Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

«གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།»

Posted on 2012-03-212012-03-24 By ཁ་བརྡ་ 70 Comments on «གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།»


བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་༼ཧི་བོན་དྲ་བ་༽ལས་དྲངས།

ཉེ་ཆར་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་ཐར་དང་། བློ་བཟང་ལྷུན་གྲུབ་རྡོ་རྗེ་རྣམ་གཉིས་མཉམ་འབྲེལ་གྱིས་གཙོ་སྒྲིག་གནང་སྟེ། 《ཀན་སུའུ་ཏཱང་ཁྲེང་རྫོང་བོད་པའི་དུད་ཚང་དུ་བསྡུ་ཉར་བྱས་པའི་གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》ཅེས་པའི་དེབ་ཕྲེང་སུམ་ཅུ་ཅན་ཞིག་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་གནས་ཚུལ་བྱུང་འདུག དེ་ཡང་སྔ་ནས་ད་བར་དུ་གནའ་བོའི་ཡིག་རྙིང་པར་བསྐྲུན་བྱས་པ་དག་ལས་དཔེ་ཚོགས་འདི་ཉིད་ནང་དོན་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་ཕུན་སུམ་ཚོགས་པའི་དཔེ་ཚོགས་རྙིང་ཤོས་ཤིག་ཡིན་པ་དང་། ཆེས་གནའ་བོའི་ཡིག་རྙིང་བོན་གྱི་དཔེ་ཚོགས་ཞིག་ཀྱང་ཡིན། སྤྱིའི་གཞུང་ཚན་སུམ་ཅུ་སོ་གཅིག་ཡོད་པ་དང་། ནང་གསེས་སུ་དོན་ཚན་ལྔ་བརྒྱ་དྲུག་ཅུ། དཔེ་རྙིང་འདི་ཉིད་ཀན་སུའུ་ཏཱང་ཁྲེང་གྲོང་ཚོ་སོགས་ཀྱི་ཁྱིམ་ཚང་བཅུ་ཕྲག་ལྷག་གིས་ཉར་ཚགས་བྱས་པ་དང་། དེ་འབྲེལ་གྱི་ཆེད་མཁས་པ་མང་བོས་ཞིབ་འཇུག་བྱས་མཐར་དཔེ་རྙིང་འདི་དག་བོད་ཀྱི་གནའ་བོའི་ཡིག་རྙིང་ཞང་ཞུང་གི་ཡིག་གཟུགས་ཀྱི་ཁྱད་ཆོས་མང་བོ་ལྡན་པར་ངོས་འཛིན་ཀྱང་གནང་ཡོད། ནང་དོན་གྱི་ཐད་ལ་ཡང་། བོན་གྱི་རྒྱུའི་བོན་སྐོར་དང་། གནའ་བོའི་ཞང་ཞུང་སྐབས་བོད་ཀྱི་སྤྱི་ཚོགས་གནས་སྟངས་ཀྱི་སྐོར་དང་། ཡུལ་སྲོལ་གོམས་གཤིས་དང་། སྨན་དཔྱད་རིག་པ། རི་བསང་ལབ་ཙེ་བསྟོད་ཚུལ། མོ་རྩིས་གཏོ་དང་གཟུགས་རིས་སྣ་ཚོགས་སོགས། གཞན་ཡང་འབྲས་བུ་ཐེག་པའི་བོན་གཞུང་གི་ནང་དོན་སྐོར་སོགས་ཀྱང་ལྡན་ཡོད་པ་རེད།

དེ་ལྟར་ཡིག་རྙིང་ཕལ་ཆེར་ཕྱོགས་གང་ཐད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ན་ཡང་དུས་རབས་ལྔ་བ་དང་དྲུག་པའི་སྔོན་གྱི་བོན་གཞུང་ཡོད་པ་གསལ་བཤད་བྱེད་ཐུབ་པའི་བོན་དང་འབྲེལ་བའི་དཔེ་རྙིང་གལ་ཆེ་ཞིག་རེད། དཔེ་རྙིང་འདི་གསར་རྙེད་དང་པར་བསྐྲུན་གྱི་གནས་ཚུལ་གོ་རྗེས་རྒྱལ་ཕྱི་ནང་གི་མཁས་དབང་དང་སྨན་སྦྱོར་ཚན་ཁག་ཧ་ཅང་མང་བོས་མཐོང་ཆེན་གནང་བ་དང་། ཁྱད་པར་དུ་མིང་དུ་གྲགས་པའི་བོན་གྱི་ཞིབ་འཇུག་པ་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་དཔལ་འབར་རྡོ་རྗེ། རྒྱའི་ཞིབ་འཇུག་པ་མཁས་དབང་ཧྲུན་ཝན་རུང་སོགས་ཀྱིས་ཡིག་རྙིང་དཔེ་ཚོགས་འདི་ཉིད་བོད་ཀྱི་གནའ་བོའི་རིག་གཞུང་དང་། ཡི་གེ་སྐོར་དང་། ཆོས་ལུགས་སྐོར། མི་རིགས་ཡུལ་སྲོལ་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེ་ཞིག་ཡིན་པ་ངོས་འཛིན་གནང་། གཞན་ཡང་ཨ་རི་དང་། འཇར་པན། འཇར་མན། དབྱི་ཏ་ལི། ཧྥུ་རན་སུ་སོགས་ཀྱི་རྒྱལ་སྤྱིའི་ཆེད་མཁས་མང་བོས་བོན་གྱི་ཡིག་རྙིང་འདི་པར་བསྐྲུན་ཐད་ལ་མཐོང་ཆེན་དང་། གང་མགྱོགས་མགྱོགས་ལ་འགྲེམ་སྤེལ་གནང་རྒྱུའི་རེ་ལྟོས་ཀྱང་བྱས། འདིས་གནའ་བོའི་བོད་ཀྱི་དུས་རབས་ཀྱི་རིག་གཞུང་གི་མ་ལག་དང་རིན་ཐང་བྲལ་བའི་དཔེ་རྙིང་དང་། ཁྱད་པར་དུ་ཞིབ་འཇུག་པ་དག་གིས་ཞིབ་འཇུག་གནང་ཡུལ་གྱི་རིན་ཐང་ལྡན་པའི་དཔེ་རྙིང་ཞིག་ཡིན་པ་རེད། གནས་ཚུལ་ཡོང་ཁུངས། ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་ཞིབ་འཇུག་ཁང་ནས།

གསར་འགྱུར།

Post navigation

Previous Post: བྱིས་པ་ལོ་བདུན་བརྒྱད་ཅན་ཚོས་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར།
Next Post: བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐར་ལམ།

Comments (70) on “«གནའ་བོའི་བོན་གྱི་ཡི་གེ་རིག་མཛོད།»”

  1. རྣམ་པར་རྒྱལ་བ། says:
    2012-03-21 at 5:49 pm

    ད་ལན་གཅིག་གཟིགས་དང། གཏམ་དྲིས་ནས་མི་བཤད་དགུགས་ནས་བཤད། ཟེར་བ་བཞིན་ད་ལན་གྱི་གནའ་བོའི་བོན་གྱི་ཡི་གེའི་རིགས་མཛོད་ཞེས་པའི་དཔེ་དེབ་སོ་གྲངས་དེའི་ནང་རྒྱུ་བོན་དང་འབྲས་བུའི་བོན་སོགས་ཡོད་པ་མ་ཟད་དུས་རབས་འདུན་པ་དང་བརྒྱད་པའི་སྔ་རོལ་དུ་ནམ་རྒྱུན་མེད་མེད་མུག་མུག་རྐྱང་བཤད་པ་དེ་དག་་དོན་དངོས་དང་འགལ་འདུ་ཕྱིན་པ་མ་ཡིནམ། ད་འདི་ནས་ག་ལེར་སྟོན་མོ་གཟིགས་དང་།
    http://www.himalayabon.com/article/news/20120315780.html

  2. གངས་རི། says:
    2012-03-21 at 6:06 pm

    དྲ་གྲོགས་རྣམ་རྒྱལ་ལགས། འདིར་ཞང་བོད་ཀྱི་གནའ་བོའི་དཔེ་གཞུང་ཁག་པར་བསྐྲུན་ཞུས་པ་ཁག་རྣམ་དཔྱོད་ལྡན་པའི་བོད་མི་སྤུན་ཟླ་རྣམས་ལ་ལེགས་སྐྱེས་སུ་ཕུལ་བ་ནི། བན་བོན་ཕན་ཚུན་འཁྲིག་རྩོད་ཀྱི་གཞིར་བཏིང་བ་མ་ཡིན་པ་ཤེས་དགོས། དེས་ན་དུས་རྣམ་ཀུན་ཏུ་ཕན་ཚུན་ཀུ་ཡངས་དང་། བསམ་ཤེས་ཀྱི་ངོས་ནས་མཆན་རེ་འབྲི་རྒྱུ་གལ་ཆེན་དུ་མཐོང་། གཙོ་བོ་དཔེ་གཞུང་དེ་དག་ལག་ཏུ་སོན་རྗེས་ནང་དོན་གྱི་ཕྱོགས་ནས་དཔྱད་དེ་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་རྣམས་ལ་བློ་བསྐྱེད་འབུལ་དགོས་པ་སེམས་ལ་ཟུངས། །

  3. ཀརྡོ་གཉེར་ཕྱག་པ་ says:
    2012-03-21 at 6:06 pm

    སྲོང་བཙན་སྔོན་གྱི་བོན་ཡིག་གཅིག་སྟོན་ཐུབ་ན་ང་ནང་པས་ཀྱང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཞུ་རྒྱུ་ཡིན་ལགས། འོན་ཀྱང་རང་གིས་མིག་མཐོང་ལག་ཟིན་མ་བྱུང་བར་ངོས་ལེན་མེད་ལགས།

  4. BONPO says:
    2012-03-21 at 7:02 pm

    རྣམ་དཀར་གྱི་བྱ་བ་འདི་ཚོ་ཧ་ལས་པའི་ཡག་པོ་རེད། ཁྱེད་ཚོ་ལས་ཀྱི་སྣེ་མོ་བ་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དཔེ་སྙིང་ལག་ཏུ་སོན་པ་འདི་ཚོ་ནི་ང་ཚོ་བོད་གངས་ཅན་པའི་མེས་པོ་གོང་མ་རྣམས་ཀྱིས་བྱས་པ་རྗེས་བཞག། ངོམ་རིན་ཆོག་པའི་གཟི་བརྗིད་འོད་སྟོང་འཕྲོ་བའི་བདེན་རྟགས་གཡུལ་ལས་རྒྱལ་བ་ཞིག་ཡིན་ཅིང། བོད་ནང་དུ་བཞུགས་པའི་ལྷག་བསམ་ཅན་གྱི་བོད་མི་ཚོས་རང་རིགས་ལ་དོན་གྱིས་ཕན་པའི་ཕྱག་ལས་འདི་འདྲ་གནང་ཡོང་དུས་ངོ་མ་སེམས་པ་དགའ་འོས་པ་ཞིག་རེད། བོད་ནང་དུ་བཞུགས་པའི་བོད་མི་ཚོ་ལ་ཕྱོགས་གང་ནས་བལྟས་ཀྱང་གཟི་བརྗིད་འདུག་ད་དུང་ཁྱེད་ཚོ་དྲང་བདེན་གྱི་ལམ་དུ་བསྐྱོད་ཅིག། གསུངས་པ་ཇི་བཞིན་གྱི་ཁྱེད་ཚོ་དངོས་གནས་་་དོན་གྱི་བདག་པོ་་་དེ་ཡིན་པ་ཐེ་ཚོམ་མེད་ལ་དེ་ཡིན་པ་ཇི་བཞིན་གྱི་རང་རིགས་ལ་ཕན་པའི་ཕྱག་ལས་གནང་དགོས། ཁ་ནས་ཚན་རིག་བཤད་དོན་ལ་ཚན་རིག་ཁས་མི་ལེན་པའི་མངོན་གསུམ་ཚད་མ་ལ་ཕུ་རྒྱག་མཁན་ཚོ་ད་ངུས་ཤིག།

  5. ཀླུ་སྨྱོན། says:
    2012-03-21 at 8:27 pm

    ཚན་རིག་ལམ་ནས་ཡི་གེ་འདི་ག་དུས་བྲིས་མིན་གསལ་བོ་མ་ཆགས་བར་དུ་ཁ་བཙུམས་ནས་འདུག་གི་ཡིན།

  6. གཞོན་ནུ་ཟླ་མེད། says:
    2012-03-21 at 8:35 pm

    གནའ་བོའི་བོན་གྱི་ཡི་གེ་རིག་མཛོད་རྙེད་པར་རྟེན་འབྲེལ་ཞུ། དྲི་བ་གཅིག་ཡོད། གནའ་བོའི་བོན་གྱི་ཡི་གེ་རྙེད་ན་དེ་དེང་སང་གི་བོད་ཡིག་གི་ཡིག་གཟུགས་དེ་ཡིན་ནམ། དེང་སང་གི་བོད་ཡིག་གི་ཡིག་གཟུགས་ལས་གཞན་ཞིག་ཡིན་ནམ། གལ་སྲིད་ཡིག་གཟུགས་གཞན་ཞིག་ཡིན་ན། དེ་ཀློག་ཤེས་མཁན་སུ་ཡོད་དམ། གལ་སྲིད་དེང་སང་གི་བོད་ཡིག་འདི་དང་གཅིག་པ་ཡིན་ན། གནའ་བོའི་བོན་ཡིག་དང་དེང་སང་གི་བོད་ཡིག་གཅིག་པ་འེ་རེད།

  7. གཞོན་ནུ་ཟླ་མེད། says:
    2012-03-21 at 8:38 pm

    ཚན་རིག་གི་ལག་ལེན་ཐོག་ནས་བཟོས་པའི་ལོ་དུང་ཕྱུར་མང་པོ་འགོར་བའི་ཤིང་སྡོང་རྫུན་མ་རྡོ་རུ་གྱུར་ཡོད་པ་བཙོང་བཞིན་པ་ངས་མཐོང་མྱོང་། ང་ལ་ཡང་དེའི་ཟུར་གཅིག་ཡོད། གལ་སྲིད་བལྟ་འདོད་ན་ངས་དཔར་བརྒྱབ་ནས་ཁ་བརྡ་ནང་དུ་བསྐུར་ཡོང་།

  8. BONPO says:
    2012-03-21 at 8:58 pm

    གནས་ཚུལ་འདིར་གསལ་བའི་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་ཐར་དང་། བློ་བཟང་ལྷུན་གྲུབ་རྡོ་རྗེ་རྣམ་གཉིས་སུ་ཡིན་མིན་ཤེས་འདོད་ཡོད་ན་དྲྭ་ལམ་འདི་ཚོ་གཟིགས་དང་ཁོང་རྣམ་པ་གཉིས་་་ཚན་རིག་་་ཅེས་པ་གང་ཡིན་ཤེས་མཁན་དེ་འདྲ་ཡིན་པ་འདྲ།
    http://www.amdotibet.com/tibet/content.asp?tableName_daohang=dongtai&tablename_fenlei=hainanzhou&id=24&face_n=1

    http://www.amdotibet.cn/html/jd/2011-07/11218.html

    http://www.rgbm123.com/news/454/

  9. དཔྱིད་འགོའི་མེ་ཏོག says:
    2012-03-21 at 9:48 pm

    མེས་པོ་ཚོས་ཤུལ་བཞག་རིག་གནས་ཕྱི་རབས་པ་ཚོས་རྒྱད་འཛིན་བྱས་ན་བཟང་གི། འདི་དགའ་འོས་པའི་དོན་བཟང་ཞིག་རེད་
    འོན་ཀྱང་ཡིག་རྙིང་འདི་ད་བར་དུ་མ་ཐོན་པའི་རྒྱུ་མཚན་གྱི་དཔེར་ན་བོན་གྱི་ཞིབ་འཇུག་པ་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལྟ་བས་
    འཚོལ་སྡུད་མི་བྱེད་པར་གཞན་གྱི་པར་བསྐྲུན་བྱེད་དགོས་དོན། སྟོང་སྐོར་ལགས་ཀྱི་ཡིག་རྙིང་དེ་ལག་སོན་མ་བྱུང་བ་རེད་གཞན་ཁོང་བོན་གྱི་ཞིབ་འཇུག་པ་ཞིག་ཡིན་ཙང་ཏན་ཏན་ཡི་གེ་འདི་ཚོ་ཁོང་གི་ལག་ཏུ་ཡོང་སྲིད་པ་རེད། གང་ལྟར་!!!!!!!!!

  10. དབང་འདུས། says:
    2012-03-21 at 10:09 pm

    ད་ལྟ་ང་ཚོ་བན་བོད་རྩོད་ནས་སྡོད་པའི་དུས་ཚོད་མ་རེད། བོན་གྱི་ཡིག་རྙིང་དེ་དག་གི་ཡིག་གཟུགས་དང་ནང་དོན་སོགས་ཕྱོགས་ཙམ་ཤེས་རྟོགས་བྱེད་འདོད་ཆེན་པོ་བྱུང་། དེང་དུས་ཆབ་སྲིད་ཀྱི་རྒྱུ་ཆའམ་ཡང་ན་དཔལ་འབྱོར་གྱི་སྒོ་ཙམ་དུ་དམིགས་ནས་རྫུན་སྒྲིག་ལུང་པ་གང་བྱས་མེད་པའི་རེ་བ་ཡོད།

  11. འཇིགས་མེད་བློ་གྲོས། says:
    2012-03-21 at 10:38 pm

    དུས་རབས་བདུན་པའི་སྔོན་ཞང་བོད་ཀྱི་ཡུལ་དུ་བརྡ་སྤྲོད་པའི་གཞུང་དང་ཡིག་གཟུགས་གཏན་འབེབ་ཟིན་པའི་དན་རྟགས་གསལ་པོ་ཞིག་ཡོད་ན་དེ་ནི་ཞང་བོད་དཔལ་ཡོན་གྱི་གཟི་བརྗིད་རེད།
    ད་ལྟ་བར་སྲོང་བཙན་གྱི་དུས་ནས་བརྡ་སྤྲོད་ཀྱི་རྣམ་གཞག་གཏན་འབེབ་གཞི་ནས་བྱས་ཤག་གི་ཡིད་ཆེས་དང་ལྟ་སྟངས་ནི་ང་ཚོས་གང་ཡིད་ཆེས་རུང་ངེས་ཀྱི་ལོ་རྒྱུས་དང་གཏན་ཚིགས་ལ་ཁུངས་བཅོལ་བ་ཡིན་སྟབས། དེར་ངོ་གནོང་དགོས་པ་དང་ཁ་སྐྱེངས་དགོས་པའི་དོན་དག་ཅིག་ཅི་ཡང་མི་འདུག ད་ལྟ་བརྡ་སྤྲོད་གཞུང་ལུགས་ཀྱི་འབྱུང་ཁུངས་རིང་དུ་འགྲོ་བཞིན་པའི་རྟགས་མཚན་གསལ་པོ་ཡོད་ན། དེ་ལྟར་ཁས་ལེན་རྒྱུ་ལས་བན་བོན་དབར་དོན་མེད་ཀྱི་རྩོད་པ་བྱ་དགོས་དོན་མི་འདུག

  12. བསྟན་འཛིན་ says:
    2012-03-21 at 10:44 pm

    དེ་ཅི་ཡང་མ་རེད། དོན་དུ་ནང་དོན་བོན་པོ་ཡིན་ཞིང་། ཡི་གེར་ཡིག་ནོར་མང་པ། བྲིས་གཟུགས་མི་ལེགས་པ་ཞིག་ལ་གནའ་ཡིག་རྙིང་པ་རེད་ཟེར་གྱིན་ཡོད་པ་རེད། དེ་མ་གཏོགས་ཁུངས་ཅི་ཡང་མི་འདུག ངས་ཞིབ་བལྟས་བྱས་པ་ཡིན།

  13. བློ་བཟང་ཤེས་རབ། says:
    2012-03-21 at 10:45 pm

    དངོས་གནས་དེ་འདྲ་ཡིན་ན་དགའ་བས་རྗེས་སུ་རང་ལོས་བྱེད།

  14. དར་ལྕེ་ནས། says:
    2012-03-21 at 11:05 pm

    ད་ཡིན་ན་དུས་རབས་བདུན་པའི་སྔོན་དུ་ང་ཚོ་བོད་ལ་བོད་ཡིག་དང་བརྡ་སྤྲོད་ཀྱང་ཡོད་པའི་དཔང་རྟགས་ཤིག་རྙེད་པ་འདྲ། བོད་ཀྱི་ཤེས་རིག་འདི་ལོ་རྒན་དུ་རྒན་དུ་འགྲོ་གི་འདུག་ག། ད་ཡག་པོ་རེད་བོན་པོའི་ཡིན་ན་ང་ཚོ་གངས་ཅན་པའི་རིག་གཞུང་རེད། དགའ་བསུ་ཞུ།།

  15. གཞོན་ནུ་ཟླ་མེད། says:
    2012-03-21 at 11:27 pm

    ཁ་བརྡའི་ནང་དུ་བཀོད་པའི་གོང་གསལ་གནའ་བོའི་བོན་གྱི་ཡི་གེའི་རིག་མཛོད་ཀྱི་དེབ་གཟུགས་དེའི་རྒྱབ་ཤ་སྟེང་དུ་བཀོད་པའི་ཡི་གེ་ནར་ནར་དེ་དག་གནའ་བོའི་བོན་གྱི་ཡི་གེའི་གཟུགས་འེ་ཡིན་ན། ངོ་ནས་ཡི་གེ་རྙིང་པ་རིན་ཐང་ཆེན་པོ་དེ་འདྲ་རྙེད་ཡོད་ན་ཁོང་ཚོས་དེབ་ཀྱི་རྒྱབ་ཤ་སྟེང་དུ་ཡང་ཡིག་གཟུགས་དེ་དཔར་འདེབས་ངེས། དེབ་གཟུགས་བཟོ་སྟངས་ཐད་ལ་མཁས་པ་རྐྱང་རྐྱང་གིས་བཟོས་ན་ནོར་མི་སྲིད། འོན་ཀྱང་གོང་གསལ་གྱི་དེབ་གཟུགས་རྒྱབ་ཤའི་སྟེང་གི་ཡི་གེ་ནར་ནར་དེ་དག་ནི་རྒྱ་ཡིག་གི་བཟོ་འདྲ་རེད་འདུག གནའ་སྔ་མོ་བོན་ཡིག་དེ་རྒྱ་ཡིག་ཡིན་ཟེར་བའི་ཁུངས་ཞིག་རྙེད་པ་ནི་ཡིན་རྒྱུ་མ་རེད་པྰ།།

  16. བོད་ལ་ཞེན། says:
    2012-03-21 at 11:28 pm

    ད་ནི་བོད་ཡིག་འདི་སུས་གསར་བཟོ་བྱེད་མིན་གཙོ་བོ་མ་ཡིན་པར་བདག་པོ་རྒྱབ་ནས་མི་ཉམས་པར་བྱེད་རྒྱུ་གཙོ་བོ་རེད།།

  17. གཞོན་ནུ་ཟླ་མེད། says:
    2012-03-21 at 11:35 pm

    དུས་རབས་ལྔ་བ་དྲུག་པ། དུས་རབས་ལྔ་བ་དྲུག་པ། དུས་རབས་ལྔ་བ་དྲུག་པ་་་་་་་་་་་་་་ འོ་སྔ་གི་ཡ ལོ་ཆིག་སྟོང་བདུན་བརྒྱའི་སྔོན་ཞིག་གི་ཡི་གེ་རེད་འདུག དེ་ཡང་འབྲས་བུ་བོན་གྱི་ཐེག་པ་སོགས་ཡོད་ས་ཞིག་རེད་འདུག འཛམ་བུ་གླིང་གི་མཁས་པ་ཚོ་ལོས་རྒྱུགས་ཡ།

  18. རིག་པའི་རལ་གྲི says:
    2012-03-21 at 11:55 pm

    འུར་བརྗོད་པ་རྣམས་སླེབས་ནས་སོང་། དུས་རབ་བདུན་པའི་སྔོན་དུ་དཔེ་རྙིང་འདི་དག་ཡོད་པའི་དཔང་རྟགས་གང་ཡོད་དམ། དཔེ་དེབ་གསར་པ་དེའི་ནང་ལ་མ་དཔེ་ཇི་བཞིན་འབྲི་ཐུབ་ཡོད་དམ། དུས་རབས་དེར། དུས་རབ་དེའི་སྐད་ཀྱི་ཐོག་ནས་བྲིས་པའི་ཡེ་གེ་དེ། ད་བར་དྲ་གྲུ་མ་ཞིག་པ་ཉར་ཚག་ཐུབ་མཁན་གྱི་དུད་ཚང་དེ་དག་ནི། མོའུ་ཙི་ཏུང་གི་ཞབས་ལས་ཐར་བའི་གཟི་བརྗིད་ཆེན་པོ་ཅན་གྱི་དུད་ཚང་འགའ་རེད།

    དུས་སྐབས་དེར་ཞང་ཞུང་གི་སྐད་ཐོག་ཏུ་བྲིས་པའི་ཡེ་གེ་དེ། ད་ལྟའི་བོད་ཡིག་དང་གཅིག་ཏུ་ཡིན་ན། ང་ལྟ་བུ་བོད་ཡིག་ཤེས་མཁན་གྱིས་ཀྱང་ཀློག་ལོས་ཐོབ། བརྗོད་བྱ་བན་བོན་གང་ཡིན་ནའང་ཀློག་འདོད་ཆེན་པོ་ཡོད། དཔེ་དེབ་དེ་དག་སུས་རེག་ན། དཔེར་མཚོན་གྱིས་དྲ་ཐོག་ཏུ་འགོད་རོག་གྱིས།

    ཐོན་མིས་མ་བཟོས་པའི་སྔོན་དུ་བོད་ལ་ཡེ་གེ་ཡོད་པ་ངེས་ཀྱང་། ད་ལྟའི་བོད་ཡིག་གསར་བཟོས་བྱས་པ་ལ་འགལ་བ་གང་ཡང་མེད་པ་ནི། ལེགས་སྦྱར་གྱི་སྐད་ལ་གཞིར་བྱས་ནས། ནེ་པལ་དང་རྒྱ་གར་གྱི་ཧིན་རྡིའི་ཡེ་གེ་གསར་བཟོས་བྱས་པ་དང་མཚུངས་ཆོག་པའི་ཕྱིར་།

  19. ཀརྨ་ཡེ་ཤེས says:
    2012-03-22 at 12:46 am

    ཨོ་ཡ། ཆང་རྒྱལ་རབས་ཀྱི་ཡི་གེ་དེ་བོན་ཡིན་རེད་བཞག ད་ཞོང་ཞུང་གི་དང་བོད་ཡིག་ཟེར་བ་དོན་མེད་རེད། དངོས་ཡོད་ཀྱི་བོན་ཡིག་ལག་སོན་ཡོད་ན་གཞོན་ནུ་ཟླ་མེད་ཀྱི་གསུངས་པ་ནང་བཞིན་དེབ་རྒྱབ་ཏུ་མི་བཀོད་པ་ཅི་ཡིན་ནམ། རེད་རེད། བོད་ནང་ལ་ཆོས་མེད་སྨྲ་བའི་མཁས་པ་མང་པོ་གསར་དུ་ཡོད་ས་རེད། དེས་ན་བོད་ཡིག་མེད་ཟེར་བ་ཡང་མང་པོ་ཞིག་ཚན་རིག་པས་གསར་དུ་རྙེད་འདུག་གྰ། གལ་ཏེ་བོན་ཡིག་ཅིག་རྙེད་ཡོད་ན་བོན་ཡིག་ལས་བོད་ཡིག་མིན་པར་ཚང་མས་མཁྱེན་གསལ་རེད།

  20. སྨུ་ཐག་གི་བུ་རྒྱུད། says:
    2012-03-22 at 3:15 am

    དྲྭ་གྲོགས་ཚོ། ད་ཡང་ན་ཚ་རྙིང་པ་ཞིག་ལ་མཛུབ་སློག་བྱེད་རྒྱུ་ཡིན་པ་འདྲ། དེབ་དེ་ཚོ་ལག་སོན་མ་བྱུང་བར་དུ་བཟང་ངན་གྱི་སྐད་ཆ་མ་བཤད་ན་བཟང་། འགའ་ཞིག་གི་བཤད་སྟངས་མཐོང་དུས་ བུ་སྤུན་གཉིས་རྔོན་རྒྱག་ཏུ་སོང་བའི་ལོ་རྒྱུས་དགོད་བྲོ་བོ་དེ་དྲན་ཡོང་གི

  21. བྲོ་འཚལ། says:
    2012-03-22 at 6:29 am

    ངོ་མ་བཤད་ན་ད་ཐེངས་ཡིག་རྙིང་འདི་འདྲ་ཞིག་རྙེད་ནས་པར་སྐྲུན་ཞུས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།་་་ཞོར་དུ་ཡིག་རྙིང་འདི་དག་རྙིང་པ་ཞིག་དངོས་གནས་ཡིན་ན་བོད་མིའི་སྐད་དང་ཡི་གེ་ཡིན་ནའང་ཆོག་་་རྒྱལ་རབས་ལོ་རྒྱུས་ཀྱི་ཕྱོགས་ནས་ཡིན་ནའང་ཆོག་་་་གནའ་བོའི་བོད་མིའི་ཆོ་ག་ཆོས་ལུགས་སོགས་ལ་རྒྱུས་ལོན་བྱེད་པའི་མ་དཔེ་རྩ་ཆེན་ཡིན་པས་དགའ་བསུ་ཞུ་རྒྱུ་ལས་མི་དགའ་བའི་ཕྲག་དོག་བྱེད་དགོས་དོན་མེད།་་་ལྷག་པར་དྲ་གྲོགས་རྣམ་པས་གསུང་ཚུལ་ལ་བལྟས་ན་མི་གཅིག་གཉིས་ཤིག་གི་མ་གཏོགས་ཀློག་མྱོང་མེད་པ་འདྲ་བས་དེབ་དེ་དག་མ་ཀློག་གོང་ནས་དགེ་མཚན་དང་སྐྱོན་གནད་སྐོར་ལ་བཤད་པ་བྱས་ན་ངོ་མ་གནས་ལུགས་ལྡན་པའི་སྐད་ཆ་རང་ཨེ་ཡིན་སྙམ།

  22. གཞོན་ནུ་ཟླ་མེད། says:
    2012-03-22 at 8:15 am

    སྨུ་ཐག་གི་བུ་བརྒྱུད་ལགས། བུ་སྤུན་གཉིས་རྔོག་རྒྱག་གི་སོང་བའི་སྒྲུབ་དེ་ཤོད་ད་སྐུ་མཁྱེན། ད་ལྷོད་ལྷོད་བྱས་ནས་ཁ་བརྡ་བྱེད། ཁྱོས་སྒྲུང་དེ་མ་བཤད་ན། ངས་འདི་ནས་གོང་གི་དེབ་དེའི་རྒྱབ་ཤ་ལ་བལྟས་ནས་ཅིག་བཤད་ན་འདོད་ནས་ཟ་་འཕྲུག་ལངས་ཡོང་གི་འདུག སྡེ་སྲིད་པ་རྒད་པོས། བ་དེ་ཉལ་ལུགས་ལ་བལྟས་ནས། བེའུ་དེ་ཤི་རོ་ཞིག་ལོས་ཡིན་འདོད་ཀི་ཟེར། གོང་གི་དེབ་གཟུགས་དེ་བལྟས་དང་། རྒྱབ་ཤ་སྟེང་དུ་གནའ་བོའི་བོན་ཡིག་གི་གཟུགས་མ་བྲིས་པར། གནའ་བོའི་རྒྱ་ཡིག་གི་གཟིགས་བྲིས་འདུག་ཀ འདི་འདྲ་མང་ནི་རེད། གུང་ཁྲན་ཏང་གིས་བླ་མ་ཁ་ཤས་བསྡུས་ནས་པན་ཆེན་རྫུན་མ་བཟོས། གསར་བུ་ཁ་ཤས་བསྡུས་ནས་བོན་ཡིག་རྫུན་མ་མི་བཟོ་བའི་ངེས་པ་གཏན་ནས་མེད་པས། རབ་བྱུང་ན་འདི་ལ་ངེས་པར་ཏུ་ཞིབ་འཇུག་བྱེད་དགོས་པ་རེད།

  23. ཆོས་འཕེལ says:
    2012-03-22 at 8:42 am

    གཞོན་ནུ་ཟླ་མེད་ལགས། མ་མཇལ་ཡུན་རིང་། སྐུ་ཁམས་བདེ་ལགས་སམ། ང་ནི་གནའ་བོའི་ཡེ་གེ་བལྟ་འདོད་སྐོམ་པས་ཆུ་ལྟར་ཆེ། ང་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བྲིས་པའི་ཡིག་རྙིང་། ཏོང་ཧོང་ནས་ཐོན་པ་ཞིག་ཡོད། གོ་ཁག་པོ་འདུག ཀློག་དེ་ཙམ་ཁག་པོ་མི་འདུག ངས་རྗེས་སུ་ཁ་བརྡ་དྲྭ་རྒྱ་འདིར་འགོད་ཆོག བལྟ་འདོད་ཡོད་རིགས་ཡོད་ན།

  24. གཞོན་ནུ་ཟླ་མེད། says:
    2012-03-22 at 8:51 am

    ཆོས་འཕེལ་ད་ལྟ་རང་ཞོག་དང་། བལྟ་འདོད་ཡོད་ཟེར་ནས་ལག་པ་དང་པོ་དེ་མགྱོགས་མཁན་ང་ཡིན་ད།

  25. ཇ་མ་ says:
    2012-03-22 at 10:04 am

    ང་སྔོན་ཆད་ཅོ་ནེའི་ས་ཆ་ཞིག་ལ་འགྲོ་མྱོང་། དེ་ན་ཁྱིམ་ཚང་ཞིག་ལ་གཡག་ཀོའི་སྟེང་གསེར་དངུལ་འབའ་ཞིག་གིས་བྲིས་པའི་གནའ་དཔེ་གཅིག་མཐོང་མྱོང་། དཔེ་ཐུམ་ནང་དུ་ཀོ་ལེབ་དྲུག་འདུག དེ་ནི་ཤོག་གྲངས་ཡ་བྲལ་དྲུག་རེད། དབུ་ཤོག་མེད་ལ་མཇུག་ཤོག་ཡང་མེད། ཡི་གེ་གསལ་པོ་རྣམས་ཀློག་ཤེས་ཀྱི་མི་འདུག གི་གུ་ཕྱིར་འཁོར་དང་ན་རུ་གཉིས་རྩེགས་སོགས་འདུག ཁྱིམ་བདག་གིས་ཟེར་བ་ལ་དཔེ་ཆ་འདི་ལོ་ལྔ་སྟོང་སྔོན་གྱི་ཡིན་ཚུལ་ཟེར།

  26. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-22 at 10:28 am

    བོན་གྱི་ཡིག་རྙིང་དངོས་གནས་རྙེད་ཡོད་ན་དགའ་བསུ་ལོས་ཡོད། ང་ཚོ་མེས་པོའི་གཅེས་ནོར་ཡིན།

  27. ཀརྨ says:
    2012-03-22 at 11:34 am

    ཡི་གེ་དེ་དག་ཀློག་མི་ཤེས་པ་དང་དོན་ཡང་གོ་མི་འདུག དབུ་ལྷེ་དང་པོ་ནས་འདི་འདྲ་བཀོད་འདུག གཞོང་བཤང་སྐད་དུ། མ་ཏྲྀ་མ་ལེ་ས་ལེ་འདུ། བོད་སྐད་དུ། གཤྀན་ར་མཇེ་སྟྭ་ཤྀ། །་་་་་་་་་་་་་་་

  28. རྣམ་པར་རྒྱལ་བ། says:
    2012-03-22 at 11:45 am

    ཇ་མ་ལགས།
    ཁྱེད་ཕེབས་མྱོང་བའི་ཅོ་ནེའི་ས་ཆ་དང་ཀོ་ལེབ་སྟེང་བྲིས་པའི་གནའ་བོའི་ཡིག་རྙིང་དེའི་ཟར་ཟུར་པར་དེ་འདྲ་མཆིས་ཚེ་ཁ་བརྡ་རུ་འགོད་ཐབས་ཞིག་གནོང་དང། ད་ལོ་ལྔ་སྟོང་གི་ལབ་གླེང་ཡོད་པའི་ཀོ་ལེབ་སྟེང་གི་གནའ་དཔེ་ཡོད་དུས་ལོ་གཅིག་སྟོང་གོང་གི་དཔེ ཆ་དག་དེ་ཙམ་རྙིང་པ་མ་རེད་སྙམ་བྱུང། གོང་དུ་གསུངས་པ་བཞིན་བོད་སྐད་འདི་ལོ་ན་བགྲེས་རུ་བགྲེས་རི་ཆགས་འགྲོ་གི་འདུག་བ།

  29. BONPO says:
    2012-03-22 at 11:48 am

    གཞོན་ནུ་ཟླ་མེད་ལགས་སྐུ་ཁམས་བཟང་། ཡུན་རིང་ཞིག་ལ་མཇལ་རྒྱུ་མི་འདུག། ངས་ཁྱེད་ལ་ལན་དུས་ཐོག་ཏུ་རྒྱག་མ་ཐུབ་པར་དགོངས་འགལ་མེད་པ་ཞུ། ཁ་སྔོན་སྐུ་ཉིད་ཀྱི་ཕ་ཡུལ་དུ་བོན་གྱི་དགོན་སྙིང་ཞིག་ཤུལ་ཞིག་ཡོད་གསུངས་པ་དེ་ཏོག་ཙམ་ཁ་གསལ་པོ་བཟོ་ཐུབ་བམ། ཕྲ་ཞིང་ཕྲ་བ་ནས་མ་གསུངས་ནའང་འགྲིག། དེང་སང་རྐུན་འདྲེ་མང་བས་གཟབ་དགོས།

  30. ཐུབ་པ། says:
    2012-03-22 at 11:51 am

    དེ་ཅི་ཡང་མ་རེད། དོན་དུ་ནང་དོན་བོན་པོ་ཡིན་ཞིང་། ཡི་གེར་ཡིག་ནོར་མང་པ། བྲིས་གཟུགས་མི་ལེགས་པ་ཞིག་ལ་གནའ་ཡིག་རྙིང་པ་རེད་ཟེར་གྱིན་ཡོད་པ་རེད། དེ་མ་གཏོགས་ཁུངས་ཅི་ཡང་མི་འདུག ངས་ཞིབ་བལྟས་བྱས་པ་ཡིན།

    བོན་པོ་ཚང་གིས་ཅིག་ཡིན་མདོག་གིས་རྫུན་མ་ཞིག་བསྒྲིགས་རྒྱུར་ལོབ་པ་ལྟར་དེ་ལ་ཧང་སངས་རྒྱུ་ཅི་ཡང་མེད།
    རང་དགར་བཤད་བསྡད་པ་རེད། ་
    དོན་དངོས་ཀྱི་རིན་ཐང་མེད་པ་རྐྱང་རྐྱང་རེད། ནང་ཆོས་རྐུན་མ་བརྒྱབས་རྗེས་བཟོ་བཅོས་ཕྲན་བུ་དང་བཅས་ཏེ་ས་འོག་ལ་བཅུག་སྟེ། གཏེར་མ་ཡིན་ཟེར་སྲོལ་ཞིག་བོན་པོ་ཚང་ལ་ཡོད་པ་མཁྱེན་གསལ་རེད།
    དེང་སང་བསྡུས་གྲྭའི་རིགས་ལམ་དེ་དག་ཀྱང་རྐུ་བའི་མགོ་བརྩམས་ཚར་འདུག ལོ་མང་པོ་ཞིག་གི་རྗེས་ལ་བོན་ལ་སྔོན་མ་ནས་ཡོད་རེད་ཟེར་མི་སྲིད་པ་མ་རེད།
    ལོག་ལམ་ལ་ཞུགས་མཁན་འདི་དག་ཕྱི་རོལ་པ་འདི་དག་མཐོང་ན་དངོས་གནས་སེམས་སྐྱོ་བ་ཞིག་འདུག

  31. ལ་སྟོད་བུ། says:
    2012-03-22 at 12:42 pm

    འོ་ད་བྱེད་དུས་ཡུན་རིང་ཞིག་ལ་ང་དྲ་རྒྱ་འདིར་ཡོང་རྒྱུའི་དུས་ཚོད་མ་བྱུང།
    འོན་ཀྱང་ཉེ་ཆར་བོད་ནས་བོན་གྱི་ཡིག་རྙིང་འབོར་ཆེན་ཅིག་བརྙེད་པའི་གཏམ་ཞིག་གོ་བར་མ་ཟད། ང་ཡི་གྲོགས་པོ་ཞིག་གིས་དེ་ཁ་བརྡའི་དྲ་རྒྱར་བཀོད་འདུག་ཟེར་ནས་གནས་ཚུལ་མང་པོ་ཞིག་བཤད་པར་དུས་ཚོད་ཀྱིས་ཁོམ་ལོང་མ་ལྟོས་པར་གཅིག་སླེབ་པ་ཡིན། ཏག་ཏག་འདིར་བཀོད་འདུག ངོ་མ་དགའ་འོས་པའི་གཏམ་བཟང་ཞིག་ཏུ་མཐོང་བྱུང། འོན་ཀྱང་མིག་མཐོང་ལག་ཟིན་དུ་མ་བྱུང་བའི་བར་གཏམ་བཟང་ངན་གྱི་དགག་སྒྲུབ་རྩོད་སྤོང་གི་གནས་ལ་འབད་འདོད་མེད།
    དེ་རྗེས་ངས་ལམ་སང་འབྲེལ་ཡོད་ལ་ཁ་པར་རྒྱབ་དུས་གནས་ཚུལ་རྒྱས་ཙམ་གོ་བྱུང། བོད་ཡིག་ཡིན་ནའང་འདྲ་བོན་ཡིག་ཡིན་ནའང་འདྲ། ཞང་ཡིག་ཡིན་ནའང་འདྲ་གང་ལྟར་ཡི་གེ་གང་ཡིན་དང་ཡིག་གཟུགས་ཅི་ལྟར་ཡོད་མེད་གནས་ཚུལ་དེ་རང་ལ་གསལ་འདུག་པས་དེ་ལ་དྲང་ངེས་ཀྱི་གོ་བ་ལེན་དགོས་པ་གང་ཡང་མི་འདུག་སྙམ།
    དེབ་ཀྱི་རྒྱབ་ཤའི་ངོས་སུ་བྲིས་པ་ནི་ཡིག་གཞུང་ཤིན་ཏུ་ཆུང་བར་བརྟེན་ངོས་འཛིན་བྱེད་དཀའ།
    འོན་ཀྱང་ད་ལྟ་དེབ་པར་བསྐྲུན་མགྱོགས་མྱུར་བྱེད་འཆར་ལས། བྱས་ཟིན་མི་འདུག་པས་དེབ་ཀྱི་སྐོར་ལ་སྐད་ཆ་ཤོད་རྒྱུ་སྔ་བར་སེམས། དཔེ་རྙིང་འདི་དག་འཚོལ་བསྒྲུབ་བྱེད་མི་ནི་བན་དེ་བ་ཞིག་ལས་བོན་པོ་མ་རེད། བོན་པོས་གསར་བསྒྱུར་བྱེད་དབང་ག་ནས་འོང། དེ་ལྟར་བསམ་མཁན་ཚོ་གནད་དོན་མ་རྟོགས་པ་རང་རེད་སྙམ།
    འབྲུག་ཐར་དང་བློ་བཟང་ལྷུན་གྲུབ་རྡོར་རྗེ་གཉིས་ནི་བོན་པོ་མ་རེད། བན་དེ་བ་རེད། དེ་ངེས་པར་དུ་མཁྱེན་དགོས་པ་འདུག་སྙམ།
    གང་ལྟར་བོན་ཡིན་ནའང་འདྲ། བོད་ཡིན་ནའང་འདྲ། དེས་བོད་ཀྱི་རིག་གཞུང་གི་ལོ་རྒྱུས་རིང་བའི་གནད་དོན་ཞིག་ཏུ་ང་ཚོས་ཤེས་དགོས། བོད་ལ་ལ་རྒྱ་ཡོད་མཁན་ཞིག་ཡིན་ན་དེ་ལྟ་བུའི་གནས་ཚུལ་གོ་བ་ཙམ་གྱིས་སེམས་ལ་ཚེར་མ་ཟུག་པ་ལྟ་བུའི་ཚོར་བ་གང་ནས་སྟེར།

  32. གངས་རི། says:
    2012-03-22 at 1:58 pm

    འདིར་གསར་འགྱུར་གྱི་ཚུལ་དུ་བཀོད་འདུག་པ་ལས་དགག་སྒྲུབ་བྱེད་པའི་དུས་ཚོད་ལ་སླེབས་མེད། གང་ཡིན་ཟེར་ན། བོན་གྱི་དཔེ་ཚོགས་དེ་ད་དུང་དངོས་སུ་དཔར་བསྐྲུན་བྱས་ཟིན་མེད་པ་འདྲ། དེའི་ཕྱིར་ན་ཧོར་གཙང་གཞོན་ནུ་ཟླ་མེད་སོགས་དྲ་གྲོགས་ཚོ། ང་ཚོས་དཔེ་ཚོགས་འདིའི་སྐོར་རྗེས་སུ་བགྲོ་གླེང་གནང་ན་ག་འདྲ་འདུག མུན་ནག་ནང་དུ་མདུང་བསྐོར་བས་ཅང་ཕན་ཐོགས་མི་འདུག་སྙམ།

  33. BONPO says:
    2012-03-22 at 2:56 pm

    གནའ་བོའི་བོན་གྱི་ཡི་གེའི་རིག་མཛོད་དེབ་ཕྲེང་སུམ་ཅུ་ཅན་འདི་པར་བསྐྲུན་བྱས་ཚར་བ་དང་། བོད་ནང་ནས་གསར་འགོད་གསལ་བསྒྲག་ཟེར་ན་འཛམ་གླིང་འདིར་མི་གཤོང་བ་ཞིག་བྱེད་དགོས། དེ་དུས་ཨ་རླུང་དང་ཨེ་རྱུང། ཤེས་བྱ་དང་དུས་བབ་སོགས་ཀྱིས། མཐོང་ནའང་མ་མཐོང་མདོག་མདོག་། གོ་ནའང་མ་གོ་མདོག་མདོག། ཤེས་ནའང་མ་ཤེས་མདོག་མདོག། བྱས་ནས་དུས་རྒྱུན་ལྟར་སྡོད་དང་མི་སྡོད་ཁྱེད་རང་ཚོས་འདོད་པ་རེད་བ། ད་དུང་མི་ལོ་ལྔ་བཅུའི་རིང་ལ་བོན་པོའི་དཔེ་ཆ་པོ་ཏི་གཅིག་ཀྱང་པར་དུ་མི་བསྐྲུན་བའི་་་་བོད་གཞུང་ཤེས་རིག་དཔར་ཁང་་་་ཟེར་བ་གཅིག་ཀྱང་ཡོད་ད། དེང་སང་དུས་ཚོད་ཀྱིས་མི་འཁོམ་པས་མང་པོ་ཞིག་འབྲི་ལོངས་མེད། རྗེས་སུ་རིམ་པས་ཡིན་ད།

  34. ཀརྨ་ཡེ་ཤེས says:
    2012-03-22 at 4:22 pm

    དངོས་ནས་རེད། བན་དེ་ལོག་ནས་བོན་པོ་འགྱུར་བ་ལ་བོན་པོ་རང་རྐྱ་ཐུབ་པ་ཞིག་མེད་པ་རེད། ཆོས་རྫུན་མ། ཡི་གེ་རྫུན་མ། སྤྲུལ་སྐུ་རྫུན་མ་བཟོ་མཁན་ཕལ་ཆེ་བ་བོད་ཀྱི་བན་གཟུགས་སམ། བན་ལོག་གདོན་གཟུགས་ཚོ་རེད། ད་དུང་མ་ངོམས་པར་བོན་པོ་ཟེར་བ་དེས་ཞེ་འཁོན་གྱི་དུག་ནད་རྒྱག་འདུག་པས། ད་མང་པོ་མི་བཤད། པན་ཆེན་བཅུ་བའི་གསུང་འབུམ་རྒྱ་གཞུང་གིས་བསྒྲིགས་ནས་དོལ་འདྲེའི་སྐོར་ཧ་ལས་པ་འདུག པན་རྫུན་དེས་མིང་རྟགས་བཀོད་འདུག བོན་དེབ་དེ་ཚོ་རྒྱ་དགའ་བོད་བརླགས་ཤིག་ཡིན་པ་གདོན་མི་ཟའོ།

  35. གངས་རི། says:
    2012-03-22 at 5:38 pm

    བོན་ཆོས་རྫུན་དུ་ལྟ་བའི་སྙིང་ནད་རིགས།
    ཕ་མའི་ཞལ་ཆེམས་གཏོར་བའི་ཐན་པ་ཞིག
    གངས་རི་དཀར་པོའི་ལོ་རྒྱུས་འཚོལ་བ་ལ།
    བོན་ལས་གཞན་པའི་མཛོད་ཅིག་ག་ན་ཡོད།

    ཡི་གེ་རྫུན་དུ་རློམས་པའི་གློ་ནད་རིགས།
    རྒྱུ་མ་གྲོག་མས་ཟོས་པའི་ཞན་ཁོག་ཅིག
    གངས་ཅན་པ་ཡི་རིག་གཞུང་ཉར་བ་ལ།
    བོན་པོ་འདི་ནས་གཞན་ཞིག་ངས་མ་རྙེད།

    སྤྲུལ་སྐུ་རྫུན་དུ་སྙམ་པའི་རང་མཚང་རིཌ།
    ཀརྨའི་གཤང་ལྕི་རལ་བའི་ལམ་ནས་བྱུང་།
    ལྷ་དང་སློབ་དཔོན་དམ་ཚིག་བསྲུང་བ་ལ།
    བོན་པོ་འདི་ནས་གཞན་ཞིག་མ་རྙེད་ཐལ།

    སྨིན་གླིང་རྣམ་གླིང་ཁྲི་རྩོད་འདི་ན་མེད།
    ཞ་དམར་སི་ཏུའི་ནང་འཁྲུག་འདི་ན་མེད།
    རྒྱལ་འགོང་ལྷ་ཡིས་ཆོ་འཕྲུལ་འདི་ན་མེད།
    བོན་པོ་འདི་ལ་ཆོས་ཀྱི་དམག་འཁྲུག་མེད།

    ཁ་ཕོར་ནང་དུ་སྐྱག་ཁུ་བཙུར་བྱས་ཏེ།
    ཡབ་མེས་རྒན་པོའི་ཞལ་དུ་བསྟབ་པ་པོ།
    ཀརྨ་ཡེ་ཤེས་ཀརྨའི་ཕྱག་གཉེར་སོགས།
    དང་པོ་ནང་འཁྲུག་མེ་རོ་སོས་པ་གྱིས།

  36. ཀརྨ་ཡེ་ཤེས says:
    2012-03-22 at 7:02 pm

    ཤཀ་ཐུབ་པད་འབྱུང་བསྣོལ་བའི་ཁྲི་སྟེང་ནས། །
    ནང་ཆོས་དགྲ་རུ་ལྟ་བའི་སྙིང་ནད་རིགས།
    མི་རོ་གཤིན་འདྲེ་ལོག་པའི་གདོན་གཟུགས་ཞིག །
    བོན་པོ་ལས་གཞན་འཇིག་རྟེན་ཁམས་ན་མེད། །

    ནང་ཆོས་བསྟན་པའི་རྐུན་ཇག་བོན་པོ་ཡིས། །
    གངས་རི་དཀར་པོའི་ལོ་རྒྱུས་ཤོབ་དུ་བསྒྱུར། །
    ས་དགེ་བཀའ་རྙིང་བསྟན་པའི་དགྲ་བོ་ཞིག །
    བོན་ནག་ལས་གཞན་ལྟས་ངན་གང་ན་ཡོད། །

    སྲོང་བཙན་སྒམ་པོ་འདྲེ་ཡི་ཆོ་འཕྲུལ་དང་། །
    ཁྲི་སྲོང་སྡེ་བཙན་བདུད་ཀྱི་སྤྲུལ་པ་ཞེས། །
    པད་འབྱུང་དགྲ་རུ་འཛིན་པའི་དམ་ཉམས་པ། །
    བོན་ནག་ལས་གཞན་འཁོན་འཛིན་གང་ན་ཡོད། །

    ཐོན་མི་རྫུན་དུ་སྨྲ་བའི་སྐྱག་གཏམ་དང་། །
    སྲོག་གཅོད་ཆོས་སུ་སྨྲ་བའི་དམར་མཆོད་མཁན། །
    གངས་ཅན་ལྷག་བསམ་ཞིག་རལ་གཏོང་བ་ལ། །
    བོན་པོ་ལས་གཞན་གདོན་འདྲེ་གང་ན་ཡོད། །

    གཞི་མེད་སྨྱོ་གཏམ་སྨྲ་བའི་གཤིན་འདྲེ་དང་། །
    ཟས་མེད་ལན་ཆགས་རེ་བའི་དྲི་ཟ་བ། །
    ཉམས་པ་བདུན་ལྡན་ཉེས་ཅན་གཡོ་སྒྱུ་མཁན། །
    བོན་ནག་ལས་གཞན་བསྟན་དཀྲུགས་གང་ན་ཡོད། །

    གངས་རི་ཏི་སེ་ཤ་ཁྲག་དམར་མཆོད་བྱས། །
    གངས་ཅན་འགྲོ་བ་མ་རིག་རྨོངས་པར་བཏང་། །
    ལྷ་འདྲེ་དབྱེ་བ་མ་ཤེས་མགོ་རུལ་བ། །
    བོན་པོ་ལས་གཞན་གཏི་མུག་གང་ན་ཡོད། །

    རྒྱ་བོད་དབྱེ་བསལ་མ་ཤེས་དམུས་ལོང་བ། །
    ཕྱི་ནང་ཁྱད་པར་མ་ཤེས་ཡིད་ལྐུགས་པ། །
    གཞོང་བཤང་སྐྱག་ཁུ་འཐུང་བའི་དུད་འགྲོ་བཞིན།
    སྨན་རི་གཤིན་མགོ་ལས་ལྷག་ཡོད་མ་ཡིན། །

    རང་གི་ཉེས་པ་གཞན་གྱི་མགོ་ལ་བཞག །
    གཞན་གྱིས་བྱས་པ་རང་གིས་གཡོ་སྒྱུས་རྐུས། །
    བདེན་རྫུན་གོ་ལོག་བྱེད་པའི་ཁྲེལ་མེད་མཁན། །
    བོན་ནག་ལས་གཞན་གདོན་འདྲེ་གང་ན་ཡོད། །

  37. གཞོན་ནུ་ཟླ་མེད། says:
    2012-03-22 at 7:32 pm

    BONBO ལགས་ཀྱི་དྲི་བ། ༼གཞོན་ནུ་ཟླ་མེད་ལགས་སྐུ་ཁམས་བཟང་། ཡུན་རིང་ཞིག་ལ་མཇལ་རྒྱུ་མི་འདུག། ངས་ཁྱེད་ལ་ལན་དུས་ཐོག་ཏུ་རྒྱག་མ་ཐུབ་པར་དགོངས་འགལ་མེད་པ་ཞུ། ཁ་སྔོན་སྐུ་ཉིད་ཀྱི་ཕ་ཡུལ་དུ་བོན་གྱི་དགོན་སྙིང་ཞིག་ཤུལ་ཞིག་ཡོད་གསུངས་པ་དེ་ཏོག་ཙམ་ཁ་གསལ་པོ་བཟོ་ཐུབ་བམ། ཕྲ་ཞིང་ཕྲ་བ་ནས་མ་གསུངས་ནའང་འགྲིག། དེང་སང་རྐུན་འདྲེ་མང་བས་གཟབ་དགོས།༽
    ལན། ང་ཚོ་ཕ་ཡུལ་ན་ཡོད་པའི་བོན་པོའི་དགོན་རྙིང་ཞིག་གི་ཤུལ་དེ་ལ་ས་ཆ་དེར་མི་རྣམས་ཀྱིས་(དགོན་སྟེགས། དགོན་སྟག དགོན་རྟགས) འདི་འདྲ་ཞིག་ཡུལ་མི་རྣམས་ཀྱིས་འབོད། ས་ཆ་དེའི་དགོན་པ་མང་ཆེ་བའི་ལོ་རྒྱུས་བསྡུས་བསྡུས་རེ་དགོན་ཤུལ་མང་ཆེ་བའི་ལོ་རྒྱུས་བསྡུས་བསྡུས་རེ་མདོ་སྨད་ཆོས་འབྱུང་ན་བཞུགས། འོན་ཀྱང་དགོན་སྟག་ཀྱི་ལོ་རྒྱུས་མདོ་སྨད་ཆོས་འབྱུང་ན་མི་འདུག་ཚུལ་ལ་བལྟས་ན། དགོན་པ་འདི་འཇིག་སྔ་བ་ཡིན་ས་རེད་བསམ།
    བདུན་ཅུ་དོན་གྲངས་ནང་ས་ཆ་དེར་ཆུ་རྐ་ཆེན་པོ་ཞིག་གི་ལས་གཞི་འགོ་ཚུགས་སྐབས། ས་ཆ་དེ་ནས་སྦུག་སོགས་མཆོད་ཆས་ཁ་ཤས་རྙེད་ཡོད་སྐད། འོན་ཀྱང་ས་ཆ་དེ་མི་མང་གིས་ས་བདག་སམ་ཡུལ་ལྷ་བཞི་བདག་ལ་ཞེད་ནས་ཡང་བསྐྱར་ས་འོག་ཏུ་སྦས་པ་རེད་ཟེར། དེང་སང་སྐད་ཆ་གཞན་ཞིག་གོ་ཚུལ་ལ། ན་ནིང་བཞེས་ནིང་ཞིག་ནས་ས་ཆ་དེ་གའི་མཆོད་ཆས་སོགས་རྒྱ་ཁ་ཤས་ཀྱིས་ཉོ་གི་འདུག་ཟེར། གསར་བུ་ཚོས་ཁ་ཁུ་སུམ་སུམ་སོང་ནས་བརློག་ནས་བཙོང་གི་འདུག་ཟེར། འདིའི་གནས་ཚུལ་ང་ཕ་ཡུལ་ལ་སོང་ནས་རྩད་གཅོད་གསལ་བོ་ཞིག་བྱེད་བསམ་ཡོད་མོད། འོན་ཀྱང་སྐུ་ཉིད་ལ་བྲེལ་བ་ཡོད་ན་ངས་གང་མགྱོགས་ཁ་པར་ལས་རྩད་བཅད་ན་ཡང་འགྲིག
    ས་ཆ་དེ་ག་བར་ཡོད་མེད་སོགས་གསལ་ཆ་དགོས་ན་ངས་འདི་ནས་གསལ་བོར་བཀོད་ཆོག འོན་ཀྱང་གསང་བའི་གཏེར་དེ་ཚོའི་ས་གནས་འདི་གར་གསལ་བོར་བཤད་ན་འགྲིག་མིན་ངས་ཀྱང་མི་ཤེས།

  38. གཞོན་ནུ་ཟླ་མེད། says:
    2012-03-22 at 7:41 pm

    དེ་ནས་བོད་གཞུང་གིས་བོན་པོའི་ཡི་གེ་ལ་བདག་པོ་བརྒྱབ་མེད་སྐད་ཟེར། དེ་འེ་བདེན་ན་བསམ་གི་འདུག གང་ཡིན་ཟེར་ན་ང་ད་ལོ་རྡོར་གདན་དུས་དབང་ལ་སོང་ནས་ཁ་ཉིན་པར་དུ་རྒྱ་གར་ནས་བསྡད་པ་ཡིན། དེའི་སྐབས་སུ་དཔེ་ཆ་སྟབས་བདེ་འདྲ་བཙལ་བ་ཡིན། བོད་གཞུང་དཔེ་མཛོད་ཀྱིས་བཟོས་པའི་གློག་ཀླད་ནང་ནས་བལྟ་ཀློག་ཐུབ་པའི་དཔེ་ཆ་མང་པོ་ཞིག་འདུག འཕྲུལ་ཆ་ནག་པོ་གྲུ་བཞི་ཆུང་ཆུང་ཞིག་གི་ནང་ལ་གློག་ཀླད་བརྒྱུད་ནས་བླུག་ཆོག་གི ངས་GB 750 ལྷག་ཙམ་ཁས་ཡོང་པའི་ནང་ནས་བོན་པོའི་དཔེ་རྙིང་ཁ་མེད་སྣ་མེད་འདུག གཞན་བོད་ཀྱི་ཆོས་བརྒྱུད་ཚང་མའི་གསུང་འབུམ་མང་པོ་འདུག ལྷག་པར་དུ་ས་སྐྱ་བའི་གསུང་འབུམ་ཤིན་ཏུ་མང་པོ་འདུག དེ་བས་ནས་བོད་གཞུང་དཔེ་མཛོད་ཀྱིས་བསྡུས་པ་དེའི་ནང་ན་བོན་དཔེ་ཤིན་ཏུ་མང་པོ་བདག་པོ་བརྒྱབ་འདུག་ཟེར་ནས་གསལ་བོར་བཤད་ཆོག ད་དུང་རེ་བ་གཅིག་ཡོད་པ་ནི་དེང་སང་གློག་ཀླད་་དང་GB and Ipod སོགས་ཀྱི་ནང་དུ་དཔེ་ཆ་བསྡུས་ཆོག་ཆོག་རེད་འདུག་སྟབས་བདེ་རེད་འདུག ཕར་དཔེ་མཛོད་ལ་རྩད་གཅོད་པར་སོང་དང་སྟབས་བདེ་རེད། མ་མི་མིན་མེད་དགག་སྒྲ་རྐྱང་རྐྱང་བརྒྱབ་མ་སྡོད་པར་ཕར་ལ་སོང་ནས་ཚུར་ལ་བསྡུས།།

  39. གངས་རི། says:
    2012-03-22 at 7:54 pm

    སྲིད་པའི་གངས་རི་དཀར་པོའི་དབུ་རྩེ་རུ།
    སངས་རྒྱས་བསྟན་པའི་རི་དར་ཕྱར་བ་པོ།
    རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཞེས།
    ཁ་བ་རིག་པའི་གཏེར་མཛོད་ཁྱེད་ལ་དད།

    མདོ་རྒྱུད་བསྟན་པའི་གངས་ཆབ་ཧུབ་ཀྱིས་བཞེས།
    སྔགས་རྒྱུད་དམ་ཚིག་སྲོལ་རྒྱུན་ཐུགས་ལ་བཀྲམས།
    རྫོགས་ཆེན་ལྟ་བའི་ཁྲི་འཕངས་གནོན་མཁས་པ།
    ཐོས་བསམ་སྒོམ་གསུམ་བསྟན་བདག་ཁྱེད་ལ་དད།

    འདི་ན་སླར་ཡང་སེམས་ཁམས་བདུད་ཀྱི་རིགས།
    ཀརྨའི་མང་གིས་བརྫིས་པའི་གཟུགས་ཅན་དགྲ།
    དམ་སྲིས་ཁོག་པ་དཀྲིགས་པའིགདོན་འདྲེ་ཞིག
    དྲ་ཚིགས་གདོང་ན་བྱད་མའི་ཟོལ་གྱིས་འཕྱོ།

    སྙིང་རྗེའི་དབྱིངས་ནས་བཞེངས་ཤིག་ལྷ་ཆེན་པོ།
    དགྱེས་པའི་འཛུམ་གྱིས་བསུས་ཤིག་ལྷ་ཆེན་པོ།
    བརྩེ་བའི་མདངས་ཀྱིས་འཁྱུད་ཅིག་ལྷ་ཆེན་པོ།
    མུན་པའི་མཁར་རྫོང་གཏོར་ཅིག་གཤེན་ཆེན་པོ།

  40. གཞོན་ནུ་ཟླ་མེད། says:
    2012-03-22 at 7:59 pm

    བོན་ཡིག་རྙིང་པ་མང་པོ་དེ་འདྲ་རྙེད་ཡོད་ན། ང་ཚོའི་ངེས་པར་དུ་ཡིན་མིན་གྱི་བགྲོ་གླེང་གནང་དགོས་པ་རེད། དེ་ནི་གསར་ལས་ལྷག་པའི་རིན་ཐང་ལོས་ཡོད། གང་ཡིན་ཟེར་ན་དེང་སང་མཁན་བླུན་མང་པོ་ཞིག་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་མང་ཆེ་བ། ཆོས་གོས་ཆ་ལུགས་མང་ཆེ་བར་རྒྱ་གར་ནས་སླེབས་པའི་ནང་ཆོས་ཀྱི་ཤན་ཞུགས་ནས། བོད་ཀྱི་དངོས་པའམ་དངོས་པོ་མ་ཡིན་པའི་ཤུལ་བཞག་གནད་མ་ཞིག་རྙེད་དུ་མེད་ཟེར་ནས་སྐད་རྒྱག་གི་འདུག་ཀ དེ་བས་ནས་གསར་དུ་རྙེད་པའི་ལོ་ཉིས་སྟོང་མ་ཟིན་ཙམ་གྱི་དངོས་པོ་དེ་ལ་ཡང་བསྲེས་བསླད་མི་ཡོང་པའི་ཆེད་དུ་ངེས་པར་དུ་བགྲོ་གླེང་བྱེད་དགོས། ཡག་སྡུག་ཕྱོགས་ཡོངས་ནས་བགྲོ་གླེང་བྱེད་དགོས། དེབ་ཏུ་བཀོད་ན་ནང་དོན་དང་ཡི་གཟུགས། དེབ་གཟུགས་ཡན་ཆོད་ནས་བགྲོ་གླེང་བྱེད་དགོས་ངེས་རེད། ཡང་ཁ་ཤས་ཀྱིས་ང་ཚོ་ནི་དེ་ལ་འབྲེལ་བ་མེད་ཟེར་ནས་ཁ་མི་གྲགས་པ་དང་། ཁ་གྲགས་གི་མི་འཇུག་མཁན་ཡོད་ན་དེ་ནོར་བ་རེད། དེ་ནི་བོད་སྤྱིའི་གནའ་རྫས་རྒྱུ་དངོས་ཡིན་པར་མ་ཟད། བོན་པོ་ཚང་གི་སྒེར་དངོས་རིན་ཐང་ཅན་ཡང་ཡིན་པས་ན། ངེས་པར་དུ་དེབ་ཀྱི་ཇུས་འགོད་ཡན་ཆོད་ནས་བགྲོ་གླེང་བྱེད་དགོས་ངེས་རེད། ངས་གོང་དུ་བཤད་པ་ཡང་དེ་ཡིན། དེབ་ཀྱི་ཇུས་འགོད་བྱེད་སྟངས་ལས། རྒྱ་ཡིག་རྙིང་པ་གསལ་ལ་མ་གསལ་ཞིག་བྲིས་ཡོད་པ་དེ་དེབ་དེ་དང་འབྲེལ་བ་ག་རེ་འདུག དེ་དེབ་གཟུགས་དེའི་རྒྱབ་ཤ་སྟེང་དུ་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ནས་བཤད་ཀྱི་ཡོད། འོན་ཀྱང་སྐུ་ཉིད་རྣམས་ཀྱི་གསུངས་སྟངས་བྱས་ན་ད་དུང་དེབ་ཐོན་མེད་པ་འདྲ། གོང་གི་དཔར་དེ་དཔེར་འདེབས་རྒྱུར་ལྷག་བསྡད་ཡོད་པའི་འཆར་འགོད་ཙམ་ཡིན་པ་འདྲ། འཆར་འགོད་ཡིན་ན་ཡང་དེབ་གཟུགས་ཀྱི་སྟེང་དུ་རྒྱ་ཡིག་རྙིང་པ་བྲིས་པ་དེ་འབྲེལ་བ་མི་འདུག་ཟེར་ནས་བཤད་ཀྱི་ཡོད།

  41. དབང་འདུས། says:
    2012-03-22 at 9:03 pm

    བོན་ལ་མཐོང་ཆུང་མ་བྱེད་བན་དེའི་ཚོགས།།
    བན་དེར་སྐུར་འདེབས་མ་བྱེད་བོན་པོའི་ཚོགས།།
    དོན་དང་མཐུན་པའི་དམངས་གཙོར་རོལ་འདོད་ན།།
    འགལ་བ་ལྷན་ཅིག་སྡོད་པའི་གུ་ཡང་དགོས།།

    ཕན་ཚུན་སྐྱོན་བརྗོད་ལས་ལ་རོལ་བྱས་ན།།
    བརྗོད་པས་དབེན་པ་མཁས་པའི་ཞལ་ལ་མེད།།
    བདེན་རྫུན་ཐག་ཆོད་ཡིག་ཐོག་རྩོད་པར་མེད།།
    སྐྱོན་མེད་ལོས་རྒྱུས་འཇིག་རྟེན་ཁམས་ན་མེད།།

    ཤིན་ཏུ་རྨོངས་དད་གཉིད་ལ་རོལ་གྱུར་ན།།
    རང་གི་ཆོས་ལུགས་གངས་ཀྱི་རི་བོ་དང་།།
    གཞན་གྱི་ཆོས་ལུགས་སོལ་བའི་ཕུང་པོ་འདྲ།།
    སྣང་ཚུལ་དེ་ཙམ་དངོས་པོའི་གནས་ཚུལ་མིན།།

    རྙིང་མས་བོན་པོར་དབང་ཡོད་བྱས་པ་དང་།།
    དགེ་ལུགས་པ་ཡིས་རྙིང་བསྟན་གཏོར་བ་དང་།།
    དགེ་ལྡན་གཞུང་གིས་ཕྱོགས་ཞེན་འཁོར་ལོ་སོགས།།
    གླེང་ན་ཞེན་པ་ལོག་པའི་རྒྱུ་ལས་མེད།།

    གྲུབ་མཐའ་གཞན་ལ་མཐོང་ཆུང་དགོས་དོན་མེད།།
    རིས་མེད་མིང་གིས་ཆོས་བསྒྱུར་དགོས་དོན་མེད།།
    རང་གི་ཆོས་སྐལ་ལེགས་པར་བསྲུངས་བྱས་ཏེ།།
    གཞན་ལ་གུས་སྐུར་ཞུས་དང་གཏན་དུ་བདེ།།

  42. BONPO says:
    2012-03-22 at 11:07 pm

    བོན་བསྟན་དགྲ་རུ་ལྟ་བའི་བན་རྒན་ཁྱོད། །
    པད་འབྱུང་ཤག་ཐུབ་ལས་ཀྱང་བཟང་བར་འདོད། །
    ཆང་དང་འདོད་ཆགས་བག་མེད་སྤྱོད་པ་པོ། །
    བན་རྒན་དམ་ཉམས་ཁྱོད་ལས་གཞན་སུ་ཡོད། །

    གཤེན་བསྟན་མིང་བསྒྱུར་ལོ་རྒྱུས་ལོག་བཅོས་བྱས། །
    ཕ་ས་གངས་ཅན་ལྗོངས་དེ་ཐལ་བར་བརླགས། །
    གངས་ཅན་ཡུལ་མི་གཉིས་ཀྱི་དགྲ་བོ་དེ། །
    བན་རྒན་གདོང་ནག་ཁྱོད་ལས་གཞན་སུ་ཡོད། །

    སྐྱིད་པའི་་བོད་ཡུལ་མུན་པའི་གླིང་དུ་བསྒྲུབ། །
    གངས་ཅན་བོད་མི་དུད་འགྲོ་ལྟར་དུ་འདོད། །
    ཁུངས་བཙན་བོན་ལུགས་ཐན་དུ་ལྟ་བ་པོ། །
    ཤི་འདྲེ་བན་རྒན་ཁྱོད་ལས་གཞན་སུ་ཡོད། །

    རང་ས་རང་ཡུལ་བོན་བསྟན་རྫུན་དུ་སྨྲས། །
    དམོད་བཅོལ་ཆོས་སུ་འདོད་པའི་ལག་དམར་ཁྱོད། །
    བསོད་ནམས་ཉམས་པའི་བན་རྒན་ཐལ་མདོག་ཅན།
    འདྲེ་དགུ་ཁོག་བཞུགས་བསྟན་པའི་དགྲ་བོ་ཡིན། །

    ཕྲག་དོག་གདོན་གྱིས་སྨྱོས་པའི་སེར་གཟུགས་ཅན། །
    ང་རྒྱལ་དྲེགས་པས་ཁེངས་བའི་མགོ་རིལ་ཁྱོད། །
    རྐརྨའི་ཞབས་ནས་འདྲེན་པའི་འབྱུང་པོ་དངོས། །
    བསོད་ཟད་བན་རྒན་དཀྲུགས་པའི་གཞི་མར་ལངས། །

    རྫུན་སྦྱོར་ཆོས་ལུགས་མིང་མེད་རྒྱ་རིལ་དེས། །
    བོད་ཡུལ་སྐྱེ་འགྲོའི་ཐར་པའི་ལམ་ཆེན་བཀག། །
    བསྟན་པའི་སྲུང་མར་རོང་འདྲེ་གསོལ་ཅིང་མཆོད། །
    བན་རྒན་སྡིག་པའི་མངའ་བདག་ཨ་ཙ་མ། །

    དང་པོ་ཨོ་རྒྱན་གདོན་བགེག་བོད་དུ་དྲངས། །
    དེ་རྗེས་རྒྱ་གར་འབྱུང་པོ་བླ་རུ་བཀུར། །
    མཐའ་མ་བན་རྒན་ཤི་ནས་འདྲེ་རུ་འགྱུར། །
    བསམ་སྦྱོར་ལོག་པས་གངས་ཅན་བོད་ལ་འཚེ།

    བོན་དང་སྨན་རྩིས་གཏོ་དང་རིག་པའི་གནས། །
    ཐབས་ཅད་བསྲེས་བསླད་ཁུངས་ལུང་མེད་པ་བཟོས། །
    སྐྱིད་སྡུག་མེད་པའི་དམ་ཉམས་ལས་ངན་ཁྱོད། །
    བོན་དང་ཆོས་ཀྱི་བསྟན་དགྲ་ནང་མ་ཡིན། །

  43. དྲི་མེད་ལྷག་བསམ། says:
    2012-03-23 at 12:31 am

    བོན་ལ་ཡོད་ན་བོད་ལ་ཡོད་པ་རེད། །བོན་པོ་རྒྱལ་ན་བོད་པ་རྒྱལ་བ་རེད། །བོད་པ་དར་ན་བོནཔོ་དར་བར་ངེས། །བོན་པོ་དར་ན་བོད་པ་དར་རྒྱུ་རེད། །བོད་ཀྱི་ལོ་རྒྱུས་བོན་ལ་ཐུག་ནས་ཡོད། །བོད་རིགས་བསམ་ན་བོན་པོའི་རིག་གཞུང་སྲུངས། །བོན་པོ་བོད་རིགས་ཡིན་ན་བོད་ལ་ཕན། །བོད་རིགས་གཅེས་ན་བན་བོན་མཐུན་སྒྲིལ་གྱིས། །བནདྷེ་བོན་པོ་མ་རྩོད་ཕ་བཟང་བུ། །རང་རེར་རྩོད་རྒྱུ་གཞན་ཡང་མང་པོ་ཡོད། །བན་བོན་གདོང་ཐུག་མ་བྱེད་ཕ་བཟང་བུ། །རང་རེར་གདོང་ལེན་དགོས་ས་ཤིན་ཏུ་མང་། །ཕྱོགས་འགལ་རྣོ་སོ་མ་འདོན་ཕ་བཟང་བུ། །རང་རེར་རྣོ་ནུས་འདོན་ས་མང་པོ་ཡོད། །བན་དེ་བོན་པོར་མཐུན་ས་མང་པོ་ཡོད། །ཕན་ཚུན་རྐུ་འཛུག་མ་བྱེད་ཕ་བཟང་བུ། །བསྟན་པ་ནང་མཐུན་བྱུང་ན་འགྲོ་ལ་ཕན། །གྲུབ་མཐའ་གཅིག་འགྱུར་བྱུང་ན་རྒྱལ་བ་དགྱེས། །ཨོ་རྒྱན་པདྨས་བོན་ཆོས་གཡང་དུ་ལེན། །བཻ་རོ་ཙཱ་ནས་བོན་ཆོས་འདྲེས་མར་བསྒྱུར། །སངས་རྒྱས་གླིང་པས་བན་བོན་གཅིག་ཏུ་བཞེད། །ཀོང་སྤྲུལ་བླ་རྒན་བོན་ལ་བཀའ་དྲིན་ཆེ། །མེས་པོ་གོང་མའི་ཕ་ཆོས་བོན་པོ་ཡིན། །མེས་དབོན་རྣམ་གསུམ་བན་བོན་འདྲེས་མ་ཡིན། །ངེས་ནི་ཀུན་ལ་བཀའ་དྲིན་ཆེན་བར་འདོད། །བོད་ཀྱི་ལོ་རྒྱུས་བཀླགས་པའི་ལག་རྗེས་ལགས། །

  44. བསྟན་འཛིན་ says:
    2012-03-23 at 12:53 am

    BONPO ཟེར་བ་འདིས་ཟེར་སྟངས་ལ་ལྟོས་དང་། ཁོ་རང་ཚོའི་ནང་ཆ་གསལ་བར་བསྟན་འདུག

  45. BONPO says:
    2012-03-23 at 12:57 am

    བསྟན་འཛིན་ལགས། ཁྱོད་ཀྱི་འདྲེ་མིག་གཉིས་པོ་དེས་bonpoནང་ཆ་མཐོང་ལ། ཀརྨ་ཡེ་ཤེས་ཀྱི་ནང་ཆ་མི་མཐོང་བ་རྒྱུ་མཚན་གང་ཡིན་ནམ།

  46. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2012-03-23 at 1:14 am

    གོང་གསལ་དཔེ་བསྐྲུན་སྐོར་ཞང་བོད་ལོ་རྒྱུས་ཀྱི་གནས་བབ་ཞིབ་འཇུག་ཐད་མ་འོངས་པར་ཆེས་གལ་འགངས་ཆེ་སྲིད་པའི་དཔེ་ཚོགས་སུ་མཐོང་སྟེ་ཁ་བརྡའི་དྲ་ཐོག་ཏུ་གདན་དྲངས་པ་ལགས། དེས་ན་དྲ་གྲོགས་རྣམས་ཀྱིས་གྲུབ་མཐའ་ཕན་ཚུན་དབར་དུ་གཞི་མེད་ཚིག་མཚོན་གཙོ་བོ་མི་འཛིན་པར་གྲུབ་མཐའི་དོན་ལ་འཁེལ་བའི་དཔྱད་པ་རེ་གནང་རྒྱུ་གལ་ཆེ། ཡིན་ན་ཡང་། ད་དུང་ལྷན་རྒྱས་སུ་གང་གི་ཕྱག་ཏུའང་དཔེ་ཚོགས་དེ་ལག་སོན་མེད་པས་གླེང་མོལ་ལམ་བགྲོ་གླེང་རྗེས་སུ་གནང་བའི་བའི་རེ་བ་ཡོད།

  47. གླིང་སྨྱོན་ says:
    2012-03-23 at 5:21 am

    ལོ་རྒྱུས་ལམ་ནས་བགྲོ་གླེང་མེད་ནས།
    གྲུབ་མཐའི་ཞེན་ཁོག་སེམས་སུ་གཟུང་སྟེ།
    མཐུན་སྒྲིལ་གཞི་རྩའི་རྩ་བ་གཏོར་བྱེད།
    ཚིག་མཚོན་རྣོ་པོ་དྲ་ལམ་མ་གཏོང་།

  48. ཀརྨ་ཡེ་ཤེས says:
    2012-03-23 at 5:40 am

    ངས་འདི་ནས་བཤད་པ་མཐའ་དག་ཆོས་ལུགས་ཀྱི་ཆགས་སྡང་བཤད་པ་མིན་ཏེ་ང་རང་ཉམས་ཞིབ་བྱས་པའི་གྲུབ་འབྲས་དང་། རྗེས་ཆོས་བརྒྱུད་མཐའ་དག་འདྲ་མཉམ་ཞིག་བྱུང་ན་བསམ་པའི་རེ་འདུན་ཉག་གཅིག་ལ་སེམས་བཞིན་བྲིས་པ་ཡིན།
    ཡང་གཞན་ཞིག་ནི་གོང་ས་མཆོག་དགོང་ལོ་བསྒྲེས་པོ་རེད། ད་ག་ཚོད་བཞུགས་ན་ཡང་ཁོང་གི་རྒྱལ་ཚབ་ཅིག་གྲ་བསྒྲིགས་བྱ་བའི་དུས་ཚོད་ལ་བསླེབ་པ་རེད། གང་ཡིན་ཞེ་ན་བོད་ཀྱི་ལས་དབང་ཆོས་དང་འབྲེལ་བ་ཞིག་རེད། དེ་ཕྱིར་ད་ལྟ་ནས་སྲིད་རྐྱང་པས་རང་འགོ་ཐོན་མི་སྲིད་པས། སྲིད་ཀྱི་ཤེད་ཤུགས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཆོས་ཀྱི་དེད་དཔོན་ཞིག་དགོས་ངེས་རེད། དེ་ཕྱིར་སུ་ཡིས་གོང་ས་མཆོག་གི་རྒྱལ་ཚབ་ཏུ་འོས་སམ་ཞེས་བོད་མི་དག་གིས་རང་ལ་དྲི་བ་རེ་བསྐོར་ཏེ། ཁ་ནང་དུ་བསྐོར་ལ་ཐུགས་བསམ་དྲང་མོ་ཞིག་བཞེས་དང་། ངས་བལྟས་ནས་ཀརྨ་པ་ལས་གོང་ན་ད་ལྟའི་ཆར་གོང་ས་མཆོག་གི་རྒྱལ་ཚབ་ཆོག་པ་ཞིག་སུ་ཡང་མི་འདུག ཀརྨ་པའི་སྐུའི་བསོད་ནམས། གསུང་གི་བརྗོད་པ། རིགས་པའི་སྟོབས། མཛད་པའི་ཕྲིན་ལས་སོགས་གཞན་པ་དག་གིས་ཕར་ཞོགས་གཞུང་ཆེན་བཀའ་པོད་ལྔ་བློ་ལ་བྱང་བའི་དགའ་ལྡན་ཁྲི་པ་དང་། ས་སྐྱ་གོང་མ། རྙིང་མའི་དབུ་འཛིན། བོན་པོའི་ཁྲི་འཛིན་སོགས་ཆེ་དགུ་དག་གིས་ཀྱང་དོ་ཟླ་བྲལ་བ་ཞིག་ཏུ་མཐོང་ནས་ངས་འདིར་སྤོབས་པ་ཆེན་པོའི་ངང་ནས་བཤད་པ་ཡིན། ཁོང་ལ་གོང་ས་མཆོག་གིས་ཐུགས་བརྩེ་གནང་བ་དང་། ཞལ་ཏ་གནང་བ་ཡང་རབ་དང་རིམ་པ་ཐོས་སོང་ལ། བརྙན་འཁོར་མང་པོ་མཐོང་རྒྱུའི་བསྐལ་བ་ཐོབ་པ་དང་། རྒྱ་མི་རིགས་སྡོད་སའི་ཡུལ་གྲུ་ཁག་དང་། ཡོའུ་རོབ། ཨ་རི་སོགས་ནུབ་ཕྱོགས་སུ་ཡང་གོང་ས་མཆོག་གོང་དུ་ཕུད་ན་ཁོང་ལས་འགྲོ་དོན་ཆེ་བ་དང་། ཆོས་པ་ཡིན་མིན་ལ་མ་ལྟོས་པར་དོ་སྣང་བྱེད་བཞིན་པ་ནི་ངས་བཤད་པ་ཙམ་མ་ཡིན་ཁྱེད་རྣམས་པས་ཀྱང་མཐོང་ཆོས་མངོན་གྱུར་རེད། དེ་ཕྱིར་རང་མ་གཏོགས་མིག་གིས་མི་མཐོང་པའི་དགེ་ལྡན་པའི་དགེ་བཤེས་མགོ་མཁྲེགས་དེ་ཚོས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཐུགས་བསམ་བཞེས་ཏེ། ཀརྨ་པའི་མཛད་འཕྲིན་ལ་རམ་འདེགས་གནང་རོགས་ཞེས་སྙིང་ཐག་པ་ནས་རེ་བསྐུལ་ཡིན། ཁྱེད་ཅག་དགེ་ལྡན་པའི་དགེ་འདུན་པ་དག་གིས་ཐུགས་བསམ་ཞིག་བཞེས་ན་ཆོས་བརྒྱུད་གཞན་པ་ཚོསངོས་ལེན་བྱེད་ངེས་རེད། དེ་མིན་གོང་ས་མཆོག་མ་བཞུགས་དུས་བཙན་བྱོལ་བོད་གཞུང་རྐུབ་སྟེགས་བསྡུ་བསོགས་རྒྱགས་ཏེ་བོད་ལ་ལོག་འགྲོ་རྒྱུ་ཡིན་ན་ཁྱེད་ཅག་གིས་གང་བདེར་གྱིས་ཤིག ང་ལ་དམིགས་བསལ་ཞུ་བ་གཅིག་ལས་གཞན་གང་ཡང་མེད། གཅིག་དེ་ནི་བོད་ཀྱི་མ་འོངས་པའི་གཞོན་སྐྱེས་དག་མི་གསོན་པོ་ཞིག་ཆགས་པ་ལ་མཁས་བླུན་དང་། རྒན་གཞོན་ཚང་མས་ཐུགས་ཀྱི་རྒྱན་དུ་འཆང་བར་ཞུ་ཞེས་གསོལ་བ་འདེབས་པ་ལགས། ང་ཀརྨ་པའི་སྐུ་མདུན་འགྲོ་མྱོང་མེད་ལ། ཁོང་ས་ནས་གང་ཡང་རག་མྱོང་མེད། ཡིན་ན་ཡང་ཉམས་ཞིབ་བྱས་པའི་གྲུབ་དོན་ནམ། ང་རང་གི་མཐོང་ཐོས་དག་ཚད་གཞིར་བཟུང་སྟེ་སྨྲས་པ་ཡིན།
    དེ་ལས་གཞན་ཞིག་ནི་བོད་ནས་ཡིན་ན་རེད། བཙན་བྱོལ་ནས་ཡིན་ན་རེད། སྐྱ་སེར་ལ་མ་ལྟོས་པར་མགོ་ཡོད་ཀྱང་ཀླད་པ་མེད་མཁན་དང་། སྙིང་ཡོད་ཀྱང་རྣམ་ཤེས་མེད་པའི་མགོ་སྟོང་མདོ་མེད་འགའ་ཞིག་གིས་ཆོས་ཞེས་པ་དེ་རྩ་མེད་དུ་གཏོང་དགོས་ཀྱིན་འདུག་ཅེས་རང་གི་མ་འཇོན་པ་རྒྱུ་མཚན་དུ་བྱས་ཏེ་བཤད་མཁན་དང་། ཉན་མཁན་མང་པོ་ཞིག་མཐོང་སོང་། ངོ་མ་ང་དེ་ཚོ་མཐོང་འོངས་དུས་ཤ་ཡང་ཚ་ལ་སྙིང་ཡང་རྗེ་ཡོང་གི་འདུག་ལ། ཞེ་ཡང་མེར་ལ་ཁོང་ནས་ཁྲོ་བ་དྲག་ཏུ་ཕྱུར་ཏེ་ཡིད་མི་བདེ་བའི་གནས་སུ་བསྐྱལ་བའང་གྲངས་མེད་ཡིན།

  49. རྨུ་ཐག་གི་བུ་རྒྱུད། says:
    2012-03-23 at 6:26 am

    གཞོན་ནུ་ཟླ་མེད་ཀྱི་རེ་འདོད་ལྟར་ངས་བུ་སྤུན་གཉིས་རྔོན་དུ་སོང་བའི་གཏམ་རྒྱུད་དེ་བཤད་རྒྱུ་ཡིན། དེ་ཡང་ཡུལ་ག་གེ་མོར་རྔོན་པ་རྒད་པོ་ཞིག་ལ་བུ་གཉིས་ཡོད་ཅིང་། ཁོང་རྣམས་རྔོན་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། དུས་ནམ་ཞིག་གི་ཚེ་རྒད་པོར་མཆིན་ནད་བྱུང་སྟེ་རྔོན་རྒྱག་ཏུ་འགྲོ་མ་ཐུབ། དེར་བརྟེན་བུ་གཉིས་ཀྱི་ལག་ཏུ་རང་གི་སྲོག་ལྟར་གཅེས་པའི་མེ་མདའ་གཉིས་ཡོད་པ་བཞག་སྟེ་རྔོན་རྒྱག་ཏུ་བཏང་། བུ་སྤུན་གཉིས་ཕྱིན་ཕྱིན་དེ་རི་ཁུག་ཅིག་ཏུ་གླ་བ་ཞིག་མཐོང་བ་རེད། འོན་ཀྱང་རྒྱང་ཁད་ཀྱི་དབང་གིས་ཕོ་མོ་གང་ཡིན་ཤེས་མ་ཐུབ་མོད། སྤུན་རྒན་པས་”གླ་བ་དེ་ཕོ་གླ་ཞིག་ཡིན་ན་གླ་རྩི་བཙོང་དེ་བཟའ་བཏུང་ཡག་པོ་ཞིག་བྱེད་”ཟེར། སྤུན་ཆང་བས་”གླ་རྩི་བླང་སྟེ་ཨ་ཕའི་མཆིན་ནད་གསོ་བའི་སྨན་བྱེད”ཟེར། དེ་ལྟར་ཁོ་གཉིས་གླ་རྩིའི་དོན་ལ་ཁ་རྩོད་ཤོར་ཞིང་མཐར་ལག་ཐུག་སྟེ་མེ་མདའི་འགྲམ་ཤིང་གིས་གཞུ་རེས་བྱས་ནས་མེ་མདའ་ཆག ཁོ་རང་གཉིས་རྨས། གླ་བ་དེ་ཡང་བྲོས་པ་རེད། སྒྲུང་སྙན་པོ་བྱུང་སོང་ངམ།

  50. རྨུ་ཐག་གི་བུ་རྒྱུད། says:
    2012-03-23 at 6:36 am

    འགའ་ཞིག་གིས་པད་འབྱུང་གི་སྐད་ཆ་ཞིག་ཀྱང་འདིར་འདྲུད་ཡོང་གི་འདུག དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཆེན་འགའ་ཞིག་གིས་པད་འབྱུང་ཟེར་བ་ཞིག་བྱུང་མེད་པར་འདོད་ཀྱིན་འདུག་ལ། དེའི་རྒྱུ་མཚན་ཡང་ད་བར་ཏུན་ཧོང་ཡིག་རྙིང་དང་བསམ་ཡས་རྡོ་རིང་སོགས་ཡིག་རྙིང་གང་དུའང་ཁོའི་མིང་ཙམ་ཡང་མཐོང་རྒྱུ་མེད་པ་རེད། ལྷག་པར་དུ་བསམ་ཡས་རྡོ་རིང་གི་སྟེང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མཁན་པོ་བཱོ་དྷི་སྭ་ཏྭ་སོགས་ཀྱི་མཚན་ལན་མང་བྱུང་ནའང་པད་འབྱུང་གི་མིང་གི་ཟུར་ཙམ་ཡང་མ་བྱུང་བ་དེར་གནད་འགག་ཤིན་ཏུ་ཆེན་པོ་ཡོད། ད་ཡོད་ཀྱི་ལོ་རྒྱུས་ལྟར་ན་ཁོང་གི་མིང་ཡོད་དགོས་པ་ཡིན་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་མཁན་གྱི་གཙོ་བོ་ཁོང་ཡིན་པ་ཙམ་དུ་མ་ཟད་བོད་ཀྱི་ཆེ་རྒུ་ཀུན་གྱི་གཙུག་ཏུ་བཀུར་རྒྱུ་དེ་ཡང་ཁོང་ཡིན་པར་བཤད་པས་སོ།

  51. རྨུ་ཐག་གི་བུ་རྒྱུད། says:
    2012-03-23 at 7:01 am

    དྲྭ་གྲོགས་ཀརྨ་ཡེ་ཤེས་ཀྱིས་དག་དང་མ་དག་གི་ཚིག་ཉོག་ལུང་པ་གང་སྤུངས་པ་རྣམས་ལས་གཞན་ལ་དམའ་འབེབ་དང་ངན་འདོགས་བྱས་པ་རྣམས་ཟུར་དུ་བཞག་ནས། དོན་གྱི་གནད་ལ་ལན་ཞིག་འདེབས་རྒྱུར། ༸གོང་ས་མཆོག་གི་རྒྱལ་ཚབ་ཅིག་མེད་ན་བོད་འདི་གནས་ཐབས་མེད་ལ། རྒྱལ་ཚབ་དེ་ཡང་ཀརྨ་པ་བསྐོས་ན་ལས་གཞན་སུ་གཅིག་གིས་ཀྱང་མི་འཇོན་པའི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དེ་འདྲ་གནང་དགོས་དོན་མེད། དེ་ཡང་༸གོང་ས་མཆོག་གིས་སྲིད་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བར་གནང་སྟེ་ཆ་ཚང་བགྲེས་ཡོལ་གནང་དགོས་པའི་རྒྱུ་མཚན་ཡང་གྲོས་ཚོགས་ལ་གནང་བའི་བཀའ་ཡིག་ཏུ་གསལ་གསལ་ཐིང་ཐིང་དུ་ཡོད་པ་དེར་གཟིགས་ན་མཁྱེན་ངེས་ཤིང་། ཕྱོགས་གཞན་ཞིག་ནས་ཀརྨ་པ་ལའང་སྲིད་དོན་ནང་དུ་འཛུལ་རྒྱུའི་འདོད་པ་ཡོད་མེད་མི་ཤེས། དེ་ཡང་ཡིན་ཏེ། ༸གོང་ས་མཆོག་གིས་སྐུ་རྩེད་དང་སྦྲག་ནས་”རྒྱལ་དབང་སྐུ་ཕྲེང་ལྔ་བ་ནས་ད་ལྟའི་བར་དུ་དགའ་ལྡན་ཕོ་བྲང་བས་བོད་ཀྱི་རྒྱལ་པོ་ལྟ་བུ་བྱས་ཏེ་བསྡད་པ་རེད། དེ་དགའ་ལྡན་ཕོ་བྲང་ལ་ཁེ་བཟང་བྱུང་བ་རེད། འོན་ཀྱང་སྐུ་ཕྲེང་བཅུ་བཞི་པའི་རིང་ནས་ཁེ་བཟང་དེ་མེད་པ་བཟོས་པ་རེད་ལ་དེ་ཡང་གཞན་དབང་གིས་མེད་པ་བཟོས་པ་མ་ཡིན་པར་རང་ཉིད་ཀྱིས་དགའ་བཞིན་སྤྲོ་བཞིན་དུ་བོད་མི་མང་ལ་རྩིས་སྤྲད་པ་རེད། དེ་ཡང་གཟི་བརྗིད་རེད།”ཅེས་གསུངས་པ་དང་། བོད་གཞུང་དང་དགའ་ལྡན་ཕོ་བྲང་ལོགས་སུ་དབྱེས་སྟེ་ཆོས་ཆོས་ས་ན་བཞག་ཅིག་སྲིད་སྲིད་སར་འཇོག་དགོས་པའི་རྒྱུ་མཚན་ཡང་ཀརྨ་པ་རིན་པོ་ཆེས་མཁྱེན་ངེས་རེད། ༸གོང་ས་མཆོག་གིས་”ད་ལྟ་ནས་ང་མེད་པ་ནང་བཞིན་ལས་ཀ་བྱེད་དགོས་པ་རེད།”གསུངས་དོན་ཡང་བོད་ཀྱི་སྲིད་དབང་བོད་མི་མང་གིས་འཛིན་དགོས་པ་ལས་བླ་བྲང་ག་གེ་མོ་དང་རུས་རྒྱུད་ག་གེ་མོའི་དབང་དུ་འགྲོ་མི་རུང་བར་དགོངས་པ་རེད། དེ་ཙམ་ལ་ཡང་ཉན་མི་ཤེས་པར་ཆོས་ལུགས་འདྲ་མཉམ་ཟེར་གིན་ཟེར་གིན་ཆོས་རྒྱུད་གཞན་དང་དེའི་དབུ་ཁྲིད་དང་རྗེས་འཇུག་བཅས་ལ་ངན་སྨྲས་བྱེད་པ་འདི་སྤྱང་གིས་ཆོས་བཤད་པའི་སྒྲུང་གི་རྗེས་སུ་འགྲོ་བར་འདུག་གོ།

  52. མེ་ཏོག་དཀར་པོ། says:
    2012-03-23 at 7:55 am

    ཀརྨ་ཡེ་ཤེས་སྙིང་རྗེ།

  53. མེ་ཏོག་དཀར་པོ། says:
    2012-03-23 at 8:06 am

    རྨུ་ཐག་གི་བུ་རྒྱུད། དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་འགའ་ཞིག་སུ་སུ་རེད། ལོ་རྒྱུས་གང་གང་སྨྲས། སུ་དང་གང་ལ་གྲགས་གསལ་བཤད་ཅིག་དགོས་སོ། །

  54. གཞོན་ནུ་ཟླ་མེད། says:
    2012-03-23 at 8:29 am

    ཡ་ཡ་རྨུ་ཐག་བུ་རྒྱུད་ཀྱི་སྒྲུང་སྙན་པོ་བྱུང་། ཐུགས་རྗེ་ཆེ།

  55. ལྗང་སྨྱུག says:
    2012-03-23 at 10:22 am

    དོན་མེད་རྩོད་པ་མ་བྱེད། སྒྲུང་དེ་སྙན་པོ་བྱུང་།

  56. གང་སེང་ says:
    2012-03-23 at 3:31 pm

    ༧ ཁོ་བོའི་བསམ་པར་དངོས་གནས་དྲང་གནས་ཀྱི་ཐོག་ནས་རིག་གནས་རྙིང་པ་འདི་འདྲ་དུས་རབས་ལྔ་དྲུག་གི་སྐབས་སུ་བྱུང་བའི་དཔང་རྟགས་ཤིག་མཚན་རིག་གི་བརྒྱུད་ནས་ཐོན་པ་ཡིན་ན་དེ་ནི་བོད་གངས་ཅན་གྱི་གཟི་བརྗིད་བླ་ན་མ་མཆིས་པ་ཡིན་པས་སུས་ཀྱང་དེ་ལ་འགྲན་ཟླ་ཚད་ཡག་དང་ཕྲག་དོག་ཟ་ཡག་གཏན་ནས་མེད་པ་མ་ཟད། གུས་བསྐུར་ཞུ་འོས་པ་ཞིག་ནི་རྒྱལ་སྤྱིའི་ཐོག་ནས་ཤེས་ཐུབ། སེམས་ཁམས་དོགས་པའི་མཆན་བུ་བ་འགའ་ཞིག་གིས་གང་བྱུང་མང་བྱུང་ལབ་བསྡད་ན་ང་ཚོ་བོད་གངས་ཅན་པའི་ཞབས་འདྲེན་ཡིན་པས་ཐུགས་སྣང་གནང་གལ་ཆེ། ལོ་རྒྱུས་རྙིང་པ་དེ་འདྲ་ལ་བརྟེན་ནས་བོད་སྤྱིའི་ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ང་ཚོའི་བོད་ཡིག་འདི་ལོ་ཙཱ་བ་ཆེན་པོ་ཐོན་མིས་ཕྱག་བཟོ་ཡིན་པར་བཤད་པ་དེ་ལ་འགལ་འདུ་དང་ཐོན་མིའི་གཟི་བརྗིད་ཉམས་འགྲོ་ཡག་གང་ཡང་མེད་པ་མ་ཟད། ཐོན་མིའི་གཟི་བརྗིད་སླར་ཡང་ཆེ་རུ་འགྲོ་བ་སྟེ། སྔར་གྱི་ཡིག་རྙིང་དེ་དག་རྨང་གཞི་བྱས་ཏེ་ཐོན་མིའི་རྣམ་རིག་བླ་མེད་ལ་བརྟེན་ནས་བོད་ཀྱི་ཡིག་སྦྱོར་ཡར་རྒྱས་ག་འདྲ་ཞིག་ཕྱིན་པ་འཛམ་བུ་གླིང་འདིའི་ནང་དུ་གནས་པའི་མིའི་སེམས་ཁམས་ལ་བག་ཆགས་གསར་པ་ཞིག་བསྐྲུན་རྒྱུ་ཡིན་པ་གདོན་མི་བས་དྲ་གྲོགས་ཚོས་བསམ་གཞིག་གནང་སྟེ་སེམས་ཁམས་གུ་དོག་གི་རིགས་རྒྱང་སྲིང་གནང་ན་མི་ལེགས་སམ།

  57. མངར་སྐྱུར་ says:
    2012-03-23 at 4:08 pm

    གང་ལ་ཆོས་ལུགས་ཆགས་སྡང་གླེང་ཚེ་དེ་རུ་ཀརྨ་ཡེ་ཤེས་སླེབས། །
    གང་དུ་སྐྱག་པའི་ཕུང་པོ་ཡོད་ན་དེ་རུ་ཁྱི་དང་ཕག་པ་སླེབས། །

  58. BONPO says:
    2012-03-23 at 8:47 pm

    གཞོན་ནུ་ཟླ་མེད་ལགས། [འདིའི་གནས་ཚུལ་ང་ཕ་ཡུལ་ལ་སོང་ནས་རྩད་གཅོད་གསལ་བོ་ཞིག་བྱེད་བསམ་ཡོད་མོད།] གསུངས་འདུག་པས་དེས་རང་ཆོག་པ་འདུག་ངོས་རང་ལ་བྲེལ་བ་གང་ཡང་མེད་ཁྱེད་ཀྱིས་གང་བརྟན་པ་དེ་གནང་རོགས། [ས་ཆ་དེ་ག་བར་ཡོད་མེད་སོགས་གསལ་ཆ་དགོས་ན་ངས་འདི་ནས་གསལ་བོར་བཀོད་ཆོག] གསུངས་འདུག་པས་རྫོང་ཁག་དང་བཅས་རོབ་ཙམ་ཞིག་གསུངས་རོགས་གནང། ངས་ཡིད་ལ་བཞག་ནས་དགོས་ངེས་བྱུང་ན་དེའི་སྐོར་གྱི་བོན་པོ་ཚོར་འབྲེལ་བ་བྱེད་ཆོག། གཅིག་བྱས་ན་དགོན་མིང་དང་དགོན་གནས་སོགས་བོན་གྱི་ལོ་རྒྱུས་ནང་ཡོད་ངེས་པས་ཞིབ་འཇུག་བྱེད་རྒྱུ་ལའང་ཕན་ས་རེད། སྙིང་ནས་བཀའ་དྲིན་ཆེ།
    སྐུ་ཉིད་ཀྱི་མཆན་༣༨་པ་དེའི་ནང་དོན་ཆ་ཚང་གོ་བྱུང་བཀའ་དྲིན་ཆེ།

  59. གཞོན་ནུ་ཟླ་མེད། says:
    2012-03-23 at 9:20 pm

    འོ་ཡ། bonbo ལགས། ངས་བཤད་པའི་དགོན་སྟག་ཟེར་བའི་དགོན་ཤུལ་དེ། མདོ་སྨད་གཅན་ཚ་སྲིབ་ཕྱོགས་ན་ཡོ་པ་རེད། གཅན་ཚ་འདི་ལ་ཉིན་སྲིབ་གཉིས་ཡོད། གཅན་ཚ་ཉིན་ལ་དེང་སང་ཧྭ་ལུང་ཟེར་ནས་རྒྱ་མིང་བཏགས་ཡོད་པ་རེད། གཅན་ཚ་སྲིབ་ལ་དེང་སང་གཅན་ཚ་རྫོང་ཟེར་གི་རེད། གཅན་ཚ་རྫོང་ལ་བར་སྐབས་ཤིག་ལ་ཀུང་ཧྲེ་བཅུ་གཅིག་ཙམ་དགར་ཡོད། འོན་ཀྱང་དེང་སང་ཅི་ལྟར་དགར་ཡོད་མེད་གསལ་བོ་མེད་ཀྱང་། ས་ཆ་འདིར་གནའ་སྔོན་མའི་སྡེ་བ་ཚོ་བའི་མིང་གི་འདོགས་སྟངས་ལྟར་བཙལ་ནས་སོང་ན་རྙེད་ཐུབ། ཡང་བླེ་ཟེར་བའི་སྡེ་བ་གཅིག་དང་། ལྷ་ཆུང་ཟེར་བའི་སྡེ་བ་གཅིག་ཡོད། དེ་གཉིས་ཀའི་བར་ན་ཆུ་ཞིག་བཞུར་བཞིན་ཡོད། ཆུའི་གཡོན་ངོས་ཡང་བླེ་ཕྱོགས་ལ་འཁེལ་གྱི་ཡོད། ཤིང་ནགས་ཆེན་པོའི་རིགས་ཀྱིས་རྫོང་འཐུག ཆུའི་གཡས་ངོས་ལྩ་ཆུང་ཟེར་བའི་སྡེ་བའི་ཕྱོགས་སུ་འཁེལ་གྱི་ཡོད། ཤིང་ནགས་ཆུང་བའི་རིགས་ཀྱི་རྫོང་འཐུག་པོ་ཡོད། དེ་ཡང་ཉིན་ཕྱོགས་ལ་འཁེལ་གྱི་ཡོད། དགོན་ཤུལ་དེ་ལྷ་ཆུང་ཕྱོགས་ནས་བཙལ་དགོས། ལྷ་ཆུང་ཕྱོགས་ལ་སོང་ནས་དགོན་སྟེག་ཀྱི་ཤུལ་གང་ཡིན་མི་དྲིས་ན། ཁོང་ཚོས་ཤེས་ཀྱི་རེད། ཁོང་ཚོའི་འབྲི་གཡག་དང་། མཛོ་མཛོ་མོ་སོགས་ཕྱུགས་རིགས་ཆེ་ཁག་རིགས་དགོན་སྟག་ཡོད་ས་ནས་འཚོ་གི་རེད། ལྷག་པར་དུ་དགུན་ཁར་ཕྱུགས་འཚོ་ས་ཡག་པོ་ཡོད་པ་རེད། རྒྱུ་མཚན་དགུན་ཁར་གྲང་མོ་ཡོད་པ་མ་རེད། ད་དུང་རྩྭ་ཆུ་ཡག་པོ་ཡོད་པ་རེད།
    དེ་མིན་ཞོར་འཕྲོས་སུ་ས་ཆ་དེར་དར་བའི་བོན་པོའི་ཕྱོགས་ནས་བཤད་ན། ཨ་མྱེས་སྲིན་པོ་རི་བརྒྱུད་ལ་འཁེལ་གྱི་ཡོད་པ་རེད། ཨ་མྱེས་སྲིན་པོ་འདིའི་ཤར་ངོས་ནས་གཅན་ཚ་ཆགས་ཡོད་པ་རེད། རྨ་ཆུ་དང་འདབས་འདྲེས་རེད། སྔོན་ཆད་བོན་པོ་མང་པོ་ཡོད་སྲིད་ན་ཡང་། དེང་སང་སྣང་ར་ཕྱོགས་ན་བོན་པོ་སྡེ་བ་ཁ་ཤས་ཡོད་པ་མ་གཏོགས། གཞན་ན་བོན་པོ་མེད། ཁོང་ཚོ་ལ་དྲིས་ན་ཡང་ས་ཆ་ཐག་རིང་དྲག་ནས་ཤེས་རྒྱུ་མ་རེད། དེ་ལས་ས་གནས་ཀྱི་མི་རང་ལ་འདྲི་དགོས་པ་རེད།
    ཨ་མྱེས་སྲིན་པོ་རི་བརྒྱུད་ཀྱི་ནུབ་ངོས་སུ་ཁྲི་ཀ་ཆགས་ཡོད་པ་རེད། ཁྲི་ཀ་སྟོང་ལྕེ་ནི་བོན་པོའི་རྫོང་ཆེ་ཤོས་དེ་རེད། ངའི་སྤུན་གཅིག་ས་ཆ་དེ་ན་ཡོད། དེང་སང་ཁྲི་ཀ་ན་བོན་པོའི་སློབ་གྲྭ་ཡང་ཆེན་པོ་བཙུགས་ཡོད་པ་རེད། དེ་ནི་པེ་ཅིན་ན་ཡོད་པའི་ཚེ་རིང་ཐར་ཡིན་ན་དེ་དང་། ནམ་མཁའི་ནོར་བུ་གཉིས་ཀྱིས་འགན་ཁུར་ནས་བཙུགས་པ་ཞིག་རེད། རྒྱ་བོད་དབྱིན་གསུམ་གྱི་སློབ་ཚན་ཡོད་པ་རེད། དེང་སང་ཁྲི་ཀ་ནས་མར་སོང་ན་ཡང་སྟབས་བདེ་པོ་རེད་ཟེར་ནས་བཤད་ཀྱི་འདུག འོན་ཀྱང་ཁྲི་ཀ་ནས་ཀྱང་དགོན་སྟག་ཀྱི་དགོན་ཤུལ་དེ་ཤེས་རྒྱུ་མ་རེད། གལ་སྲིད་མི་གཅིག་ས་གནས་དེར་གཏོང་ན། ངས་དགོན་ཤུལ་དེར་ཁྲིད་པའི་མི་བཙལ་ཆོག དེ་ཙམ་ཡིན།

  60. BONPO says:
    2012-03-23 at 9:36 pm

    གཞོན་ནུ་ཟླ་མེད་ལགས་ཤིན་ཏུ་བཀའ་དྲིན་ཆེ།
    ངས་གཏན་གཏན་རིམ་བཞིན་ལེན་ཡོད་པ་བྱས་ཡོང་། ང་ལ་མི་གཏོང་རྒྱུ་རགས་ཐག་ཆོད་རེད།

  61. གཞོན་ནུ་ཟླ་མེད། says:
    2012-03-23 at 10:05 pm

    འ་རོགས་bonbo ཡང་མི་གཏོང་རྒྱུ་རེག་གི་རེད་ཡིན་ན་ཅིག་ཟེར་ནས་མགོ་སེར་དང་མགོ་དམར་དེ་ཚོ་ཐོངས་དང་། རེག་རྒྱུ་བོ་མ་རེག་པར་རྡུང་རྡེག་རེག་གི་རེད་ད། ས་གནས་ཀྱི་མི་ཟེར་བ་དེ་ཡ་མཚན་པ་ཡོད་པ་རེད། ས་གནས་ས་ཐོག་གི་ས་གཏེར་དེ་ཚོ་ས་ཆའི་བཅུད་ཡིན་སྙམ་པ་དང་། ལྷག་པར་དུ་ཆོས་ལུགས་དང་འབྲེལ་བ་དེ་ཚོ་ཆོས་ལུགས་ཀྱི་ཆོ་ཁ་ཡོད་པའི་སྒོ་ནས་བླངས་ན་མ་གཏོགས། ས་ཆར་བཀྲ་མ་ཤིས་པ་ཡོང་གི་རེད་ཟེར་ནས་རྣམ་རྟོག་ཚ་བོ་ཞེ་དྲག་ཡོད་པ་རེད། དེ་སྟེང་དུ་མགོ་སེར་ཞིག་ཁྲིད་ནས་སོང་དང་། མགོ་དམར་པོ་ཁྲག་གི་ནང་ལ་རྫུས་ནས་ཡོང་དགོས་ཐུག་གི་རེད་ད། ཧཧཧ འདི་འདྲ་སྐོར་ལ་དངོས་བྱུང་གཏན་རྒྱུད་ཡ་མཚན་པ་མང་པོ་ཡོད་ཡ། ས་ཆའི་མི་རྣམས་བོན་པོ་མིན་ཟེར་ན་ཡང་། ཁོང་ཚོའི་དེ་འདྲའི་རིགས་ནི་ས་ཆའི་གཡང་ལ་བརྩི་གི་རེད།

  62. BONPO says:
    2012-03-23 at 10:27 pm

    གཞོན་ནུ་ཟླ་མེད་ལགས། དེ་འདྲ་ལམ་སང་ས་རྐོ་རྡོ་སློག་ག་བ་བྱེད་ཕོད། བྱས་པ་ཡིནའང་ས་གནས་ཀྱི་མིས་ཤེས་པའི་ཐོག་ནས་བྱེད་དགོས་པ་རེད། དེ་ཚོ་ཁ་གསལ་ངོ་གསལ་མ་བྱས་ན་ཡག་པོ་ཡོད་མ་རེད། ང་ལ་དགོས་པ་དེ་དགོན་པ་དེའི་ལོ་རྒྱུས་དང་ཆགས་ཚུལ་རྒྱ་ཆེ་ཆུང་ག་འདྲ་ཡོད་མེད་དང་། ས་གནས་ག་བ་འདུག་དེ་ཚོ་ཤེས་དགོས་པ་འདུག། མགོ་སེར་མི་གཏོང་དང་པོ་བོད་མི་ཞིག་ཐབས་ཤེས་བྱེད་དེ་ནས་གནས་ཚུལ་ག་འདྲ་འདུག་ཤེས་ཀྱི་རེད་བ།

  63. མདོ་སྨད་པ། says:
    2012-03-24 at 1:31 am

    བཀྲ་ཤིས་བདེ་ལེགས

  64. མདོ་སྨད་པ། says:
    2012-03-24 at 1:37 am

    ཨ་ལ་ལ་་་འདི་ན་ཡང་འཇིག་རྟེན་གསར་བ་ཞིག་་་་་་་

  65. རིག་པའི་རལ་གྲི says:
    2012-03-24 at 1:47 am

    དྲ་རྒྱ་འདིར་བོན་གྱི་ལོ་རྒྱུས་ཞིབ་འཇུག་པ་མང་པོ་ཡོད་ཚོད་འདུག ད་ལྟའི་བར་དུ་ལག་སོན་བྱུང་བའི་བོན་གྱི་ཡེ་གེ་རྙིང་ཤོས་ཀྱི་མ་དཔེ་ཇི་ཡོད་སྤར་དུ་བཏབས་ནས་སྡེབ་ངོས་གཅིག་ཙམ་དྲྭ་རྒྱ་འདིར་བཀོད་ཐུབ་པའི་རེ་སྐུལ་ཞུ། དུས་རབ་དྲུག་པའི་སྔོན་ལ་ཡིན་པའི་བོད་ནང་ཁུལ་དུ་བྱུང་བའི་ཡེ་གེ་ཞིག་དང་རིག་གཞུང་ཁུངས་གཙང་ཞིག་རྙེད་ན། བོད་ཀྱི་གཟི་བརྗིད་རེད་ལ། འོན་ཀྱང་མང་པོ་ཞིག་གིས་མཚན་རིགས་ཀྱིས་བརྟག་དཔྱད་བྱས་ནས་དུས་རབས་དྲུག་པའི་སྔོན་དུ་བྱུང་བ་རེད་འདུག་ཟེར་ནས་དེ་ཡིན་ཤག་ཤག་གིས་གདིང་ཚོད་ཞིག་འདུག ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་ནས་བྱུང་བ་རེད་ཟེར་བ་མཚན་རིག་པས་ཇི་ལྟར་མཁྱེན་གྱིས་ཡོད། མཚན་རིགས་པས་ཇི་ལྟར་ཤེས་ཀྱིན་ཡོད་པ་ཙམ་ཡང་མ་འཚལ་བ་རྣམས་ཀྱིས། མཚན་རིགས་པས་དུས་ཚོད་བྱུང་རིམ་བྱེད་པ་ལ་ཡིད་ཆེས་ཁག་ཙམ་འདུག

    མཚན་རིག་པས་དུས་ཚོད་བྱུང་དུས་ངོས་འཛིན་བྱས་པ་རྣམས་ལ་ཡིད་ཆེས་བཅོས་མིན་ཡོད་མཁན་རྣམས་ཀྱིས། ཁྱེད་རྣམས་ལ་ཡིད་ཆེས་དེ་རྒྱུ་མཚན་གང་ལ་བརྟེན་ནས་བརྙེད་པ་ཡིན། ཤེས་འདོད་ཆེ། དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ལྟར་ན། སྟོན་པ་གཤེན་རབ་ཟེར་བ་འཇིག་རྟེན་དུ་བྱུང་མྱོང་ཡོད་པ་ཁས་ལེན་གྱིན་མེད། དེང་སང་ལོ་རྒྱུས་སྨྲ་བས་ཁས་མ་བླངས་ན་མེད་དགོས་པའི་ངེས་པ་མེད་ཀྱང་། ལོ་རྒྱུས་ལ་ཞིབ་འཇུག་བྱེད་བཞིན་བྱེད་བཞིན། ཐེ་ཚོམ་མང་ནས་མང་དུ་འགྲོ་བ་འདི་ནི། རྟོགས་པའི་བློ་ནུས་ཆུང་རུ་ཆུང་རུ་འགྲོ་བའི་དན་རྟགས་ལོས་ཡིན།

  66. གང་སེང་ says:
    2012-03-24 at 2:55 am

    ༧ དེང་སང་གི་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་བཤད་པའི་ཚེ་ན་བྱུང་རབས་ཀྱི་གཞི་གཞག་ས་གཙོ་བོ་ཏོན་ཧུང་ཡིག་རྙིང་ཡིན་ལ། དེའི་ནང་དུ་གཤེན་རབ་མི་བོ་ཟེར་བ་ཞིག་ཐོན་གྱིན་ཡོད། དེར་བརྟེན་གཤེན་རབ་མི་བོར་འབོད་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཞིབ་འཇུག་པ་ཕལ་ཆེར་གྱིས་ཁས་ལེན་བྱེད་ཀྱིན་ཡོད། ཡ་མཚན་པ་ཞིག་ལ་ཏོན་ཧུང་ཡིག་རྙིང་དང་རྡོ་རིང་དྲིལ་བུའི་ཁ་བྱང་དང་། དེར་མ་ཟད་རྒྱ་དཀར་ནག་གི་ལོ་རྒྱུས་རྣམས་སུ་པད་མ་འབྱུང་གནས་དང་ཐོན་མི་སམ་བྷོ་ཌ་ཟེར་བ་མིང་ཙམ་ཡང་ཐོན་གྱིན་མེད། དེའི་རྒྱུ་མཚན་གང་ཡིན་བཙལ་དགོས་པ་གལ་ཆེན་རེད། 

  67. མདོ་སྨད་པ། says:
    2012-03-24 at 10:31 am

    ཡ་རྣམས་པ་ཚོ་ད་ཅིག་ཤོད་དང

  68. དར་ལྕེ་ཡིས། says:
    2012-03-24 at 11:18 am

    ད་ཡིན་ན་ལྟད་མོ་འདུག འདིར་ཡང་གྲུབ་མཐའི་དམག་ཆེན་ལང་གྲབ་འདུག

  69. ཀརྡོ་གཉེར་ཕྱག་པ་ says:
    2012-03-24 at 12:30 pm

    མཁས་པའི་དབང་པོ་ཐོན་མི་བཀའ་དྲིན་ཅན་དང་། ནུས་མཐུ་ཅན་གྱི་སློབ་དཔོན་པད་འབྱུང་བཀའ་དྲིན་རྣམ་གཉིས་ཀྱི་མཚན་ཡིག་རྙིང་ལ་ནང་ལ་ཁུངས་མེད་པའི་ཤོད་ཚུལ་ལ་ང་མི་འཇིགས་ཀྱང་།
    ང་ཚོའི་ད་ལྟ་བེད་སྤྱད་བཞིན་པའི་ནང་གི ཙ་ཚ་ཛ་ཝ་ཞ་ཟ་འ་དང་། མགོ་ཅན། ཡ་བཏགས་དང་། སྔོན་རྗེས་སོགས་ལ་བལྟས་ན་ཞང་བོད་ཀྱི་ཡིག་རྙིང་ཅིག་མེད་དམ་སྙམ་ཞིང་། དེ་ཡང་བོན་ཆོས་ཙམ་ལས་སྲིད་ལུགས་སུ་བེད་མ་སྤྱད་པར་ལུས་པ་ཅིག་མེ་དམ་སྙམ་ཡང་། དུས་ད་ལྟའི་བར་དུ་ཐོན་མིའི་སྔོན་ལ་ཞང་བོད་ལ་ཡི་གེ་ཡོད་པའི་ཁུངས་དང་། བདེ་རྟགས་སྟོན་ཐུབ་མཁན་སུ་གང་སྐྱེས་ཡོད་མ་རེད་དོ། དེས་ན་གོང་གི་གནའ་བོའི་བོན་གྱི་ཡི་གེ་རིག་མཛོད་འདི་ཡང་། ཅི་ཆ་ཡོད་སྙམ་པས་་་་་་་་་་་་་

  70. ཁ་བརྡ་རྩོམ་སྒྲིག་པ། says:
    2012-03-24 at 3:16 pm

    རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།

    ཁ་བརྡ་རྩོམ་སྒྲིག་པས།
    khabdha@gmail.com
    http://www.khabdha.org

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme