Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱ་སྤྲེལ་གཏམ་རྒྱུད་དང་། སྐར་ལྔའི་དར་དམར།

Posted on 2012-04-062012-04-07 By ཁ་བརྡ་ 27 Comments on བྱ་སྤྲེལ་གཏམ་རྒྱུད་དང་། སྐར་ལྔའི་དར་དམར།

པདྨ་ཆོས་སྒྲོན་གྱིས།

རི་ངོགས་ཀྱི་སྤྲེལ་ཚོགས་ནི་ཁེར་ལན་འདེད་མཁན་ཡིན་ལ། བྱ་ཚོགས་ཀྱིས་བདེ་ལམ་སྙེག་གིན་ཡོད་ཟེར། མི་རྣམས་ཀྱིས་ཁེར་ལམ་འདེད་མཁན་གྱི་སྤྲེའུ་དེ་ཚོར་ཁ་ཐུག་གི་ལྡེམ་མྱུར་ལྡན་པ་ལས། ཕུགས་རྒྱང་རིང་བའི་འཆར་གཞི་མེད་རབས་དང་། ཡང་ལ་ལས་བདེ་ལམ་སྙེག་མཁན་གྱི་ཁྭ་ཏ་སྐྱ་ཀ་དེ་ཚོ་མི་བཤད་དགུ་བཤད་དང་། མི་ལས་དགུ་ལས་བྱེད་ཙམ་མ་གཏོགས། བཤད་པ་དང་བྱས་པར་རྒྱུ་མཚན་རྐང་གཅིག་མེད་ཟེར། མ་གཞི་གནས་ཚུལ་དེ་དག་རི་ངོགས་པ་ཚོར་གསར་བ་གང་ཡང་མིན་ལ། དེང་སྐབས་རི་ངོགས་ན་ཁྱབ་ཆེ་བའི་བཤད་ཡམས་ཤིག་ཡོད་པ་ནི་སྤྲེལ་ཚང་སྒང་མ་དང་། བྱ་ཚང་འགབ་མའི་དབར་སྐར་ལྔའི་དར་དམར་བསྲེགས་ཆོག་མིན་གྱི་རྩོད་པ་དང་། དེ་ཡི་མཇུག་འབྲས་སྐོར་རེད།  
  གཞན་དོན་ཆེད་སྤྲེའུ་བྱང་ཆབ་སེམས་དཔའི་བུ་རྒྱུད་རྣལ་མ་ཚོ་ཚམ་ཚོམ་མེད་པར་མེ་ལ་མཆོངས་ནས་གཞོབ་དྲིར་འཐུམ། ནག་སེང་ངར་གྱུར་བའི་སྐུ་ཕུང་རེ་རེ་སྐལ་བའི་སྡོང་རྒན་བཞིན་ས་རུ་འགྱེལ། དེར་བརྟེན་སྤྲེལ་ཚོགས་ཀྱིས་ཟུངས་ཁྲག་འགོས་པའི་སྐར་ལྔའི་དར་དམར་རྡོག་པས་རྫིས་ཤིང་། རྩབ་ཧྲལ་བཏང་། མཐར་མེ་ལ་བརྒྱབས་པའི་དུད་རླབས་མཁའ་རུ་འཕྱུར། ཐ་ན་སྦྲེལ་ཚོགས་ཀྱི་ཡན་ལག་ཚང་མས་ཀྱང་དེ་ལྟར་བྱ་དགོས་པར་ཁ་བཀོད་འཐེན།
  སྐར་ལྔའི་དར་དམར་མེར་འཚིག་བཞིན་པ་བྱ་ཚོགས་ཚང་གི་ཁྭ་ཏ་ཁུག་རྫུས་ཀྱིས་མཐོང་མ་ཐག  ཁོ་བས་ཁ་གང་སྔ་དང་ལག་གང་མགྱོགས་ཀྱིས། དར་དམར་མེ་ལ་བསྲེགས་པ་ནི་ “ ང་རང་གཙོས་ཕུག་གི་ཡར་ལྷ་ཤམ་པོ་དང་། རིགས་མཐུན་གྱི་འདབ་ཆགས་༼ཀྲུང་གོ་བ༽དུང་ཕྱིར་བཅུ་བོར་ཕོག་ཐུག་བཏང་སོང་ལ། ང་དང་ང་ཚོ་ནི་སྐར་ལྔའི་དར་དམར་འཕྱར་མཁན་ཡིན། ཁྱོད་དང་ཁྱོད་ཚོ་དར་དམར་བསྲེགས་མཁན་གྱི་ཁ་བྲལ་བ་ཉུང་ཤས་ཤིག་རེད་ ”ཅེས་བརྗོད། བྱ་བརྒྱ་གྱེན་ལ་འབུར་སྐབས་ཁྭ་ཏ་ནག་ཙོག་ཐུར་ཡ་འགྲོེ་ཟེར་བ་བདེན་ངེས་མོད།  གླེང་རྙོག་དེར་བརྟེན། དྲ་ངོགས་ན་འཁྱམ་པའི་འབུ་སྲིན་ཚོགས་ཀྱིས། ད་ནི་ཁེར་ལམ་འདེད་མཁན་གྱི་སྤྲེལ་ཚོགས་དང་། བདེ་ལམ་སྙེག་མཁན་གྱི་བྱ་ཚོགས་ཁ་དང་ཁུ་སྤུ་ཁ་ཁ་འགྲོ་རན་འདུག་ཟེར་ནས་འུར་བརྒྱབ་ཅིང་། སྐབས་དེར་བྱས་ངན་ངོ་སོར་ཁྱེར་བ་ལྟ་བུ་ཁྭ་ཏ་ཁུག་རྫུས་ཀྱི་གདོང་པ་འཛུམ་དམུལ་དམུལ་བྱེད་ཞོར། ཁོ་རང་ཐང་དཀར་རྒོད་པའི་ཡང་སྲིད་ཡིན་མདོག་སྟོན་རྒྱུར་ཡང་ངོ་མི་ཚ་བར་གྱུར།
  དེ་ཙམ་ཀྱིས་ག་ལ་ཚད། རང་དབང་སྒེར་ཚིགས་ཀྱི་དཔའ་གཏམ་ཁྲོད། སྤྲེའུ་རྒོད་རྣམས་མེ་ལ་མཆོངས་པའི་འབར་ཤུགས་ཀྱིས། ཁྭ་ཏ་ཁུག་རྫུས་དང་། སྐྱ་ཀ་སྐྱ་གོག་སོགས་ཀྱི་རྔ་སྤུ་འཚིག་གྲབས་བྱས་ཤིང་། དེ་ནས་བདེ་ལམ་སྙེག་རྒྱུ་དེ་ཞེ་འདོད་མཐར་ཐུག་ཡིན་པར་སྨྲ་མཁན་གྱི་རིགས་མཐུན་ཚོ་ཅི་བྱ་གཏོལ་མེད་དུ་གྱུར། ཁོ་ཚོས་རི་ངོགས་འདི་ན་ “ བདེ་ལམ་ཀྱི་དགོངས་པ་མཐར་ཐུག་རྟོགས་མཁན་མི་འདུག”ཅེས་སྐད་ངན་ཤོར་བ་དང་།  བྲེལ་ཟིང་ངང་བདེ་ལམ་ངོ་སྤྲོད་ཀྱི་འདུ་ར་བསྡུས། 
ཉོག་བཤད་དེའི་རིགས་ཉན་ན་མི་གོ་ཞིང་། གོ་ནའང་མི་འདོད་མཁན་གྱི་ཚོགས་ཞུགས་པའི་ཁྲོད། བྱ་མ་བྱེའུ་ཀོ་ལྷབ་ཀྱིས་ངང་མོ་ཚེ་སྒྲོན་གྱི་གླུ་གཞས “  ཁྱི་དང་ཕག་པ་གཉིས་ཀ་ཨ་མ་གཅིག་གི་བུ་ཕྲུག་ཡིན། ཨ་མའི་མིང་ལ་ཀྲུང་གོ་ཟེར”ཅེས་པའི་གཞས་དེ། ཁོས་ཁ་པར་སྒོ་འབྱེད་ཀྱི་རོལ་དབྱངས་ལ་བཅུག་པ་དང་། ཁ་པར་རེ་སླེབས་ན་གཞས་དེ་ངང་གིས་གྲགས་ཡོང་གི་ཡོད་ལ། ཚོགས་ཐོག་ནས་བྱེའུ་ཀོ་ལྷབ་གྱིས་ང་རང་ཚོའི་བདེ་ལམ་གྱི་དགོངས་གཞི་མཐར་ཐུག་སྒྲུབ་དགོས་ཕྱིན། འདི་ལྟར་བྱ་དགོས་ཞེས་བྱ་ཚོགས་ལ་གཞས་དེ་བཏང་ནས་ཀྱག་ཀྱག་བྱས། བློ་ཕམ་པ་ཞིག་ལ་འཁོར་བ་རྒྱབ་ཁུག་ཅན་གྱི་བྱ་རྒན་གོག་གས་དེ་ཀྱག་ཀྱག་ཡིན་པའང་མ་ཤེས་པར། ཕུ་ཐུང་དཔུང་རྩར་རྫིས་ཞོར་ “ ད་ཡིན་ན། བདེ་ལམ་ཀྱི་དགོངས་གཞི་བདེ་ལེགས་ངང་འགྲུབ་ཆེད་་་ང་ཚོས་བྱ་སྤྲེལ་གནས་བསྡོད་ཀྱི་རི་ལུང་གང་སར་རྒྱང་བསྒྲགས་བཙུགས་ཏེ། གོང་གི་གཞས་དེའི་གཙོས། བདེ་ལམ་ཀྱི་གསལ་འགྲེལ་བྱ་རན་པ་རེད་་” ཞེས་ཧུར་བརྩོན་ཆེ་མདོག་བསྟན་པ་དང་། ཁོས་ད་དུང་ “ སྤྲེལ་སྲས་རྣམས་མེ་ལ་བསྲེགས་ཁའི་ཞལ་ཆེམས་ལྟར། ང་ཚོས་ཡར་ལྷ་ཤམ་པོ་ཡུལ་ཁ་བ་གངས་ཅན་ལྗོངས་ལ་གདན་འདྲེན་ཞུ་དགོས་པ་རེད་ ” ཅེས་ངར་ཤུགས་འཁོལ།
   དེ་མུར་ངང་བ་གསེར་ཆུང་ཚོགས་རའི་དཀྱིལ་ནས་ཡར་ལངས་ཏེ་“ ཡ་ད་ཁྱོད་སྡོད་་་ཡར་ལྷ་ཤམ་པོ་ཡུལ་ཁ་བ་གངས་ཅན་ལྗོངས་ལ་གདན་འདྲེན་ཞུ་ཐུབ་པའི་དབང་དུ་བྱས་ཀྱང་། སྐུའི་སྲུང་ཕྱའི་འགན་སུས་འཁུར་ཐུབ། བྱ་སྤྲེལ་དབུས་སྒྲིག་འཛུགས་ཀྱི་ཁྲི་བས་འགན་དེ་ཐེག་གམ། ཡང་ན་ཁྱོད་ཀྱིས་འགན་འཁུར་རྒྱུ་ཡིན། དེ་སྔར་ཡུལ་ཁ་བའི་ལྗོངས་ཀྱི་གཅན་གཟན་ལག་ནས་སྤྲེལ་སྲས་གདོང་དམར་སྣང་གསལ་སྐུ་བཀྲོངས་བ་དང་། ད་ཆ་ཡང་སྲིད་བཙོན་ལ་བཅུག་འདུག་ཀྱང་། ང་ཚོས་ཅི་ཞིག་བྱེད་ཐུབ་ཡོད་” ཅེས། འཁོར་བ་རྒྱབ་ཁུག་ཅན་གྱི་བྱ་རྒན་གོག་པར་ཁ་གྲགས་རྒྱུ་མེད་པའི་ལན་ཞིག་བརྒྱབས། ཉིན་དེར་བྱ་ཚོགས་ཀྱི་འདུ་ར་འཁྲུག་པོ་ཞེ་དྲག་བྱུང་ཡང་། མཐར་གྲོས་ཆོད་གཅིག་རང་འཇོག་ཐུབ་བྱུང་བ་ནི། བྱ་ཚང་འགབ་པའི་ལས་ཁུངས་ཀྱི་ཐོག་ཁར་སྐར་ལྔའི་དར་དམར་ཞིག་འཛུགས་རྒྱུར་གྲོས་འཆམ་བྱུང་བ་ཙམ་རེད།
   རྫ་མགོའི་ཁ་བ་རིམ་ཀྱིས་བཞུར་ནས་དཔྱིད་ཟླ་ར་བའི་ལྗང་མྱུག་འབུས། ད་ལོ་དངོས་གནས་འབྲོང་སྟག་ཐང་གི་གནད་དོན་ཐད། ཞི་མོལ་ཡོང་བཟོ་འདུག་ཟེར་བའི་སྐད་ཆ་ཞིག་རི་ངོགས་ཀྱི་རྐང་སྣམ་ཁྲོམ་ལམ་ནས་འདྲོགས་མགོ་སློང་།  ཞིབ་མོར་ཉན་ཡོང་དུས། སྔར་ལོ་བྱ་སྦྲེལ་བཙན་རྫོང་གི་མིང་བྱང་དབུས་བྱ་སྤྲེལ་སྒྲིག་འཛུགས་ལ་བསྒྱུར་བ་ནི་བརྡ་ལན་ཞིག་ཡིན་པ་དང་། ད་ཆ་ཞི་མོལ་དངོས་འབྲེལ་འགོ་མ་བཙུགས་གོང་གི་སྔོན་འགྲོའི་ཆ་རྐྱེན་ལ། དབུས་བྱ་སྤྲེལ་སྒྲིག་འཛུགས་ཀྱི་གཞུང་སྒྲུབ་ཁང་གི་ཡངས་སྟེང་ནས་ཀྱང་བྱ་ཚོགས་འགབ་མ་ཚང་ནང་བཞིན། གངས་སེང་དར་ཆ་མར་ཕབས་ཏེ་ཚབ་ཏུ་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱ་དགོས་ལ། དེར་དབུས་བྱ་སྤྲེལ་སྒྲིག་འཛུགས་ཀྱིས་ཁས་ལེན་བྱས་པ་རེད་ཟེར་བའི་སྐད་ཆ་ཞིག་ཇ་ཁ་ཆང་ཁར་ཁྱབ། འོན་ཀྱང་། གནས་ཚུལ་དེའི་སྐོར་རླུང་འཕྲིན་སོགས་བརྒྱུད་ལམ་ཚད་ལྡན་ན་གོ་རྒྱུ་མེད་མོེད། ཁྭ་ཏ་ཁུག་རྫུས་དང་། སྐྱ་ཀ་སྐྱ་གོག་སོགས་ཀྱིས་བཤད་ཡམས་དེའི་མགོར་གཅིག་ནས་གཉིས་དང་། གཉིས་ནས་གསུམ་བསྣན་ནས་བདེན་བདེན་འདྲ་བོ་ཞིག་བཟོས།  
 དཀྲོགས་གཏམ་དེ་སེར་མ་རླུང་ལས་ཀྱང་མགྱོགས་པར་བརྟེན། བྱམས་པ་གླིང་རྒན་གསོ་ཁང་གི་སྤྲེལ་རྒན་འགས་སྐད་ཆ་དེ་གོ་མཚམས། ཁོ་ཚོས་“ གཏམ་ངན་དེ་བདེན་ཤོས་ཆེ་ན། ཡང་སྔོན་གུར་སེར་བོའི་རྩ་འཛུགས་ཁྲོད་ཀྱི་སྤྲེལ་རྒོད་དག་གིས་རང་སྲོག་བཅད་པའི་དུས་ཚོད་དེ་སླར་ཡང་སླེབས་ངེས་རེད།  མ་ཤི་ན་གོ་རྒྱུ་མང་ཟེར་བ་ལྟར་་་་ལས་འདི་ངོ་མ་བཙོག་གི་”ཞེས་ཕན་ཚུན་ལབ་གླེང་བྱེད་ཞོར། རྒན་གོག་ཚོའི་ཕྲེང་རྡོག་རེ་དང་མིག་ཆུའི་རྡོག་པོ་རེ་མོས་སུ་བྲང་གཞུང་བརྒྱུད་ས་རུ་ཟགས། 
 སྐད་ཆ་དེའི་གྲས་ནི་སྤྱིར་བཏང་ཞིག་མིན་སྟབས། གནས་པོ་ཚང་གི་སྲུང་མ་འཁྲུག་པ་དང་། ཟ་ལ་དགའ་ཞིང་བཏུང་ལ་རྔམ་པའི་སྐོར་སྲུང་བ་མང་པོ་ཞིག་གིས་བླ་ན་མེད་པའི་འོས་འགན་ཁ་ལ་ཁྱེར་དེ། བྱ་སྤྲེལ་རི་ངོགས་ལ་ཁྱོན་ཡོངས་ནས་དམ་དྲག་བྱས་ཤིང་། བདེན་བདེན་འདྲ་བའི་གནས་ཚུལ་དེ་རྒྱལ་ས་མཁར་དམར་གྱི་བདེ་སྲུང་བཀོད་འདོམ་ཁང་ལ་འབྱོར་བ་མ་ཐག  གླང་ཆེན་དང་། མ་ཧེ། རྔ་མོང་། རྟ་བོང་སོགས་གྲོས་ལ་དབང་བའི་མཛད་གཙོ་རྣམས་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ནས་ལོ་འདི་འགའི་ནང་འབྲོང་སྟག་ཐང་དབར་གྱི་རྩོད་རྙོག་ལ་གཞི་རྩའི་ཞི་འགྲིག་གྱི་རྨང་གཞི་གྲུབ་མེད་མོད། བྱ་སྤྲེལ་རི་ཚོགས་ཀྱི་བཅའ་སྟངས་ལས་སྟངས་ལ་དོ་སྣང་ཅིས་ཀྱང་བྱ་དགོས་ཚོད་རེད། སྔར་ལོ་བྱ་སྦྲེལ་བཙན་རྫོང་གི་མིང་བྱང་དེའང་དབུས་བྱ་སྤྲེལ་སྒྲིག་འཛུགས་ལ་བསྒྱུར་བར་དོ་སྣང་ཆེན་པོ་བྱུང་ཞིང་། གང་ལྟར་ཁ་སྡོད་ཚོད་མེད་པའི་ཁྭ་ཏ་དང་སྐྱ་ཀ་དེ་ཚོ། ལག་བསྡོད་བཟོ་མེད་པའི་སྤྲེལ་ཕྲུག་དེ་ཚོར་བཟོ་ལྟ་ཞིག་སྟོན་རན་པ་རེད་ཟེར་བ་སོགས་ཉིན་དེར་བགྲོ་གླེང་ཤུགས་ཆེན་བྱས།
ཞོགས་པར་ལས་ཁུངས་ཚུགས་མ་ཐག རྒྱལ་ས་མཁར་དམར་ནང་གི་དབུས་བྱ་སྤྲེལ་སྒྲིག་འཛུགས་ཀྱི་དོན་གཅོད་སྐུ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་ལ་ཛ་དྲག་ཁ་པར་ཅིག་སླེབས་པ་དང་། ཁ་པར་ལས་“ བྱ་སྤྲེལ་གྱི་རི་ངོགས་ན་སྐར་ལྔའི་དར་དམར་ལ་དུང་ཞེན་ཅན་གྱི་བྱ་བྱེའུ་རིགས་མང་རུ་འགྲོ་བཞིན་པ་དང་། ད་དུང་ལག་པ་བསྡོད་བཟོ་མེད་པའི་སྤྲེལ་ཕྲུག་འགའ་ཡང་ག་ས་གང་ལ་འཛེག་ཡོང་གི  ང་ཚོར་དེ་དག་ངོ་རྟགས་གཅོད་འདོད་ཡོད་ལ། ཁྱོད་ཀྱིས་དེའི་སྐོར་གྱི་མིང་ཐོ་ཁྱེར་ནས་ཤོག ཉིན་གསུམ་ཀྱི་ཡན་འགོར་མི་ཆོག་་་ ” ཅེས་བརྗོད་མཐར། ཁ་པར་ཁྲོག་སེར་བཞག ཁ་པར་དེ་ནི་མཁར་དམར་རྒྱལ་སྲུང་ཁང་ནས་ཡིན་པ་དང་། གླང་ཆེན་གྱི་སྣ་ཞག་ལས་བྱུང་བའི་སྐད་གདངས་དེ་མཁྲེགས་ནས་གོ་ཁག་ལ། སྡིག་རྩུབ་ཀྱིས་བླ་ཁྱེར་གྲབས་བྱེད།   
 དེ་མུར་དོན་གཅོད་སྐུ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་གྱིས། ཡར་སྤྲེལ་ཚོགས་ཡིག་ཚང་ལ་འབྲེལ་བ་བྱས་ཀྱང་ཁ་པར་ལེན་མཁན་མ་བྱུང་།  བརྩད་ཞིབ་བྱས་པར་དེ་ཉིན་སྤྲེའུ་བྱང་ཆབ་སེམས་དཔའི་བུ་རྒྱུད་ཅིག་གིས་རྒྱལ་ས་མཁར་དམར་གྱི་ཉེ་འཁྲིས་ནས་རང་ལུས་མེར་སྤྱིན་བཏང་བར་བརྟེན། སྤྲེལ་ཚོགས་ཀྱི་རྒྱུན་ལས་ཚོ་དེར་ཕྱིན་པར། ཡུལ་ལྷའི་དཔུང་ཚོགས་དྲག་ཏུ་ཁྲོས་ནས་ཚང་མ་བཟུང་བ་དང་། མཐར་ལྕགས་ཀྱི་དྲ་མར་བཅུག་སྟེ་ཏྷེར་ཅལ་ལ་ཁྲིད་ཕྱིན་འདུག་ཁར། སྤྲེལ་དཔོན་སྤྲ་སྐྱ་ཀླད་དམར་ཧ་ཤིང་རི་ལ་ཕྱིར་ཕུད་བཏང་སོང་བ་སོགས་རྐྱེན་ངན་བྱུང་འདུག་པའང་ཤེས་པར་གྱུར།
དེ་ནས་དོན་གཅོད་སྐུ་ངོས་བྱ་ཚོགས་འགབ་མའི་ཡིག་ཚང་བ་འབྲེལ་བ་བྱས། ཁ་པར་འགྱོག་མཁན་ནི་སྐད་རྒྱུད་མའི་མཐིལ་ལ་ལྷུང་འདུག་པའི་ཁྱིམ་བྱ་སྒ་རལ་མ་རེད། སྐུ་ངོས་བྱ་ཚོགས་ཀྱི་འགོ་བྱེད་སུ་ཡོད་དྲིས་པར། མོས་འཚབ་འཚབ་ངང་་་་ངེད་ཚང་གི་འགོ་ལས་ཚོས་ཁ་ཉིན་ཡིག་ཚང་གི་ཡངས་སྟེང་ལ་སྐར་ལྔའི་དར་ཆ་སྒྲེང་འཛུགས་བྱ་སྐབས། བར་སྣང་ནས་བྱ་གླང་སླེ་བོ་འདྲ་བ་སྐོར་ཅིག་མར་བཅུམ་ཡོང་སྟེ། སྐྱ་ཀ་སྐྱ་གོག་དང་། ཁ་ཏ་ཁུག་རྫུས་ཚང་མ་བཟུང་ནས་མི་མངོན་པའི་དབྱིངས་ལ་ཁྱེར་ཐལ། ཁ་ཅིག་གིས་ཁོང་ཚོར་དད་པ་དག་སྣང་ཡོད་ཙང་སྐྱོབ་མཁན་ཞིག་གིས་ཡར་དྲངས་པ་ཡིན་རྒྱུ་རེད་ཟེར་མོད། བྱ་སྤུ་ལྷོག་ལྷོག་དང་བྱ་སྐྱག་འཛར་འཛར་ངང་ཁྲིད་སྟངས་ལ་ལྟས་ན། ཧ་ལམ་ཡག་རྟགས་ཤིག་ཡིན་ས་མ་རེད། སྐུ་ངོ་མཁྱེན༌༌་ཁོང་ཚོར་ཐབས་ཤེས་གང་ཡོད་གནང་རོགས་ཞེས་བརྗོད་པ་དང་། ཁྱིམ་བྱ་སྒ་རལ་མས་ངུ་སྐད་ལྷོང་ལྷོང་ངང་ཁ་པར་མར་བཞག
   སྐོ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་ཁྱུག་ཙམ་རིང་ལག་གི་ཁ་པར་ཡང་ས་རུ་འཇོག་རྒྱུའི་དྲན་པ་བརྗེད་ཅིང་ཧར་ནས་ལུས། སྐབས་དེར་ཡིག་ཚང་གི་སྣེ་ལེན་པ་བརྒྱུད་སྐོ་ངོར་ཞལ་པར་གལ་ཆེན་གཞན་ཞིག་འབྱོར། ཁ་པར་དེ་སླར་ཡང་རྒྱལ་ས་མཁར་དམར་ནས་བཏང་ཡོང་བ་ཞིག་རེད་ལ།  ཁ་པར་ལས་“ད་ཁྱོད་ཀྱིས་ཁ་སྔོན་བཤད་པའི་མིང་ཐོ་དེ་ཚོ་མ་བཙལ་ན་ཆོག སང་ཉིན་བཀའ་རྒྱ་གཞན་ཞིག་ཡོད་་་དེ་དབར་ཏུ་བསྒུག་ནས་བསྡོད་་་་”ཞེས་བཤད་པ་དང་ཁ་པར་ཁྲོག་སེར་བཞག གླང་ཆེན་གྱི་སྣ་ཞག་ལས་བྱུང་བའི་སྐད་གདངས་དེ་སྔར་བཞིན་མཁྲེགས་ནས་གོ་ཁག་ཞིང་། སྡིག་རྩིབ་ཀྱིས་བླའང་ཁྱེར་གྲབས་བྱེད།
ཉིན་འགའི་རྗེས་སུ།  བལ་ཡུལ་འཕགས་ཞིང་གི་རི་གཤམ་ཀྱི་གད་སྙིགས་ནང་གི་ཚོགས་གཏོར་ཐོག་ཁྭ་ཏ་དང་སྐྱ་ཀ་སྐོར་ཞིག་བབས་སྟེ། རླབས་ཆེན་མེས་རྒྱལ་གྱི་བང་དུ་ལོག་འགྲོ་ཟེར་བའི་གླུ་གཞས་གཏོང་བཞིན་འདུག་ལ། ཁ་ཅིག་གིས་དེའི་ནང་ལ་ཁྭ་ཏ་ཁུག་རྫུས་དང་། སྐྱ་ཀ་སྐྱ་གོག་འདྲ་བོ་གཉིས་ཀྱང་འདུག་ཟེར།
གང་ལྟར་ཉིན་དེར་རྒྱལ་ས་མཁར་དམར་གྱི་ལྷོ་ཁུལ་རྟེན་གཞི་བྱས་པའི་ཉེན་རྟོག་པའི་མོ་ཌ་གཅིག་དང་། དམག་མིའི་མོ་ཌ་བཅུ་གྲངས་ཤིག་བྱ་སྤྲེལ་རི་ངོགས་ཀྱི་ཕྱོགས་སུ་གཤར་ཡོང་གི་འདུག་ལ།  སྐུ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་མཁར་དམར་རྒྱལ་སྲུང་ཁང་ལ་ཕྱིན་པར་ད་དུང་འང་ཚུར་ལོག་མ་བྱུང་མོད། ད་ཆ་གར་ཡོད་ཀྱི་ཁ་པར་ཙམ་ཡང་གཏོང་ས་མི་འདུག༌༌༌༌༌༌༌༌

བརྩམས་སྒྲུང་།

Post navigation

Previous Post: མེ་ལྕེ་ཁྲོད་ཀྱི་ཁྱེད
Next Post: “ཏཱ་ལའི་བླ་མར་དྲི་བ་བདུན”ཞེས་པའི་རྩོམ་ཡིག་འདི་ནི་ཉེན་ཚབ་ཅན་གྱི་འགྲོ་ཕྱོགས་ཤིག་རེད།

Comments (27) on “བྱ་སྤྲེལ་གཏམ་རྒྱུད་དང་། སྐར་ལྔའི་དར་དམར།”

  1. ལེ་ལོ says:
    2012-04-06 at 1:41 pm

    དེང་རབས་ཀྱི་བྱ་སྤྲེལ་གཏམ་རྒྱུད་ཞིག་བྲིས་ཡོད་པ་དང་། དེའང་ཤིན་ཏུ་ཡག་པོ་བྲིས་འདུག་པས་རྗེས་སུ་ཡི་རངས་ཡོད། མུ་མཐུད་འདི་ལྟར་གསར་གཏོད་ཀྱི་རང་བཞིན་ལྡན་པའི་རྩོམ་ཡིག་གང་མང་སྤྲེལ་པར་རེ།

  2. ཐུབ་པ། says:
    2012-04-06 at 2:12 pm

    བོད་ཡིག་དཔེ་སྐྱོ་བོ་འདུག
    བུད་མེད་འདིས་བོད་ཡིག་གི་ཆུ་ཚད་འདི་འདྲ་སྐྱོ་བ་ལ། གོ་ཚོད་ལ་ཝཱ་ཎ་མཐོ་སློབ་ནས་ཐོན་པ་རེད་ཟེར།
    བོད་ཡིག་ཡག་པོ་ཡོད་ཚུལ་ཞིག་གོ་མྱོང་མོད། ད་འདི་འདྲ་རེད་པ། ཝཱ་ཎ་ལ་རེ་བ་ཆད་སོང་།
    མདོག་བསྟན་ཡོང་གི་འདུག་གཱ
    ད་ང་ཐང་ཆད་སོང་།་

  3. གཅན་བཟོད་རྒྱམ། says:
    2012-04-06 at 2:34 pm

    པདྨ་མཚོའི་རྩོམ་ཡིག་སྔ་ཕྱི་མང་པོ་བཀླགས་མྱོང་། ལྷག་པར་དུ་ཁ་སྔོན་དྷ་སར་སོང་སྐབས་གྲོགས་པོ་ཞིག་གི་ས་ནས་ཁོ་མོའི་བསྒྱུར་རྩོམ་དེ་བར་བར་ནས་ཤོག་ལྷེ་རེ་གཉིས་རེ་ཡང་བཀླགས། ཞིབ་ཀློག་གི་དུས་ཚོད་མེད་པས་སྐྱོ་ཙམ་བྱུང་། བར་སྐབས་ཚིགས་བཅད་དེ་ཧ་ཅང་བློར་བབས་ནས་གྲོགས་པོ་ལ་འདི་འདྲའི་ཚིགས་བཅད་པདྨ་པ་མཚོ་མོ་རང་གིས་བྲིས་པ་ཨེ་ཡིན་ནམ་བཤད་བཞིན་ཁོའི་རྩོམ་རྩལ་ལ་གདེངས་འཇོག་བྱས་མྱོང་། དེ་རིང་ཡང་རྟོགས་སྒྲུང་འདིའི་མགོ་སྔ་བར་གསུམ་ནས་རོབ་ཙམ་རེ་བཀླགས་པ་ཡིན།
    ངོ་མ་སྒྱུ་རྩལ་རྩོམ་རིག་ཁྱོད་ཀྱིས་མ་ཕྲིས་ན་བཅན་བྱོལ་ནང་དུ་བུད་མེད་གཞན་གྱིས་དེ་སྔ་ཕྲིས་མེད་ལ། ལར་ནས་ཀྱང་ལྟ་རྒྱུར་ཞོགས། ད་ངས་མང་པོ་བཤད་མི་ཤེས། ཡང་དུག་མདའ་ལྐོག་འཕེན་པ་དེ་ཚོ་སླེབས་གྲབ་ཡོད་ཀྱི་རེད། ཡིག་གཏགས་ནོར་བ་རེ་གཉིས་ཡོད་ཀྱང་རྟ་རྒྱུགས་ཤུལ་ལ་རྟ་སྤང་གི་དཔེ་རེད།

  4. ཀླུ་སྨྱོན། says:
    2012-04-06 at 2:51 pm

    རྩོམ་ཡིག་གི་སྤྱི་ཁོག་དངོས་གནས་ཡག་པོ་འདུག

  5. ཤུག་པ། says:
    2012-04-06 at 3:17 pm

    ཧ་ཅང་ཛ་དྲ་ཆེ་བའི་སྐབས་དེར་གོ་བོ་ཀླད་དཀར་༼ཝིན༽གྱིས་གཤོག་སྡེབས་ཤིག་བྱས་ཏེ།
    ད་ལྟོས་ཡོང་ན་སྤྲེའུ་འདི་ཚོས་འདུག་ཀ་འཇོག་རྒྱུ་མ་རེད།
    ཡང་མིན་ན་འདི་ཚོ་སྐྱག་པ་ཤོར་ཤོར་ཅིག་བཟོ་དགོས་པ་རེད།
    ཡང་མིན་ན་ཁོ་ཚོ་ཅུང་གུ་ཡང་ལ་བཏང་ན་ཅི་འདྲ་རེད་ཟེར་བར།
    འུག་ཆུང་མགོ་ལེབ༼ཀྲུའུ༽དེ་མ་ཐག་སྤྲེའུའི་སར་འཁོར་ནས་སྤུ་གཟེང་གཟེང་ཞིག་བྱས་ཏེ།
    ཡ་་་་ ད་འུར་མ་རྒྱག་འུར་མ་རྒྱག ད་ནས་བཟུང་འུ་ཅག་བྱ་སྤྲེལ་མཉམ་དུ་འདུག་རྒྱུ་བྱེད།
    ཁྱོད་ཚོ་སྤྲེའུ་རེ་ལ་བྱ་མོ་རེ་ལྟེར།
    ད་ནས་འུ་ཚོ་ཁྱིམ་ཚང་གཅིག་ཆགས་སོང་བས་ཁྱོད་ཚོས་བྱ་སྐད་སྦྱངས་རྒྱུ་བྱོས།
    ཅེས་བཤད་མ་ཐག་སྤྲེའུ་གཞོན་པ་ཨ་ལུ་མ་༼གཞོན༽ལྷག་པར་ངར་ལང་སོང་།
    འདི་ལྟར་བྱས་ན་ང་ཚོའི་སྤྲེལ་ཕྲུག་ཚོའི་ལུས་ལ་བྱ་སྤུ་སྐྱེས་རྒྱུ་མ་ར་ཅི་རེད།
    ང་ཚོ་སྤྲེའུ་གནའ་ནས་ནགས་སྲེབ་ཏུ་བསྡད་པ་ཡིན།
    ང་ཚོས་བྱ་ཚང་བཅའ་ཤེས་ནི་མ་རེད།
    འུ་ཚོ་ཁྱིམ་ཚང་གཅིག་ཏུ་འཚོ་ཐབས་ག་ལ་ཡོད་་་་་་ ཟེར།

  6. གཅན་བཟོད་རྒྱམ། says:
    2012-04-06 at 3:30 pm

    ངས་པདྨ་ཆོས་སྒྲོན་ལ་པདྨ་མཚོ་ཞེས་བྲིས་ཤོར་འདུག་པར་དགོངས་དག་ཞུ།

  7. མེ་ཏོག་དཀར་པོ། says:
    2012-04-06 at 3:37 pm

    མིག་ཤར་ཞིག་རྒྱབ་ཡིན། ཐུགས་རྗེ་ཆེ།
    བཟོད་པ་ལགས། ཁྱེད་ཧ་ལས་ནས་ཁ་འདང་དགོས་བཟོས་པའི་པད་མཚོའི་བར་སྐབས་ཀྱི་ཚིགས་བཅད་དེ་འདིར་བཞག་ཐུབ་བམ།

  8. མེ་ཏོག་དཀར་པོ། says:
    2012-04-06 at 3:44 pm

    འོ། ངས་ཀྱང་ནོར་བའི་རྗེས་སུ་འབྲངས། མ་གཞི་བཟོད་པ་རྒད་པོ་པད་མཚོ་འམ་པད་ཆོས་ཀྱི་རྩོམ་འདིའི་འོག་ཏུ་ཚ་གེ་ཚིག་གེ་ཞིག་ཞིག་བྱེད་གི་འདུག མོ་ལ་དགའ་ན་དགའ་གི་ལབ་ཤོག ཁ་སངས་ན་གོ་བདེ། ལམ་སངས་ན་འགྲོ་བདེ་གི་རེད་དོ།།

  9. པཀྵི says:
    2012-04-06 at 6:12 pm

    རྩོམ་ཡིག་འབྲི་སྟངས་འདི་ལ་རྣམ་པ་གསར་པ་དང་བྲོ་བ་གསར་བའི་ཁྱད་ཆོས་རང་གཤིས་སུ་གྲུབ་འདུག་པས་རྣམ་པ་དང་སྒྱུ་རྩལ་གཉིས་ཀའི་ཆ་ནས་དགའ་འོས་པའི་གྲུབ་འབྲས་བླངས་འདུག

  10. དོམ་ཁྲ says:
    2012-04-06 at 8:38 pm

    སྒྱུ་རྩལ་ཞིག་གི་ལམ་ནས་དོན་དག་གལ་ཆེན་ཞིག་གསལ་བཤད་བྱས། བྱ་སྤྲེལ་གཉིས་ཀྱི་གཏམ་རྒྱུད་ཡག་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ། དྲྭ་གྲོགས་ཚོས་ཅི་བཤད་ཀྱང་སེམས་ཤུག་ཆག་མི་རུང་ལོ། མུ་འཐུད་ནས་འབྲི་དགོས།།

  11. ཕུག་རོན། says:
    2012-04-07 at 12:21 am

    པདྨ་ཆོས་སྒྲོན་ལགས་ནི། བོད་དབྱིན་རྒྱ་གསུམ་གྱི་རྨང་གཞི་འགྲིག་བསྡད་པའི་གཞོན་སྐྱེས་གྲས་རེད། དེ་རིང་གི་རྩོམ་ཡིག་འདི་འང་ཚིག་དོན་གཉིས་ཆ་ནས་ཡག་པོ་ཞེ་དྲག་རེད། བཙན་བྱོལ་ནང་ཁོ་མོའི་ལོ་ཚོད་གྲས་ནས་པདྨ་ལགས་མགོ་ཀྱག་ཀྱག་བྱས་ཆོག་གི་འདུག བྱས་རྗེས་ལ་ཡི་རངས་མ་བྱེད་པར་ངན་མཚང་དྲུས་ན་ག་རེ་ཕན་གྱི་རེད།

  12. རག་ཕྱགས་རྡོར says:
    2012-04-07 at 12:55 am

    ངས་ཀློག་ཉེན་བྲོ་མ་སོང་ཉོབས་སོང་འདི་ཡི་བཟོ་ལ་རྩོམ་ཡིག་ཟེར་གི་མ་རེད་ཙོམ་ཡིག་ཟེར་ན་བརྗོད་བྱ་བརྗོད་བྱེད་ཚིག་གི་སྡེ་སྦྱོར་གང་སྤྱི་ཡི་ཐད་ནས་ཀློག་པ་པོ་ལ་སྤྲོ་བ་སྐྱེ་ཐུབ་པར་བྱེད་དགོས།།

  13. མཚོ་ནག says:
    2012-04-07 at 1:06 am

    བུད་མེད་ན་གཞོན་གསར་བརྩོམ་པ་བོད་པའི་བུ་མོ་པདྨ་ཆོས་སྒྲོན་ལགས་ལ་མཛའ་བརྩེ་དང་ལྡན་པའི་ངང་ནས་འཚམས་འདྲི་དང་རྒྱབ་བསྐྱོར་ཡོད། བརྗོད་གཞི་དང་བརྗོད་བྱ་སྙན་པའི་བྱ་སྤྲེལ་གྱི་གཏམ་རྒྱུད་དེ་ཡག་པོ་བྲིས་འདུག། མུ་མཐུད་རང་གི་རྣམ་དཔྱོད་གྱི་རྩལ་ལས་གྲུབ་པའི་གསར་བརྩོམ་གང་མང་མང་སྤེལ་བའི་རེ་བ་ཡོད། དྲ་འབུ་ཚོས་ག་རེ་ལབ་ཀྱང་སེམས་ཤུགས་མ་ཆགས་རོགས། དྲ་འབུ་ཁ་ཤས་། མི་ལ་བལྟ་བའི་མིག་ཡོད་ཀྱང། རང་ལ་བལྟ་བའི་མེ་ལོང་དགོས། ཞེས་པའི་གོ་དོན་འགོ་མཇུག་ལྡོག་ནས་རྟག་པར་མི་ལ་སྐྱོན་འཚོལ་ནས་འགྲོ་རྒྱུ་ལས་ལས་ཀ་གཞན་ཡོད་མ་རེད། བཙན་བྱོལ་ནང་ནས་བོད་པ་ཚང་ངོ་མའི་བུ་མོ་ཞིག་མཇལ་བྱུང་བས་དགའ་བསུ་ཡོད། ཡི་གེ་ལ་དག་ཆ་མེད་མཁན། བརྗོད་བྱ་ལ་སྙན་ཆ་མེད་མཁན། བརྗོད་གཞི་ལ་གོ་རྒྱུ་མེད་མཁན། སྤྱི་ཚོགས་ལ་དཀྲུགས་ཤིང་བཟོ་མཁན་དེ་ཚོས་འདི་ཡར་རྒྱས་ཡོང་ས་རེད་བསམ་ན། དེ་ལ་ཁ་རྡུང་དང་མཚང་འདྲུ་གཉའ་གཅོག་པའི་བསམ་བློ་ཁོ་ན་ལས་ཡོད་མ་རེད། བུ་མོ་པད་མ་ལགས། མུ་མཐུད་ནས་གསར་བརྩོམ་དྲ་ངོས་སུ་བཀུར་གནང་ཡོད་པ་ཞུ། བཀྲ་ཤིས་བདེ་ལེགས།

  14. འདོད་ལྷ་ཁམས་པ། says:
    2012-04-07 at 4:47 am

    གོམ་པ་སྤོས་མ་ཐག་རྒྱུག་ཐུབ་གི་མ་རེད། རྩོམ་ཡིག་ཀྱང་བྲིས་མ་ཐག་བྱང་ཆུབ་པ་ཞིག་ཡོང་གིན་མ་རེད། བྲིས་ཀིན་བྲིས་ཀིན་སོང་གིན་སོང་གིན་ཇེ་ཡག་ཇེ་ཡག་ལ་འགྲོ་གི་རེད། བྱ་བ་ཚང་མ་དེ་འདྲ་རེད།
    ཡིན་ཡང་མི་ལ་ལ་ཞིག་མི་ཚེ་གང་ལ་རྩོམ་ཡིག་བྲིས་ནས་མཐར་ལྟད་བཟོད་གང་ཡང་མེད་པའི་མི་ཁག་ཅིག་དྲ་ཐོག་ན་མིག་གིས་དངོས་སུ་མངོན་སུམ་དུ་མཐོང་རྒྱུ་མི་འདུག་གམ། འདི་ནས་མིང་འདོན་དགོས་དོན་མི་འདུག ཕན་མེད་གནོད་བྱེད་ཀྱི་རྩོམ་ཡིག་ཐན་ཐུན་སྤུངས་གསོག་རྒྱག་མཁན་དེ་ཚོ་་་་ཨཨཨ་ ཐང་ཆད་སོང་།

  15. དར་རྒྱས། says:
    2012-04-07 at 7:46 am

    གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་སྤྱིར་ང་ཚོ་བོད་མི་ཕལ་མོ་ཆེའི་རང་གཤིས་སུ་གྲུབ་ཡོད་་་་་ལྷག་པར་དུ་མི་ཤེས་ཡོན་ཅན་དང་ལ་རྒྱ་ཅན་ངདོས་གནས་ང་ཚོ་ལ་དགོས་པའི་མི་ཤིག་ཡིན་ན་དེ་ལ་སྐྱོན་རྗྱོད་གང་ཐུབ་བྱེད་བཞིན་ཡོད་ཐུབ་པ་ཟེར་ཡ་དེ་ཀླུ་མཁར་བྱམས་ལ་གཏིང་ནས་ཚབ་ཆེན་ཞིག་འཛིན་ཡོད་པ་་་་སྤྱིར་བཏང་ཕྲག་དོགས་ཅན་གྱི་མི་ཤིག་ཡིན་པ་་་་པད་མ་ཚོ་ལ་ཡང་མི་བཟོད་པའི་ཕྲག་དོགས་ནག་པོའི་དུག་ཆུ་ཁོར་བཞིན་ཡོད་པའི་རྣམ་པ་དེ་སྙིང་རྗེའི་གནས་སུ་མཆིས། དེས་ན་ང་ཚོ་བཟང་ངན་དབྱེ་འབྱེད་མ་ནོར་བ་དགོས་གར་ཤིང་ཏུ་ཆེ།

  16. ཞི་བདེ says:
    2012-04-07 at 8:01 am

    བྱ་སྤྲེལ་གཏམ་རྒྱུད་ཀྱི་རྩོམ་ཡིག་འདི་ལ་དངོས་གནས་ཚིག་དོན་གཉིས་ཆ་ནས་ཡག་པོ་ཞིག་བྲིས་འདུག ད་དུང་ཡང་འདི་ལྟར

  17. པད་མ་ཆོས་སྒྲོན། says:
    2012-04-07 at 8:03 am

    དྲ་མགྲོན་ལྷན་རྒྱས་ཁམས་བཟང་། ས་པཎ་ཞལ་ནས་༌༌༌བརྟད་ན་ཁེངས་སྐྱོངས་མི་བྱ་ཞིང་། སྨད་ན་ཞུམ་པ་མ་བྱ་བར་་་གསུངས་པ་བཞིན། ཡག་བཤད་སྡུག་བཤད་གང་ཡིན་རུང་ང་ལ་བསམ་འཆར་མེད། དེ་ལས་གོང་ནས་ཤུག་པ་ཞེས་པའི་རྩོམ་འདིར་ཁ་གསབ་བརྒྱག་རྩིས་བྱས་འདུག་པ་ལྟར། ང་རང་ལ་མཚོན་ནའང་དབྱིངས་ཅུང་ཟད་ཅིག་འདུག ང་ཚོས་བྱ་སྤྲེལ་གཏམ་རྒྱུད་འདི་མི་མཐུད་འབྲི་ཐུབ་རྒྱུ་ན་ག་འདྲ་ཡོང་ས་རེད། དྲ་མགྲོན་ཚོར་དགོངས་སྐོར་ཞུས་པ་ཡིན།
    ཡང་ཀླུ་མཁར་བྱམས་ཀྱིས་ཆབ་སྲིད་འཁྲབ་ཀྱིན་ཡོད་ནའང་འདྲ། ཀླུ་མཁར་བྱམས་ལ་ཅིག་བཤད་ཁུལ་བྱས་ནས་ཆབ་སྲིད་འཁྲབ་ཀྱིན་ཡོད་ནའང་ཆོག་གི མ་གཞི་འཇིག་རྟེན་འདི་འཁྲབ་སྟེགས་ཆགས་ཚར་བའི་ཕྱི་ཉིན་ང་ཚོར་ཐབས་ཤེས་ཅིང་མི་འདུག དེ་ལས་རྩོམ་ལ་སེམས་ནས་བརྩེ་བའི་གྲོགས་པོ་ཚོས་བྱ་སྤྲེལ་གཏམ་རྒྱུད་ཀྱི་འཁྲབ་ཚན་འདི་སྤུས་དག་ཅིག་ཡོངས་རྒྱུར་དགེ་མཚན་ལྡན་པའི་དགོངས་ཚུལ་ཡོད་ན་གསུངས་རོགས། སྡེ་རྩོམ་པ་པོ་རྒན་གྲོས་ཀླུ་སྨྱོན་ལགས་ཀྱིས་ཀྱང་རྩོམ་ཀྱི་སྤྱི་ཁོག་ཡག་པོ་འདུག་གསུངས་བར་གཞིགས་ན། རེ་བ་ཞིག་ཏན་ཏན་མེད་འགྲོ
    གཞན་ཡང་། མེ་ཏོག་དཀར་པོ་ཟེར་བས་ངའི་བསྒྱུར་དེབ་༼རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུ༽ཟེར་བའི་ནང་གི་བར་འཇུག་ཚིག་བཅད་དེ་ཚོ་སྐུར་རོགས་ཞེས་དྲ་གྲོགས་བཟོད་པར་ལས་བཅོལ་བྱས་འདུག བཟོད་པས་ཁྱོད་ལ་བཏང་མེད་ན། ངས་དྲ་ཐོག་ལ་བཞག་ཀྱང་ཆོག དེར་ལན་ཅིག་གནང་རོགས། གནས་སྐབས་དེ་ཙམ་ཡིན། ཚང་མར་བདེ་མོ།

  18. གཞོན་ནུ་ཟླ་མེད། says:
    2012-04-07 at 8:11 am

    ཡག་པོ་བྲིས་འདུག ད་དུང་མུ་མཐུད་ནས་ཕྲིས་ཤིག འོ་ད་མ་གཞི་རྡ་རམ་ས་ལའི་རི་ལུང་གི་བུད་མེད་བློ་མཐུད་དེ་ཚོས་རྩོམ་ཡིག་གི་ལམ་ནས་ལམ་ཁ་ཞིག་བཙལ་ནས། ལམ་ཁ་རྙེད་ཕྱིན་རྩོམ་ཡིག་མི་འབྲི་བ་ཆགས་འགྲོ མོ་ཡང་དེའི་གྲས་ཀྱི་གཅིག་ཡིན་རྒྱུ་མ་རེད་པ། སྔོན་ཆད་དྲ་ལམ་ན་རྩོམ་ཡིག་འབྲི་མཁན་ཚེ་རིང་སྐྱིད་ཟེར་བ་སོགས་མང་པོ་ཞིག་ཡོད། དེང་སང་གྲགས་རྒྱུ་གོ་རྒྱུ་ཅང་མི་འདུག བུད་མེད་བློ་མཐུན་ཚོ། རྩོམ་ཡིག་ཕྲིས་ཤིག མུ་མཐུད་ནས་ཕྲིས་ཤིག ཨ་ཅེ་ཚེ་བརྟན་སྒྲོལ་མས་གླུ་བླངས་ནི་རེད། ང་ཚོ་ཨ་མའི་ཁོག་པ་ན་ཡོད་དུས་ཚེ་བརྟན་སྒྲོལ་མས་གླུ་ལེན་གྱི་ཡོད་པ་གོ་མྱོང་། ང་ཚོ་རྒད་པོ་མགོ་དཀར་ཆགས་ན་ཡང་ད་དུང་ཚེ་བརྟན་སྒྲོལ་མས་གླུ་བཞེས་ལེན་གྱི་འདུག མགོ་སྐོག་སྐམ་པོ་ས་འོག་ཏུ་མ་སོང་པར་དུ་ཚེ་བརྟན་སྒྲོལ་མས་གླུ་བཞེས་ལེན་རྒྱུ་རེད། ང་ཚོ་རྡ་སའི་རི་ལུང་གི་བུད་མེད་བློ་མཐུད་ཚོ་ལ་ཡང་དེ་འདྲའི་བརྩོན་པ་ཞིག་ཡོད་ན་ཅི་མ་རུང་།།

  19. གཞོན་ནུ་ཟླ་མེད། says:
    2012-04-07 at 8:15 am

    འ་ཁ་ཁ་ངའི་མཛུབ་མོ་མ་འགྲིག་པ་ཡིན་ན། མིག་འདི་མ་འགྲིག་པ་ཡིན་ན་ཅིག་ཡིན་ས་རེད། བློ་མཐུན་ལ་བློ་མཐུད་ཟེར་ནས་བྲིས་འདུག

  20. པད་མ་ཆོས་སྒྲོན། says:
    2012-04-07 at 8:35 am

    གཞོན་ནུ་ཟླ་མེད་བདེན། ངེད་ཅག་བུད་མེད་ཚོའི་སྐད་མགོ་མཐོ་ཞིང་དབུགས་རྔ་ཐུང་ནི་རེད། ཁྱད་པར་དུ་རྡ་སའི་རྩོམ་ཡིག་ཐན་ཐུན་འབྲི་མཁན་ཚོ་དེ་འདྲ་རང་རེད། སྐྱོན་ངེས་ལེན་ཡོད། ཡང་བུད་མེད་ཅིག་གིས་རྩོམ་ཡིག་རེ་ཟུང་བྲིས་ཡོང་དུས་འདྲེ་མཐོང་བ་ནང་བཞིན་སྡང་ཟུག་བྱེད་ཀྱིན་འདུག རྗེས་ཕྱོགས་དེར་སྐྱེས་པ་ཚོས་ཉམས་འཇོག་གནང་རོགས།

  21. གཞོན་ནུ་ཟླ་མེད། says:
    2012-04-07 at 8:46 am

    ས་སྐྱ་པཎ་ཊི་ཏ་ཡིན་ན་དེས་ཡིག་ནོར་བྲིས་འདུག་པདྨ་ཆོས་སྒྲོན། ཁྱོད་ཀྱིས་ས་སྐྱ་པཎ་ཊི་ཏ་ལ་ཤོད། ཁྱོད་ལ་ཡིག་ནོར་མང་པོ་འདུག་ཟེར་ནས་ཤོད། ཡི་གེ་རྐང་གཉིས་ཀྱི་ནང་དུ་ཡིག་ནོར་རྐང་གསུམ་འདུག་ཟེར་ནས་ཤོད། བརྟད་= འདི་ནི་རྟ་ལ་སྒ་གཏོད་པའི་དོན་ཡིན་པ་ལས་མི་ལ་བསྟོད་པ་བྱས་པའི་དོན་མ་རེད་ཟེར་ནས་ཤོད།
    སྐྱོངས=ཨ་མས་བུ་ཕྲུག་སྐྱོང་པའི་སྐུལ་ཚིག་ཡིན་པ་ལས་ང་རྒྱལ་གྱི་ཁེངས་པ་སྐྱུངས་པའི་དོན་མ་རེད་ཟེར་ནས་ཤོད།
    སྨད་ན་ཞུམ་པ་མ་བྱ་བར་་=ཚིག་སྦྱོར་འདི་ནི་རྡ་སའི་བུ་གསོ་ཁང་གི་བྱིས་ཚོས་བོད་སྐད་དང་པོ་སྦྱང་དུས་ཀྱི་བོད་སྐད་ཞིག་དང་འདྲ་བོ་འདུག་ཟེར་ནས་ཤོད།
    ད་དུང་རྗེས་མ་ནས་འདི་འདྲ་རྐྱང་རྐྱང་འབྲི་རྒྱུ་ན་མོ་ཡོད་ས་མ་ཡོང་ཟེར་ནས་ཤོད། མོ་རང་ལ་ཕྱི་བལྟས་ནས་བཟོ་བལྟ་ཡོད་པ། ནང་བལྟས་ན་ཚིག་སྦྱོར་ལ་མཁས་པ་ཞིག་གྲོགས་པོ་དགོས་པ་ལས། ལོ་ལོན་ཡིག་ནོར་ཕྲེང་ལ་བསྒྲིག་མཁན་ཞིག་མི་དགོས་ཟེར་ནས་ཤོད། གོ་སོང་ང་རིག་བཟང་མ།

  22. མེ་ཏོག་དཀར་པོ། says:
    2012-04-07 at 10:17 am

    འོ་འོ་རྟེན་འབྲེལ་ལེགས། ཅུང་ཙམ་གོང་དུ་ངའི་གྲོགས་པོ་ཞིག་གི་ངོ་དེབ་བརྒྱུད་པདྨ་ཆོས་སྒྲོན་གྱི་ངོ་དེབ་མཐོང་། དེར་རྩོམ་འདི་ཡང་བཞག་འདུག
    ད་ལྟ་ང་ལ་ཚིགས་བཅད་དེ་དགོས་ན་འདིར་བཞག་ཆོག་གསུངས་པ་མཐོང་བས་རྟེན་འབྲེལ་བཟང་ས་ནས་འགྲིག་འདུག
    ད་འོ་ན་ཚིགས་བཅད་དེ་ལྟ་འདོད་པས་འདིར་འཇོག་རོགས།

  23. ཁྲི་རལ་པ། says:
    2012-04-07 at 10:27 am

    ཐུབ་པད་གཉིས་ཀ་སུ་ཡིན་ཤེས་མ་སོང་།འོན་ཀྱང་།ཐུབ་པ་ཟེར་པ་དེར་བདེན་གཤིས་ཆེ་འདུག།པད་ཆོས་ལགས་ནས་གོང་དུ་མཆན་བཀོད་པ་ཁག་ཡིག་ནོར་དང་ཕལ་སྐད་ཀྱིས་ཁེངས་འདུག་པས།ངེས་པར་ཡར་རྒྱས་གཏོང་དགོས་པར་སྙམ།རྩོམ་པ་བོ་ཅིག་ལ་ཡིག་ནོར་མི་འབྲི་བའི་གཞི་རྩའི་ཁྱད་ཆོས་ཙམ་ཚང་དགོས་ངེས་རེད།
    འོན་ཀྱང་།བོད་མོ་བུད་མེད་ཅིག་གིས་རྩོམ་རིག་ཕྱོགས་ལ་འབད་བརྩོན་བྱས་པ་བསྔགས་བརྗོད་དང་གུས་ཞབས་ཡོད།མུ་མཐུད་རྩོམ་ཡིག་འབྲི་རྒྱུན་བསྐྱངས་རྒྱུའི་རེ་བ་ཆེན་པོ་ཡོད།

  24. པད་མ་ཆོས་སྒྲོན། says:
    2012-04-07 at 12:08 pm

    འདིར་མེ་ཏོག་དཀར་པོ་ལགས་ཀྱིས་སྐུལ་ངོ་མ་ཟློག་པའི་ཚུལ་དུ་གུས་མོའི་དེབ་ནང་གི་བར་འཇུག་ཚིགས་བཅད་དེ་ཚོ་འདིར་བཀོད་ཡོད།

    ༼༠༽

    འཁོར་བའི་སྙིང་བོར་ཚུར་མཐོང་སྐྱེ་བོ་རིང་ནས་ཞེན་ཅིང་ཆགས་པ་དང་།།
    རྟག་པར་རློམ་པ་འཇིག་པའི་ཆོས་ཅན་ཆོས་ཀྱི་དེ་ཉིད་མི་བཟློག་པས།།
    ཐ་མར་མི་འདོད་ཐོག་བབས་ལས་ཀྱིས་འཕྱ་ལ་དམོད་པའི་རང་བཞིན་ཅན།།
    སྣང་ཚུལ་འདི་ཡིས་རྟོག་གེ་བ་ལ་བདེན་དོན་འཚོལ་ལ་གྲོགས་སུ་ཤར།།
    ༼༡༽

    བཙན་ལ་བྱོལ་བའི་སྤུ་གྲིའི་ལམ་འདི་འཆི་བ་བསྒོམ་པའི་དན་རྟགས་མིན།།
    གཡུལ་ནས་ཕན་པའི་གཡང་ཁྱིམ་འདི་བ་ཇག་རྐུན་སྟོང་གི་ཁ་བསོད་མིན།།
    དུས་ལ་འདོད་སྲེད་འབར་བའི་དབང་གིས་བདེན་སྐྱོང་དཔའ་བོ་མི་མཁོ་ཡང་།།
    སེམས་ན་བློ་མིག་དྭངས་མ་ཅན་ཚོར་བོད་ནི་བདེན་པའི་ངོ་མཚར་ཡིན།།

    ༼༢༽

    ལྷ་གཅིག་རྩོད་པའི་སྐལ་བའི་ཞེ་འཁོན་ཤར་ནུབ་འགལ་བར་ཁ་བསྒྱུར་དང་།།
    འཆལ་པོས་དད་འདུན་ངོམ་སོ་བྱེད་པ་བླུན་པོའི་རྒྱུ་ངོམ་ལས་ཀྱང་སྡུག།
    གང་ན་ནུབ་ལུགས་ཚད་མར་འཛིན་པའི་ཙྭི་ནའི་རིག་པའི་སྤྲང་ཕྲུག་ཚོ།།
    མི་སེམས་རྒུད་པའི་དུས་ཀྱི་ཡོ་ལང་རང་གཤིས་ཉམས་པའི་གནད་ལ་སོམས།།

    ༼༣༽

    མི་སེར་སྤེལ་མཁན་རྐང་རྡུལ་ལས་བྱུང་སྤུར་གྲགས་ཆེ་བའི་དམངས་གཙོ་ཡང་།།
    དེང་རབས་ཅན་ལ་དམོད་ཚིག་ཙམ་སྟེ་ཉམས་ཆུང་མགོ་ལ་ཐོ་བར་གྱུར།།
    འདི་ལྟར་ཆེན་པོ་གླང་ཆེན་ཁབ་ཅིག་རུལ་སུངས་སྟོང་གི་ཁ་སྒོ་ནས།།
    ཁྲི་ཕྲག་སྐལ་བའི་དཔལ་ཡོན་མཇུག་མས་རྒན་མོའི་སྭ་རས་ཟུར་བཟའ་བྱེད།།

    ༼༤༽

    དགའ་བ་བརྒྱད་ལྡན་ཁྲི་ཡིས་བཏེགས་པའི་པད་དཀར་འཆིང་བའི་ཕྱག་རྒྱ་དང་།།
    དགུ་རོང་སྐྱ་མོའི་འོབ་ལ་མནན་པའི་རང་གྲོལ་མགོ་ཡི་རུ་ཐུར་གཉིས།།
    གདན་ཐོབ་གཅིག་ལ་མཉམ་དུ་འཇོག་མཁན་སད་རྟོགས་སྨྲ་བའི་ལྷ་སྡེ་བ།།
    སེམས་ཆུང་སྡེ་བའི་སྲུང་མ་འཁྲུག་པའི་དུས་ཀྱི་གནམ་ས་གོ་འབྱེད་དོ།།

    ༼༥༽

    ཡ་ད་ཆོག་ནི་བྱ། ཟ་མ་བཟོ་དགོས་ཀྱིན་འདུག རྗེས་ནས་མུ་མཐུད་དུ་ཚིགས་བཅད་འདི་དག་བཞག་ཆོག འོན་ཀྱང་། ཚིགས་བཅད་འདི་ཚོས་མ་རྩོམ་ཀྱི་ལས་ཚན་རེ་རེ་ཡི་ནང་དོན་དམིགས་འདོན་བྱས་པ་ཡིན་སྟབས། ལས་ཚན་རེ་རེ་བཞིན་མ་ཀློག་ན་གོ་རྒྱུ་ཆེར་མི་འདུག་སྙམ། དེ་བས་དེབ་དགོས་ནི་ཡོད་ན་ང་ལ་འབྲེལ་བ་གནང་རོགས། དེབ་གཅིག་ལ་ཧིན་སྒོར་༡༥༠ཡིན། ངའི་ས་ནས་རིན་མེད་རེག་རྒྱུའི་རེ་བ་མ་རྒྱག་ལོ་་་་ ཧ་ཧ་ཧ་་་་།

  25. སྲིན་པོ་རྫ་རྒན། says:
    2012-04-07 at 1:03 pm

    གཞོན་ནུ་ཟླ་མེད་འདིས་ས་སྐྱ་པཎ་ཆེན་ལ་བཤད་ཁུལ་གྱིས་པདྨ་ཆོས་སྒྲོན་གྱི་ཡིག་ནོར་གླེང་སྟངས་ལ་བལྟས་ན། མཁས་པ་རང་མཐོང་ཅན་ཞིག་གི་ཚུགས་ཀ་བྱེད་ཀྱི་ཡོད་པ་འདྲ། ས་སྐྱ་པཎ་ཆེན་ནོར་ནའང་འདྲ། པདྨ་ཆོས་སྒྲོན་ནོར་ནའང་འདྲ། ནོར་བ་ཡིན་པས་དེར་རྒྱབ་སྐྱོར་གང་ཡང་མེད། གཞོན་ནུ་ཟླ་མེད་ཟེར་མཁན་ཁྱེད་རང་གིས་ལོག་བཤད་བྱས་འདུག་པར་དགོས་པ་མཐོང་མ་སོང་།

    ངས་ཁྱོད་ལ་འདྲི། ༼ བརྟད་= འདི་ནི་རྟ་ལ་སྒ་གཏོད་པའི་དོན་ཡིན་པ་ལས་མི་ལ་བསྟོད་པ་བྱས་པའི་དོན་མ་རེད་ཟེར་ནས་ཤོད།༽ འདི་འདྲའི་ལོག་བཤད་བྱས་ནས་གཞན་ལ་ཁྱད་གསོད་བྱས་པས་ཅི་ཕན།

    ད་ངས་ཁྱེད་རང་ལ་༼བརྟད་༽འདིའི་སྐོར་ནས་འདྲི་བར་བྱ།

    འདུལ་བ་ལུང་རྣམ་འབྱེད་ན༼ཁོ་བོ་རེ་ཞིག་བྱ་བ་དེ་ལྟ་བུ་ཞིག་བྱུང་ནས་དེའི་ཕྱིར་ཁོ་བོ་རྒྱལ་པོའི་ཁབ་ཏུ་སོང་ན་ཁྱེད་ལ་”བརྟད་པ”ཅི་བྱུང་ན་དེའི་ཕྱིར་རབ་ཏུ་བྱུང་༽འདིས་ཅི་སྟོན།

    དགེ་སློང་གི་བསླབ་བྱ་ཆེན་མོ་ན། ༼བརྟད་པ་ལས་བྱུང་བ༽ཞེས་ཡོད་པས་ཅི་སྟོན།

    འདུལ་བ་གཞུང་དམ་པ་ན། ༼དེས་སྟོན་ཟླ་འབྲིང་པོ་ཉིན་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཤིག་རྙེད༽ཅེས་ཡོད་པས་ཅི་སྟོན།

    འདི་དག་གིས་༼བརྟད་༽་ནི་གློ་བུར་བའི་དོན་ཅན་དུ་བཀྲལ་འདུག་པའང་ནོར་རོ་ཟེར་རྒྱུ་ཡིན་ནམ།

    རྟ་ལ་སྟོད་བྱའི་རྟ་སྒ། གཡག་ལ་སྒ་བསྟད་ཅེས་བྱེད་འབྲེལ་ལས་ཚིག་གི་བསྟན་དོན་དེ་ཁྱེད་ཀྱིས་བཤད་པ་དང་ལོགས་སུ་འདུག་པ་སྔོན་དང་ད་ལྟའི་བརྡ་སྤྲོད་སྨྲ་བ་དང་སྒོས་སུ་དག་ཡིག་མཁན་པོ་རྣམས་མགྲིན་གཅིག་དབྱངས་གཅིག་ལྟ་བུ་ཡིན་པ་ཡོད། ཡིན་ནའང་། ངས་གང་ཡང་མི་ཤེས།

    གཅན་སྲིན་པོ་རྫ་རྒན་ནས།

  26. ཁ་བའི་སྒྲོལ་མ། says:
    2012-04-07 at 2:13 pm

    ལ་ལ་ཞིག་གིས་པདྨ་ཆོས་སྒྲོན་གྱི་སྐྱོན་འཚོལ་བཞིན་འདུག རྟ་རྒྱུགས་ཤུལ་ན་རྟི་ལི་ཁ་ཁེར་ཡོད་ནི་རེད། དེར་ཧང་སང་དགོས་དོན་ཡོད་ནི་མ་རེད། ཨ་མའི་བུ་ཡིན་ན་མོ་རང་ནང་བཞིན་དེབ་རྒན་རེ་བསྒྱུར་རོགས། དེ་མིན་རྟག་པར་ཁ་རྡུང་བཏང་ནས་ཆོད་ག་རེ་འདུག

    ཞི་མོ་འདི་ངེད་སྒང་བ་ཚང་གི་རྒྱན་ཆ་ཞིག་ཡིན། ད་དུང་མུ་མཐུད་དུ་དེབ་རྒན་རེ་བསྒྱུར་བའི་རེ་བ་ཞུ་གི་ཡོད།

  27. ཁ་བརྡའི་རྩོོམ་སྒྲིག་པ། says:
    2012-04-07 at 3:15 pm

    རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme