Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་ཡིག་སྐོར་ལ་དཔྱད་གླེང་སྒྲོན་མེ།

Posted on 2012-02-19 By ཁ་བརྡ་ 3 Comments on བོད་ཀྱི་སྐད་ཡིག་སྐོར་ལ་དཔྱད་གླེང་སྒྲོན་མེ།

ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་

མཐོ་སྒང་གངས་ལྗོངས་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་དགྲ་བོའི་ལག་ཏུ་ཤོར་ནས་ཁ་བྲལ་འདོད་མེད་བཞིན་མི་ཡུལ་ལ་འཚོ་བ་སྐྱུར་མོ་རོལ་ནས་མི་ལོ་ལྔ་བཅུ་ལྷག་ཙམ་འཁོར་ཞིང༌། ལོ་ངོ་དེ་དག་གི་ནང་དུ་བཀའ་དྲིན་བླ་མེད་དུ་ཆེ་བའི་ྋརྒྱལ་བ་རིན་པོ་ཆེ་དབུས་གཙོས་པའི་རྒྱལ་ཞེན་ཅན་གྱི་ལས་བྱེད་རྣམས་པས་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ནས་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་དོན་དུ་སྐུ་ལས་སྐྱོན་གནང་མཛད་པས་གྲུབ་འབྲས་ཀྱི་དེང་སྐབས་བོད་མི་རིགས་ཞེས་གོར་ལོའི་སྟེང་དུ་མ་ཤི་བ་གསོན་པོ་འཚོ་གནས་ཐུབ་པ་ནི་ཁོང་རྣམས་པས་སྐུ་དྲན་ཁོར་ན་ལས་བྱུང་བ་ཞིག་ཀྱང་ཡིན། ལྷག་པར་དུ་ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བླ་མེད་བཞེས་ཏེ་བོད་མིའི་སློབ་གྲྭ་ཁག་གཙང་ཟུར་འཛུགས་གནང་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། དེང་དུས་ཀྱི་སྐད་ཡིག་ཤེས་པའི་གནའ་དེང་ཡ་མ་བྲལ་བའི་འདབ་གཤོག་གཉིས་ལྡན་ཡོང་བའི་ཐུགས་རེ་ཆེན་པོ་གནང་ཡོད། འོན་ཀྱང་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རེ་གནང་བ་ཇི་བཞིན་ཤེས་ཡོན་སྤྲོད་ཐུབ་ཀྱི་མེད་པ་དེ་རེད། དེ་ཡང་ཤེས་རིག་ཚོགས་ཆེན་ཐོག་ཏུ་ཤེས་རིག་བཀའ་བློན་མཆོག་ནས། “སྐབས་བཅུ་གཉིས་པའི་བཀའ་ཤག་སླེབས་པའི་རྗེས་ལོར་བསྐྱངས་སྐབས་ལོ་བཅོ་ལྔ་འདས་ཟིན་འདུག །གནས་སྟངས་དེ་འདྲ་ལ་བརྟེན་ནས་ན་གཞོན་ཚོའི་རྒྱུད་ལ་དེང་རབས་ཀྱི་སྤྱིའི་གནས་ཚུལ་ལ་མཐོང་རྒྱ་དང་ཐོས་རྒྱ་ངེས་པར་ཆེ་རུ་སོང་ཡོད་ཀྱང༌། དོན་ངོ་མའི་ཤེས་ཡོན་གྱི་ཆུ་ཚད་དང༌། ལྷག་པར་བོད་མིའི་གོམས་གཤིས། སྐད་ཡིག །ཆོས་རིག་བཅས་པའི་ཁྱད་ནོར་རྣམས་རིམ་ཉམས་མ་ཟད། ཕྱིའི་སྐད་ཡིག་ཀྱང་རང་ཐོན་པ་ཞིག་ཆེས་དཀོན་པ།

ད་ལྟའི་སྐབས་སུ་དགོས་མཁོའི་མི་ཆ་རྙེད་དཀའ་བའི་གནས་སྟངས་སུ་གྱུར་ཡོད།“ ཅེས་གསུང་བ་དེ་དག་ལས་བོད་མིའི་ཤེས་ཡོན་གྱི་གནས་ཚད་ཛ་དྲག་གང་འདྲའི་དུས་སྐབས་ལ་སླེབས་ཡོད་པ་རྟོགས་ཐུབ་པ་ཞིག་ཀྱང་རེད། ང་ཚོར་ཕྱི་ནང་གི་མཐུན་རྐྱེན་བཟང་དུ་ཕྱིན་པ་དང་ཤེས་ཡོན་གྱི་གནས་ཚད་གོང་ཐོར་ཕྱིན་དགོས་ཀྱང་དེ་མིན་པ་ཤེས་ཡོན་གྱི་གནས་ཚད་ཉམས་ཆག་གང་འདྲ་བྱས་ནས་འཐུས་ཤོར་ཕྱིན་པ་ཡིན་ནམ། ང་ཚོར་ད་དུང་ཡང་མདུན་བསྐྱོད་དང་བཅོས་བསྒྱུར་གྱི་བསམ་བློ་མེད་པ་འཆར་ཅན་གྱི་བརྒྱུད་ལམ་དེད་ནས་འགྲོ་རྒྱུ་ཡིན་ནམ། ད་ནི་ལས་ཀྱི་སྣེ་བ་ཚོས་གནས་སྐབས་ཀྱི་བསམ་བློ་མ་ཡིན་པའི་མི་རིགས་ཤིག་འཆི་གསོན་གྱི་འགག་རྩར་ཐུག་ཡོད་པས་ཕུགས་རྒྱང་རིང་པོ་དགོངས་པ་བཞེས་ནས་ཤེས་ཡོན་སྤྲོད་དགོས་པའི་དུས་སྐབས་ཤིག་ལ་སླེབས་པ་ངོས་འཛིན་བྱེད་དགོས་ཀྱི་འདུག་སྙམ། ཤེས་ཡོན་གྱི་འཐུས་ཤོར་དེ་དག་རྒྱལ་ཁབ་ཡོད་པ་ནང་བཞིན་ང་ཚོར་གང་ཅི་ཐད་ནས་མཐུན་རྐྱེན་འཛོམས་པོ་མེད་པར་བརྟེན་ནས་ཤེས་ཡོན་ལ་འཐུས་ཤོར་ཕྱིན་ཡོད་ཚུལ་བརྗོད་མཁན་ཡོད་པ་རེད། ང་ཚོའི་རེ་བ་བཞག་པ་ནང་བཞིན་ཞིག་ཤེས་ཡོན་བློ་ཁ་ཁེངས་པ་ཡོང་མི་ཐུབ་པས་འཐུས་ཤོར་གང་ནས་ཕྱིན་ཡོད་པ་སུ་ཞིག་ལ་གནད་ཕིག་པ་འབྲེལ་བརྗོད་བྱེད་མཁན་དཀོན་ཙམ་སྣང༌། དེ་ཡང་འགའ་ཤས་ཀྱིས་ཕ་མས་ལྟ་བ་དང་བསམ་བློའི་འཁྱེར་ཕྱོགས་ཀྱིས་ཕྲུ་གུར་སློབ་གསོ་སྤྲོད་སྟངས་སོགས་མ་འགྲིགས་ཚུལ་དང༌། ཡང་འགའ་ཤས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་སོགས་མ་འགྲིགས་ཚུལ། འགའ་ཤས་ཀྱིས་སློབ་གྲྭའི་སློབ་དེབ་ཀྱི་མ་འགྲིགས་ཚུལ་སོགས་ཀྱི་བཤད་སྟངས་འདྲ་མིན་ཚོགས་ཤིག་མཆིས་ཀྱང༌། གང་ལྟར་ནའང་གཞན་དབང་སྟབས་བསྟུན་གྱི་འདུན་ཤེས་ཆེ་དྲག་པ་དང༌། ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞི་ཡང་དག་པ་ཞིག་མེད་པ་སོགས་ལ་བརྟེན་ནས་ལོ་རབས་བདུན་ཅུ་ཙམ་ནས་ཤེས་ཡོན་གྱི་འཐུས་ཤོར་ཕྱིན་མགོ་ཚུགས་ནས་རིམ་གྱིས་མངོན་གསལ་དོད་པོ་རྟོགས་པ་གྱུར་པ་དེ་རེད། འོན་ཀྱང་ཤེས་ཡོན་སྲིད་ཇུས་ཀྱི་སྒྲོམ་གཞི་ཡང་དག་པ་ཞིག་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཤེས་ཡོན་ཡང་དག་པ་ཞིག་ཡོང་བར་ངེས་པ་གཏན་ནས་མེད་ཅིང༌། དེ་ཡང་ཤེས་རིག་ཚོགས་ཆེན་ཐོག་ཏུ་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་ལས། “འབྱུང་འགྱུར་སྲིད་བྱུས་འདིའི་འོག་ནས་གཞི་རིམ་སློབ་སྦྱོང་ཐོན་པའི་སློབ་ཕྲུག་རྣམས་མཐོ་སློབ་ཏུ་སོན་སྐབས་དངོས་དོན་ར་འཕྲོད་ཐུབ་པ་ཡོང་རྒྱུའི་ཡིད་ཆེས་ཡོད། དེ་ལྟ་ནའང་སྲིད་བྱུས་སམ་རིག་པའི་གཞུང་ལུགས་བཟང་བ་ཙམ་གྱིས་དེའི་གྲུབ་འབྲས་རང་བྱུང་གིས་འཐོན་ཐབས་མེད་ཅིང༌། གྲུབ་འབྲས་བཟང་པོ་ཡོང་དང་མི་ཡོང་སྲིད་བྱུས་དེ་དག་ལག་བསྟར་ཐུབ་མིན་དང་ལག་བསྟར་བྱེད་ཕྱོགས་ཚད་ལྡན་ཡོང་མིན་ལ་མཐའ་གཅིག་ཏུ་རག་ལུས་པར་ཡོད།“ ཅེས་གསུང་དོན་ལྟར་སྲིད་ཇུས་ལག་ལེན་བསྟར་མཁན་གྱིས་འགོ་འོག་ཚང་མའི་བློ་རྩེ་གཅིག་ཏུ་གཏད་ནས་རྣམ་རིག་སྒྲིམ་ནས་ལས་དོན་གནང་དགོས་པ་ཞིག་ལས་ད་དུང་རེ་དོགས་དང་ལེ་ལོའི་རྣམ་གཡེང་སོགས་བྱས་བསྡད་ཚེ་ད་དུང་ཡང་གྲུབ་འབྲས་ཡང་དག་པ་ཞིག་ཐོན་མི་ཐུབ་པ་མངོན་གསལ་དོད་པོ་ཞིག་རེད་སྙམ།

དེ་ཡང་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྐབས་སུ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། “བཙན་བྱོལ་དུ་འབྱོར་ཏེ་དང་ཐོག་ལོ་གྲངས་བཅུ་ཕྲག་ཙམ་གྱི་རིང་ཤེས་ཡོན་གྱི་ལས་དོན་གང་ཅིར་ཚ་ཚ་འུར་འུར་ལྟ་བུས་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད་ཀྱང༌། རིམ་བཞིན་ལས་ཀྱི་སྣེ་མོ་བ་དང༌། སློབ་ཕྲུག་ཕ་མ་བཅས་སོ་སོའི་འཚོ་ཐབས་ཀྱི་མདུན་ལམ་འགྲིགས་ཙམ་བྱུང་སྐབས་བོད་མི་རིགས་ཀྱི་ཕུགས་རྒྱངས་རིང་པོའི་དམིགས་ཡུལ་རྣམས་རིམ་བཞིན་བརྗེད་པ་དང༌། ཤེས་ཡོན་སློབ་སྟོན་གྱི་ལས་དོན་རྣམས་ཀྱང་འཆར་ཅན་ཆོ་ག་ཕྱག་ལེན་གྱི་རྣམ་པར་གྱུར་ནས་ཕྱི་ལོ་ ༡༩༧༠ དཀྱིལ་ཙམ་ནས་འཐུས་ཤོར་འགྲོ་འགོ་ཚུགས་ཏེ་བར་སྐབས་གཞི་རིམ་ཤེས་ཡོན་གྱི་གནས་ཚད་དང༌། ཡ་རབས་བཟང་སྤྱོད་ཆེས་ཉམས་དམས་སུ་གྱུར།“ ཅེས་གསུངས་དོན་ལྟར་སློབ་ཚན་རྣམས་ཀྱང་བོད་ཡིག་ཐོག་ཏུ་ཕབ་བསྒྱུར་མ་ཐུབ་པ་སོགས་ཀྱི་གང་ཅི་ཐད་ནས་འཐུས་ཤོར་ཕྱིན་ཡོད་པ་རེད། དེ་ཡང་བཀའ་བློན་ཁྲི་པ་མཆོག་གིས་ྋརྒྱལ་བའི་བཀའ་སློབ་ལུང་འདྲེན་གནང་དོན་ལས། བྱབྱཐོག་མའི་བསམ་བློར་ང་ཚོའི་སློབ་གྲྭ་ཁག་གི་ནང་འཛམ་བུ་གླིང་གི་ཆེས་མཐོའི་ཤེས་ཡོན་རྣམས་བོད་སྐད་དུ་སློབ་ཐུབ་ན་བསམ་བྱུང༌། འོན་ཀྱང་ད་ལྟ་དབྱིན་སྐད་ཐོག་སློབ་བཞིན་པ་རེད། མ་འོངས་པར་ངེས་པར་ང་རང་ཚོའི་སྐད་ཡིག་ཐོག་ཏུ་བསྒྱུར་དགོས། ངོས་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་ནག་བྱང་ཤར་གྱི་ས་མཚམས་སུ་ཁྲའོ་ཞོན་གྱིས་སློབ་གྲྭ་ཞིག་བཙུགས་འདུག་པ་དེའི་ནང་ཁྲའོ་ཞོན་ཁོ་རང་ཚོའི་སྐད་ཡིག་ཐོག་སློབ་ཀྱི་འདུག་པར་ངོ་མཚར་སྐྱེས་བྱུང༌། ང་ཚོ་ད་ལྟའི་ཆར་དབྱིན་སྐད་ནས་མ་བསླབ་ཐབས་མེད་རེད། རིམ་པས་བསྒྱུར་བཅོས་ཐུབ་ཐབས་གནང་དགོས། ལས་ཀ་དེ་འདྲ་འཕྲལ་དུ་ལག་ལེན་བསྟར་རྒྱུ་དཀའ་ཡང་འབད་བརྩོན་བྱེད་ན་ལོ་ཁ་ཤས་ཀྱི་རྗེས་ནས་ལག་ལེན་བསྟར་ཐུབ་ཀྱི་རེད། སོ་སོ་རང་གི་མི་རིགས་ཀྱི་ཁྱད་ཆོས་དང་གཟི་བརྗིད་མ་ཉམས་པའི་ཆེད་དུ་འདི་འདྲ་ཞིག་ངེས་པར་དགོས།བྱབྱ ཞེས་སོགས་ཀྱི་དྲུག་ཅུ་རེ་གྲངས་ནས་བཀའ་སློབ་རིམ་པ་ཕེབས་ཡོད་ཀྱང་ད་དུང་ལག་ལེན་དང་བཅོས་སྒྲིག་གནང་ཐུབ་མེད་པ་དེ་རེད། དེར་བརྟེན་ནས་བཀའ་བློན་ཁྲི་པ་མཆོག་ནས། “བཀའ་སློབ་ཡང་ཡང་ཕེབས་ཡོད་ཀྱང༌། ང་དང་ང་འདྲ་བའི་འབྲེལ་ཡོད་སྲི་ཞུ་བ་རྣམས་ཀྱིས་ད་ལྟའང་ལག་བསྟར་མ་ཐུབ་པ་དེ་ནི་ངོ་གནོང་དགོས་པ་དང༌། རང་སྐྱོན་ངོས་ལེན་བྱེད་དགོས་པ་ཞིག་ཡིན་སྟབས། ྋགོང་ས་ྋསྐྱབས་མགོན་རིན་པོ་མཆོག་དང༌། བོད་རིགས་མི་མང་ཚོགས་ལ་བཟོད་གསོལ་ཞུ་རྒྱུ་ཙམ་ལས་བྱ་ཐབས་བྲལ།“ ཞེས་བཟོད་གསོལ་ཞུ་ཙམ་ལས་ལྷག་མེད་པ་དེ་རེད། ད་དུང་ཡང་འབྲེལ་ཡོད་རྣམ་པ་ཚོས་དོགས་པ་རྣམ་རྟོགས་སོགས་ཀྱི་དྲ་བ་ནང་དུ་ཚུད་ནས་ཕྱིའི་སྐད་ཡིག་ལ་འགྲམ་ཆུ་ལྡང་ནས་སྡོད་ཚེ་མཐའ་མཇུག་བོད་གངས་ཅན་པ་ཞེས་པའི་ཚིག་འདི་དག་གང་འདྲ་ཞིག་ཏུ་འགྱུར་མིན་ནི་ད་ལྷའི་སྲི་ཞུ་ལས་བྱེད་རྣམས་ཀྱི་ལྷག་བསམ་དང༌། སྙིང་སྟོབས་སོགས་ལ་རག་ལུས་ཡོད་པ་དེ་རེད། དེ་བཞིན་ང་ཚོའི་ཕྲུ་གུ་རྣམས་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་ཐོག་ཏུ་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་གཞན་གྱི་ཕྲུ་གུར་ཡོད་པ་ལྟར་ཟུར་ལྟའི་སྒྲུང་དེབ་འདོད་པ་ཁེངས་པ་ཞིག་ལྟ་ཀློག་བྱ་རྒྱུ་མེད་པ་དང༌། དེ་བཞིན་ཕྲུ་གུའི་རྩེད་ཆས་ཚུན་ཆད་མི་རིགས་གཞན་གྱི་སྐད་ཡིག་ཐོག་བཀོལ་སྤྱོད་བྱེད་པ་མ་གཏོགས་སོ་སོའི་སྐད་ཡིག་ཐོག་ནས་བཀོལ་སྤྱོད་མེད་པ་སོགས་ཀྱི་རང་བཞིན་གྱིས་ང་ཚོའི་སྐད་ཡིག་ཉམས་ཆགས་འགྲོ་བཞིན་ཡོད་པ་རེད། རྒྱ་ནག་་དམར་ཤོག་ཚོགས་པའི་སློབ་གསོའི་དྲིལ་བསྒྲགས་སོགས་ཀྱིས་ནུས་ཤུགས་ཡོད་ཚད་ཤེས་ཡོན་སྤྲོད་སའི་ལྟེ་གནས་སློབ་གྲྭ་ཁག་དང༌། དེ་བཞིན་མི་དམངས་མང་ཚོགས་རྣམས་ལ་སློབ་གསོ་སྤྲད་པས་གྲུབ་འབྲས་ལ་བརྟེན་ནས་རྒྱ་ནག་ཡོངས་རྫོགས་དམར་པོའི་རིང་ལུགས་རིམ་གྱིས་དབང་བསྒྱུར་ཐུབ་པ་བྱུང་བ་ཙམ་དུ་མ་ཟད་ད་ལྟ་བར་དུ་མུ་མཐུད་གནས་མུས་ཡིན་པ་དེ་རེད། དེ་བཞིན་ཕྲུ་གུའི་རྩེད་ཆས་ཚུན་ཆད་རྒྱ་ནག་དམར་ཤོག་རིང་ལུགས་ཡག་པོ་ཡིན་རབ་དང༌། དེ་སྔོན་གྱི་ཕྱི་ཚོགས་རྙིང་པ་ཆེས་གདུག་རྩུབ་དང༌། ཆེས་ཀླ་ཀློ་ཡིན་རབ་སོགས་ཀྱི་ཕྲུ་གུ་ཨ་མཆོག་ནང་དུ་བླུགས་གང་ཐུབ་བྱེད་ཀྱི་ཡོད་པར་བརྟེན་ནས་སྐབས་ཅིག་རིང་དུ་ཁོ་ཚོར་གྲུབ་འབྲས་ཆེན་པོ་ཐུབ་ཡོད་པ་དེ་རེད། དེ་བཞིན་རྒྱ་གར་གྱིས་ཀྱང་གཟུགས་མཐོང་བརྙན་འཕྲིན་སོགས་སུ་སྲོལ་རྒྱུན་གྱི་ལྷ་སྒྲུང་རྣམས་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་སོ་སོའི་སྐད་ཡིག་ཐོག་ཏུ་བཟོ་སྒྲིག་གནང་ནས་བཏོན་པས་ཕྲུ་གུའི་སེམས་ཁམས་ལ་གསུབ་མི་ཐུབ་པའི་བག་ཆགས་ཟབ་མོ་ཞིག་འཇོགས་ཐུབ་ཀྱི་ཡོད།

ང་ཚོ་བཙན་བྱོལ་ནང་དུ་སྡོད་དགོས་རིང་བརྙན་འཕྲིན་སོགས་སུ་བསྟན་རྒྱུ་གནས་སྐབས་ཆ་རྐྱེན་འཛོམས་པ་དཀའ་ཡང༌། ང་ཚོས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་རྣམས་བྱིས་སྒྲུང་གི་ལམ་ནས་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་ཟུར་ལྟའི་དེབ་གཟུགས་ལ་བཟོ་སྒྲིག་གནང་ནས་སོ་སོ་མི་རིགས་ལ་ཞེན་ཁོག་དང༌། སོ་སོའི་རྒྱལ་ཁབ་ལ་དགའ་ཞེན། སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་སྦྱོང་འདོད་ཀྱིས་འཚོ་བ་ཟབ་མོ་ཞིག་ཡོང་བའི་ངེས་པར་ན་ཆུང་རྣམས་ལ་སློབ་གསོ་འཐུས་ཤོར་མེད་པ་སྤྲོད་རྒྱུ་ནི་ཧ་ཅང་གི་གལ་ཆེའི་གནས་སྟངས་ཤིག་ལ་སླེབས་འདུག་སྙམ། དེ་ཡང་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྟེང་དུ་ྋརྒྱལ་བ་རིན་པོ་ཆེས་བཀའ་སློབ་ལས། “དུས་རབས་གསར་པ་འདིའི་ནང་དེང་སང་གི་སློབ་ཚན་གསར་པ་ཡར་རྒྱས་ཕྱིན་པའི་ཐོག་ནས་སློབ་ཚན་མང་པོ་ཞིག་རྙེད་ཡོད་པ་དེ་དག་ཀྱང་བོད་ཡིག་ནང་བསྒྲུབ་མ་ཐུབ་པ་གཅིག་དང་བསྒྱུར་མ་ཐུབ་པ་ཞིག་ཡོང་གི་མ་རེད་བསམ་སྟེ་དེར་ང་ཚོ་གདེང་འཁེལ་བ་ལྟ་བུ་ཞིག་ཕལ་ཆེར་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་མི་རིགས་ཀྱི་ཆ་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་པ་དེ་དང་བོད་ཡིག་དེ་དངོས་གནས་སྤོབས་པ་སྐྱེ་རྒྱུའི་གཞི་གཅིག་ཆགས་འདུག“ །ཅེས་རིན་བྲལ་བཀའ་སློབ་རིམ་པ་ཕེབས་དོན་ལྟར་འབྲེལ་ཡོད་རྣམ་པ་ཚོས་རྣམ་རིག་བསྒྲིམ་ནས་ལས་དོན་གནང་དགོས་པ་ཞིག་ལས་འཆར་ཅན་ལས་དོན་ལྟ་བུ་ཞིག་ཏུ་ངོས་འཛིན་ནས་ལས་དོན་གནང་ན་མ་འོངས་པ་བོད་མི་རིགས་ལ་གྱོང་གུད་གསུབ་མི་ཐུབ་པ་འབྱུང་མི་སྲིད་པ་ངེས་པ་གཏན་ནས་མེད་ཅིང༌། དེ་བཞིན་འབྲེལ་ཡོད་དགེ་ལས་རྣམ་པར་ལས་འགན་ཆེན་པོ་ཞིག་ཡོད་པ་དང༌། ཕྲུ་གུར་དང་པོ་ཤེས་རིག་གི་ས་བོན་འདེབས་མཁན་ནི་དགེ་རྒན་ཡིན་གཤིས། ཕྲུ་གུས་དགེ་རྒན་གྱི་སློབ་ཁྲིད་གནང་ཚད་འགྲིགས་པ་ཞིག་ལ་ངོས་འཛིན་བྱེད་པ་མ་གཏོགས་ནོར་བ་ཞིག་ལ་གཏན་ནས་ངོས་འཛིན་མི་བྱེད་ཅིང༌། གལ་སྲིད་དགེ་རྒན་གྱི་ནོར་བ་ཞིག་བྲིས་ཡོད་ན་དེ་ནོར་འདུག་བརྗོད་ན་དེ་ནི་དགེ་ལགས་ཀྱིས་བྲིས་པ་རེད་ནོར་ཡོད་མ་རེད་ཅེས་བརྗོད་ནས་ཕྲུ་གུས་ཁས་གཏན་ནས་མི་ལེན་པ་དེ་རེད། དགེ་རྒན་རྣམས་པས་ཕྲུ་གུར་སྣང་ཆུང་ལྟ་བུ་མ་ཡིན་པས་ཡིད་གཟབ་ངང་ནས་སློབ་གསོ་སྤྲོད་རྒྱུ་ནི་ཧ་ཅང་གལ་གནད་ཅན་ཞིག་ཡིན། ང་ཡི་གྲོགས་པོ་ཞིག་ཡོད་པས་ངེད་གཉིས་སློབ་གྲྭ་ནང་དུ་སྤྱིར་བཏང་སྐད་ཡིག་སྐོར་ལ་ཕན་ཚུན་བསམ་ཚུལ་གླེང་སྐབས་ཁོ་པས་འདི་ལྟར་ཞིག་བརྗོད་མྱོང་ཡོད། ང་ཚོའི་དགེ་རྒན་ལགས་ཀྱིས་མི་རིགས་སོ་སོའི་སྐད་བརྒྱབ་ན་དེ་ནི་ཧ་སངས་དགོས་པའི་གནས་སྟངས་ཤིག་གཏན་ནས་མ་རེད། སོ་སོའི་མི་རིགས་ཀྱི་སྐད་ཡིག་མ་ཡིན་པ་ཞིག་བརྒྱབ་ན་དེ་ནི་ཧ་སངས་དགོས་པ་ཞིག་རེད་ཅེས་གསུང་བྱུང་ཟེར་ནས་དེར་བདེན་པ་དང་ཡིད་ཆེས་ཡོད་པས་རྣམ་འགྱུར་གྱི་ཐོག་ནས་དབྱིན་སྐད་ལ་སྦྱོང་བརྩོན་བྱས་ན་ཁེ་ཕན་ཆེ་བ་ཡོད་ཚུལ་སོགས་ཟེར། སྐབས་དེར་སྣང་མེད་ལྟ་བུའི་བསམ་བློ་གེར་བཏང་མེད། ད་སྐབས་སེམས་རྣལ་དུ་ཕབ་ནས་བསམ་བློ་ཞིག་བཏང་དུས་དགེ་རྒན་གྱིས་སློབ་གསོ་སྤྲོད་སྟངས་དེ་ནོར་བ་ཞིག་ཡིན་པ་ངོས་འཛིན་མི་བྱེད་ཀ་མེད་རེད། དགེ་རྒན་གྱིས་ཕྲུ་གུར་སློབ་གསོ་དེ་འདྲ་ཞིག་སྤྲོད་ཀྱི་ཡོད་ན་མ་འོངས་པ་ང་ཚོའི་སོན་རྩ་ཡིན་ཞེས་རེ་བ་དང་ཡིད་ཆེས་འཇོག་སའི་བུ་ཕྲུག་དེ་དག་ལ་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཚང་བའི་གསོ་སྐྱོང་ཞིག་བྱེད་ཐུབ་ཀྱི་རེད་དམ། ང་ཚོའི་ཆོས་དང་རིག་གཞུང་རྩ་བ་ཆེན་པོ་ཡིན་ཞེས་འགོ་འོག་ཚང་མས་ཁ་སྣ་བར་ནས་རྗོད་བཞིན་པ་དེ་ག་འདྲ་ཞིག་ཆགས་ཀྱི་རེད། ངས་དགེ་རྒན་ཚང་མ་དེ་འདྲ་ཞིག་གསུང་མཁན་རེད་གཏན་ནས་བརྗོད་ཀྱི་མེད། དགེ་རྒན་གྱིས་སློབ་གསོ་སྤྲོད་སྟངས་ལ་བརྟེན་ནས་ཕྲུ་གུའི་སེམས་ཁམས་ལ་བག་ཆགས་དེ་འདྲ་ཞིག་འཇོག་ཐུབ་པ་ནུས་ཤུགས་ཡོད་པ་རེད་ཅེས་པའི་དོན་ཡིན། དེ་བཞིན་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་མཛད་སྒོ་ཐོག་ྋརྒྱལ་བ་རིན་པོ་ཆེའི་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་རིན་ཐང་བྲལ་བའི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་བ་དེ་དག་འབྲེལ་ཡོད་རྣམ་པ་ཚོས་ཤོག་དཀར་སྟེང་དུ་ཕབ་ཐུབ་ཙམ་ཞིག་མ་ཡིན་པར་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་དེ་དག་འཕྲལ་དུ་ལག་ལེན་བསྟར་ཐུབ་པའི་ངེས་པར་དུ་གནང་དགོས་ཤིང༌།

དེ་བཞིན་སློབ་གྲྭ་ཁག་ཏུ་མཚན་ཉིད་ཀྱི་སློབ་ཁྲིད་གནང་སྐབས་གྲྭ་སར་མཚན་ཉིད་སློབ་ཁྲིད་གནང་སྟངས་ལྟ་བུ་མ་ཡིན་པའི་ཐོག་ནས་དེང་རབས་མཐུན་པའི་མཚན་ཉིད་སློབ་ཁྲིད་གནང་ཐབས་བྱེད་དགོས་པ་དང༌། དེ་དག་སློབ་དེབ་གསར་བཟོ་གནང་དགོས་པ་སོགས་ཀྱི་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གནང་སོང་བ་ལྟར་ངེས་པར་དུ་ལས་དོན་འཕྲལ་དུ་མགོ་འཛུགས་ཐུབ་པས་འབྲེལ་ཡོད་རྣམ་པ་ཐུགས་འཁུར་ཆེར་བཞེས་ཀྱིས་གཡས་ཁག་གཡོན་དཀྲི་མེད་པས་མགྱོགས་མྱུར་སློབ་དེབ་གསར་བཟོ་དོན་འཁྱོལ་ཡོང་བ་གནང་དགོས་པ་དེ་རེད། དཔེར་ཞིག་བརྗོད་ན་དམག་མི་ཞིག་དམག་སར་འགྲོ་བར་དང་པོ་གོ་ལག་དང་ཐབས་ལམ་ཚད་དང་ལྡན་པ་ཞིག་དགོས་པ་རེད། གོ་ལག་དང་ཐབས་ལམ་ཚད་དང་ལྡན་པ་ཞིག་མེད་ན་དམག་སར་གཡུལ་འགྱེད་བྱེད་མི་ཐུབ་པ་མ་ཟད་གཡུལ་འགྱེད་ཕམ་རྒྱུ་ཡིན་པ་ནི་འབྲེལ་བརྗོད་མ་དགོས་པ་ཞིག་རེད། ཕྲུ་གུའི་སེམས་ཁམས་དང་མཐུན་པའི་སློབ་དེབ་གསར་བཟོ་གནང་རྒྱུ་ནི་ཧ་ཅང་གལ་ཆེའི་གནས་སྟངས་ཤིག་ཏུ་གྱུར་ཡོད། དེ་ཡང་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཏུ་ྋརྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལས། “རིགས་ལམ་བཤད་ས་དེང་དུས་སློབ་ཚན་གྱི་དོན་དག་ཏུ། དཔེར་ན་སུམ་རྟགས་ནང་སྔོན་འཇུག་རྗེས་འཇུག་ལ་མུ་བཞི་བརྩི་བ་ལྟ་བུས་མཚོན། ཁྱབ་དང་མ་ཁྱབ་བརྩི་བ་ལྟ་བུ། དེང་དུས་སློབ་ཚན་དེ་སློབ་སྟངས་རིགས་ལམ་གྱི་འགྲོ་སྟངས་ལྟར་བྱུང་ན་ཕན་ཐོགས་ཡོང་ས་རེད། ནང་ཆོས་ཀྱི་ཚན་རིག་ཟེར་དུས་བློ་ཡི་རྣམ་གཞག་དང༌། ཡུལ་དང་ཡུལ་ཅན་དེ་ཚེ་སླེབས་ཡོང་གི་རེད་མོད། རིག་པའི་འགྲོ་སྟངས་རྐྱང་རྐྱང་དེ་ནང་པའི་དཔེ་ཆ་ནང་ཡོད་པ་ཞིག་མིན་པ་བྱས་ནས། དེང་དུས་ཀྱི་ཤེས་ཡོན་གྱི་སྡེ་ཚན་གང་དང་གང་ཡིན་ནའང་རིག་པའི་འགྲོ་སྟངས་དེ་སློབ་པའི་སློབ་དེབ་ཅིག་བཟོས་ན་ཡག་པོ་མེད་འགྲོ། ཤེས་རིག་ལས་ཁུངས་དང༌། ཆོས་རིག་ལས་ཁུངས་ཁྱོད་རང་ཚོས་ཚོགས་ཆུང་བཙུགས་ན་ཡག་པོ་མེད་འགྲོ་བསམ་སོང༌།“ ཞེས་ལམ་སྟོན་གནང་ཡོད། ད་སྐབས་བོད་མི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ནས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ཤས་ལ་ལག་ལེན་བསྟར་མུས་ཡིན་པ་བསྒྲགས་ཡོད། ཡིན་ནའང་ལག་ལེན་བསྟར་བ་ཙམ་གྱིས་འགྲིགས་ཐབས་གཏན་ནས་མེད་ཅིང༌། ཤེས་ཡོན་སྲིད་བྱུས་ནང་དུ་ཡོད་པའི་དོན་གནད་རྣམས་རིམ་པའི་ལག་བསྟར་ཚད་ལྡན་གནང་ཐུབ་པ་བྱེད་དགོས་པ་དེ་རེད། བཀའ་བློན་ཁྲི་པ་མཆོག་ལ་དྲི་བ་དྲིས་ལན་སྐབས་སུ་ད་དུང་ཤེས་ཡོན་གྱི་སྣེ་ཁྲིད་པ་འགའ་ཤས་ཀྱིས་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་དགོས་པའི་རྒྱུ་མཚན་དང༌། དེ་དག་མཐའ་ཐུག་གི་དམིགས་ཡུལ་སོགས་ཁོག་ཏུ་མ་ཆུད་པ་ཡོད་པས་འཚོ་སྣང་དང་འབྲེལ་མི་དམངས་དབྱིངས་ལ་ཐུགས་ཁག་མི་འདུག་སྙམ་པའི་འཚོ་བ་སྐྱུར་མོ་ཞིག་ཀྱང་དབང་མེད་དུ་སྐྱེས་བྱུང་ལ། དེ་བཞིན་ཡིད་ཆེས་གདེང་སྤོབས་མེད་བཞིན་དུ་ལག་བསྟར་གནང་ན་གང་འདྲ་ཞིག་ཡོང་ན་སྙམ་ནས་བློ་འཚབ་ཅིག་སྐྱེས་བྱུང༌། དེ་ཡང་བོད་ཀྱི་བང་ཆེན་འདོན་ཐེངས་ ༢༦༡ ནང་དུ་སྤྱི་འཐུས་ཚོགས་གཙོ་མཆོག་ནས། “སློབ་གྲྭ་གཞན་ཁག་ནང་དེ་འདྲའི་མཐུན་རྐྱེན་ཆ་ཚང་མ་འཛོམས་པའི་གོང་ལ་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱས་ན། ནུས་པ་ག་ཚོད་ཐོན་གྱི་ཡོད་མེད་ཐེ་ཚོམ་ཡོང་སྲིད་པ་རེད་བསམ་གྱི་འདུག“ །ཅེས་དང༌། ཡང་བོད་ཁྱིམ་སློབ་སྤྱི་མཆོག་ནས། “བོད་ཕྲུག་ཁྱིམ་སྡེའི་ནང་དགེ་རྒན་རྐྱང་པ་ ༧༠༠ ལྷག་ཙམ་ཡོད་རེད། ཤེས་ཡོན་སྲིད་བྱུས་ཀྱི་གོ་དོན་བྱས་པ་ཡིན་ན། དམའ་རིམ་སྔོན་འགྲོའི་དགེ་རྒན་རྣམས་དང༌། གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཉུང་མཐར་རབ་འབྱམས་པའི་ལག་ཁྱེར་དགོས་ཀྱི་རེད། དེའི་སྒང་ལ་དགེ་རྒན་འོས་སྦྱོང་དགོས་རེད་ལབ་ཀྱི་ཡོད་རེད། དེ་བསྐྲུན་པ་ལ་ལོ་ཉི་ཤུ་སུམ་ཅུ་དགོས་ཀྱི་རེད་བསམ་གྱི་འདུག །ད་ཡོད་དགེ་རྒན་ཡོད་པ་དེ་ཚོ་ཕྱིར་འབུད་བྱེད་རྒྱུ་ནི་ཡོད་མ་རེད།“ ཅེས་དང༌། ད་ལྟ་ཡོད་བཞིན་པ་དེ་དག་ལ་ཟབ་སྦྱོང་སོགས་སྤྲད་ནས་དགེ་རྒན་གྱི་གནས་ཚད་གོང་ཐོར་གཏོང་ནས་མ་འོངས་པ་རིམ་པས་དགེ་རྒན་ཚད་ལྡན་ཞིག་སྐྲུན་དགོས་པ་དེ་རེད། དགེ་རྒན་ལ་ཤེས་ཚད་མེད་ན་དགེ་རྒན་ཡིན་ཞེས་ས་མིག་མ་སྟོངས་ཙམ་དུ་བསྐང་ནས་བཞག་ན་མ་འོངས་པ་བོད་ཕྲུག་ཚད་ལྡན་ཞིག་བསྐྲུན་ཐུབ་ཀྱི་རེད་དམ། ད་དུང་ང་ཚོའི་གཡས་ཁག་གཡོན་དཀྲིས་བྱས་ནས་བློ་དོགས་དང་ཐེ་ཚོམ་སོགས་ཀྱི་ངང་སྡོད་ཚེ་དུས་ནམ་ཡང་ང་ཚོའི་བོད་ཕྲུག་ཤེས་ཡོན་ཚད་ལྡན་ཅན་ཞིག་སྐྲུན་མི་ཐུབ་པ་དེ་རེད། དང་ཐོག་སློབ་གྲྭ་བཙུགས་དུས་དམིགས་ཡུལ་དེ་གང་ཞིག་ཡིན་པ་དེ་ངེས་པར་ཤེས་དགོས།

དེ་ཡང་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྟེང་དུ་བཀའ་ཁྲི་མཆོག་གིས། “ྋགོང་ས་ྋསྐྱབས་མགོན་ཆེའི་བཀའི་ཕེབས་སྒོར། ཐོག་མ་ནས་ཕྲུ་གུ་རུབ་རུབ་མ་བཟོས་པར་རྒྱ་གར་ནང་ཁུལ་རོགས་རམ་ལ་བརྟེན་ནས་བཀྲམ་ན་རྒྱ་གར་ནང་སློབ་གྲྭ་ཁག་སྟོང་ཕྲག་མང་པོ་ཡོད་སྟབས་དུས་གཅིག་ལ་བཀྲམ་ཐུབ་ཀྱི་རེད། འོན་ཀྱང་ང་ཚོས་ལས་ཀ་ལས་སླ་བ་དེ་ཕར་བཞག་ནས་དཀའ་ལས་ཁག་པོ་ཞིག་དང་དུ་བླངས་ཏེ་བོད་པ་རང་གིས་སློབ་གྲྭ་ཟུར་དུ་བཙུགས་ཡོད་པ་དང༌། ང་ཚོས་རང་གི་འགྲོ་གྲོན་བཏང་ཡང་བཏང་ཡོད།“ ཅེས་དང༌། ཡང་མུ་མཐུད་དུ་“ང་ཚོས་བོད་མི་རིགས་ཀྱི་བསམ་བློ་བཞག་ནས་རྒྱ་གར་བའི་སློབ་གྲྭར་བཏང་ཧིན་དྷི་སྐད་ཡིག་ཤེས། སྐེ་ལ་ཊཡེ་བརྒྱབས། རྒྱ་གར་གྱི་ལས་ཀ་ཐོབ། སོ་སོའི་སྒེར་གྱི་འཚོ་བ་འགྲིགས་ཙམ་ཡོང་མདོག་ཁ་པོ་རེད། འོན་ཀྱང་བོད་སྐད་དང་བོད་མའི་ཤེས་ཡོན་ཁྱད་ཆོས་ལྡན་པ་དེ་མེད་པར་དེང་སང་རྒྱ་གར་ནང་ཡོད་པའི་སྔར་གྱི་བོད་མིའི་རིགས་རྒྱུད་ཡིན་པའི་རྟ་མང་ཟེར་བ་ཁོང་ཚོ་ལྟ་བུ་ཆགས་ན་ཁ་ནས་བོད་མི་རིགས་ཞེས་བཤད་ཀྱང༌། དོན་ལ་མི་རིགས་ཕུ་བརྒྱབས་པ་རེད།“ ཅེས་དང༌། ཤེས་རིག་ཚོགས་ཆེན་དུ་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལས། “ང་ཚོར་ཐུག་ནས་སྐད་ཆ་བཤད་ཀྱི་འདུག །ངས་རྟག་པར་ཁྱེད་རང་ཚོར་ཡི་གེ་ཡོད་པ་རེད་དམ་ཞེས་བཤད་བསྡད་ཡོད། མང་ཆེ་བར་ཡི་གེ་མི་འདུག །མི་ལ་དེ་འདྲ་བཤད་སྐབས། ང་ཚོ་བོད་པ་རྒྱ་ནག་གི་ཡི་གེ་དང༌། རྒྱ་གར་གྱི་ཡི་གེ་ལ་བརྟེན་དགོས་ཀྱི་མེད། སོ་སོར་ཡི་གེ་ཡོད་བསམ་པའི་སྤོབས་པ་སྐྱེ་ཡོང་གི་འདུག“ །ཅེས་སོགས་ཀྱི་བཀའ་སློབ་རིན་ཐང་བྲལ་བ་ཕེབས་པ་འདི་དག་གཞི་རྩ་འཛིན་ནས་ལས་དོན་གནང་དགོས་པ་ཞིག་ལས་ད་དུང་ཡང་གཞན་དབང་སྟབས་བསྟུན་དང་ལྟོ་གོས་སོགས་ཀྱི་ཆེད་དུ་ནར་འགྱང་ཕྱིན་བསྡད་ཚེ་ནམ་ཞིག་ང་ཚོའི་སྐད་ཡིག་འདི་ཉིད་འཐུས་ཤོར་རིམ་པས་ཕྱིན་ན་དེ་དུས་ཨ་ཁ་བསམ་པའི་འཚོ་སྣང་དང་གནོང་འགྱེད་ཀྱིས་ཁེངས་ན་དེ་དུས་ཕྱི་དྲག་པ་ཞིག་རེད་སྙམ། ད་སྐབས་ནས་རྣམ་རིག་བསྒྲིམ་ནས་ཕུགས་རྒྱངས་རིང་པོའི་བསམ་བློ་བཏང་ནས་ལས་དོན་གནང་དགོས་པའི་དུས་ཚོད་ཅིག་ལ་སླེབས་འདུག་སྙམ་མོ། ཞེས་པ་འདི་ནི་ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་ཕུལ།

ཁ་བ་གངས་ཅན་གནས་མཆོག་ནས།། ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས།།
ངལ་བ་བརྒྱ་ཕྲག་དང་དུ་བཞེས།། རྒྱ་གར་འཕགས་པའི་ཡུལ་དུ་ཕེབས།།

རིག་པའི་གནས་རྣམས་ཁོང་དུ་ཆུད།། གངས་ཅན་བོད་ལ་ཕྱིར་ཕེབས་མཛད།།
དབྱངས་གསལ་སུམ་ཅུ་གཏན་ལ་ཕབ།། ནང་དོན་རིག་པ་རྩ་བ་བཙུགས།།

ཀ༵་ཁ༵་ལ་བརྟེན་ལུས་སེམས་བདེ།། ག༵་ང༵་མི་རིགས་བླ་སྲོག་ཡིན།།
ཅ༵་ཆ༵་བོད་ཀྱི་གཅེས་ནོར་ཡིན།། བོད་འབངས་རྣམས་ཀྱི་ལེགས་པར་སྦྱོངས།།

ཇ༵་ཉ༵་མཐོ་སྒང་མུན་པ་སེལ།། ཏ༵་ཐ༵་ཤེས་རབ་སྒྲོན་མེ་སྤར།།
ད༵་ན༵་བོད་མིའི་གཅེས་ནོར་ཡིན།། བོད་འབངས་རྣམས་ཀྱི་ལེགས་པར་སྦྱོངས།།

པ༵་ཕ༵་སྐད་རིགས་མ་འདྲེས་པའི།། བ༵་མ༵་ལོ་རྒྱུས་དཔང་པོ་ཡིན།།
ཙ༵་ཚ༵་བོད་མིའི་གཅེས་ནོར་ཡིན།། བོད་འབངས་རྣམས་ཀྱི་ལེགས་པར་སྦྱོངས།།

ཛ༵་ཝ༵་ང་ཚོའི་རིག་གནས་ནི།། ཞ༵་ཟ༵་ང་ཚོའི་འཚོ་བཅུད་ཡིན།།
འ༵་ཡ༵་བོད་མིའི་གཅེས་ནོར་ཡིན།། བོད་འབངས་རྣམས་ཀྱི་ལེགས་པར་སྦྱོངས།།

ར༵་ལ༵་རིས་མེད་སྐྱེ་བོ་ལ།། ཤ༵་ས༵་བརྟན་བདེའི་འོད་སྣང་སྦྱིན།།
ཧ༵་ཨ༵་བོད་མིའི་གཅེས་ནོར་ཡིན།། བོད་འབངས་རྣམས་ཀྱི་ལེགས་པར་སྦྱོངས།།

རྩོམ་རིག

Post navigation

Previous Post: མེ་ལྕེ་འབར་མཚམས་འཇོག་དགོས་པའི་རྒྱུ་མཚན།
Next Post: ལོ་སི་ཨན་ཇི་ལེ་སུ་(Los Angeles) རུ་ལྒང་ཕུག་གི་འཕྲད་དར་གནམ་ལ་སྤུར་ཏེ་ཞིས་ཅིན་ཕིན་ལ་ངོ་རྒོལ་བྱས་པ།

Comments (3) on “བོད་ཀྱི་སྐད་ཡིག་སྐོར་ལ་དཔྱད་གླེང་སྒྲོན་མེ།”

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-02-19 at 11:42 pm

    བ་མ་ལོ་རྒྱུས་དཔང་བོ་ཡིན་ན་ཁ་ལེབ་ལོ་རྒྱུས་པགས་པ་ཡིན་རྒྱུ་རེད། ཧ་ཧ་ཧ་་་

  2. ཨོ་རྡོ། says:
    2012-02-19 at 11:43 pm

    དངོས་གནས་ཡག་པོ་ཞེ་དྲག་གསུངས་འདུག རྗེས་སུ་ཡིད་རངས་ཡོད། བོད་འབངས་ཡོངས་ཀྱིས་གོ་རྟོགས་ཐུབ་པ་དང། ཚོར་བ་ཞིག་སླེབ་པའི་སྨོན་ཡོད། བཀྲིས་བདེ་ལེགས།

  3. ཨོ་རྡོ། says:
    2012-02-20 at 12:01 am

    ནོར་བཅོས། ཚོར་བ་དྲག་པོ་ཞིག་སྐྱེ་བའི་སྨོན་ལམ་ཞུ་བཞིན་ཡོད་ཅེས་བརྗོད་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme