ཀྱི་འཇིག་རྟེན་གཙོ་བོར་འཛིན་པའི་ལྟ་ཚུལ་ལ་ལན་འདི་ལས་གཞན་ཞིག་མེད་པ་བདག་གིས་འདོད་དོ།།

མདོར་ན། བདེ་སྐྱིད་ནི་ཅི་ཞིག་རེད། འཚོ་བའི་སྙིང་བོ་ནི་ཅི་ཞིག་རེད། རང་གི་དགའ་ཕྱོགས་དང་ཕུགས་བསམ་འགྲུབ་ན་འདི་ལས་ལྷག་པའི་བདེ་སྐྱིད་ཅིག་ཨེ་ཡོད། “བསམ་དོན་ལྷུན་གྱིས་འགྲུབ་པའི་བྱིན་གྱིས་རློབས”་ཞེས་པའི་གསོལ་སྨོན་གྱི་སྙིང་དགོས་གང་ཡིན་ནམ།

དེ་བས་ངའི་དགའ་ཕྱོགས་ནི་སྙན་ངག་ཡིན་ལ། ངའི་ཕུགས་བསམ་ཡང་སྙན་ངག་བྲིས་ནས་མི་ཚེ་བསྐྱེལ་རྒྱུ་དེ་ཡིན། ངའི་སྙན་ངག་ལ་ལྐོག་གྱུར་གྱི་གསང་བ་མེད་ཀྱང་ཆོག ངའི་སྙན་ངག་ལ་ཟབ་ཅིང་རྒྱས་པའི་བརྗོད་བྱ་མེད་ཀྱང་ཆོག ངའི་སྙན་ངག་ལ་ཚིག་ཉམས་དང་དོན་ཉམས་ཅི་ཡང་མེད་ཀྱང་ཆོག ངའི་འབྲི་འདོད་པ་ནི་སྙན་ངག་ཡིན།

འདི་ཐད་ང་ལ་སྡོམ་ཚིག་ཅིག་ཡོད་པ་ནི། ” རང་གིས་འབྲི་འདོད་ཆེ་ཞིང་། གཞན་གྱིས་ཀློག་འདོད་མེད་པའི་ངའི་སྙན་ངག་འདི་དག་ངའི་མི་ཚེ་དང་བསྡོངས་ནས་འདིར་བསླེབས་ཡོད་ལ། ཤི་འདོད་མེད་པའི་ང་དང་ངའི་སྙན་ངག་གཉིས་ནམ་ཡང་འདི་ལྟར་གསོན་འདོད་ཅེས་པ་དེ་ཡིན་ནོ།།

ངས་མུ་མཐུད་དུ་སྙན་ངག་འབྲི་འདོད། ང་མུ་མཐུད་ནས་སེམས་པ་མི་ཐང་བའི་སྨྱོན་པ་ཞིག་བྱེད་འདོད། སྨྱོན་པ་དང་སྨྱོན་པའི་སྙན་ངག་རྒྱལ་ལོ།།

རྩོམ་རིག

Post navigation

Previous Post: འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་འདུག
Next Post: བོད་ནང་ན་མེར་བསྲེགས་ཀྱི་ལས་འགུལ་ཆེ། བོད་ཕྱི་ན་དྲ་ཐོག་གི་རྩོད་པ་ཆེ།

Comments (61) on “ཤི་འདོད་མེད་པའི་ང་དང་ངའི་སྙན་ངག”

  1. yeshe says:
    2012-04-12 at 11:16 pm

    ངེད་ཅག་གིས་དུར་ཁྲོད་གཡག་གཉའ་རུ་མཉམ་དུ་རོ་བྱ་རྒོད་ལ་མཆོད་སྦྱིན་དུ་འབུལ།
    ཀླུ་སྨྱོན་ནས།

  2. བསྟན་འོད་ says:
    2012-04-12 at 11:19 pm

    གྲོགས་པོ་འབའ་སྲས་། རང་གི་འཆར་སྒོའམ་བསམ་བློ་་དེ་སུ་ཞིག་གི་འགོག་ནུས་། བསྐྱོད་ཅིག་གོམ་པ་མདུན་སྤོས་གྱིས་སྙན་ངག་གི་ཕྱོགས་ལ་ཕེབས་པ་དགའ་བསུ་ཞུ་།

  3. འབའ་སྲས། says:
    2012-04-12 at 11:22 pm

    སྨྱོན་པ་ལ་སྨོན་པ་དང་། བསམ་བློའི་ནང་དང་འདིའི་ཐད་ཅེས་འབྲེལ་སྒྲ་དགོས་པར་འབྲེལ་སྒྲ་ཆད་འདུག

  4. ཅོག་རོང་གི་མྱི། says:
    2012-04-12 at 11:50 pm

    ༡
    རྣམ་དབྱེ་གསུམ་པ་ཆད་ན་ཆད།
    བཞི་བ་དགོས་ཆེད་ཆད་མི་ཉན།
    མི་བུས་སྙན་དངགས་མ་ཤེས་ནས།
    སྨྱོན་པར་གྱུར་ན་ག་ལ་རུང་།
    ༢
    ལྕང་མ་ལོ་གསུམ་སྐྱེས་རུང་དགའ་མི་དགོས།
    སྦྱར་བ་ལོ་གསུམ་སྐམས་ཀྱང་སྡུག་མི་དགོས།
    ཞེས་ཚིགས་སུ་བཅད་པས་མདུན་བསུས་ཏེ་འདིར་བརྗོད་པར་འདོད་པ་ནི། སྙན་དངགས་ལ་ལྷན་སྐྱེས་དང་སྦྱར་བྱུང་གི་ཡོན་ཏན་གཉིས་དུས་མཉམ་དུ་ཚང་དགོས་ལ་མ་འཚང་ནས་བཙན་གྱིས་སྦྱར་ན་མི་འགྲུབ་ཏེ། དེ་ལས་རྒྱ་སྲིང་ནས་ཕག་ཤའི་འཚོང་རྒྱབ་ནས་བསྡད་ན་གངས་ཅན་བོད་ཀྱི་རིག་གཞུང་ལ་ཕན་པར་སྙམ།

  5. སྲས་ཆུང། says:
    2012-04-12 at 11:53 pm

    ཕུགས་ཀྱི་འགྲོས་ལམ་བདེ་མོ་མེད་ཀྱང་མུ་མཐུད་མདུན་དུ་སྐྱོད་ཅིག

  6. བྲོ་འཚལ། says:
    2012-04-13 at 1:58 am

    སྙན་ངག་ལ་དུང་བའི་སྐྱེ་བོ་ཞིག་ཡིན་ན།་་དཀའ་སྤྱད་ལ་གདོང་ལེན་དང་།་་བརྩོན་པ་ལ་རྟག་ཏུ་འགྲུས་ནས།་་་སྡུག་བསྔལ་ལ་མགོ་བོ་མི་བསྒུར་བར་མདུན་དུ་སྐྱོད་པ་ནི་སྙན་ངག་པའི་རང་གཤིས་རྣལ་མ་དེ་ཡིན་པས།་་་་་འབྱུང་འགྱུར་གྱི་གོམ་སྣེ་ན།་་་་་མི་ཁའི་ཚེར་མ་དང་གྲི་ཁ་ཅི་ལྟར་རྣོ་ནའང་།་་་དེ་སྙག་ངག་པའི་རྟོག་སད་ཐེངས་ཤིག་གིས་རྟུལ་བར་བྱས་ལ།་་་་་དཀའ་སྡུག་ལ་སེམས་པ་དང་སེམས་ཚོར་བརྡར་ནས།་་་འཇིག་རྟེན་འདི་ལ་སྙན་ངག་གི་དུང་ཟླ་གསར་པ་ཞིག་ལ་ཅིས་ཀྱང་འབད་པར་ཞུ།

  7. གཞོན་ནུ་ཟླ་མེད། says:
    2012-04-13 at 8:46 am

    འབའ་སྲས་ལ་རྒྱབ་སྐྱོར་ཡོད། སྙན་ངག་ནི་ཚིག་སྦྱོར་ཞིག་མིན། སྙན་ངག་ནི་དགའ་ཕྱོགས་ཞིག་ཡིན། སྐབས་རེར་དགའ་ལ་སྐབས་རེར་མི་དགའ་བ་ཡང་ཡོང་སྲིད། ད་དུང་མི་ཚེ་ལ་དགའ་ནས་སྡོད་པ་ཡང་ཡོང་སྲིད། ང་ནམ་ཡང་རྒྱུ་མཚན་བཤད་རྒྱུར་དགའ་བའི་ཉིན་ཞིག་ལ། ནེའུ་ཡོཀ་ནས་ངའི་གྲོགས་པོ་ནམ་མཁས་འདི་འདྲ་ཞིག་གསུངས་མྱོང་། སྨྱོན་པས་འགྱིག་ཤོག་ཆེན་པོ་ཞིག་གི་ནང་དུ་དྲུད་ནས་འགྲོ་བཞིན་པ་དེ་དག་ཁོང་ལ་ནོར་བུ་རྩ་ཆེ་ཤོས་རེད་ཟེར། ཁོང་གིས་ཕན་ཐོག་མིན་ཟེར་ན་མི་ཤེས་མོད། སེམས་ཀྱི་དྲོད་ཐིག་ཞིག་རེད་ཟེར། ངས་ཚིག་འདི་ལ་ལོ་གསུམ་ལ་འདངས་བརྒྱབ། འདངས་མ་ཕོག ད་ནི་ང་ལ་རབ་རིབ་ཞིག་འཆར་སོང་། འབའ་སྲས་ལ་རྒྱབ་སྐྱོར་ཡོད། གང་ལྟར།

  8. གཞོན་ནུ་ཟླ་མེད། says:
    2012-04-13 at 8:52 am

    ད་ནི་ང་ཡང་སྙན་ངག་ལ་དགའ་དྲག་ནས་ལས་ཀ་འགྲོ་རན་སོང་། དུས་ཚོད་ཟིན་པ་དང་ལམ་སང་མ་སོང་ན་སྙན་ངག་མི་རེག། དེ་བས་ན་དུས་ཚོད་ཟིན་པ་དང་གང་མགྱོགས་སྙན་ངག་གི་ཆེད་དུ་རྒྱུགས་དགོས། འདི་ནས་ཁྱོད་ཚོ་ལ་ཡི་གེ་དགོང་དྲོ་འབྲི། ཉིན་མོ་སྙན་ངག་གི་ཆེད་དུ་མ་རྒྱུགས་ན་སྙན་ངག་མི་རེག་གི ཡང་ན་སྙན་ངག་གི་དཔོན་པོས་ང་སྙན་ངག་གི་ལས་སྣེ་ནས་གཏན་དུ་ཕུད་པའི་ཉེན་ཁ་ཡང་ཡོད། སྙན་ངག་གི་ཆེད་དུ་ལག་ལ་ཐོ་བ་བཟུང་ནས་བུད་སོང་། བདེ་མོ།

  9. ཨ་ར་དཀར་པོ says:
    2012-04-13 at 10:44 am

    སྙན་ངག་ལ་དགའ་མཁན་ཞིག་ཡིན་ན་སྙན་ངག་སྐྱུག་དགོས། གཞན་གྱིས་ཅི་བཤད་ལ་ལྟ་དོན་མེད། ང་ལ་མཚོན་ན་སྙན་ངག་མི་ཤེས་ལ་དགའ་ཡང་དེ་ཙམ་མི་དགའ། དེ་ལས་ཉོག་བཤད་འདྲ་བྱས་ན་སྐྱིད་པོ་འདུག ང་དགའ་ཕྱོགས་ཉོག་བཤད་རྒྱག་རྒྱུ་ཡིན། དགའ་ཕྱོགས་རྒྱལ་ལོ

  10. བདག་པོ་ས says:
    2012-04-13 at 11:12 am

    སྙན་ངག་ལྐུགས་པའི་ལོག་སྐད་ཡིན་ཟེར་བ་ལྟར་ལོག་སྐད་ཀྱི་ལམ་བུ་དེ་ནས་འཚོ་བ་དངོས་དང་སྦྱར་ནས་གོ་བདེའི་ལེགས་ལམ་དུ་འཁྲིད་རྒྱུ་ནི་སྐབས་སུ་བབ་པའི་བགྲོད་ལམ་ཡིན།

  11. ཁ་བའི་སྒྲོལ་མ། says:
    2012-04-13 at 12:50 pm

    འབའ་སྲས་ལགས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། མི་ཚང་མའི་ཁམས་དང་ནུས་པ། དགའ་ཕྱོགས་སོགས་ཐ་དད་རེད།སོ་སོ་གང་ལ་དབྱིངས་ཡོད་ན་དེར་འཇུག་ན་ཡག་ཤོས་རེད། དེ་མིན་ང་ཚོ་བོད་པ་ཚང་མ་ཤོག་སྒམ་གཅིག་ནང་གི་ཀ་ར་གོ་རེ་ནང་བཞིན་ཆགས་འགྲོ་གི་རེད།

  12. འབའ་སྲས། says:
    2012-04-13 at 4:28 pm

    རྣམ་པ་ཚོས་བསམ་བློའི་རྒྱབ་དཔུང་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

  13. གཞོན་ནུ་ཟླ་མེད། says:
    2012-04-13 at 10:18 pm

    (ང་ཚོ་བོད་པ་ཚང་མ་ཤོག་སྒམ་གཅིག་ནང་གི་ཀ་ར་གོ་རེ་ནང་བཞིན་ཆགས་འགྲོ་གི་རེད།) ཁ་བ་སྒྲོལ་མའི་ཁ་འདི་ད་སྙན་ངག་གི་ཁ་ཟེར་ནོ་ཡིན་ས་རེད། བོད་པ་ཚང་མ་ཤོག་སྒམ་གཅིག་གི་ནང་དུ་སྒྲིག་ནས་ཀ་ར་གོ་རེ་བཞིན་ཆེ་ཆུང་མེད་ལ། ཡོ་འཁྱོགས་མེད་པ་ཞིག་བཟོས་འདུག མ་གཞི་ནས་བོད་པ་ཚང་མ་ཀ་ར་གོ་རེ་ནང་བཞིན་རེད་ཟེར་ན་འགྲིག ཚང་མ་ཁ་ཡག་རྐྱང་རྐྱང་རེད། ཁ་གདངས་ཡོང་དུས་ཚང་མས་༼མ་སེམས་ཅན་ཐམས་ཅད༽ ཡང་ན། ༼འཛམ་གླིང་ཞི་བདེ༽ འདི་ལྟར་བཤད་ན་ཁ་ཀ་ར་གོ་རེ་མ་རེད་ཅི་རེད། རང་ཉིད་ཟེར་ནས་མི་བཤད་པར་རྒྱ་ཆེན་པོ་ཆེན་པོ་ཞིག་བཤད་ནས་འདུག ང་མི་དགའ་ས་འདི་དག་རེད། རང་ཉིད་ལ་དགའ་ས་ཞིག་ཡོད་ན། མི་དགའ་ས་ཞིག་ཀྱང་ངེས་པར་དུ་དགོས། གང་ཡིན་ཟེར་ན་དགའ་ས་དང་མི་དགའ་སའི་དངོས་པོ་གཉིས་དངོས་པོ་མི་འདྲ་བའི་འགལ་བ་གཉིས་ཡིན་པའི་རྐྱེན་གྱི་རེད།

  14. གཞོན་ནུ་ཟླ་མེད། says:
    2012-04-13 at 10:25 pm

    ཁ་སྔོན་ཞིག་ནས་ཁ་བརྡ་ནང་དུ་བོད་གཞུང་ལ་ངན་སྨོད་རྐྱང་བྱེད་པའི་དྲ་ཚིག་སྐྱུག་བྲོ་བ་ཞིག་ཆགས་སོང་མོད། འོན་ཀྱང་ད་ནི་ཡང་བསྐྱར་རྩོམ་སྒྲིག་པ་རྙིང་པ་རིགས་འབྱུང་དོན་བཀྲ་དང་པད་མ་འབུམ་སོགས་ཀྱིས་གྲིབ་མ་ཡང་རིག་རྒྱུ་འདུག་ལ། ད་དུང་རྩོམ་པ་པོ་ཉམས་མྱོང་ཅན་མང་པོ་མཐོང་རྒྱུ་འདུག ལྷག་པར་དུ་བུད་མེད་རྩོམ་པ་པོ་མང་པོ་ཞིག་གིས་སྣ་འཛོམས་རང་བཞིན་གྱི་རྩོམ་ཡིག་རྣམས་ཁྲ་ལམ་མེར་ཤར་ཡོང་གི་འདུག་པས། སླར་ཡང་ང་ཚོའི་སྤང་ཐང་འདི་ལ་མེ་ཏོག་འདྲ་མིན་ཁྲ་ཆིལ་ལེར་བཞེད་ཀྱི་འདུག་པས་དགའ་སྤྲོ་འཕེལ།།
    ད་དུང་བན་བོན་གྱི་ཨ་ཁུ་དང་ཨ་ལོག་ཚང་མས་ཀྱང་འཚང་ཀ་ཤིག་ཤིག་གིས། ཁྱེད་ཀྱི་ངོས་ན་གཡག་རྒྱུགས་གི་འདུག་དང་། ངེད་ཀྱི་ངོས་ན་ཤིག་འཕུར་གྱི་འདུག་སོགས། སྲོག་རླུང་ཅི་ལྟར་བཤད་ན་ཡང་ཁ་བརྡའི་ནང་དུ་བཤད། མུ་མཐུད་ནས་ཤོག་འ།

  15. ཁ་བའི་སྒྲོལ་མ། says:
    2012-04-14 at 12:25 am

    དགའ་ས་ལ་བསྟོད་དགོས་དོན་མི་འདུག་ལ་མི་དགའ་སར་སྨོད་དགོས་དོན་ཡང་མི་འདུག ལྷག་པར་དུ་གཞན་པ་དགའ་སའི་ལས་ལ་འཇུག་པར་བཀག་འགོག་བྱེད་དགོས་དོན་དེ་བས་མི་འདུག

    ཟླ་མེད། ངས་བཤད་འདོད་པ་གཙོ་བོ་དེ་འདི་ཡིན། བཤད་ཤེས་མེད་ན་དགོངས་དག ང་སྤྱིར་སྐད་ཆ་ཆེན་པོ་དང་ཚོན་པོ་བཤད་ཤེས་མཁན་ཟིག་མིན།

  16. ཁ་བའི་སྒྲོལ་མ། says:
    2012-04-14 at 12:35 am

    ཨ་ཁུ་ཀླུ་སྨྱོན་དང་ཁྱོད་གཉིས་ཀས་མང་ཆུ་སྔོན་མོ་འཐུང་རྒྱུ་མང་དྲགས་ནས་ད་ལྟ་དངོས་གནས་གྲམ་པ་ནང་གི་རྡོ་ལོག་དེ་དག་དང་གཅིག་པ་གཅིག་རྐྱང་རེད་འདུག

    འདི་ཀུ་རེ་མིན་ན། མུ་གེ་ཐང་།

  17. རྩམ་དགའ། says:
    2012-04-14 at 1:34 am

    དགའ་དུས་ཀྱང་སྙན་ངག་ཕྲིས་ཤིག །
    སྡིག་དུས་ཀྱང་སྙན་ངག་ཕྲིས་ཤིག །
    སྙན་ངག་ནི་སྨྱོན་པ་ཁྱེད་ཀྱི། །
    དགའ་ཕྱོགས་ཤིག་ངོ་མ་ཡིན་ཚོད། །

  18. ཀརྡོ་གཉེར་ཕྱག་པ་ says:
    2012-04-14 at 1:35 am

    གོས་མེད་རྒྱན་མེད་གཅེར་ལུས་ལ། །
    སྙན་ངག་རྒྱན་གོས་སྤྲས་ན་མཛེས། །

  19. སྲས་མོ། says:
    2012-04-14 at 1:37 am

    ང་ཡང་སྙན་ངག་ལ་དགའ་པོ་ཡོད་ལ་ངའི་དགའ་ཕྱོགས་ཤིག་ཀྱང་ཡིན། དེས་ན། མི་རེ་རེའི་ཁམས་དང་མོས་པ་མི་འདྲ་བས་དགའ་ཕྱོགས་རེ་ངེས་པར་ཡོད་སྲིད། དེར་བརྟེན། རྩོམ་པ་པོའི་བརྗོད་འདོད་ལས་སྐྱེས་པའི་ངག་གི་རང་བཞིན་དེ། རང་སེམས་ལྷན་སྐྱེས་ཀྱི་ཚོར་བ་ངོ་མཚར་ཅན་རྣམས། བརྗོད་པའི་ཚིག་དང༌། ཡི་གེའི་འབྲུར་རྩོམ་པ་པོས། རང་སེམས་ཀྱི་ཚོར་བ་དེ་རང་གིས་མྱོང༌། གཞན་ལའང་ཚོར་བ་དེ་ངམ་ངམ་ཤུགས་ཀྱིས་མྱོང་འཇུག་པའི་ནུས་པ་རྣམས་ཉམས་དགུའི་རང་བཞིན་ནམ། ཉམས་དགུའི་བྲོ་བ་སྟེར་བ་ཡིན། དེ་འདྲའི་ཉམས་སྔ་རྗེས་འདུས་པའི་བརྗོད་པ། ཚིགས་བཅད་གཅིག་ཙམ་གྱིས་ཀྱང་མི་སེམས་གཡོ་བའི་ནུས་པ་ལྡན་པ་རྣམས་སྙན་ངག་འབྲི་བའི་དགོས་པ་ཚང་བར་སྙམ། སྙན་ངག་གི་རྩོམ་ལུས་ལ་ཚིགས་བཅད། ཚིགས་ལྷུག སྤེལ་མ་བཅས་ཀྱི་ཁྱད་པར་ཙམ་ལས་རྩོམ་པར་མཁས་ན་མི་སེམས་གཡོ་བའི་ནུས་པར་ཁྱད་པར་མེད།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-04-14 at 1:39 am

    ཚིགས་ལྷུག མ་རེད། ཚིག་ལྷུག་རེད།

  21. སྲས་མོ། says:
    2012-04-14 at 1:55 am

    ཀརྡོ་གཉེར་ཕྱག་པ་ལགས། ཧ་ཧ་ཧ། དགོངས་དག
    དཀར་གསལ་དྲ་ལམ་ན་རྒྱུ་བ།།
    དྲ་གྲོགས་ངང་དཀར་གྱི་འཁོར་ཚོགས།།
    སྣ་ཚོགས་མཆན་བུ་ཡི་གཤོག་རྩལ།།
    རབ་རྒྱས་ངང་ཚུལ་དེར་སྤྲོ་བྱུང༌།།

  22. སྲས་མོ། says:
    2012-04-14 at 2:11 am

    ཀརྡོ་ལགས། སྐུ་ཉིད་ནས་གསུངས་པ་ལྟར།
    རྒྱན་མེད་པ་ཡི་སྙན་ངག་ནི།་བུད་མེད་མཛེས་མ་གཅེར་བུར་འགྲོ་དང་འདྲ་བས་མེ་ལོང་མ་ལས་གསུངས་བའི་རྒྱན་ལས་གང་རུང་སྤྱོད་ནས་བྲིས་ན། མཛེས་པའི་སྒང་ལ་རྒྱན་ཆ་ལོས་ཡིན།
    སྙན་ངག་མཁན་འབའ་སྲས་ལགས། སྐུ་ཉིད་ཀྱི་སྙན་ངག་མཛེས་མར་རིན་ཆེན་རྒྱན་ཆས་མང་ཙམ་བརྒྱན་ན་མ་གཏོགས་དྲ་གྲོགས་ཚོས་དགོངས་འཆར་གནང་གི་འདུག་གོ། ཨ་ལ། སྐུ་རྩེད་ཡིན།

  23. པཀྵི says:
    2012-04-14 at 3:54 am

     ”འཁོར་བའི་བདེ་སྐྱིད་ནི་དགའ་ཕྱོགས་ཀྱིས་བསྐྲུན་ཅིང་། དགའ་ཕྱོགས་ནི་སེམས་པས་བསྐྲུན་”ལབ་ན་དོན་ལ་གནས་ཤིང་གནས་ལུགས་དང་ཡང་མཐུན་སྙམ། བསམ་འཆར་ཙམ་ཡིན།

  24. ཞལ་ལུ་དཀར་པོ says:
    2012-04-14 at 9:49 am

    སྙན་ངག་པའམ་སྙན་དངགས་ཀྱི་གཞུང་ཆེན་མོ་དག་ལ་གོམས་འདྲིས་ཆུང་བའི་རྒན་གཞོན་དག་གིས་དུས་ནམ་ཡང་འུ་ཅག་ལ་རྒོལ་སྲིད་མོད། དེ་ནི་བླུན་པོས་མཁས་པ་ལ་རྒོལ་བ་ཞིག་ཡིན་ཞིང་མི་སྲིད་པའི་སྲིད་པ་ཞིག་ཀྱང་ག་ལ་ཡིན། གང་ལྟར་ཁོ་བོ་ལའང་ཟིན་གྲོགས་ཤིག་གིས་གླགས་བཙལ་བ་ལ་ཚོད་མེད། ཁོས་ཟེར་ན་སྙན་ངག་གི་དུས་རབས་རྫོགས་ཟིན་པ་རེད་སོགས་སྙིང་མེད་ཀྱི་ཚིག་མཚོན་དང་ཁུངས་མེད་ཀྱི་འཆར་ཡན་ཅིའང་བརྡོལ།
    རང་བཞིན་བརྗོད་པའི་རྩོམ་རིག་ནས་དགག་སྒྲུབ་རྩོམ་རིག་དང་། གསལ་བཤད་རྩོམ་རིག་ནས་བསྡུས་བརྗོད་རྩོམ་རིག ཕྲ་ཞིབ་རྩོམ་རིག་ནས་གསར་གཏོད་རྩོམ་རིག་དང་། སྒྲོ་བཏགས་རྩོམ་རིག་ནས་སྐུར་འདེབས་རྩོམ་རིག བེམ་དོན་རྩོམ་རིག་ནས་རིག་ཤེས་རྩོམ་རིག་སོགས་སྙན་རྩོམ་ལ་ལོབས་པའི་འུ་ཅག་དུས་ནམ་ཡང་མཛའ་མོས་བསྐྱང་ཞིང་། མཛའ་མོ་དེའང་དཀྱུས་མའི་མཛའ་མོ་དང་བསྡུར་ཐབས་མེད་པའི་ཡིད་འཕྲོག་མ་ཞིག་གིས་འཁྱུད་ནས་རེད། མ་འོངས་ཁ་བའི་རླུང་རྟ་འདི་གངས་རིའི་རྩེ་མོ་ནས་གཡོ་ཞིང་དགུང་སྔོན་གྱི་དབྱིངས་རོམ་ན་ལྡིང་དགོས། སྙན་ངག་པ་རྒྱལ་ལོ།

  25. འབའ་སྲས། says:
    2012-04-14 at 10:03 am

    སྙན་ངག་ནི་ཅི་ཞིག་ཡིན་ན་ཡིན། སྙན་ངག་པ་ཡང་ཅི་ཞིག་ཡིན་ཡང་ཆོག གཙོ་བོ་རང་གི་འབྲི་འདོད་པ་དག་མ་ཤི་བར་དུ་འབྲི་དགོས་པ་འདི་འཚོ་བའི་ལོངས་སྤྱོད་ཡིན། འཚོ་བའི་ལོངས་སྤྱོད་ལ་མི་དགའ་བ་སུ་ཞིག་ཡོད་དམ།

  26. ཀརྡོ་གཉེར་ཕྱག་པ་ says:
    2012-04-14 at 10:40 am

    སྲས་མོ་མཛེས་མ་ལགས།

    མཛེས་མ་རྒྱན་གོས་ཅན་ཞིག་མཐོང་བ་ན། །
    འགྲམ་ཆུ་ལྡང་ནས་མིག་ཀྱང་རྩེ་གཅིག་གཏོད། །
    མཛེས་ཀྱང་རྒྱན་མེད་གོས་མེད་གཅེར་བུ་མ། །
    མཐོང་དུས་མི་མཛེས་སྐྱུག་མེར་སློང་བའང་སྲིད། །

    སྙན་ངག་རྒྱན་མེད་བརྗོད་བྱ་ལེགས་ན་ཡང་། །
    རྒྱན་མེད་གོས་མེད་གཅེར་ཚིག་ཧྲང་ངེ་བ། །
    ཀློག་མི་བདེ་ལ་ཐོས་ཚེ་རྣ་བར་འཛེར། །
    རྒྱན་མེད་མོ་ལྟར་རྒྱན་མེད་ཚིག་ཀྱང་འཛེར། །

  27. འབའ་སྲས། says:
    2012-04-14 at 10:51 am

    བུད་མེད་མཛེས་མ་རྒྱན་གྱིས་མཛེས་ན་ཡང་།།
    རྒྱན་ལ་བལྟས་ནས་འདོད་ཆགས་ག་ལ་ལངས།།
    རྒྱན་གོས་ཕུད་པའི་བུད་མེད་དམར་རྗེན་མ།།
    འདོད་པའི་ཁུ་བ་བཞུར་བའི་འབྱུང་ཁུངས་ཡིན།།
    ཧ་ཧ་ཧ། ཧེ་ཧེ་ཧེ།

  28. ལུང་རྟོགས། says:
    2012-04-14 at 11:29 am

    ང་སྙན་ངག་ལ་དགའ་ན་ཡང་ངས་སྙན་ངག་འབྲི་མི་ཤེས། སྙན་ངག་མཁན་ཚོས་སྙན་ངག་འབྲི་སྟང་གི་སློབ་སྟོན་རེ་གནང་རོགས།

  29. འབའ་སྲས། says:
    2012-04-14 at 11:49 am

    ཡིད་དུ་འོང་བའི་སྙན་ངག་གི་བསླབ་བྱ་བླངས་ན། དེ་ནི་སྙན་ངག་གི་ལམ་སྟོན་ཡིན།

  30. རྒོད་བསམ་རང་འགན་རང་ཁུར་ says:
    2012-04-14 at 12:08 pm

    སྙན་ངག་ནི་སེམས་ཀྱི་རེ་མོ་ངོ་མ་
    སྙན་ངག་ནི་ངའི་སེམས་ཀྱི་མཛེས་སྡུག་ལྷ་མོ་ཡིན་་་་་་་་་་་་་་་་་་་་་་་་་་་

  31. གཞོན་ནུ་ཟླ་མེད། says:
    2012-04-14 at 7:34 pm

    སྙན་ངག་འབྲི་སར་སྡོམ་ཚིག་དང་གཏན་ཚིགས་བྲིས་ན་མི་ཧྲ་ནོ་ངས་ར་ཤེས་ཀི ཡིན་ན་ར་དེ་རིང་གཏན་ཚིག་འབྲི་དགོས་སོང་། དེ་ནི་འབའ་སྲས་རང་གིས་གཏན་ཚིགས་བྲིས་ཡོད་པ་དེས་རྐྱེན་གྱིས་རེད། འབའ་སྲས་ནས་བཤད་ན། ༼ཁོ་ཚོས་འཁོར་བའི་བདེ་སྐྱིད་ནི་སྒོར་མོས་བསྐྲུན་ཞིང་། སྒོར་མོ་ངལ་རྩོལ་གྱིས་འགྲུབ་ཅེས་བཤད། ཡིན་ན་ཡང་། བདག་གིས་འཁོར་བའི་བདེ་སྐྱིད་ནི་སེམས་པས་བསྐྲུན་ཞིང་། སེམས་པ་ནི་དགའ་ཕྱོགས་ཀྱིས་བསྐྲུན་ཅེས་རྒོལ་ལན་སྤྲོད་བཞིན་ཡོད། ༽ ཅེས་ཟེར། ངས་བལྟས་ན་གཅིག་པ་གཅིག་རྐྱང་རེད། ཚིག་གི་རྒྱས་བསྡུས་ཙམ་མ་གཏོགས་འབབ་ས་དེ་དགའ་ས་སྟེང་ལ་བབས་བསྡད་འདུག དགའ་ཕྱོགས་ཀྱི་དབང་གིས་སེམས་པ་སྐྲུན། སེམས་པས་བདེ་སྐྱིད་སྐྲུན། ཅི་མ་བདེན། ང་ནེའུ་ཡོཀ་གི་ས་འོག་མེ་འཁོར་ན་འགྲོ་བཞིན་པའི་ཉིན་ཞིག་ལ། ཚ་བས་རྔུལ་ནག་ཐོད་པ་ནས་བཞུར་ཏེ། མཐར་འབི་ལུ་མགོ་ནས་ས་ལ་ཟག་པའི་ཉིན་མོ་ཞིག་ལ། ངའི་གཡས་ཕྱོགས་ཀྱི་སྐུབས་སྟེགས་སྟེང་དུ་བྱི་ལི་རྐམ་རིད་གཟུགས་རིང་ཞིག་མར་བསྡད། ཁོང་གི་པང་དུ་སྐྱེས་སྨན་ནག་རྡོ་ཚོན་པོ་ཕལ་ཆེར་རྒྱ་མ་ལྔ་བརྒྱ་ཡོད་པ་ཞིག་ཁོང་ལ་ཁ་འཁོར་ནས་བསྡད། ཁོང་གཉིས་ཀྱི་རྩིབ་བརྡར་དེས་ང་མེ་འབར་ལ་ཁད་དུ་བཏང་། འོན་ཀྱང་ཁོང་གི་དགའ་ཕྱོགས་ཀྱི་དབང་གིས་་ཁོང་ལ་ཚ་བའི་སྡུག་བསྔལ་མེད་ལ། ལྕི་ཁོག་གི་སྡུག་བསྔལ་དེ་ལས་ག་ལ་ཡོད། ཁོང་ལ་མཚོན་ནས་བཤད་ན་བུ་མེད་ཚོན་པོ་དེ་ནི་སྙན་ངག་ཕུད་དུ་བྱུང་པ་ཞིག་ལོས་ཡིན།

  32. གཞོན་ནུ་ཟླ་མེད། says:
    2012-04-14 at 7:53 pm

    ཁ་བ་སྒྲོལ་མས་བཤད་ན། ༼ཨ་ཁུ་ཀླུ་སྨྱོན་དང་ཁྱོད་གཉིས་ཀས་མང་ཆུ་སྔོན་མོ་འཐུང་རྒྱུ་མང་དྲགས་ནས་ད་ལྟ་དངོས་གནས་གྲམ་པ་ནང་གི་རྡོ་ལོག་དེ་དག་དང་གཅིག་པ་གཅིག་རྐྱང་རེད་འདུག༽ ཟེར། ཁ་བ་སྒྲོལ་མ་འདིས་ཀླུ་སྨྱོན་ངེད་གཉིས་ཀྱི་དེ་རྡོ་ནང་བཞིན་མཁྲེགས་པོ་ཡོད་པ་ཅི་ལྟར་ཤེས་པ་ཡིན་ནམ། ཨ་ལ་ཀུ་རེ་ཡིན།

    ཁ་བ་རི་བོའི་སྟེང་ནས་སྤྲིན་དཀར་ཤམ་བུ་ཡོམ་ཡོམ།།
    ཁ་ནས་གསུངས་པའི་སྙན་ཚིག་སྒྲོལ་མའི་མགུར་མ་འདྲ་འདྲ།།
    ཁ་ལས་དགེ་བའི་ཞི་མོ་སྙན་པའི་གཤོག་རྩལ་ལྷབ་ལྷབ།།
    ཁ་ཅིག་ལྷན་ཅིག་མེད་ཀྱང་ཁ་སེམས་འོ་ཆུ་འདྲེས་འདྲེས།།
    ཁ་བ་མ་བབས་རིང་ལ་ཁོ་ཐག་ཆོད་ཆོད་འདྲ་ཡང་།།
    ཁ་བའི་ལས་དབང་བསམ་ནས་ཟླ་འོད་ལམ་ལམ་འཕྲོས་པ།།
    ཁ་མིག་གཉིས་ཀ་ཅེར་ནས་མཁའ་ལ་ཧྲིག་ཧྲིག་བལྟས་པ།།
    ཁ་བའི་གྲངས་ལས་མང་ནོ་སེམས་ན་ཁྲིག་ཁྲིག་ལོས་ཡིན།།

  33. ཀླུ་སྨྱོན། says:
    2012-04-15 at 12:06 am

    ཞོགས་པར་ཡར་ལངས་ན་མི་འདོད་དུས་སྒལ་ཚིགས་ནང་ན་ཚོར་བ་སྐྱིད་པོ་ཞིག་ཡོད་པ། ང་ལ་མཚོན་ན་དེ་ལས་ལྷག་པའི་སྙན་ངག་ཅིག་འཇིག་རྟེན་འདིར་མེད་ཀི ཚོར་བ་དེའི་ཆེད་དུ་ལུས་ལོངས་སྤྱོད་དུས་ཚོད་སྒོར་མོ་མཚན་སྙན་སོགས་གང་ཞིག་བློས་དགོས་ཀྱང་གཏོང་ཐུབ་པའི་ཚོར་བ་ཞིག་འདུག དེ་མིན་ཆུ་འགྲམ་དུ་སོང་ནས་མིག་གཉིས་བཙུམས་ནས་ཤང་ཤང་བཞུར་བའི་ཆུ་སྒྲ་ལ་ཉོན་དང་། ཡང་མིན་ན་ཁྱོད་ཀྱི་སྒེའུ་ཁུང་ཕྱི་རོལ་ཏུ་ནམ་གུང་ཤག་ཤག་ཏུ་འབབ་པའི་ཆར་སྒྲ་ལ་ཉོན་དང་། འདི་ནི་རང་བྱུང་ཁམས་ཆེན་པོས་ང་ཚོར་བསྩལ་པའི་སྙན་ངག་རེད། མཛེས་མ་ཚེ་སྐྱིད་ཀྱང་མུན་ནག་གི་ཁྲོད་ནས་ཆར་བའི་ཤག་སྒྲ་ལ་ཉན་རྒྱུར་ཧ་ཅང་དགའ་ཞེས་ཟེར།

  34. ཀླུ་སྨྱོན། says:
    2012-04-15 at 12:07 am

    སང་ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་ང་འཇིག་རྟེན་འདི་ནས་བོར་བརླག་ཏུ་བུད་འགྲོ དེ་རྗེས་ང་ཚོར་ལས་དང་སྐལ་བ་ཡོད་ན་ཐུག་ཐུབ།

  35. ཀརྡོ་གཉེར་ཕྱག་པ་ says:
    2012-04-15 at 12:23 am

    ༢༧༽ འབའ་སྲས་ལགས།

    རྒྱན་གོས་ཕུད་པའི་བུད་མེད་དམར་རྗེན་མར། །
    འབའ་སྲས་འདོད་ཆགས་ལངས་པ་ཁྱེད་ཀྱི་གཤིས། །
    རྒྱན་གོས་མཛེས་སྤྲས་ཁ་སྙན་བུད་མེད་དེས། །
    དགེ་སློང་ང་ཡི་སོར་སྡོམ་འཕྲོག་དོན་ཅི། །

    ཧ་ཧ་སྐུ་རྩེད་ཡིན་ནོ་འབའ་སྲས་ལགས། །

  36. གཉིས་མེད་སེངྒེ says:
    2012-04-15 at 12:43 am

    བཙན་གྱིས་བཙིར་བས་སྙན་ངག་ཡོང་དྭོགས་མེད། །
    དམིགས་མེད་ལག་ཏུ་ཐོགས་ཚད་བྲིས་པས་དཀའ། །
    སེམས་འགྱུ་ཕྲ་མོའི་རྦ་རླབས་བརྡ་དག་གི །
    ལུགས་བཞིན་བསྡེབས་པའི་རླབས་སྒྲ་དེའོ་སྙམ། །

  37. མིག་བརྒྱད་པ། says:
    2012-04-15 at 7:30 am

    སྐབས་འགར་ཨ་རིར་བསྡད་ཀྱང་སེམས་སྡུག་མང་།།
    སྐབས་འགར་སྤྲང་བོའི་འཚོ་བ་སྐྱིད་སྣང་ལྡན།།
    ཆགས་སེམས་སྨུག་ལོང་འཁྲིགས་པའི་འཇིག་རྟེན་ནས།།
    སྙོམ་ཆུང་དབུལ་བའི་འཚོ་བ་ཕམ་ཁ་ཡིན།།

  38. གཞོན་ནུ་ཟླ་མེད། says:
    2012-04-15 at 8:18 am

    ཀླུ་སྨྱོན། ང་ལ་སྙན་ངག་ཞིག་ཡོད་པ་ནི་བཤད་མི་ཤེས་པའི་ཚོར་བ་ཞིག་ཡིན། དེ་ནི་སྔར་ཝ་ཤིན་ཀྲོན་ནས་ངེད་གཉིས་ཐུག་དུས་དེ་རེད། སྐབས་དེ་དུས་ངེད་གཉིས་ཀས་སྐད་ཆ་བཤད་བཞིན་པའི་སྐབས་སུ། མཛེས་མ་ཚེ་རིང་སྐྱིད་ཡོང་པ་ན། ཁྱེད་ཀྱིས་ང་ལ་བདེ་མོ་ཡང་མི་ཟེར་བར་མཛེས་མ་ཚེ་སྐྱིད་ཀྱི་ལག་མགོ་འཇུས་ནས་ཡུག་སེ་བུད་སོང་ལ། མཛེས་མ་ཚེ་སྐྱིད་ཀྱིས་ང་ལ་བཀྲ་ཤིས་བདེ་ལེགས་ཡང་མི་ཟེར་བར་ཁྱེད་ཀྱི་གདོང་ལ་ཅེར་ནས་ལག་པར་དམ་པོར་འཇུས་པའི་ཉིན་དེ་རེད། ངས་དེའི་ཉིན་མོ་སྙིང་ལྡིང་ས་ནི། ་ཁྱེད་ཀྱི་གཟན་ཤབས་དེ་ཁྱེད་གཉིས་ཀྱི་བྲང་གི་ཧྲག་བར་ལ་བཙུར་མི་ཡོང་ངམ་སྙམ་པ་དེ་མ་ཡིན་པར། མཛེས་མ་ཚེ་སྐྱིད་ཀྱི་མཆུ་འདབ་དེ་ན་མེ་ཏོག་གི་འདབ་མ་ལྟར་དྭངས་ཤིང་གཙང་ལ་དྲི་མ་མེད་པ་དེ་ཅི་ལྟར་འགུལ་བསྐྱོད་བྱེད་བཞིན་པ་དེ་རེད། ངས་རྐང་འཇབ་ལག་འཇབ་ཀྱི་རྒྱང་ནས་རྗེས་འདེད་བཏང་། ལས་བསམ་སར་མི་འགྲོ་བསགས་སར་འགྲོ་ཟེར་ནོ་ཅི་མ་བདེན། ཁྱེད་གཉིས་ཀྱི་རྐང་པ་ཚིག་ཇ་འཐུང་ས་དེ་ནང་དུ་སྤོས། ང་ཡང་མི་མངོན་པ་བྱས་ནས་དེར་སླེབས་པ་ན། ཁྱེད་ཀྱི་ང་ལ་རྐང་བཙུགས་ནས་ཀྱག་ཀྱག་བྱེད་པ་ལྟར་ཚིག་ཇ་རེ་ལག་ཏུ་བཟུང་ནས་རྐས་འཛེགས་ལ་ཐོག་ཁར་སོང་། ངས་རྗེས་འདེད་གཏོང་མ་ནུས་པར། ཁྱེད་གཉིས་ཀ་སྡོད་སའི་དྲང་ཐད་འདི་ཡིན་ས་རེད་བསམ་ས་ཞིག་ནས་རྐུབས་སྟེགས་ཞིག་འདམ་ནས་འོག་ཁའི་ཅོག་ཙེ་ཞིག་ཏུ་བསྡད། ཚིག་ཇ་ཁམ་གང་གིས་འཐུང་རྗེས་གནམ་ལ་བལྟས་ནས་སྟོང་འདང་ཞིག་གི་ལམ་བུ་ལ་སྙེག་ཅི་ཐུབ་བྱས། དེ་ཕྱིར་འདང་ཞིག་བརྒྱབ་ན་སྙན་ངག་ཡག་ཤོས་དེ་ཡིན་ས་རེད། འོན་ཀྱང་དེའི་དགོང་དྲོ་ཁྱེད་ཀྱིས་ང་ལ་རྒྱ་ཡི་ཟ་ཁང་ཞིག་ནས་ལྰ་མེན་ཐུག་པ་དཀར་ཡོལ་གང་བླུད་པས་ངའི་ཁོང་ཁྲོ་ཞི་འཇགས་སུ་སོང་། དེ་དང་མཉམ་དུ་ངའི་སྙན་ངག་དེ་ཡང་རང་ཡལ་ཏུ་སོང་བ་སྟེ་ལེའུ་དང་པོའོ།། ཧཧཧ སྨྱོན་པ་དང་སྨྱོན་པ་ཐུག་ན། སྨྱོ་ལ་ལ་དྭངས་འགྲོ་བ་ཟེར་བ་དེ་མིན་ན།

  39. མེ་ཏོག་དཀར་པོ། says:
    2012-04-15 at 9:35 am

    ཟླ་མེད་ཀྱིས་དངོས་བྱུང་ལོ་རྒྱུས་བྲིས་སམ་ཡང་ན་རྟོག་བཏགས་རེད། གང་ལྟར་ཁྱོད་གསུམ་གྱི་མཇལ་ཕྲད་ཀྱི་ལོ་རྒྱུས་ཐུང་ཐུང་འདིས་ཁོ་བོ་ཡུད་ཅིག་ཧུར་རེར་ལུས་སོང་བ་དཔེར་ན་གྲོ་བོ་ལུང་དུ་མི་ལས་མར་པ་ཐོག་མར་མཇལ་བའི་སྣང་ཚུལ་དང་མཐུན།

  40. ཁ་བའི་སྒྲོལ་མ། says:
    2012-04-15 at 10:28 am

    ཉིན་དེར་ང་ཡང་དེ་གའི་གསོལ་མགྲོན་ཁང་དུ་ཡོད། ཟླ་མེད་ཀྱི་ཁུ་སིམ་སིམ་གྱི་རྗེས་འདེད་གཏོང་སྟངས་དེ་དང་ཀླུ་སྨྱོན་གྱི་དལ་ལྷོད་ལྷོད་ཀྱི་ཁ་བརྡ་བྱེད་སྟངས་དེ་དག་གིས་ང་གད་མོ་ལྷང་ལྷང་ཞིག་དབང་མེད་དུ་ཤོར་སོང་།

  41. དཔལ་དགྱེས་པ་རྡོ་རྗེ། says:
    2012-04-15 at 10:41 am

    ཧཧཧཧཧཧ ཨ་ཁུ་ཀླུ་ཁྱོད་ཀྱང་གཞིས་བྱེས་གཉིས་ཀྱི་ཀླད་མེད་ཁག་གཅིག་གི་ལད་མོ་བྱས་ཏེ་མེ་ལ་སྦར་རྒྱུ་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ཚེ་གཏན་ནས་ལོག་རྒྱུ་མེད་པ་ཞིག་སྦར་དགོས་ནི་རེད་ཡ།

  42. གཉིས་མེད་སེངྒེ says:
    2012-04-15 at 10:52 am

    གོང་གི་མཆན་ཞེ་གཅིག་པའི་ནང་བོད་དོན་དུ་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ཀླད་མེད་དུ་བོས་པ་ཧ་ཅང་ཐལ་མ་དྲགས་སམ། སྐད་ཆ་བཤད་པར་གཟབ་ན་དགའ།

  43. འཇིགས་མེད་བློ་གྲོས། says:
    2012-04-15 at 11:05 am

    བོད་པའི་སྙན་ངག་གིས་ནོ་སྦེལ་རྩོམ་རིག་གི་བྱ་དགར་མིག་ལོག་བལྟ་བཞིན་ཡོད་ཟེར། བདེན་མིན་མི་ཤེས།

  44. མེ་ཏོག་དཀར་པོ། says:
    2012-04-15 at 11:17 am

    གཉིས་མེད་ལགས། དེ་འདྲ་གཏན་ནས་ཡིན་མི་སྲིད། ཁོས་གཞན་ཞིག་བཤད་འདོད་པ་ཡོན་འགྲོ

  45. ཀརྡོ་གཉེར་ཕྱག་པ་ says:
    2012-04-15 at 11:29 am

    ་་་་་བདུན་ཕྲག་གཅིག་རིང་་་་་་ གི་ཚིག་ལ་སོམས་ཤིག

  46. མེ་ཏོག་དཀར་པོ། says:
    2012-04-15 at 11:30 am

    འོ་རེད་མང་པོ་ཞིག་གིས་སྙན་ངག་ཟེར་བ་དེ་རང་གི་དགའ་ཕྱོགས་ཤིག་ཡིན་རབས་གསུངས་སོང་། དེས་ན་ལས་སྣང་བསམ་གྱིས་མི་ཁྱབ་པས་ལ་ལས་བུ། ལ་ལས་བུ་མོ། ལ་ལས་སྒོར་མོ། ལ་ལས་ཆར་སྒྲ་ཆུ་སྒྲ་སོགས་རང་གི་དགའ་ས་གང་ཡིན་ཡང་སྦ་གསང་གསུངས་སོང་། འོ་མ་དེ་འདྲའི་དགའ་ས་ཞིག་ལ་ཡིད་ཚིམས་པ་ཞིག་རོལ་མཁན་དེ་སྙན་ངག་པ་ཨེ་རེད།

  47. མེ་ཏོག་དཀར་པོ། says:
    2012-04-15 at 11:31 am

    འོ་མ་འོ་ནར་བཅོས་རོགས།

  48. མེ་ཏོག་དཀར་པོ། says:
    2012-04-15 at 11:32 am

    འོ་མ་ཞེས་པ་འོ་ན་ཞེས་པར་བཅོས།

  49. སྐྱོ་བྲག་དགའ་དབང་། says:
    2012-04-15 at 11:33 am

    རང་གི་ལུས་ལ་ལྷན་སྐྱེས་དྲི་མ་མེད། གཞན་གྱི་ལུས་ལས་འགོས་པའི་ཉེས་ལྟུང་རིགས། སྐད་ཅིག་འཇོམས་འདོད་སེམས་ཀྱི་རྣམ་རྟོག་འདི། ཇི་ཙམ་སྒྲིམས་ཀྱང་དེ་ཙམ་དམ་དུ་སོང་།

  50. མེ་ཏོག་དཀར་པོ། says:
    2012-04-15 at 11:48 am

    འོ་རེད་མང་པོ་ཞིག་གིས་སྙན་ངག་ཟེར་བ་དེ་རང་གི་དགའ་ཕྱོགས་ཤིག་ཡིན་རབས་གསུངས་སོང་། དེས་ན་ལས་སྣང་བསམ་གྱིས་མི་ཁྱབ་པས་རང་གི་དགའ་ཕྱོགས་དེ་ཡང་ལ་ལས་བུ། ལ་ལས་བུ་མོ། ལ་ལས་སྒོར་མོ། ལ་ལས་ཆར་སྒྲ་ཆུ་སྒྲ་སོགས་ཡིན་ཚུལ་སྦ་གསང་མེད་པར་གསུངས་སོང་། འོ་ན་དེ་འདྲའི་དགའ་ས་ལ་ཡིད་ཚིམས་པ་ཞིག་རོལ་མཁན་དེ་ལ་སྙན་ངག་པ་ཟེར་རྒྱུ་ཨེ་རེད།

    གོང་གི་དེ་ཏོག་ཙམ་འགྲིག་མ་སོང་བས་བསྐྱར་བཏགས་བྱས་པར་ཐུགས་སུན་མེད་པ་ཞུ།

  51. གཞོན་ནུ་ཟླ་མེད། says:
    2012-04-15 at 11:53 am

    མེ་ཏོག་དཀར་པོ། ངས་སྙན་ངག་འབྲི་དུས་རྟོགས་བཏགས་ཡོད་ནི་མ་རེད། གོང་གི་དེ་གོ་རིམ་མེད་སོང་པ་རེད། གོ་རིམ་བཤད་ན་དུས་འཁོར་དབང་ཆེན་གྱི་སྐབས་དེ་དུས། ཉིན་དེའི་ཆོས་ཐུན་གྲོལ་བ་དང་སྒོ་ཁ་ནས་ཀླུ་སྨྱོན་རིན་པོ་ཆེ་མཇལ། ཡ་ཡ་ལོ་མང་རིང་ཕྲད་མ་མྱོང་པ་བློ་བུར་དུ་ཕྲད་དུས་ངོ་ནས་དགའ་སྤྲོས་ཅི་བཤད་དགོས་པ་ཡང་མི་ཤེས། གོམས་པ་མདུན་ལ་སྤོ་བཞིན་སྐད་ཆའི་འགོ་བཙུགས། ངས་གནའ་རྒྱུས་ད་རྒྱུས་བཤད་ནས་འགྲོ་བཞིན་པའྀ་སྐབས་སུ། ངས་ཁོང་གིས་ངའི་སྐད་ཆར་ཉན་ཡོད་ཤག་ཤག་གིས། ཁ་ནས་སྐད་ཆ་ཚང་མ་གོ་རིམ་མེད་པར་སེམས་ནང་ན་འཚང་ཁ་ཤིག་ཤིག་གིས་ཡོང་བཞིན་པ་རྣམས་ཁོང་གི་མདུན་དུ་སྤུངས། ཁོང་གིས་རྣ་གཡས་པ་ང་གཏད་བསྡད་ཡོད་པ་ངས་མཐོང་ནས་མུ་མཐུད་ནས་མདུན་དུ་སོང་། ས་འོག་གི་མེ་འཁོར་འབབ་ཚིགས་ཞིག་གི་ཁ་གཏད་དུ་སླེབས་པ་ན། མཛེས་མ་ཚེ་སྐྱིད་འཕྱི་བ་འཕྱི་ཁུང་ཁ་རུ་བུད་པ་ལྟར་ས་ཁར་སླེབས། ཀླུ་སྨྱོན་རིན་པོ་ཆེ་ནི་འགྱིག་གིས་བཟོས་པའི་མི་ནང་བཞིན་མཛེས་མ་ཚེ་སྐྱིད་ཀྱི་ཕྱོགས་སུ་འཁོར་ནས་བུད་སོང་། ངས་ཁོང་གཉིས་ཀའི་ཕྱོགས་ལ་ཟུར་བལྟ་བྱས་ནས་བསྡད། ཁོང་གཉིས་བལྟས་བལྟས་རིག་རིག་ལ་ང་ལས་རྒྱང་ཁད་དུ་འགྲོ་བཞིན་འདུག ངས་རང་གི་འཁྱམ་ཟིན་པའི་བླ་ཚུར་འགུགས་ཐབས་བྱས་ནས་རང་གི་འགྲམ་པ་ལ་ཐལ་ལྕག་གིས་བཞུས་པས། ད་བཟོད་བླ་ཚུར་བཀུག་ཐུབ་ཙམ་བྱུང་། རང་གི་ཁ་ན་ད་དུང་ཡང་སྔར་བཞིན་གནའ་རྒྱུས་ད་རྒྱུས་བཤད་བཞིན་པ་ཤེས། སྐད་ཆ་བཤད་མཚམས་ཤུགས་ཀྱིས་བཅད་ནས། ཁོང་གཉིས་ཀའི་རྗེས་འདེད་བཏང་།
    ཁ་བ་སྒྲོལ་མས་བཤད་ན་མོ་དེ་དུས་དེ་ན་ཡོད་ཟེར། དེ་བདེན་པ་ཡིན་རྒྱུ་མ་རེད། གལ་སྲིད་ཁ་བ་སྒྲོལ་མ་དེ་ན་ཡོད་ན། ངས་མིག་འདི་ཡང་རྣོན་པོ་རྣོ་རྐྱང་ཞིག་ཡིན་ལ། ཁྱེད་ཀྱང་མི་མང་ཁྲི་ཕྲག་གི་གསེང་ནས་ངའི་མིག་ལམ་དུ་ཤར་ཐུབ་པའི་ཡིད་ཆེས་ཡོད། འོ་ད་དུང་ང་གཅིག་བུས་ལྡོག་སྒྲ་དེ་དང་། ང་གཅིག་བུའི་ཁར་རྐྱང་གི་གྲིབ་མ་དེ་ཚིག་ཇ་འཐུང་ས་དེར་དྲུད་ནས་འགྲོ་རྒྱུ་མ་རེད། ངས་ཀྱི་ཚིགས་ཀ་མེད་རུང་སྡོག་པ་ཞིག་བརྒྱབ་ནས། ཤིན་ཏུ་རྩིབ་པའི་ལག་པ་འདི་ཁ་བཏགས་ཞིག་གིས་དཀྲུས་ནས་ཁྱེད་ཀྱི་གོས་ལྟར་འཇམ་པའི་ལག་པ་ནས་གཏོང་གི་མ་རེད། ད་དུང་་་་་་་་་་་་་་་
    གལ་སྲིད་ཁྱེད་དེ་ན་ཡོད་ཚེ། ངས་ཀྱང་སྙན་ངག་སྙན་མོ་ཞིག་གི་འགོ་རྐང་བསྒྲིགས་ནས། རྒྱལ་ས་དེ་ནས་ཤར་མར་འབྲི་རྒྱུ་རེད། མགྲོན་ཁང་དང་ཟ་ཁང་། ད་དུང་ལྡུམ་ར་དང་རྒྱ་ལམ་ཡོད་ཚད་ལ་འབྲི་རྒྱུ་རེད།

  52. གཞོན་ནུ་ཟླ་མེད། says:
    2012-04-15 at 12:02 pm

    ག་རེ་རེད་མེ་ཏོག་དཀར་པོ། ཁྱོད་དོན་མེད་ལ་འཚབ་ནས་ཅི་བྱེད། འོ་མ་འོ་ན་ཟེར་ན་ག་རེ་རེད། འོ་མ་ཟེར་ན་ནུ་མ་རེད། ཁྱེད་ཀྱི་ནུ་མ་བཤད་བསམ་པ་འེ་ཡིན། འོ་ན་ཟེར་ན་ག་རེ་ཡིན་མིན་ངས་ལ་མི་ཤེས། གླིང་སེང་ཆེན་རྒྱལ་བོ་མ་དཔལ་མོ་ཨ་སྟག་ལྷ་མོའི་ཆེད་དུ་དམྱལ་བར་ཕྱིན་པ་ན། གཤིན་རྗེ་ཆོས་རྒྱལ་ལ་འོ་ན་ཡང་ཟེར་ནས་གླུ་བླངས་ནི་རེད། འོ་ན་ཟེར་ན་དེ་མིན་འགྲོ། ཨ་སྟག་ལྷ་མོའི་སྒྲུང་འདི་ད་སྙན་ངག་ཧྲ་ནི་རེད་ཡ། སེང་ཆེན་རྒྱལ་བོ་འདྲ་འདྲའི་བརྩེ་བ་ཅན་ཞིག་དེང་སང་ཡོད་ཀྱི་མ་རེད་ཀོ

  53. ལུང་རྟོགས། says:
    2012-04-15 at 12:03 pm

    འབའ་སྲས་ལགས་ཀྱི་ལམ་བསྟོན་དེ་གནད་ལ་ཁེལ་བ་ཞིག་བྱུང་། ཐུགས་རྗེ་ཆེ།

  54. མེ་ཏོག་དཀར་པོ། says:
    2012-04-15 at 12:28 pm

    སེང་ཆེན་རྒྱལ་པོ་ཡང་སྙན་ངག་མཁན་ཨང་ཀི་དང་པོ་ཞིག་རེད། འོ་ན་འམ་འོ་མ་ཞེས་པའི་གླུ་་ཨ་སྟག་ཀླུ་མོ་གཅིག་པུའི་ཆེད་དུ་ག་ལ་ཚད། ཆུང་བྱིས་པ་སྣབ་ཕྱིས་ཤེས་ལ་མི་ཤེས་སྐབས་ནས་སྒ་སྐྱ་ལོའི་འབྲུག་མོ་ལ་ཚད་ཚད་བྱས། དེར་མ་ཚད་མོའི་སྲིང་མོ་ནེ་ཆུང་ལུ་གུའི་མཚར་ཡག་ཀྱང་ཇོ་རུའི་སྙན་ངག་རེད། འོ་འོ་ད་དུང་ཕྱོགས་ཀྱི་བདུད་ཆེན་བཞི་སོགས་དགྲ་བཏུལ་ཤུལ་དུ་སྙན་ངག་གླུ་རུ་བླངས་བ་རྩི་རྩི་གྲངས་མེད་རེད།

  55. ཁ་བའི་སྒྲོལ་མ། says:
    2012-04-15 at 12:35 pm

    འབའ་སྲས་ལགས་ཀྱི་སྙན་ངག་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་ནོ་གོ་བདེ་བ།མཚོན་ཐབས་གསོན་ཉམས་ལྡན་པ། དངོས་ཡོད་འཚོ་བ་དང་མཐུན་པ་བཅས་རེད་འདོད། ང་ཁོང་གི་སྙན་ངག་ལ་དགའ་བའི་རྒྱུ་མཚན་ཡང་འདི་ཡིན། སྤྱིར་སྙན་ངག་འབྲི་ཀློག་མི་ཤེས་༼ཤིན་ཏུ་དགའ་བོ་འང་མེད༽རུང་ཁྱོའི་སྙན་ངག་ཆ་བོ་རིག་དུས་མ་བཀླགས་ཚད་མེད་འདྲ་ཟིག་རེད།

  56. མེ་ཏོག་དཀར་པོ། says:
    2012-04-15 at 12:41 pm

    ཁ་བའི་སྒྲོལ་མས་གཞོན་ནུ་ཟླ་མེད་མ་མཐོང་མདོག་གིས་འབའ་སྲས་ལ་བསྟོད་བསྔགས་བྱས་ལུགས་འདིས་གཞོན་ནུ་སྙིང་ན་བཅུག་ས་འདུག

  57. རྩམ་དགའ། says:
    2012-04-15 at 12:58 pm

    ཀླུ་སྨྱོན་ཁ་ལྕེ་བདེ་བས་མཛེས་མའི་སེམས་པ་ཤོར་སོང་ཟིག །
    གཞོན་ནུ་རྩེད་དགའ་ཆེ་ཡང་མཛེས་མ་ཚང་ནི་མ་ཁུག་ཟིག །
    ད་ནི་ཐོབ་འདོད་ཆེ་བའི་སྟོང་སེམས་དེ་ནི་གཡུག་ལ་ཤོག །
    ལས་འཕྲོ་མེད་པའི་མཇེ་ངན་དེ་ཡི་རྩ་ནས་ཆོད་ལ་ཤོག །

  58. འབའ་སྲས། says:
    2012-04-15 at 1:39 pm

    ༼ཁ་བརྡ་ཚང་ལ་མ་དགོས་པའི་ངའི་སྙན་ངག་འདི་ཀློག་མཁན་ཡོད་དམ།༽

    སྙན་ངག་པས་འདི་དག་འབྲི་དགོས།

    རྟ་མཆོག་ཁྲོས་པའི་རྨིག་རྗེས་གངས་རི་ནས་བརྒལ་ཏེ།།
    མཐའ་བཞིའི་ས་ཡི་དཀྱིལ་འཁོར་རྐང་སྟེགས་སུ་བླངས་ཤིང་།།
    འཛམ་གླིང་ཁྱིམ་ལ་དབང་བསྒྱུར་གདོང་དམར་བའི་མི་རིགས།།
    ཁ་སང་གང་ནས་ཡོང་བའི་འགོ་ཁུངས་དེ་འབྲི་དགོས།།

    བཙན་པོའི་སྙིང་སྟོབས་གསེར་གྱི་ཀ་བ་ལ་བསྟེན་ཏེ།།
    ཁྱིམ་གཞི་དྲོད་མོ་ཞིག་གི་གོ་ཁ་ནས་དྲོ་ཡང་།།
    བཙན་པོ་རྒས་པའི་རྐང་རྗེས་རྨུ་ཐག་ལ་དཀྲིས་རྗེས།།
    དེ་རིང་གང་ན་ལྷག་པའི་ངོ་གདོང་དེ་འབྲི་དགོས།།

    ཁ་སང་དཔའ་བོ་རི་ཡི་རྩེ་མོ་ནས་མཆོངས་ཤིང་།།
    དེ་རིང་རྒྱ་མཚོ་ཆེན་མོའི་བྱེ་ཐང་ནས་བསྐྱོད་པའི།།
    བཙན་པོའིབུ་རྒྱུད་ཚང་གི་བླ་སྲོག་གི་གོམ་པ།།
    སང་ཉིན་གང་དུ་སྤོ་བའི་ལམ་ཁ་དེ་འབྲི་དགོས།།

    རྟུལ་ཕོད་སྙིང་གི་རི་མོ་དཔའ་དར་ལ་བྲིས་ཏེ།།
    འཇིགས་མེད་རྣོ་བའི་གོ་ཆ་མཐའ་བཞི་རུ་གདེངས་ནས།།
    ས་གཞི་རྐང་པས་བརྫིས་པའི་གདོང་དམར་བའི་བཙན་པོས།།
    འཇིག་རྟེན་དབང་དུ་བཟུང་བའི་ལོ་རྒྱུས་དེ་འབྲི་དགོས།།

    ཡར་ཀླུང་ཡུལ་གྱི་བསྐལ་བའི་རྐང་ལམ་ནས་ཆས་ཏེ།།
    དམར་པོ་རི་ཡི་དབུ་རྩེར་ཞབས་སེན་གྱི་འཁོར་ལོ།།
    དགེ་ལེགས་ཆུ་ཡིས་བསྐོར་བའི་པུར་རྒྱལ་གྱི་བཙན་པོའི།།
    མཛད་རྗེས་མཚོ་མོ་འཕྱུར་བའི་རླབས་སྒྲ་དེ་འབྲི་དགོས།།

    རྨོངས་པའི་མིག་ཁ་འབྱེད་པའི་ཤེས་རིག་གི་ཉི་མ།།
    སྲོག་ལ་བསྡོས་པའི་དཀའ་སྤྱད་ཤིང་རྟ་རུ་བཞག་སྟེ།།
    གངས་ལྗོངས་ཡུལ་ལ་ཞོགས་པའི་སྐྱ་རེངས་ཀྱིས་དྲངས་པས།།
    ས་གཞིའི་མུན་པ་སེལ་བའི་འོད་སྣང་དེ་འབྲི་དགོས།།

    དམར་པོ་རི་ལ་བཞེངས་པའི་བླ་སྲོག་གི་ཕོ་བྲང་།།
    གདོང་ལྔ་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་ཀ་བ།།
    ད་ལྟ་རྒུད་པར་གྱུར་བའི་སྣང་བརྙན་ལ་བལྟས་ཏེ།།
    མཛེས་རིས་ཇི་ལྟར་ཕབ་པའི་སྐྱ་ཐིག་དེ་འབྲི་དགོས།།

    ཡངས་པའི་ནམ་མཁའ་ཆེན་པོ་རྐང་པ་ཡིས་བགྲོད་ལ།།
    ས་དང་སྤྲིན་པའི་བར་ན་སྐེས་འཛེག་ཅིག་མེད་པས།།
    ས་ལ་མ་བབས་སྤྲིན་པའི་ཆར་ཆུ་དེ་བཏུང་ཕྱིར།།
    བྱ་རྒོད་ཤུགས་ཀྱིས་འཕུར་བའི་གཤོག་རྩལ་དེ་འབྲི་དགོས།།

    ཅེ་སྤྱང་ལྟོགས་པའི་ངུ་སྐད་སྦྲ་འདབ་ཏུ་བསྒྲོགས་ཤིང་།།
    ཝ་མོ་སྐོམ་པའི་སུག་རྗེས་སྒོ་དྲུང་ལ་ཕབ་ན།།
    འབྲོང་རྒོད་རྫ་ནས་འགྱིང་བའི་རྭ་རྩེ་ལ་འགྲན་པའི།།
    གཡག་རོག་སྤང་ནས་ཁྲོས་པའི་ཧུར་སྒྲ་དེ་འབྲི་དགོས།།

    གྲང་ངར་རླུང་གིས་སྒུལ་བས་ཙན་དན་གྱི་ལོ་མ།།
    ས་ལ་ཟགས་ཤིང་སྐམ་པའི་ངོ་གདོང་དེ་མཐོང་ནས།།
    དགུན་གྱི་ཁ་བ་དང་འགྲོགས་བུ་ཡུག་ལ་རྒོལ་ཕྱིར།།
    དཔག་བསམ་ལྗོན་པ་འབར་བའི་མེ་ལྕེ་དེ་འབྲི་དགོས།།

    མདོར་ན་ཁ་སང་གང་ནས་ཡོང་བའི་ཁུངས་དེ་ཕྲིས།།
    དེ་རིང་གང་དུ་ལྷག་ཅིང་སྡོད་པའི་ས་དེ་ཕྲིས།།
    སང་ཉིན་གང་ལ་ངེས་པར་འགྲོ་དགོས་ལམ་དེ་ཕྲིས།།
    མ་གཞི་རང་ཉིད་སུ་ཞིག་ཡིན་པའི་གདོང་དེ་ཕྲིས།།

  59. ཁ་བའི་སྒྲོལ་མ། says:
    2012-04-15 at 1:53 pm

    གཞོན་ནུ་ཟླ་མེད་ལ་དམིགས་བསལ་བཤད་ཡ་མེད། ཟླ་མེད་རང་རེད། ངོ་མས་མྱི་སྐྱིད་ཟིག་ཡིན་ནོ་ཁོ་ཐག་རེད།

    ཁོང་གི་ལུས་ངག་ཡིད་གསུམ་ལ་བོད་ཀྱི་རིག་གཞུང་གི་བྲོ་བ་ཞིམ་པོ་དེ་འདུག ད་དུང་དེའི་ཁར་ཁོང་ལ་ཞིབ་ཆ་ཆེ་བའི་དགོད་བྲོ་བའི་འབྲི་ཐབས་ཤིག་ཀྱང་འདུག

    ངས་དེང་སྐབས་ཁོང་གི་མཆན་མང་པོ་ཀློག་གི་མེད། མྱི་འདིས་ང་ཐེངས་མང་པོར་གད་མོ་བགད་དུ་བཅུག་ནས་གྲོད་ཁོག་ན་རུ་བཅུགས་མྱོང་།

  60. མེ་ཏོག་དཀར་པོ། says:
    2012-04-15 at 5:53 pm

    ཁ་བའི་སྒྲོལ་མས། ཁོང་གི་ལུས་ངག་ཡིད་གསུམ་ལ་བོད་ཀྱི་རིག་གཞུང་གི་བྲོ་བ་ཞིམ་པོ་དེ་འདུག ད་དུང་དེའི་ཁར་ཁོང་ལ་ཞིབ་ཆ་ཆེ་བའི་དགོད་བྲོ་བའི་འབྲི་ཐབས་ཤིག་ཀྱང་འདུག་ཅེས་བཤད་པ་བདེན་པར་སྣང་།
    ཁོ་བོ་ཁ་བརྡའི་མགྲོན་པར་གྱུར་ནས་མི་རིང་བ་ཞིག་ན་ཟླ་མེད་ཀྱི་ཚིགས་བཅད།
    ཀ་བཤད་་་་་་་་་་་་་་འབྲི་དགོས་ན།།
    ཁ་དང་ཁོག་པ་ཚང་མ་བང་མཛོད་ཡིན།།
    ག་ལེར་ག་ལེར་ལྟོས་དང་གྲོགས་པོ་ཚོ།།
    ང་ཡི་སྡེབ་སྦྱོར་ས་སྐྱ་པཎ་ཊི་ཏ།། ༼ཚིག་རྐང་དང་པོ་ཆ་ཚང་བ་དྲན་གི་མིན་འདུག༽
    ཞེས་པ་འདི་མཐོང་བས་ཡིད་དབང་འཕྲོག་སོང་།

  61. རྩམ་དགའ། says:
    2012-04-15 at 11:46 pm

    ཁ་བརྡ་ཚང་ལ་མ་དགོས་པའི་ཁྱེད་ཀྱི་སྙན་ངག་འདི་སྙན་པ་ལ་ཚོད་ཅིག་མི་འདུག ག་རེ་བྱས་ནས་ཁ་བརྡ་ཚང་གིས་གཙང་བཞེས་མ་གནང་བ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme