Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད།

Posted on 2012-02-022012-02-02 By ཤར་ཕྱོགས་ཁུག་རྟ། 13 Comments on ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད།

རྩོམ་སྒྲིག་པའི་གཏམ། ༢༠༡༡ལོའི་ཟླ་༡༢ཚེས་༩ཉིན། འཇར་མན་གྱི་《ཧྥ་ལན་ཁེ་ཧྥུ་》ཚགས་པར་ཁང་གིས་འཇར་མན་ལ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲུང་གཞོན་པ་ཀྲུའུ་ཝེ་ཆུན་ལ་བཅར་འདྲི་བྱས་ཤིང་། ༢༠༡༢ལོའི་ཟླ་༡ཚེས་༢༥ཉིན་ཁ་བྱང་ལ་《ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད་》ཅེས་པའི་རྩོམ་ཡིག་སྤེལ་ནས་བཅར་འདྲི་དེའི་སྐོར་བཀོད་ཡོད་ལ། རྩོམ་ཡིག་ཧྲིལ་བོ་གཤམ་གསལ་ལྟར།

ཀྲུའུ་ཝེ་ཆུན་གྱིས་འདི་ལྟར། རྒྱ་རིགས་དང་བོད་རིགས་བར་ལ་ཡང་བསྐྱར་འགལ་བ་བྱུང་ཞིང་། ངོ་རྒོལ་བྱེད་སྒོའི་ནང་མི་འགའ་ཤས་ཀྱི་སྲོག་ཤོར་ཡོད་པ་འདྲ། ཏཱ་ལའི་བླ་མས་དུས་རྒྱུན་རིགས་རྒྱུད་རྩ་མེད་དུ་གཏོང་བའི་སྐོར་འུད་སྒྲོག་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་བྱུང་།

ཏཱ་ལའི་བླ་མས་འདི་སྐད། བོད་ལྗོངས་སུ་ཡང་བསྐྱར་རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་བྱུང་ཡོད་ལ། བཙན་བྱོལ་བོད་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ལོ་གཅིག་ཀྱང་མ་འགོར་བའི་དུས་ཡུན་ནང་རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་༡༥བྱུང་ཞིང་། དེ་ནི་ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བའི་མཚོན་པ་དང་། བོད་མི་རྣམས་ཀྱིས་ཐབས་ལམ་འདི་ལ་བརྟེན་ནས་མི་རྣམས་ཀྱིས་ཁོང་ཚོར་དོ་སྣང་དང་། ས་དེ་དག་གི་དགོན་པར་དྲག་གནོན་ཐེབས་པའི་གནས་ཚུལ་ལ་དོ་སྣང་བྱེད་པའི་རེ་བ་བྱེད་བཞིན་པ་རེད་ཅེས་བརྗོད།

ཀྲུའུ་ཝེ་ཆུན་གྱིས་ཏཱ་ལའི་བླ་མའི་བཤད་ཚུལ་དེར་མགོ་བོ་འཕྲེད་དུ་གཡུག་པ་དང་ཆབས་ཅིག་བཤད་དོན་ལ། དེ་ནི་དྲིལ་བསྒྲགས་སྡུག་པོ་ཞིག་རེད། ང་ཚོས་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བཤད།

ཀྲུའུ་ཝེ་ཆུན་གྱིས་བཤད་པའི་ང་ཚོ་ཞེས་པ་ནི་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་སྲིད་གཞུང་ལ་གོ་ཞིང་། ཁོས་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་ཡོད་པ་དང་། ཀྲུང་དབྱང་སྲིད་གཞུང་ནས་བོད་ལྗོངས་ཀྱི་ལས་དོན་སྐོར་ལ་འགན་ཁུར་གྱི་ཡོད། ཀྲུའུ་ཝེ་ཆུན་དུས་རྒྱུན་བོད་ལྗོངས་སུ་རྟོག་ཞིབ་ཏུ་འགྲོ་བཞིན་ཡོད་ལ། གཟའ་འཁོར་འགའི་གོང་དུ་ཡང་བོད་ལྗོངས་སུ་ཕྱིན་ནས་ས་དེའི་གནས་ཚུལ་རྒྱུས་ལོན་བྱས་ཡོད།

ཀྲུའུ་ཝེ་ཆུན་གྱིས་གྲང་ངར་ཆེ་བའི་ནམ་ཟླར་མ་འཛེམས་པར་སྡོམ་རྩིས་དང་གཞི་གྲངས་མི་ཉུང་བ་ཁྱེར་ནས་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་ཡོང་ཞིང་། སྡོམ་རྩིས་དེ་དག་གིས་ཁོ་བོས་བརྗོད་པའི་དོན་རྣམས་བདེན་དཔང་བྱེད་ཐུབ་ཀྱི་ཡོད། ཁོ་རང་ཅོག་ཙེར་ཁེན་ནས་བརྗོད་རྒྱུར། ༢༠༠༦ལོ་ནས་༢༠༡༠ལོ་ཁོ་ནའི་བར། ཀྲུང་གོའི་སྲིད་གཞུང་གིས་བོད་ལྗོངས་སུ་ཀྲུང་གོའི་སྒོར་དུང་ཕྱུར་༡༣༧༠བཏང་ཞིང་། ༢༠༡༡ལོ་ནས་མགོ་བརྩམས་པའི་ཐེངས་རྗེས་མའི་ལོ་ལྔའི་འཆར་གཞིའི་སྐབས་སྒོར་དུང་ཕྱུར་༣༣༠༠གཏོང་རྩིས་ཡོད་ཅེས་བཤད།

ཁོས་བཤད་རྒྱུར། བོད་ལྗོངས་ཀྱི་རྒྱལ་ནང་གི་སྤྱིའི་ཐོན་སྐྱེད་རིན་ཐང་དང་། མི་རེའི་ཆ་སྙོམས་ཡོང་འབབ། དེ་བཞིན་མི་རེའི་ཆ་སྙོམས་ཚེ་ལོ་སོགས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་པས། ཏཱ་ལའི་བླ་མས་གཟབ་ནན་གྱི་སྒོ་ནས་བོད་ལྗོངས་ཀྱི་གནས་སྟངས་མི་ལེགས་པའི་སྐོར་བཤད་བྱེད་དགོས་དོན་ཡང་སྙིང་ཅི་ཡིན་ནམ། ཏཱ་ལའི་བླ་མས་བཤད་པ་དང་ལྡོག་སྟེ་༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། བོད་ལྗོངས་ཀྱི་མི་འབོར་ཁྲི་༡༠༠ནས་ཁྲི་༣༠༠བར་མང་དུ་ཕྱིན་ཡོད།

ལྟ་ཚུལ་གཞན་ཞིག་གིས་བོད་ལྗོངས་སུ་ཇེ་མང་དུ་ཕྱིན་པའི་མི་དེ་དག་ནི་གནས་སྤོ་བྱས་པའི་རྒྱ་རིགས་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་མོད། ཀྲུའུ་ཝེ་ཆུན་གྱིས་དེ་ཁས་ལེན་བྱེད་ཀྱི་མེད་པ་རེད། ཁོས་དེའི་སྐོར་ལ་འདི་ལྟར། བོད་ལྗོངས་ཀྱི་མི་མང་ཆེ་བ་ནི་བོད་རིགས་ཡིན་ཞིང་། རྒྱ་རིགས་དང་ཧུའེ་རིགས་སོགས་མི་རིགས་གཞན་པ་ཡང་ཡོད། དེ་ནི་རིགས་ཕྱེ་འོས་པ་ཞིག་མ་རེད། དོན་དངོས་སུ་བོད་ལྗོངས་སུ་རིགས་མི་འདྲ་བའི་མི་རིགས་བཅུ་ཡོད་པ་རེད་ཅེས་བཤད་བྱུང་།

ནུབ་ཕྱོགས་ཀྱིས་ཏཱ་ལའི་བླ་མར་རྒྱུ་མཚན་གསལ་བོ་མི་ཤེས་པར་ཡིད་ཆེས་བྱེད་པ།

སྡོམ་རྩིས་ཀྱི་གྲངས་ཀ་སྣ་ཚོགས་པ་ཕུད། ཀྲུང་གོའི་ཧྥུའུ་པུའུ་ཀྲང་གཞོན་པ་འདིས་དུས་ཚོད་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་འདུག ཁོ་དང་གླེང་མོལ་མགོ་བརྩམས་མ་ཐག་ནས་དེ་ཧ་ཅང་གསལ་བོ་ཤེས་ཐུབ། ཀྲུང་གོའི་སྲིད་གཞུང་གིས་བོད་དོན་དང་ཏཱ་ལའི་བླ་མའི་སྐོར་གླེང་མི་འདོད་པར་བརྟེན་ཐོག་མཐའ་བར་གསུམ་དུ་སྐྱོན་བརྗོད་ཐེབས་ཀྱི་ཡོད་མོད། ཀྲུའུ་ཡིས་གནས་སྟངས་དེར་འགྱུར་བ་གཏོང་བའི་འདོད་ཚུལ་བསྟན་པ་སྟེ། ཁོས་ང་ཚོས་ཐབས་ལམ་འོས་འཚམ་བརྒྱུད་རང་གི་ལྟ་བ་ཕྱིར་མཚོན་པར་བྲེལ་བ་ཆེན་པོ་ལངས་བཞིན་ཡོད་ལ། ནུབ་ཕྱོགས་ཀྱིས་ཏཱ་ལའི་བླ་མར་རྒྱུ་མཚན་གསལ་བོ་མི་ཤེས་པར་ཡིད་ཆེས་བྱེད་ཀྱི་ཡོད་མོད། དོན་དངོས་སུ་ཏཱ་ལའི་ཡི་འཐབ་ཇུས་ཀྱི་ཕུགས་ནི་ཤིན་ཏུ་བརྡོལ་སླ་བོ་ཞིག་རེད་ཅེས་བཤད།

འདས་པའི་ལོ་ངོ་བཅུ་གྲངས་འགའ་ཤས་རིང་། ཏཱ་ལའི་ནི་བོད་རིགས་མི་དམངས་ཀྱི་ཆོས་དང་སྲིད་ཀྱི་མགོ་ཁྲིད་དུ་གྱུར་ཞིང་། དུས་རབས་གོང་མའི་ལོ་རབས་༦༠ནས་༧༠བར། ཁོས་ད་དུང་སྐད་ཆེན་པོས་བོད་རང་བཙན་བྱེད་དགོས་པའི་འབོད་སྐད་བསྒྲགས་མོད། ཡིན་ནའང་༡༩༨༨ལོ་ནས་བཟུང་དབུ་མའི་ལམ་བཏོན་པ་དང་། རང་བཙན་ཞེས་པའི་ཐ་སྙད་དེ་ཁོའི་གཏམ་བཤད་ནང་ནས་ཡལ་ནས། ཁོའི་དམིགས་ཡུལ་དེ་བོད་ཀྱི་རིག་གནས་རང་སྐྱོང་བྱེད་རྒྱུ་བརྩོན་ལེན་བྱེད་པར་གྱུར། དེ་ལྟར་ཡིན་མོད། ཀྲུའུ་ཡི་ལྟ་ཚུལ་ལ་འདི་དག་ཚང་མ་ནི་ཏཱ་ལའི་བླ་མའི་ཐ་སྙད་དང་ཚིག་ངོས་ཀྱི་རྩེད་མོ་ཙམ་ཁོ་ན་ཡིན་པ་ལས། ཁོས་སྙེགས་བཞིན་པ་ནི་སྔར་བཞིན་བོད་རང་བཙན་ཡིན་པ་རེད།

ཀྲུའུ་ཡིས་ལུས་པོ་ཅོག་ཙེའི་སྟེང་མར་སྒུར་ཞིང་ལག་པོ་གཡས་པས་མཛུབ་མོས་བརྩི་བཞིན་བཤད་པར། ཐོག་མར་ཏཱ་ལའི་ཡིས་ད་བར་བོད་ལྗོངས་དེ་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་གྱི་མེད།

གཉིས་པ་ནི་ཏཱ་ལའི་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཆེན་པོ་འུད་སྒྲོག་བྱེད་ཀྱི་ཡོད། ཁོས་བཤད་བཞིན་པའི་བོད་ཆེན་པོ་ནི་བོད་རིགས་འཚོ་སྡོད་བྱས་པའི་ས་ཚང་མར་གོ་བ་སྟེ་དཔེར་ན་མཚོ་སྔོན་ཞིང་ཆེན་ལྟ་བུ་རེད། འོན་ཀྱང་ས་ཁུལ་དེ་དག་ནི་གནའ་གནས་བཟུང་བོད་ཀྱི་ཁོངས་སུ་གཏོགས་ཀྱི་མེད། དེང་གི་བོད་ལྗོངས་ཀྱི་ས་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༡༢༠ཡོད་ཅིང་། ཏཱ་ལའི་ཡིས་བཤད་བཞིན་པའི་བོད་ཆེན་མོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༢༥༠ཡོད་པ་དང་། ཀྲུང་གོ་ཡོངས་ཀྱི་ས་ཁྱོན་ལས་བཞི་ཆའི་གཅིག་ཟིན་ཡོད།

གསུམ་པ་ནི་ཏཱ་ལའི་ཡིས་དམག་མི་ཚང་མ་བོད་ཆེན་པོ་ཞེས་པའི་ས་ཁུལ་ལས་ཕྱིར་འབུད་བྱས་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཞི་བདེའི་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བཞི་བ་ནི་ཏཱ་ལའི་ཡི་འདོད་ཚུལ་ལྟར་ན། བོད་ཆེན་པོའི་ཁུལ་དུ་འཚོ་གནས་བྱས་པའི་མི་རིགས་གཞན་པ་ཡོངས་རྫོགས་བདའ་དགོས་པ་དང་། དེའི་ནང་དུ་རྒྱ་རིགས་ཁྲི་༧༥༠ཚུད་ཡོད།

ལྔ་བ་ནི་ཏཱ་ལའི་ཡིས་ད་དུང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༢༥༠ཟིན་པའི་བོད་ཆེན་པོའི་ས་ཁུལ་ནང་། དམག་དོན་དང་ཕྱི་འབྲེལ་མ་གཏོགས་པའི་ལས་དོན་ཡོངས་ཁོས་ཚོད་འཛིན་བྱེད་པ་ལས་ཀྲུང་དབྱང་སྲིད་གཞུང་ལ་དབང་ཅི་ཡང་མེད་པ་བྱ་རྒྱུ་དེ་རེད།

ཏཱ་ལའི་བླ་མས་ཐེངས་མང་པོར་དྲག་སྤྱོད་ཀྱི་བྱེད་ཐབས་སྤྱད་པ།

ཀྲུའུ་ཝེ་ཆུན་གྱིས་ལུས་པོ་ཕྱི་ལ་དགྱེ་ཙམ་བྱས་ཏེ་བཤད་རྒྱུར། དེ་དག་ནི་ཁོས་བཤད་བཞིན་པའི་རང་སྐྱོང་ཞེས་པ་དེ་རེད། འཇར་མན་གྱིས་རང་སྐྱོང་དེ་འདྲ་ངོས་ལེན་བྱེད་ཐུབ་བམ། ས་ཁྱོན་རྒྱལ་ཁབ་ཡོངས་ཀྱི་རྒྱ་ཁྱོན་ལས་བཞི་ཆའི་གཅིག་ཙམ་ཟིན་པའི་ས་ཁོངས་སུ་རང་སྐྱོང་དེ་འདྲ་ངོས་ལེན་བྱེད་ཐུབ་བམ་ཞེས་དྲི་བ་བཏོན་ཞིང་། ཡང་ལག་པའི་མཛུབ་མོ་རྣམས་ཕན་ཚུན་བསྣོལ་ནས་ཕ་རོལ་བོར་ཅེར་ནས་འདི་ལྟར། ཁྱེད་ཅག་གིས་ཀྱང་མཐོང་བ་ལྟར་རེད། ཏཱ་ལའི་བླ་མའི་བཤད་བཞིན་པའི་རང་སྐྱོང་ཞེས་པ་དེ་ནི་བོད་རང་བཙན་རེད། ཡིན་ནའང་བོད་ལྗོངས་ནི་གནའ་ནས་ད་བར་ཀྲུང་གོའི་ཆ་ཤས་ཤིག་ཡིན་ལ། མ་འོངས་པར་ཡང་དེ་འདྲ་ཡིན་ཞེས་བཤད།

ནུབ་ཕྱོགས་པས་ཏཱ་ལའི་བླ་མར་དགའ་བོ་བྱེད་ཅིང་། ཁོའི་གང་སར་བྱེད་སྒོ་སྤེལ་བཞིན་པ་རེད། ཆེས་གལ་ཆེ་ཤོས་ནི་འཛམ་གླིང་ཡོངས་ལ་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁ་ཡོད་པའི་དུས་རབས་འདིར། ཁོའི་འཚེ་མེད་ཞི་བའི་ལྟ་བར་རྒྱབ་སྐྱོར་ཐོབ་ཀྱི་ཡོད།

འོན་ཀྱང་ཀྲུའུ་ཝེ་ཆུན་ལ་མཚོན་ན། དེ་ནི་ཟློས་གར་ཙམ་ཁོ་ནར་ངོས་འཛིན་གྱི་ཡོད་པ་སྟེ། ཁོས་ཏཱ་ལའི་སྲིད་དོན་ལ་ཞུགས་པ་ནས་བཟུང་། ཡང་དང་བསྐྱར་དུ་དྲག་སྤྱོད་ཀྱི་བྱེད་ཐབས་སྤྱོད་བཞིན་ཡོད་ཅེས་དང་། དུས་རབས་གོང་མའི་ལོ་རབས་༦༠དང་༨༠བའི་དུས་མཇུག་ཡིན་ནའང་འདྲ། ཡང་ན་ཉེ་བའི་༢༠༠༨ལོར་ལྷ་སར་བྱུང་བའི་རྡུང་འཕྲོག་གཅོག་གསུམ་གྱི་དོན་རྐྱེན་ཡིན་ཡང་ཆོག དོན་རྐྱེན་དེ་དག་ནི་ཏཱ་ལའི་བླ་མས་གཟས་ནས་ཇུས་བཏོན་པ་རེད། སྐབས་སྐབས་སུ་ཐ་ན་ཐད་ཀར་ཁོས་སྐུལ་སློང་བྱེད་ཀྱི་ཡོད་པས་ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད་ཞེས་བཤད།

ཀྲུའུ་ཡིས་ཡང་བསྐྱར་རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་སྐོར་གླེང་ཞིང་། ཁོས་ཏཱ་ལའི་བླ་མས་མེར་སྲེག་གཏོང་མཁན་དེ་ཚོ་ནི་དཔའ་བོ་ཡིན་ཞིང་། ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་ཞེས་བརྗོད་མྱོང་ཡོད་པས། ཚིག་དེ་ནི་དྲག་སྤྱོད་ཀྱི་བྱེད་ཐབས་བཀོལ་བར་སྐུལ་སློང་བྱེད་པའི་ཚིག་ཅིག་རེད་ཅེས་བརྗོད།

ཀྲུའུ་ཡིས་ཏཱ་ལའི་ནི་འཚེ་མེད་ཞི་བ་དང་འབྲེལ་བ་རྩ་བ་ནས་མེད་ཅིང་། ཁོ་ལ་ཉེས་པ་དང་སྡིག་པ་ཆེན་པོ་ཡོད་པ་དང་། ཁོས་ད་དུང་ཞི་བའི་ནང་བསྟན་ཆོས་ལུགས་དེ་དྲག་སྤྱོད་ཀྱི་ཆོས་ལུགས་ཤིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་ཅེས་དང་། ང་ཚོས་བྱེད་བཞིན་པའི་འཐབ་རྩོད་ནི་དྲང་བདེན་ཡིན་པ་མ་ཟད། མི་དམངས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ལ། དེ་ནི་ཆེས་ཤིན་ཏུ་གལ་ཆེན་པོ་དེ་རེད་ཅེས་བཤད།

གསར་འགོད་པས་ཛ་དྲག་གི་གནས་སྟངས་འདིས་ཏཱ་ལའི་ལ་གོ་སྐབས་ལེགས་པོ་ཞིག་བསྐྲུན་ཡོད་པ་འདྲ་སྟེ། ཁོང་གིས་ཟླ་འགའ་ཤས་གོང་སྲིད་དོན་ལས་ཕྱིར་བུད་ནས་རྒན་ཡོལ་ཞུས་པ་རེད་ཅེས་བཤད་སྐབས། ཀྲུའུ་ཝེ་ཆུན་གད་མོ་དགོད་ཀྱིན་འདི་ལྟར། འདིའི་སྐོར་ལ་ངས་དོགས་པ་ཆེན་པོ་ཟ་གི་ཡོད། ནུབ་ཕྱོགས་ཀྱི་སྲིད་དོན་པ་དང་སྨྱན་སྦྱོར་ཁག་གིས་ཏཱ་ལའི་དང་མཇལ་འཕྲད་བྱེད་སྐབས་རྟག་ཏུ་སྲིད་དོན་གྱི་ངོ་བོ་མི་ལྡན་ཞེས་དང་། ཏཱ་ལའི་ནི་བོད་ཀྱི་ཆོས་ཀྱི་དད་དཔོན་ཁོ་ན་ཙམ་ཡིན་པས་ཀྲུང་གོའི་སྲིད་གཞུང་ལ་བྲེལ་བ་ལངས་དགོས་དོན་མེད་ཅེས་བརྗོད་བཞིན་པ་མིན་ནམ། དེས་ན་ཁོ་རང་སྲིད་དོན་ལས་ཕྱིར་བུད་ནས་རྒན་ཡོལ་ཞུས་པ་ཞེས་པར་གོ་བ་ཅི་ལྟར་ལེན་དགོས་སམ་ཞེས་དྲིས་བྱུང་།

ང་ཚོས་འདིའི་སྐོར་གླེང་བར་ཀྲུའུ་སྤྲོ་བ་ཆེན་པོ་སྐྱེས་ཡོད་པ་འདྲ། ཁོ་དང་ཀྲུང་གོའི་སྲིད་གཞུང་ལ་མཚོན་ན། ལྟ་ཚུལ་མི་འདྲ་བ་འདི་དག་བཤད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད།

ཀྲུའུ་ཡིས་མགོ་བོ་མར་སྒུར་ནས་གཞུང་ཡིག་ཁུག་མ་ལས་《ཏཱ་ལའི་བླ་མས་གཙོ་བྱས་པའི་བཙན་བྱོལ་བོད་གཞུང་གི་མིག་སྔའི་རྩ་ཁྲིམས་》ཞེས་པའི་ཡིག་ཆ་ཞིག་ཕྱིར་བླངས་ཡོང་ལ། ཁོས་འདི་ལྟར། རྩ་ཁྲིམས་ནང་བསྟན་པར། ཏཱ་ལའི་བླ་མ་ནི་བོད་མི་དམངས་ཀྱི་མགོ་ཁྲིད་མཐོ་ཤོས་དང་དགེ་རྒན་ཡིན་ཞིང་། ཁོས་ཀུན་སྤྱོད་དང་། ཆོས་ལུགས། རིག་གནས། སྤྱི་ཚོགས་དང་དཔལ་འབྱོར་གོང་སྤེལ་སོགས་སྐོར་བོད་དམངས་ལ་མཛུབ་སྟོན་བྱེད་རྒྱུ་ཡིན། ཁོ་རང་ཉིད་དམ་དམངས་གཙོའི་འོས་འདེམས་བྱས་ནས་ཐོན་པའི་མགོ་ཁྲིད་པས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཆོག་ལ། ཁོ་ལ་རྒྱལ་སྤྱིའི་མགོ་ཁྲིད་དང་ལས་རིགས་ཁག་སོ་སོའི་མི་སྣར་མཇལ་འཕྲད་གནང་བའི་དབང་ཆ་ཡོད་པ་མ་ཟད། མུ་མཐུད་དུ་ཕྱི་རྒྱལ་དོན་གཅོད་ཁང་གི་སྐུ་ཚབ་དང་བཙན་བྱོལ་བོད་གཞུང་གི་དམིགས་བསལ་སྐུ་ཚབ་གནང་བའི་དབང་ཆ་ཡོད་ཅེས་བཀོད་ཡོད་ཅེས་བརྗོད་བྱུང་།

ཀྲུའུ་པུའུ་ཀྲང་ཅུང་ཙམ་བསྡད་རྗེས་ཡང་མུ་མཐུད་དུ་འདི་ལྟར། རྩ་ཁྲིམས་ནང་བཀོད་པའི་གནས་ཚུལ་ལ་བལྟས་ན། ཁོས་སྲིད་དོན་ཚང་མ་བསྐྱུར་ཡོད་པ་ཡིན་ནམ། ངས་བལྟས་ན་བསྐྱུར་མི་འདུག་ཅེས་བཤད།

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེ་བོད་ལ་མི་འཚམ་པ།

ཏཱ་ལའི་ཡིས་ཧ་ཧྥོ་སློབ་ཆེན་ནས་ཐོན་པའི་བློ་བཟང་སེང་གེ་བོད་ཀྱི་ཆབ་སྲིད་དབུ་ཁྲིད་དུ་བསྐོས་ཡོད་ལ། ཏཱ་ལའི་བླ་མས་བོད་ཀྱི་གནད་དོན་དེ་ཐག་གཅོད་པའི་ཐབས་ལམ་མི་རྙེད་པའི་དབང་དུ་བཏང་ན། བློ་བཟང་སེང་གེས་རྙེད་ཐག་ཆོད་ཡིན། ཕར་བལྟས་ན་ཁོས་འགྱུར་བ་གསར་བ་འདིའི་གོ་སྐབས་བཟུང་ནས་ཁོ་རང་གི་འདོད་ཚུལ་ཏེ་བོད་ལྗོངས་སུའང་ཧོང་ཀང་དང་ཨོ་མོན་གཉིས་ལ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཆོག་པའི་འདོད་ཚུལ་འཛིན་གྱི་ཡོད།

ཀྲུའུ་ཡིས་བློ་བཟང་སེང་གེ་ནི་ཁྲིམས་རྩོད་པ་ཞིག་ཡིན་པས། ཁོའི་བསམ་ཚུལ་ལ་གླེན་རྟགས་ཡོད་ཅེས་འགྲེལ་བཤད་རྒྱག་མི་འོས། ཁོས་བོད་ཀྱི་གནས་ཚུལ་གསལ་བོ་ཤེས་པས། ཁོས་བསམ་ཚུལ་གྱིས་ཀྲུང་གོ་ལ་ཁོང་ཁྲོ་སློང་བཞིན་ཡོད་ཅེས་བཤད།

ཀྲུང་གོའི་སྲིད་གཞུང་ལ་མཚོན་ན། བོད་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་མི་སྲིད་པ་རེད། ཀྲུའུ་ཡིས་དེའི་སྐོར་ལ་བཤད་དོན། བོད་ཀྱི་ད་ཡོད་གནས་ཚུལ་འོག སྲིད་ཇུས་དེ་རྩ་བ་ནས་ལག་བསྟར་བྱེད་ཐབས་མེད་པ་རེད། ཧོང་ཀང་དང་ཨོ་མོན་གཉིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དུས་ཡུན་རིང་བོར་བཟུང་ཞིང་། ཀྲུང་གོ་ནས་ཁ་བྲལ་མྱོང་བ་རེད། འོན་ཀྱང་བོད་ནི་ཀྲུང་གོ་ནས་ཁ་བྲལ་མྱོང་མེད་ཅིང་། འདས་མ་འོངས་ད་ལྟ་ཚང་མར་ཀྲུང་གོ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཅེས་བཤད།

ཧོང་ཀང་དང་ཨོ་མོན་གྱི་མི་རྣམས་ལ་རིག་གནས་དང་དཔལ་འབྱོར་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། དཔལ་འབྱོར་ལམ་ལུགས་ཀྱང་དེ་ལྟར་རེད། ཀྲུང་གོའི་སྐམ་སར་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལག་བསྟར་བྱེད་བཞིན་པའི་སྐབས་སུ་ཧོང་ཀང་དུ་དབྱིན་ཇིའི་རྣམ་པའི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཡོད་པ་རེད། ཀྲུའུ་ཡིས་ཧོང་ཀང་ཕྱིར་མེས་རྒྱལ་དུ་ལོག་ཆེད། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཏོན་པ་ཡིན། གལ་སྲིད་བོད་དུའང་སྲིད་ཇུས་འདི་ལག་བསྟར་བྱེད་དགོས་ན། ཡང་བསྐྱར་བྲན་གཡོག་ལམ་ལུགས་སླར་གསོ་བྱེད་དགོས་པ་དེ་རེད། ལམ་ལུགས་དེར་མི་སུ་ཡིས་ཀྱང་དགའ་བསུ་བྱེད་མི་སྲིད་ལ། བོད་རིགས་སྤུན་ཟླ་དང་ང་ཚོ་སུ་ཡིས་ཀྱང་དེར་དགའ་བསུ་བྱེད་མི་སྲིད་ཅེས་བརྗོད།

གླེང་མོལ་གྱི་སྒོ་མོ་ནམ་ཡང་ཡངས་པོར་ཕྱེ་ཡོད་པ།

ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལྟ་ཚུལ་ངོས་ལེན་མི་བྱེད་པ་མ་ཟད། ད་དུང་བློ་བཟང་སེང་གེ་མགོ་ཁྲིད་ཡིན་པའང་ཁས་ལེན་བྱེད་ཀྱི་མེད་པ་སྟེ། ཀྲུའུ་ཝེ་ཆུན་གྱིས་བློ་བཟང་སེང་གེ་ནི་ཁྲིམས་ལུགས་ཀྱིས་ཁས་མི་ལེན་པའི་ཆབ་སྲིད་རང་བཞིན་གྱི་ཁ་བྲལ་ཚོགས་ཁག་ཅིག་གི་མགོ་བ་ཡིན་པས། ང་ཚོས་ཁོ་དང་འབྲེལ་བ་ཅི་ཡང་བྱེད་མི་སྲིད་ལ། ཁོ་དང་གླེང་མོལ་དེ་བས་བྱེད་རྒྱུ་མིན་ཅེས་བཤད་བྱུང་།

སྐུ་ཞབས་ཀྲུའུ་ཡི་གཏམ་དེ་དག་བརྒྱུད་ཤེས་ཐུབ་པ་ནི། ཀྲུང་གོའི་སྲིད་གཞུང་གིས་འབད་བརྩོན་བརྒྱུད་ཀྲུང་གོའི་བསམ་ཚུལ་གཞན་གྱིས་ཤེས་སུ་འཇུག་འདོད་ཅིང་། དེ་སྔོན་ཀྲུང་གོའི་སྲིད་གཞུང་གིས་ནུབ་ཕྱོགས་སྨྱན་སྦྱོར་གྱི་དྲི་བར་ལན་བསྐྱོན་མི་སྲིད་པའི་དོགས་པ་དེ་ད་ཆ་གསལ་བོར་གྱུར་བ་རེད།

ཀྲུང་གོའི་སྲིད་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་བར་གྱི་ཉིན་རེར་ཇེ་ཆེར་འགྱུར་བཞིན་པའི་འགལ་བ་ནི་གཡོལ་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད་ལ། དེ་གཉིས་བར་གྱི་གནད་དོན་ཐག་གཅོད་པའི་ཐབས་ལམ་ཞིག་ཡོད་སྲིད་དམ། ཀྲུའུ་ཡིས་བཤད་རྒྱུར། ང་ཚོས་གླེང་མོལ་གྱི་སྒོ་མོ་ནམ་ཡང་རྒྱག་མྱོང་མེད། སྒོ་རྒྱག་མཁན་ནི་ཏཱ་ལའི་ཚོགས་ཁག་རེད། ཏཱ་ལའི་ཡིས་ངེས་པར་དུ་ཁོའི་ཁ་བྲལ་རིང་ལུགས་མཚམས་བཞག་ནས། བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཏེ། བོད་ཆེན་པོ་ཞེས་པའི་ལྟ་བ་དོར་ན། གླེང་མོལ་གྱི་སྒོ་མོ་ནི་སྔར་བཞིན་ཡངས་པོར་ཕྱེ་ཡོད་ཅེས་བཤད་བྱུང་།

སྤེལ་དུས། 2012-02-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  ལ་ཏུན་སི་ཅི།
http://tb.tibet.cn/2010news/xzxw/zzzj/201202/t20120202_1565462.html

གསར་འགྱུར།

Post navigation

Previous Post: སྲོང་བཙན་སྒམ་པོས་སྐྱབས་བཅོལ་ཞུའམ།
Next Post: བལ་ཡུལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་ལག་ཁྱེར་བཟོ་འཆར།

Comments (13) on “ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད།”

  1. ཀླུ་སྨྱོན། says:
    2012-02-02 at 8:01 pm

    ད་གསལ་བོ་ཆགས་སོང་། ཐུགས་རྗེ་ཆེ།

  2. གསེར་འབྲུག་སྡེར་ལྔ་ says:
    2012-02-02 at 10:11 pm

    ཀྲུའུ་ཝེ་ཆོན་གྱིས་ང་ཚོས་གླེང་མོལ་གྱི་སྒོ་མོ་ནམ་ཡང་རྒྱག་མྱོང་མེད། སྒོ་རྒྱག་མཁན་ནི་ཏཱ་ལའི་ཚོགས་ཁག་རེད། ཞེས་པ་ནས་གླེང་མོལ་གྱི་སྒོ་མོ་སྔར་བཞིན་ཡངས་པོར་ཕྱེ་ཡོད་ཅེས་པའི་བར་ཅི་ཞིག་བཤད་ཀྱིན་འདུག། བྱས་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མགོ་འབུལ་ལུས་འབུལ་ཞུས་ན་ཡང་ཁ་བྲལ་དང་རང་བཙན་རེད་ཞེས་བཤད་ཀྱིན་འདུག། གལ་ཏེ་རང་བཙན་བཤད་ན་ཆ་རྐྱེན་མི་ལྡན་པའི་རང་སྐྱོང་རེད་ལབ་མདོག་ཁ་པོ་རེད། གང་ལྟར་གླེང་མོལ་གྱི་སྒོ་མོ་ཡངས་པོར་ཕྱེ་ཡོད་ཚུལ་བཤད་ནས་མགོ་བོ་བསྐོར་བ་མ་གཏོག་དོན་དངོས་ཀྱི་གླེང་མོལ་བྱ་འདོད་མེད་པ་གསལ་པོ་རེད། བྱས་ཙང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་གླེང་བ་མ་གཏོག་བོད་ཀྱི་གནད་དོན་ཞེས་པ་ནམ་ཡང་གླེང་གི་མེད་པ་དེ་གོང་གི་ཀྲུའུ་ཝེ་ཆོན་གྱི་དྲིས་ལན་ནང་གསལ་པོ་འདུག། བྱས་ཙང་ང་ཚོ་བོད་མི་ཚོས་དེ་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པའི་གནད་དོན་ཞིག་རེད་འདུག།

  3. སྒང་པ་ཚང་གི་དོན་གོ says:
    2012-02-02 at 10:59 pm

    རྒྱ་ནག་དམར་གཞུང་ནི་འཛམ་གླིང་སྟེང་གྲོས་མོལ་མི་འགྲོ་བའི་དྲག་སྤྱོད་པ་གཏེ་བོ་དེ་རེད།ཀྲུའུ་ཡིས་གང་ཞིག་བྱེད་མིན་ལ་དེ་ཙམ་དོ་གལ་ཆེན་པོར་བརྩི་དགོས་པར་མ་མཐོང་།དེ་བས་རྒྱ་ནག་མི་མང་གི་རྟོག་སད་མཐོར་འདེགས་བྱེད་རྒྱུར་འབད་དགོས་པ་རེད།དམར་གཞུང་རྒྱ་ནག་མི་མང་གིས་མགོ་གཏིང་སློག་གི་རེད།ཆུ་ཚོད་ཀྱི་སྔ་ཕྱིས་མ་གཏོགས་རྒས་ལ་ཁའི་ཉི་མ་བཞིན་དུ་གྱུར་ཡོད།དཔེར་ན།འབར་མ་བཞིན་ཡིན།བྲལ་བ་ལངས་མི་དགོས།ད་ལྟ་གཞིས་བཞུགས་བོད་མི་རྣམས་ཀྱིས་རང་རང་གི་སྐད་ཡིག་རིག་གཞུང་དང་གོམས་སྲོལ་ལུགས་སྲོལ་མི་ཉམས་བརྒྱུད་འཛིན་ཐུབ་པ་ཡིན་ན་དེ་གས་འཐུས་པར་མི་བྱ་མཐུ་མེད་ལྟ་བུ་ཆགས་འདུགཡང་གཅིག་བཤད་ན་རྒྱ་གཞུང་དང་རྒྱ་ནག་མི་མང་གི་གདོང་ཐུག་ནི་ཨེ་ཤ་ཡའི་འབར་རྫས་ཆེན་པོ་དེ་ཆགས་ཡོད་པ་རེད།སྔོན་ལོར་ཁ་ཆེའི་མི་མང་གི་གཞུང་རྒོལ་གྱི་ངོ་བོ་དེ་ད་ལྟ་རྒྱ་ནག་མི་མང་གི་སེམས་སུ་ཞུགས་ཟིན་པར་བརྟེན་ནམ་ཞིག་འབར་གས་ཀྱི་ལྟ་མོ་འཛམ་གླིང་དུ་འཕྲོ་བར་བྱེད་པ་ན་དེ་དུས་ཀྲུའུཡི་སྐད་ཆ་འདི་ལྟར་བཤད་ཐུབ་མིན་ལྟ་ཆོག་གོ

  4. འབྲོག་ཕྲུགས། says:
    2012-02-02 at 11:10 pm

    རྒྱ་ནག་དམར་པོ་སྲིད་གཞུང་གིས་ཧམ་བཤད་བྱས་པ་ནི་་ང་ཚོ་བོད་མི་ས་ཡ་དྲུག་གི་ནམ་ཡང་དངོས་ལེན་བྱེད་ཐབས་བྲལ་། ནམ་ཡང་དངོས་ལེན་མེད། གད་སྲིད་འཛམ་གླིང་མི་མང་གི་རྒྱ་ནག་དམར་པོ་སྲིད་གཞུང་གི་མགོ་ཁྲིད་འགའ་ཞིག་གི་ཧམ་བཤད་བྱས་པ་དེ་ལ་ཡིད་ཆེས་བྱེས་ཀྱི་ཡོད་ན་། དེ་ནི་སྤྱང་པོ་ནང་གི་རྐུགས་པ་རེད།
    ཀྲུའུ་ལྦེ་ཆོན་གྱི་བཤད་པ་ལྟར་ན་་་་ཏ་ལི་བླ་མའི་གནད་དོན་ག་རེད་ཡོད་མེད་ད་དུང་ཡང་ཤེས་ཀྱི་ཡོད་ས་མ་རེད་། ང་ཚོས་བར་གླེང་མོ་ཐེངས་དགུ་ཙམ་བྱས་པ་རེད། ད་དུང་གནད་དོན་ཤེས་ཀྱི་མེད་ཟེར་ནས་ཧམ་བཤད་བྱས་ན་་་དེ་ནི་གང་ཟགས་རྐུག་པ་ཅིག་ཡིན་ཡང་དགོད་བྲོའི་ལས་ཀ་ཞིག་མ་རེད་དམ། ཏ་ལི་བླ་མས་དུས་དང་རྣམས་པ་ཀུན་དུ་་བོད་མི་ས་ཡ་དྲུག་སྔོན་ལ་བཞག་ནས་བཤད་ཀྱིས་ཡོད་པ་དེ་ཧ་ཅང་གསལ་བོ་རེད།
    རང་སྲིད་རང་སྐྱོང་ནི་ཏ་ལི་བླ་མའི་ཆེད་དུ་ནམ་ཡང་མ་རེད། དེ་ནི་སྐྱེ་བུ་རེ་རེད་ལ་རང་དབང་ཐོག་ནས་འཚོས་གནས་བྱེད་དགོས་པ་དེ་རེད།
    རང་དབང་ནི་དུས་ནམ་ཡང་བོད་མི་ས་ཡ་དྲུག་གི་ཐོབས་ཐང་ཡིན། ང་ཚོ་ནམ་ཡང་ནམ་ཡང་མཐ་བརྩོད་བྱེད།

  5. རིན་ ཆེན བཀྲ་ཤིས་ says:
    2012-02-03 at 5:08 am

    ནམ་རྒྱུན་སྨྱོ་བཤད་ལ་གོམས་པའི་དྲ་འབུ་ཚོ་རྩོམ་ཡིག་དགག་སྒྲུབ་དང་ཞིབ་འཇུག་། སྐྱོན་བརྗོད་དང་དགག་ལན་སྐྱོན་རོགས། དྲ་འབུ་ཚོ་ནམ་རྒྱུན་སྨྱུག་ཁ་ནང་ལ་སྐོར་ན་མ་གཏོགས་ཅི་ཡང་མི་འདུག ད་ཤོག་ཡ།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-02-03 at 5:30 am

    ཀྲུའུ་ཝེ་ཆོན་ཟེར་ན་སུ་རེད། འགོ་གཙོ་བྱམས་་པའཕྲིན་ལས་ཀྱི་གསང་སྤྱོད་ཁྲུད་མཁན་ཁོ་རེད་པེ། ངས་ནི་སུ་གཅིག་ཀྱང་ཡག་པོ་ངོ་ཤེས་བགྱིད་མི་འདུག ང་ནི་དེ་འདྲའི་གླེན་པ་ལགས། ད་ག་རེ་བྱ་དགོས་རེད། ལགས།

  7. རྒྱ་མཚོ་ཆེན་པོ་ says:
    2012-02-03 at 6:08 am

    ད་ང་ཚོས་རྒྱ་ཡི་མགོ་ཁྲིད་ལ་འབྲེལ་བ་བྱས་པ་ལས་མང་གཙོ་ལ་དགའ་བའིི་རྒྱ་ནང་གི་མི་མང་ལ་འབྲེལ་བ་བྱེད་ནས་རྒྱབ་སྐྱོར་འཐོབ་ཐབས་ལ་བརྩོན་དགོས་པ་བཟང་བར་སྙམ། ད་ལྟའི་གནས་ཚུལ་ལ་དཔག་ན་རྒྱ་ནག་གི་དཔོན་པོ་དག་ནི་མི་བཤད་དགུ་བཤད་མི་བྱེད་དགུ་བྱས་ཀྱང་རང་ཉིད་ཁོ་ན་བདེན་པར་འཛིན་ཅིང་གཞན་ལ་མཐོང་ཆུང་དང་ཁྱད་གསོད་རྐྱང་དུས་ཡོལ་བའི་ལམ་ལ་བསྙེག་བཞིན་པ་ལ་བསམས་ན་དུས་ཚོད་ཆུད་ཟོས་སུ་འགྲོ་བར་འདུག དེ་བས་རྒྱལ་ནང་གི་མི་མང་རྣམས་ལ་ཁ་ཚ་གོས་གཏུགས་ཀྱིས་འབྲེལ་འདྲིས་དང་ཕན་ཚུན་གོ་བརྡ་འཕྲོད་པ་ཞིག་ཅིས་ཀྱང་གནང་བར་འོས།

  8. དྲི་མེད་ལྷག་བསམ། says:
    2012-02-03 at 8:52 am

    ཀྲུའུ་ཝེ་ཆོན་གྱི་གཏམ་བཤད་ནང་གི། ཀྲུའུ་ཡིས་ལུས་པོ་ཅོག་ཙེའི་སྟེང་མར་སྒུར་ཞིང་ལག་པོ་གཡས་པས་མཛུབ་མོས་བརྩི་བཞིན་བཤད་པར། ༡༽ ཐོག་མར་ཏཱ་ལའི་ཡིས་ད་བར་བོད་ལྗོངས་དེ་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་གྱི་མེད།

    གཉིས་པ་ནི༽ ་ཏཱ་ལའི་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཆེན་པོ་འུད་སྒྲོག་བྱེད་ཀྱི་ཡོད། ཁོས་བཤད་བཞིན་པའི་བོད་ཆེན་པོ་ནི་བོད་རིགས་འཚོ་སྡོད་བྱས་པའི་ས་ཚང་མར་གོ་བ་སྟེ་དཔེར་ན་མཚོ་སྔོན་ཞིང་ཆེན་ལྟ་བུ་རེད། འོན་ཀྱང་ས་ཁུལ་དེ་དག་ནི་གནའ་གནས་བཟུང་བོད་ཀྱི་ཁོངས་སུ་གཏོགས་ཀྱི་མེད། དེང་གི་བོད་ལྗོངས་ཀྱི་ས་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༡༢༠ཡོད་ཅིང་། ཏཱ་ལའི་ཡིས་བཤད་བཞིན་པའི་བོད་ཆེན་མོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༢༥༠ཡོད་པ་དང་། ཀྲུང་གོ་ཡོངས་ཀྱི་ས་ཁྱོན་ལས་བཞི་ཆའི་གཅིག་ཟིན་ཡོད།

    གསུམ་པ་ནི་༽ ཏཱ་ལའི་ཡིས་དམག་མི་ཚང་མ་བོད་ཆེན་པོ་ཞེས་པའི་ས་ཁུལ་ལས་ཕྱིར་འབུད་བྱས་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཞི་བདེའི་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    བཞི་བ་ནི༽ ་ཏཱ་ལའི་ཡི་འདོད་ཚུལ་ལྟར་ན། བོད་ཆེན་པོའི་ཁུལ་དུ་འཚོ་གནས་བྱས་པའི་མི་རིགས་གཞན་པ་ཡོངས་རྫོགས་བདའ་དགོས་པ་དང་། དེའི་ནང་དུ་རྒྱ་རིགས་ཁྲི་༧༥༠ཚུད་ཡོད།

    ལྔ་བ་ནི་༽ ཏཱ་ལའི་ཡིས་ད་དུང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༢༥༠ཟིན་པའི་བོད་ཆེན་པོའི་ས་ཁུལ་ནང་། དམག་དོན་དང་ཕྱི་འབྲེལ་མ་གཏོགས་པའི་ལས་དོན་ཡོངས་ཁོས་ཚོད་འཛིན་བྱེད་པ་ལས་ཀྲུང་དབྱང་སྲིད་གཞུང་ལ་དབང་ཅི་ཡང་མེད་པ་བྱ་རྒྱུ་དེ་རེད།

  9. དྲི་མེད་ལྷག་བསམ། says:
    2012-02-03 at 9:03 am

    ཀྲུའུ་ཝེ་ཆོན་གྱི་གཏམ་བཤད་ནང་གི།༡༽ཏཱ་ལའི་ཡིས་ངེས་པར་དུ་ཁོའི་ཁ་བྲལ་རིང་ལུགས་མཚམས་བཞག་ནས། ༢༽བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཏེ། ༣༽བོད་ཆེན་པོ་ཞེས་པའི་ལྟ་བ་དོར་ན། གླེང་མོལ་གྱི་སྒོ་མོ་ནི་སྔར་བཞིན་ཡངས་པོར་ཕྱེ་ཡོད་ཅེས་བཤད་བྱུང་། ༤༽ ཀྲུའུ་ཝེ་ཆུན་གྱིས་བློ་བཟང་སེང་གེ་ནི་ཁྲིམས་ལུགས་ཀྱིས་ཁས་མི་ལེན་པའི་ཆབ་སྲིད་རང་བཞིན་གྱི་ཁ་བྲལ་ཚོགས་ཁག་ཅིག་གི་མགོ་བ་ཡིན་པས། ང་ཚོས་ཁོ་དང་འབྲེལ་བ་ཅི་ཡང་བྱེད་མི་སྲིད་ལ། ཁོ་དང་གླེང་མོལ་དེ་བས་བྱེད་རྒྱུ་མིན་ཅེས་བཤད་བྱུང་། ༠༠༠༠བོད་དོན་དྲིལ་བསྒྲགས་རིགས་ཁ་བྲལ་རིང་ལུགས་ཡིན་པས་མཚམས་འཇོག་དགོས། ༠༠༠༠ལོ་རྒྱུས་སྟེང་ནས་བོད་ཀྲུང་གོའི་ཆ་ཤས་ཡིན་པར་ངོས་ལེན་དགོས། ༠༠༠༠བོད་ཆེན་པོའི་ལྟ་བ་འདོར་དགོས། ༠༠༠༠བོད་ཀྱི་དབུ་འཛིན་ལ་འབྲེལ་བ་གཅོད་རྒྱུ་ཡིན་ཟེར་ན། དབུ་མའི་ལམ། ཕྱོགས་གཅིག་གི་འདོད་པ་ཡིན་ནམ། ད་ཅི་ཞིག་ལྷག་འདུག

  10. ལྡོང་གི་ལྷ་རྩེ། says:
    2012-02-03 at 9:27 am

    འཇར་མན་གྱི་གསར་ཤོག་ཡིན་ན་འཇར་མེན་ཡི་གེའི་ཐོག་ཡིན་རྒྱུ་རེད། རང་གཞུང་གི་ཡོ་རོབ་དོན་གཅོད་རྣམས་ཀྱིས་དེ་ལ་ལན་འདེབས་ཤིག་ད་དགོས་ངེས་རེད། སུས་སི་དོན་གཅོད་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་སོགས་ཀྱིས་མཐོང་མེད་པ་ཡིན་ན།

  11. ཅོ་རི་ཉི་མ། says:
    2012-02-03 at 11:55 am

    རྒྱ་གུན་ཁྲན་གྱིས་མཚོ་སྔོན་བོད་ཀྱི་ས་ཁུལ་གནའ་སྔོན་མ་ནས་རྒྱ་ཁུངས་ཡིན་ཞེས་བཤད་ཀྱི་འདུག་་་ཧོར་གཙང་འཇིགས་མེད་ལགས་ཀྱིས་མདོ་སྨད་ལོ་རྒྱུས་སུ་གསལ་བཤད་ཡོད་ངེས་པས་ལེན་འདེབས་བྱེད་རོགས་བྱོས་།
    ལོ་རྒྱུས་བཤད་ཀྱི་ཡོད་ན་བཤད་རན་པ་དང་དགོས་པའི་དུས་ཚོད་རེད། ཁ་བཙུམ་ནས་མ་སྡོད་རོགས་་་་དུས་རྒྱུན་དུ་ཁ་བདེ་པོ་དང་ལོ་རྒྱུས་མཁས་པ་མང་པོ་ཡོད་པ། དེང་སང་ཤི་སོང་བ་རེད་དམ།

  12. ཅོ་རི་ཉི་མ། says:
    2012-02-03 at 1:07 pm

    ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཐུབ་པ་ལགས།
    ཁྱེད་ཀྱིས་གོང་དུ་རྒྱལ་གཅེས་པ་བསྟན་རྡོ་ལ་མེར་སྲོག་གཏོང་དགོས་པའི་རེ་སྐུལ་དང་བཅས་རྒོལ་རྡུང་བཏང་སོང་། མི་འདོད་པའི་རྣམ་འགྱུར་སྟོན་སོང་། འདིའི་ནང་སྲིད་འཛིན་བློ་བཟང་སེང་གེ་མཆོག་ལ་མདའ་ཁ་གཏད་འདུག ང་ཅོ་རི་ལ་ཁྱི་འབོད་འཐེན་འདུག
    ཕྱོགས་གང་ལ་བསམ་ཀྱང་ཁྱེད་རང་ཁ་འཁོར་ས་ནོར་ཡོད་པ་རེད། ཡག་ན་སྡུག་ན་ང་རང་ཚོ་ཤ་ཁྲ་གཅིག་པའི་སྤུན་ཟླ་རེད། རྒྱ་གུན་ཁྲན་གྱིས་མགོ་སྐོར་འོག་ཏུ་བསྡད་ནས་ཕན་ཐོགས་མེད།
    ངས་ཁྱོད་ལ་སྒྲུང་ཐུང་བཤད།
    ༡༩༥༧་ལོར་བོད་མི་གང་མང་ཞིག་གུན་ཁྲན་ཏང་ལ་ཁ་འཁོར་ནས་དམག་གི་ནང་དུ་ཞུ་པ་རེད། དེ་ཚོས་བོད་མི་མང་པོ་བསད་པ་རེད། དེའི་ནང་དུ་བསོད་ནམས་ཟེར་བའི་བོད་མི་ཞིག་ཡོད། བསོན་ནམས་ཀྱིས་རྒྱ་དམག་ནང་དུ་ཞུགས་ནས་བོད་མང་པོ་བསད་མྱངས་བ་རེད། རྗེས་སུ་ཁོ་རང་ཕྱིན་རང་ཡུལ་དུ་ལོག་སྐབས་སུ་གུན་ཁྲན་ཏང་གིས་གོ་གནས་སྤྲད་མ་སོང་ལ་དཔལ་འབྱོར་གྱི་ཐོག་ནས་རོགས་པ་བྱས་མ་སོང་།

    མཐའ་མ་བསོན་ནམས་ལགས་ཁོ་རང་བསྡད་སའི་རུ་ཁག་གི་ཞིང་ཁ་སྲུང་མཁན་བཞག་སོང་། ལྟོ་གོས་ཡག་བ་ཙམ་ཡང་མ་རེག་པ་མི་ཚེ་རྫོགས་སོང་། གུན་ཁྲན་ཏང་གིས་བེད་སྤྱོད་བྱས་ཙམ་རེད་མ་གཏོགས་ཏང་གི་རྗེས་འཇུག་བོད་མི་རྣམས་སུ་དགའ་ནས་རྩ་བ་ནས་མ་རེད། སྐད་ཆ་འདི་ཚོ་བྱུང་བ་དངོས་སུ་མཐོང་བ་དེ་འདྲ་ཡིན།

    དེང་སྐབས་སུ་དྲ་རྒྱ་ཁག་ཏུ་གུན་ཁྲན་ཏང་གིས་འགྲོ་སོང་ཆེན་པོ་བཏང་ནས་བོད་མི་རིགས་ཀྱི་ལས་དོན་ལ་བཀག་འགོག་བྱེད་མཁན་མང་པོ་བཞག་ཡོད་པ་གསལ་པོ་རེད། ཁྱེད་རང་ཡང་དེ་ཁུངས་ནས་གཅིག་རེད་བསམ་པའི་དོགས་པ་འདུག

    དེ་འདྲ་མ་བྱས་སྐྱེ་ཕ་བཟང་བུ། རྒྱ་གུན་ཁྲན་གྱིས་ཁྱོད་རང་གི་ཕ་ས་ཕ་ཡུལ་ཕྲོགས་བསྡད་ཡོད་རེད། ཐུགས་བསམ་ཞིག་བཞེས་དང་་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ལྔ་གྲངས་ནས་ད་ལྟའི་བར་དུ་གུན་ཁྲན་ཏང་གིས་བོད་མི་མང་པོར་དངུལ་གྱིས་སླུ་ཁྲིད་བྱས་ནས་བོད་མི་ནང་ཁུལ་དུ་ནང་འཁྲིགས་བརྒྱབ་བཅུག་པ་རེད། མཐའ་མ་ཕམ་ཁ་བོད་མི་རིགས་ལ་རེག་པ་རེད།
    ཁྱོད་རང་ཡང་བོད་ཡིག་ཤེས་པའི་བོད་མི་ངོ་མ་ཞིག་རེད། བོད་རང་བཙན་ཐོབ་ན་བོད་མི་ཚང་མ་ལ་གོ་སྐབས་འདྲ་མཉམ་གྱི་གོ་གནས་ཐོབ་ཐང་དམངས་གཙོའི་ལམ་ནས་ཐག་གནང་གི་རེད། རྒྱ་གུན་ཁྲན་གྱིས་ཁྱོད་རང་ལྟ་བུ་རྣམས་སླུ་ཁྲིད་བྱས་ཙམ་ལས་བེད་སྤྱོད་ཚར་དུས་གཡུག་རྐྱང་བྱེད་ཀི་རེད། ཐུགས་སུ་འཛིན་རོགས་བྱོས། སྲིད་འཛིན་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་བྱོས།

  13. རིག་པའི་བུ says:
    2012-02-05 at 4:48 pm

    ཏཱ་ལའི་དང་སྐད་ཆ་བཤད། བློ་སེང་དང་མི་བཤད། རྒྱུ་མཚན་ནི་བོད་ཀྱིས་སྐུ་མདུན་རྩ་ཆེ་བརྩི་ཞིང་རྒྱབ་སྐྱོར་བྱེད་པ་མ་ཟད། སྐུ་མདུན་ལ་འཛམ་གླིང་ན་རྒྱབ་སྐྱོར་བྱེད་མཁན་མང་པས་སྐད་ཆ་བཤད་མི་ཐུབ་ལབ་མ་ནུས་པ་རེད། བློ་སེང་ལ་དེ་ལྟར་མི་མང་གི་རྒྱབ་སྐྱོར་མེད་ཅིང་ནུས་བ་ཞན་པས་སྐད་ཆ་མི་བཤད་ལབ་པ་རེད། གལ་སྲིད་བོད་མི་རྣམས་མ་འོངས་འཇོན་ཐང་ཅན་གྱི་མི་རིགས་ཤིག་ཆགས་ཚེ་བློ་སེང་ངམ་བོད་ཀྱི་སྲིད་བློན་སུ་ཞིག་ཡིན་ཡང་སྐད་ཆ་བཤད་ངེས་རེད། སྐད་ཆ་བཤད་ནས་རྒྱ་ལ ཁེ་ཕན་ཡོད་ན་བཤད་ངེས་རེད། དེ་ལ་རྒྱ་གཞུང་གིས་ངོ་ཚ་བརྩི་གི་མ་རེད། སྲིད་དོན་ལ་ངོ་ཚ་མེད་པས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme