Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧུའུ་ཅིན་ཐའོ་ལ་ཕུལ་བའི་སྤྱི་ལྷན་གྱི་གནས་འཕྲིན།

Posted on 2012-02-012012-02-02 By ཤར་ཕྱོགས་ཁུག་རྟ། 19 Comments on ཧུའུ་ཅིན་ཐའོ་ལ་ཕུལ་བའི་སྤྱི་ལྷན་གྱི་གནས་འཕྲིན།


༄༅། ། དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར།

ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་འདིར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་སེམས་འཚབ་དང་ཧ་ཅང་བློ་ཕམ་ཡོད་ཅེས་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ནི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཅིག་ཡིན་པ་སྐུ་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཏན་ཏན་ཤེས་ཀྱི་རེད། འོན་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་ནས་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཚེ་སྲོག་ལ་རིན་ཐང་གང་ཡང་མ་བརྩིས་པ་ཞིག་ཡིན་པ་གདོན་མི་ཟ།
སྐུ་ཉིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པའི་ཆ་ནས་མི་རིགས་ཕན་ཚུན་དབར་འཆམ་མཐུན་བསྐྲུན་རྒྱུ་དེ་རྒྱལ་ཁབ་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་ཞིག་ཡིན་པ་བརྗོད་ཀྱང་སྐུ་ཉིད་ཀྱིས་ངག་ནས་བརྗོད་པ་དང་དོན་དངོས་ལག་ལེན་གཉིས་གོ་ལྡོག་ཡོད། འཆམ་མཐུན་ནི་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཀྱི་ཐོག་ནས་བསྐྲུན་དགོས་པ་ལས་དྲག་གནོན་དང་བཙན་དབང་འོག་ཡོང་ཐབས་མེད་པ་ནི་སྐུ་ཉིད་ཀྱིས་གསལ་པོར་མཁྱེན་ངེས།
ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་ལ་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་པར་བརྟེན། ད་ཆ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཅིག་དང་། རྒྱལ་སྤྱིའི་ནང་སྟོབས་ཤུགས་ལྡན་པ་ཞིག་ཆགས་སྟབས་ད་ཆ་རྒྱ་ནག་དེ་བཞིན་གཞན་གྱི་ཚོར་བ་དང་བདེ་དོན་ལ་བསམ་ཤེས་གང་ཡང་མེད་པའི་ཁེང་དྲེགས་ཅན་གྱི་འདྲེ་སྲིན་ལྟ་བུར་གྱུར་ཡོད། དཔལ་འབྱོར་ཡར་རྒྱས་རྐྱང་པས་བདེ་སྐྱིད་བསྐྲུན་མི་ཐུབ་ཅིང་། ཡར་རྒྱས་ནི་འགྲོ་བ་མིའི་རང་དབང་དང་ཆེ་མཐོང་ལ་སྲུང་བརྩི་ཞུ་རྒྱུ་དང་ལྷན་དུ་མཉམ་བསྐྱོད་ཐུབ་དགོས།
ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ང་ཚོར་འདྲ་མཉམ་ཐོག་ལྟ་གི་མི་འདུག་ཅེས་གུང་ཁྲན་གྱི་འགོ་ཁྲིད་ཚོས་ཡང་ཡང་སྡུག་སྐད་ཤོར་བ་ང་ཚོས་གོ་ཐོས་བྱུང། སྡུག་སྐད་དེ་ལྟར་རྒྱག་པར་ཐོག་མར་ཁྱེད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཚོར་འདྲ་མཉམ་ཐོག་ལྟ་བཞིན་ཡོད་དམ་ཞེས་ང་ཚོས་དྲི་བ་ཞིག་འབུལ་རྒྱུ་ཡིན། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་ལྟ་གྲུབ་སྨྲ་བ་ཁུང་ཙིས། རང་གིས་བྱེད་འདོད་མེད་པ་གང། གཞན་ལ་བཙན་འགེལ་མི་བྱེད་དོ། ཞེས་པ་དེ་ལུང་འདྲེན་བྱེད་བཞིན་ཡོད་ནའང་དོན་དངོས་སུ་ཡུ་གུར་མི་རིགས་དང་བོད་རིགས། སོག་པོ། མན་ཇུའི་མི་རིགས་ལ་ལྟ་གྲུབ་དེ་ལག་བསྟར་བྱེད་ཀྱི་ཡོད་དམ།
འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆེ་མཐོང་ཐོབ་དགོས་ན་གཞན་ལ་གུས་བརྩི་ཞུ་དགོས་པ་ལས་དྲག་ཤུགས་ཀྱིས་ཆེ་མཐོང་ཐོབ་མི་ཐུབ། དེར་བརྟེན་བཟང་སྤྱོད་ཀྱི་སྟོབས་ཤུགས་ཐོབ་པར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་རྩོད་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ཐབས་ལམ་དེ་ནི་རྒྱ་ནག་རྒྱལ་ཁབ་དང་བོད་མི་རིགས་ཀྱི་གཙོས་མི་རིགས་གཞན་ཚོར་ཕུགས་རྒྱང་རིང་པོའི་ཁེ་ཕན་ལྡན་པ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ནས་རྒྱ་ནག་དང་ཁ་བྲལ་འགྲོ་མི་དགོས་པར་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་རྒྱ་བོད་མི་རིགས་གཉིས་སྨན་གྱི་ཕུགས་བསམ་ལྡན་པའི་ཐབས་ལམ་ལག་བསྟར་བྱས་ཡོད་ནའང། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་གཞི་རྩ་མེད་པར་གང་བྱུང་ཁག་དཀྲིས་ཀྱིས་གྲོས་མོལ་ལམ་ལྷོང་ལྡན་པ་ཞིག་དང་རྒྱུན་སྲིང་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་མ་བྱས་པའི་ཁར་བོད་ཀྱི་གནད་དོན་དེ་རང་བཞིན་གྱིས་ཡལ་འགྲོ་རྒྱུའི་རེ་སྟོང་ཞིག་འཆང་བཞིན་ཡོད། འོན་ཀྱང་ད་ཆ་བོད་མིའི་སྙིང་སྟོབས་ནི་ནམ་ཡང་ཞུམ་པ་མེད་པ་དང་ཕྱོགས་གཉིས་གས་མོས་མཐུན་ཡོད་པས་ཐག་གཅོད་ཀྱི་ཐབས་ལམ་ཞིག་མ་རྙེད་བར་དུ་རྒྱུན་མཐུད་གནས་རྒྱུ་ཡིན་པ་ད་གཟོད་ཁྱེད་རྣམ་པས་ཤེས་ཚོད་ཡིན།
བོད་མི་ཚོས་དུས་རྟག་ཏུ་རང་གི་མངོན་འདོད་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ཐོག་ནས་གསལ་སྟོན་གྱིས་ཞི་བའི་ངོ་རྒོལ་བྱས་པ་དེར་བསམ་ཤེས་བྱ་རྒྱུའི་ཚབ་ཏུ་གུང་ཁྲན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་དྲག་གནོན་བེད་སྤྱོད་བྱེད་རྐྱང་བྱས་ཡོད་པ་མ་ཟད། ཕྱི་གསལ་ནང་གསལ་གང་ཡང་མེད་པར་རང་དབང་ཅན་གྱི་དངོས་དོན་རྟོག་ཞིབ་པ་ལ་བཀག་འགོག་བྱེད་བཞིན་ཡོད།

རྒྱ་བོད་མི་རིགས་གཉིས་པོའི་ཕུགས་རྒྱང་གི་ཁེ་ཕན་ལ་དམིགས་ཏེ་སྐུ་ཉིད་ལ་གཤམ་འཁོད་དོན་གནད་ཁག་ལག་བསྟར་གནང་རྒྱུར་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན།
༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་སྟངས་ཞི་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས།
༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་བོད་ནང་གཏོང་དགོས་པ་དང། གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས།
༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་བསྟེན་དགོས་པ་དང། བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས།
༤༽ བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་དུ་མཉམ་ཞུགས་བྱེད་དུ་འཇུག་དགོས།
༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ཚོར་ཁེ་ཕན་ཡོད་པ་བྱེད་དགོས།
༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས།
༧༽ བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས།
ད་ལྟའི་དུས་འདིར་གཅིག་ལ་གཅིག་རྟེན་དགོས་པའི་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་སྟངས་ཤིག་ཆགས་ཟིན་པ་དེར་གཞིགས་པའི་རྒྱ་ནག་ནང་ཞི་བའི་ཐོག་ནས་བཅོས་བསྒྱུར་བཏང་སྟེ་མི་མང་གི་རང་དབང་དང་ཆེ་མཐོང་ལ་བརྩི་བཀུར་ཞུ་དགོས་པའི་དུས་ལ་བབ་ཡོད། དེ་ལྟར་མ་བྱུང་ཚེ་མི་རིང་བར་རྒྱ་ནག་རང་ཉིད་ཀྱི་བྱེད་ཕྱོགས་མ་འགྲིགས་པའི་རྐྱེན་གྱིས་རྒྱ་ནག་བྱུང་རབས་ལོ་རྒྱུས་ཁྲོད་ཆེས་བློ་ཕམ་ཆེ་ཤོས་ཀྱི་གྱོང་གུན་ཕོག་པའི་དུས་ཚོད་ཤར་རྒྱུ་ཡིན་པ་མ་ཟད། གྱོང་གུན་དེ་ནི་རྒྱ་ནག་རང་ཉིད་ཀྱིས་བཟོས་པ་ཞིག་ཆགས་ངེས་ཡིན།
གོང་འཁོད་བསམ་ཚུལ་དེས་སྐུ་ཉིད་དང་སྐུ་ཉིད་ཀྱི་བློ་མཐུན་ཚོ་རྨོངས་གཉིད་ལས་སད་དེ་དོན་དམ་གྱི་དཀའ་ངལ་རྣམས་འཕྲལ་དུ་ཞི་བའི་ལམ་ནས་སེལ་རྒྱུར་ང་ཚོས་སེམས་གཏིང་ནས་རེ་བ་འཆང་བཞིན་ཡོད། དེ་ལས་ལྡོག་སྟེ་དཀའ་ངལ་རྣམས་དྲག་གནོན་གྱིས་སེལ་ཐབས་བྱས་ཚེ་ཕྱིས་སུ་རྗེས་འབྲས་ངན་པ་གང་བྱུང་བའི་འགན་ཁག་ཡོངས་རྫོགས་སྐུ་ཉིད་དང་སྐུ་ཉིད་ཀྱི་སྲིད་གཞུང་ཉག་ཅིག་ལ་དཀྲི་རྒྱུ་བཅས།
ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༧ ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས།།

གསར་འགྱུར།

Post navigation

Previous Post: ཨ་མདོའི་བློ་བཟང་མཁས་གྲུབ་དབང་བོ་སྐྱོན་ཅན་བཟོས་ཏེ་གློད་པ་དང་ནམ་མཁའ་འཇིགས་མེད་བཙན་ཁྲིད་བྱས་འདུག
Next Post: བོད་ནང་གི་སློབ་མ་ཞིག་ལ་རོགས་རམ་གནང་རོགས།

Comments (19) on “ཧུའུ་ཅིན་ཐའོ་ལ་ཕུལ་བའི་སྤྱི་ལྷན་གྱི་གནས་འཕྲིན།”

  1. རོ་ལངས། says:
    2012-02-01 at 2:48 pm

    སྤྱི་ལྷན་ཚོགས་གཙོ་གཙོས་སྤྱི་འཐུས་རྣམ་པ་བཀའ་དྲིན་ཆེ། གལ་སྲིད་འདི་ལ་གསན་འཇོག་མ་གནང་ཚེ་ཁྱེད་རྣམ་པས་གྲོས་ཚོགས་སྐབས་བསམ་བློ་གསར་བ་ཞིག་གཏོང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།

  2. བསོད་ནམས། says:
    2012-02-01 at 3:46 pm

    བྱིས་པ་ལོ་ལྔ་ཅན་གྱི་བསམ་ཚུལ་འདྲ་བོ་འདིས་རྒྱ་དམར་མག་ོ་མཁྲེགས་ཅན་ཚོའི་བསམ་བློ་འགྱུར་བ་ཐེབས་ཀྱི་མ་རེད། དེ་ལས་གྲོས་ཚོགས་སྐབས་ཐབས་ལམ་དང་སྲིད་བྱུས་ཡང་དག་ཅིག་བཏང་དགོས་རེད།

  3. ལྷག་པ་ཚེ་རིང་། says:
    2012-02-01 at 4:21 pm

    ཡི་གེ་བཏང་བ་དེ་ཡག་པོ་རེད། ཡིན་ནའང་། དོན་འབྲས་སོན་པ་དང་མ་སོན་པ་གང་བྱུང་རུང་གྲ་སྒྲིག་ཅིག་དགོས་པ་རེད། དེ་བས་ཡི་གེའི་རྗེས་ཀྱི་ཕྱག་ལས་ལ་ལྟ་འདོད་བྱུང་།

  4. ཨ་རིག་འགྱུར་མེད། says:
    2012-02-01 at 4:23 pm

    དཔལ་ལྡན་ཧུ་ཅིན་ཐོ། ཧཧཧ
    གྲོས་ཚོགས་ནི་གྲོས་ཚོགས་རང་རེད།

    གང་ལྟར་ཡི་གེ་འདི་བཏང་བར་སེམས་བསམ་པའི་སྟེང་ནས་དགའ་བསུ་ཡོད་ལ། ཐུགས་རྗེ་ཆེ་ཡང་ཞུ་གིན་ཡོད། ཡིན་ནའང་། དཔལ་ལྡན་ལག་དམར་བས་རྣ་བ་གཡོར་མི་སྲིད་པའང་མིག་མཐོང་ལག་ཟིན་རེད། དེར་བརྟེན། འདི་ལས་གཞན་པའི་བྱ་འགུལ་གང་སྤེལ་རྒྱུ་ཡོད་མེད་ལ་ཐུགས་བསམ་བཞེས་རྒྱུར་སྙིང་ནས་རེ་བཞིན་ཡོད་ལགས།

  5. ཨ་རིག་འགྱུར་མེད། says:
    2012-02-01 at 4:24 pm

    སྒང་གི་དེ་ནོར་འདུག

    དཔལ་ལྡན་ཧུ་ཅིན་ཐོ། ཧཧཧ
    སྤྱི་ལྷན་ནི་སྤྱི་ལྷན་རང་རེད།

    དེ་འདྲ་བོ་རེད།

  6. རིག་པའི་བུ says:
    2012-02-01 at 6:06 pm

    ཚིག་ཚོགས་མང་ཞིང་བརྗོད་རྣམས་དེ་སྔོན་སྐད་ཆ་རྙིང་པ་སྐྱར་ཟློས་ལས་མེད་པས་རྒྱ་ནག་ལ་མཚོན་ན་དམིགས་བསལ་གྱི་སྐད་ཆ་ཅི་ཡང་མི་འདུག ཡོད་པ་ནི་སྤྱི་འཐུས་ངོས་སྔོན་དང་མི་མཚུངས་བ་ངོ་རྒོལ་གྱི་རྣམ་པ་སྟོན་པ་ཡག་བྱུང་།

  7. ཅོ་རི་ཉི་མ། says:
    2012-02-01 at 6:48 pm

    བྲིས་པའི་ཡི་གེ་ན་ཆུང་།
    ཆུ་དང་ཆར་པས་འཇིག་འགྲོ
    མ་བྲིས་སེམས་ཀྱི་ན་ཟུག
    བསུབས་ཀྱང་དག་ཐབས་མི་འདུག

  8. སྟག་སྨྱོན། says:
    2012-02-01 at 10:42 pm

    བཀའ་ཤག་དང་སྤྱི་འཐུས་གཉིས་ལ་ཞུ་རྒྱུར། ཁྱེད་ཚོར་རྒྱ་གཞུང་ལ་ཞུ་བ་འཐེན་ནས་འདུག་རྒྱུ་ལས་འཆར་གཞི་འདྲ་ཡོད་དམ། ཁྱེད་ཚོས་རྒྱ་མི་ལ་གྱིས་རོགས་ཞེས་བཏོན་པའི་རེ་བ་རྣམས་རྒྱ་གཞུང་གི་གྱིས་ཀི་མིན་ལབ་ན་ཁྱེད་ཚོས་ག་རེ་བྱེད་ཀྱི་ཡིན་པས། རྒྱ་མི་སྡུག་ཅ་ལབ་ནས་འདུག་གི་ཡིན་ནམ། ཡང་ན་གྱིས་ཀི་མིན་ན་ཁྱེད་ཚོས་འདོད་པ་གྱིས་ལབ་ནས་གཡུག་བཞག་གི་ཡིན་པས། བཀའ་སྤྱིའི་ཆུ་ཚོད་འཕྲོ་བརླག་མ་རེད་པས། དེ་བས་བོད་མི་རང་གིས་ག་རེ་བྱེད་དགོས་ཀྱི་འདུག ག་རེ་བྱེད་ཐུབ་ཀྱི་འདུག་རེ་རེ་ཞིབ་འཇུག་བྱས་ནས་བང་རིམ་སྒྲིག་ན་ཡག་པོ་མི་འདུག་གམ། དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྒྱབ་རྟེན་དཔལ་འབྱོར་ཆགས་ཡོད་པ་རེད། དཔེར་ན་རྒྱལ་ཁབ་དང་མི་རིགས་གང་ཞིག་གི་སེམས་ཁམས་ལ་ཕོག་ཐུག་བཏང་བ་ཡིན་ན། འཕྲལ་དུ་ཕོག་ཐུག་གཏོང་མཁན་ལ་དཔལ་འབྱོར་ཉེས་ཆད་གཅོད་པ་དང་། ཚོང་འབྲེལ་གཅོད་པ། ཕོག་ཐུག་གཏོང་མཁན་གྱི་རྒྱལ་ཁབ་དེའི་ཅ་དངོས་མི་ཉོ་བ་སོགས་བྱེད་ཀྱི་ཡོད་པ་རེད། བྱེད་སྟངས་འདི་ནུས་པ་ཆེ་ཤོས་ཆགས་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་བོད་ནང་གཞི་ཆགས་པའི་རྒྱ་མིའི་ཚོང་ཁང་དང་ཟ་ཁང་དང་། ལས་ཀ་བ་སོགས་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཆོག་ཆོག་ཡོད་པ་རེད། གལ་སྲིད་བོད་པ་མ་སོང་ན་རྒྱ་མིའི་ཟ་ཁང་དང་ཚོང་ཁང་ག་ཚོད་ཅིག་སྒོ་བརྒྱག་དགོས་ཐུག་གི་རེད་དམ། བྱས་ཙང་ང་ཚོ་བོད་པ་རང་གིས་ག་རེ་བྱེད་ཐུབ་ཡ་འདུག་ཞིབ་འཇུག་བྱས་ནས་བང་སྒྲིག་རྒྱུ་གལ་ཆེན་པོ་མ་རེད་དམ།
    བཀའ་ཁྲིས་ཀྱང་བོད་དོན་ཟེར་བ་དེ་གསར་འགྱུར་བརྒྱུད་ལམ་ཁག་ལ་འུར་ཚ་བོ་ཁ་ཤས་བརྒྱབ་ན་འགྲིག་འགྲོ་བ་དེ་འདྲ་སླ་བོ་ཞིག་ཏུ་མི་བརྩི་བར། ལོ་ངོ་སྟོང་ཕྲག་འགོར་ན་བརླག་ཡ་མེད་པའི་བོད་དོན་འཐབ་རྩོད་ཀྱི་ལྟ་གྲུབ་མཁྲེགས་པོ་ཞིག་བསྐྲུན་ཐུབ་མིན་ལ་བསམ་བློ་ཐོངས། གང་ཡིན་ཟེར་ན་བོད་དོན་ལོ་ཤས་ནང་ལས་སླ་བོ་བྱས་ནས་སེལ་རྒྱུ་མ་ཡིན་པ་གསལ་བོ་རེད། བྱས་ཙང་སྐད་འབོད་དང་རེ་བ་འདྲ་བཏོན་ནས་ཡོང་ཡ་འདུག་གམ། མདོ་དོན་བཀའ་སྤྱིས་བོད་དོན་བསྒྲུབ་ཐབས་ལྟ་གྲུབ་འོས་འཚམས་ཤིག་བཟོས་ནས། བོད་མི་སྒེར་རེ་རེ་ལ་ཡིན་ནའང་ལས་རྒྱུ་ཡོད་པའི་སྲིད་ཇུས་ཞིག་བཟོ་དགོས་པ་རེད།

  9. སྤྲུལ་སྐུ་དབང་ཆེན says:
    2012-02-02 at 2:28 am

    ངས་སྨོན་ལམ་ཞིག་འདེབས་ཀྱི་ཡིན་། སྨོན་ལམ་དེ་ག་རེ་ཡིན་ཞུ་ན་རྡ་ས་བོད་མིའི་སྒྲིག་འཛུག་གི་གླེན་རྒན་གླང་གོག་ཁྱུ་ཚོགས་ཀྱིས་འདི་འདྲའི་སྐྱུག་བྲོ་བའི་སྐད་ཆ་ཞིག་དཔལ་དང་ལྡན་པའི་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་གྱི་སྲིད་འཛིན་མཆོག་གི་སྐུ་དྲུང་དུ་མགོ་བོ་ལན་གསུམ་གུག་གུག་དང་ལྕེ་ལེ་ཐང་གསུམ་ནར་ནར་བྱས་ནས་ཕུལ་མེད་པར་ཤོག་ཞེས་པ་དེ་ཡིན། དཔའ་བོ་དང་དཔའ་མོ་ཚོས་རང་སྲོག་བློས་བཏང་གིས་བྱ་སྤྱོད་སྤེལ་བཞིན་པ་འདི་ཅི་འདྲའི་རིན་ཐང་ཆུང་ལ་མཚོ་གཏིང་དུ་རྦབ་རྡོ་འགྲིལ་བ་ལས་མེད་པ་འདི་རང་གཞུང་གི་སྤྱོད་ཉེས་ཡིན་པ་ལས་གཞན་སུ་ལ་རེ་བསྐུལ་ཞུ་བར་འགྲོ། བོད་ནང་གི་བོད་མི་ཚོས་བོད་རང་བཙན་དང་རང་དབང་གིས་ཆེད་དུ་རང་སྲོག་བློས་གཏོང་བྱེད་བཞིན་པ་ལས་གཡོ་རྒྱུ་ཅན་འགའ་ཞིག་གིས་བཏོད་པའི་བོད་རྒྱ་དབུ་མ་ཞེས་པ་མགོན་པོ་ཀླུ་གྲུབ་གྱི་མཐའ་བཞི་ལ་མ་ལྷུང་བའི་དབུ་མ་ལྟ་བུ་ཞིག་ཡོད་ཟེར་ནས་སུ་ཞིག་མགོ་བསྐོར་བཞིན་ཡོད་པ་ཤེས་མེད་པ་དེ་་ཅི་འདྲའི་རང་མགོ་རང་གིས་བསྐོར་བའི་བྱིས་པའི་བསྒྲུང་གཏམ་ཆེན་མོ་ཞིག་མིན་ནམ། བོད་རང་བཙན་མི་དགོས་རང་སྐྱོང་དགོས་ཟེར་ནས་བོད་མི་ས་ཡ་དྲུག་གི་ཐག་གཅོད་བྱས་ནས་བཤད་པ་ནི་བསམ་བློ་གཏིང་ནས་ཐོངས་དང་ཅི་འདྲའི་ཧམ་པ་ཆེ་ལུགས་ལ། སྒེར་གཅོད་རང་ལུགས་ལ་གོམས་ཀྱིན་པ་དེ་ཚོས་ལས་ཀ་འདིས་ས་ཡ་དྲུག་གི་བློ་ཐག་དེ་མི་འཁྱམས་ཁ་ཤས་ཞིག་གིས་བཅད་པ་ལ་གཟིགས་དང་དེ་དམངས་གཙོའི་ལྟ་བ་རེད་དམ་སྒེར་གཙོའི་ཐག་ཆོད་རེད།
    གཞིས་ལུས་སྤུན་ཟླའི་ཚེ་སྲོག་མེ་རུ་སྤར། བོད་མིའི་རང་བཙན་དཔལ་འབར་རྒྱལ་རབས་བྲིས། ཡུལ་འཁྱམས་བོད་མིས་རང་བཙན་རླུང་ལ་བསྐུར། བོད་མིའི་རང་བཙན་བོར་བའི་བསྒྲག་གཏམ་འབྲི།
    རྒྱ་ནག་གཡོ་རྒྱུས་དཔལ་གྲགས་དགོང་དང་མཉམ། རྡ་སས་གཡོ་རྒྱུས་རང་མགོ་རང་གིས་བཅགས། རྒྱ་མིས་བོད་རྒྱ་འབྲལ་མེད་སྤུན་ཟླ་ཟེར། རྡ་སས་གཡོ་ཇུས་བོད་རྒྱ་ཁྲག་དཀྲུགས་བྱས།
    ས་ཡ་དྲུག་གི་སྡུག་གཏམ་བསྒྲོགས་བྱས་ནས། ཕྱིར་སྡོད་བོད་མིས་འཚོ་བའི་འཚོ་རྟེན་འཆའ། ཕྱིར་སྡོད་རྣམས་ལ་རེ་བས་བོད་ནང་དུ། མེ་རུ་འབར་བའི་ལུས་འདི་གང་སར་ཁྱབ།
    དབུ་མ་སྟོང་ཉིད་སློབ་པའི་དམར་སེར་འགས། སྟོང་ཉིད་རྟོགས་མེད་སྲིད་ཀྱི་དབུ་མ་ཞིག། སྟོང་ཉིད་མ་རྟོགས་རྟོག་གེ་རང་ཉིད་ལས། རྟག་པར་སྨྲ་བའི་རྒྱ་ལ་ཅི་བྱར་ཡོད།
    བོད་མི་སེམས་བཟང་གླེན་པ་དད་པ་ཆེ་བས་འགྱོད། བོད་མི་དཔའ་རྒོད་བླུན་པོ་རང་སྲོག་ཤོར་བས་འགྱོད། བོད་མི་མཁས་པ་ཉམས་ཆུང་བོད་མིས་མི་རྟོགས་འགྱོད། བོད་མིའི་བླ་མ་གྲགས་ཆེན་རང་བཙན་བཙོང་བས་འགྱོད།།

  10. ཅོག་རོང་གི་མྱི། says:
    2012-02-02 at 3:01 am

    བོད་གཞུང་ཟློས་གར་གྱི་སྟེགས་བུ་སྟེང་ནས་རྒྱ་གཞུང་ལ་སྐད་འབོད་བྱེད་པའི་ཚུལ་ལ་ལྟོས་ན་འདི་ནིའང་རྣམ་ཐར་རམ་ཟློས་གར་འཁྲབ་སྤྱད་ཀྱི་འབོད་སྐུལ་ཞིག་ཏུ་སྣང་། པར་འཇོག་དུས་ཉམས་འཇོག་གནང་དགོས།

  11. ཅོག་རོང་གི་མྱི། says:
    2012-02-02 at 3:03 am

    དེ་ནི་དཔལ་ལྡན་ཤར་ཁུག་དང་ཁ་བརྡ་བཅས་ལ་སྐུལ་བ་ཙམ་མོ།

  12. སྒྱུ་མ་ངལ་གསོ། says:
    2012-02-02 at 9:10 am

    དྲྭ་རྒྱའི་ལས་གྲོགས་ཡོང་ལ་འཚམས་འདྲིས་དང་བཀྲ་ཤིས་བདེ་ལེགས། ངོས་ཁ་བརྡའི་གནས་ལ་ཐེངས་མང་བཀླགས་མྱོང་ཡང་། འཛུལ་ཞུག་གི་མཆན་བུ་བཏབ་པར་མཛུམ་མོས་ལས་བྲེལ་འདིས་ད་རེས་དང་པོ་ཡིན། བྱས་དུས་ངོས་ནས་འཚམས་འདྲིས་འབུལ་རྒྱུའང་དེ་ཡིན།་ངོས་ནས་རྒྱ་གར་དུ་སྐྱེས་ནའང་བོད་ཀྱི་བསྟན་སྲིད་དོན་ལ་ལྷག་བསམ་ཕྱོགས་པ་ཞིག་ཡིན། མ་ཟད་འདི་གཞི་ལུས་སྤུན་ཟླ་མང་པོས་གཅེས་ཚེ་སྲོག་ཡང་མེ་མཆོད་ཕུལ་བ་སོགས་གནས་དོན་ཛ་དྲག་མང་པོ་གཅིག་མིན་གཉིས་མིན་མུ་འཐུད་ནས་ཡོང་བས་ང་སྒེར་མི་ཆུང་ཆུང་ཞིག་ཡིན་ནའང་སྙིང་ཁུང་སྟིང་ནས་ཤ་ཚ་དང་། རྒྱབ་སྐྱོར་ཡོད་། འོན་ཀྱང་ང་ཚོས་རྒྱ་གར་རང་དབང་ལུང་པའི་རྒྱབ་སྐྱོར་དེ་ནི་རྒྱགས་སྐྱིད་ངང་གིས་རྒྱབ་སྐྱོར་སྙམས། རེད་དེ་ངས་དེ་རིང་ཨ་ིརིའི་བོད་སྐད་རྒྱང་སྲིང་ཀུན་གླེང་གི་ལས་རིམ་དྲི་བ་དང་དྲི་ལན་ནང་ནས་ལོ་གསར་བྱེད་སྒོ་གནང་དང་མི་གནང་སྐོར་རེད་འདུག ངས་དེ་མཐོང་བ་དང་བློ་ཕམ་ཚད་མེད་བྱུང་སོང་། ངོས་ནས་བསམ་ཚུལ་ལན་ཞིག་དབུལ་སྙམས་ཀྱང་ཕྲིན་ཇི་འདྲ་བཏང་དགོས་མིན་ཆ་མ་འཚལ་བས་དེ་མུལ་ལུས། དེ་རིང་ཁ་བརྡ་ནང་ཞུགས་དགོས་རྐྱེན་དེ་འདྲ་རེད། ད་གཙོ་བོ་ཞུ་བྱ་ནི། ང་ཚོས་བཙན་བྱོལ་ནང་ཡིད་མཁན་ཚོས་འདི་ལོ་བོད་ནས་སེར་སྐྱ་མང་པོ་སྐུ་སྲོག་གྱོང་གུད་ག་ཚད་གནང་སོང་། དེ་ཚོ་སུ་ཡི་དོན་རེད་ཤུལ་ལུས་ང་ཚོས་དོན་དུ་ཡིན་པ་དངཐོག་་ངོས་ཟིན་དགོས་ཡག་གལ་ཆེན་པོ་རེད། སོ་སོས་ཕྲུ་གུ་བོད་སྐད་མ་ཤེས་ནའང་སྐད་ཡིག་གཞན་ཐོག་ངོས་ཟིན་པ་དགོས། འདི་ལོ་ལོ་གསར་བྱེད་སྒོ་དགའ་སྐྱིད་སྤྲོ་གསུམ་གནང་ཐུབ་ས་རེད་དམ། སོ་སོས་ཁྱོམ་ནང་ཕ་མ་གཉེན་འབྲེལ་འདས་གྲོངས་བྱུང་ན་ལོ་གསར་གཏོང་མི་གཏོང་གི་དྲི་ཚིག་ཡོད་དམ་མེད། དེ་བསམ་བློ་བཏང་ནས་ལོ་གསར་བཏང་དགོས་མིན་དོན་དེ་ལ་ཐུགས་བསམ་ཞོགས། གསུམ་པས་ལ་ལས་ལོ་གསར་མ་གཏང་ན་རིག་གཞུང་ཉམས་འགྲོ་ཚུལ་བཤད་སོང་བས་། བློ་རྒྱ་ཁབ་མིག་ལས་ཆུང་བ་ཅན་ཞིག་རེད། དེ་འདྲའི་རིག་གཞུང་ལ་དོ་སྣང་ཡོད་ན་ཁྱོད་ནང་མི་འདས་གྲོངས་ཕྱིན་ན་ལོ་གསར་གཏོང་གིས་ཨི་ཡིན། བྱས་དུས་རང་རེ་རང་དབང་ལུང་པ་རུ་བསྡད་དུས་ཕར་ཕྱོགས་སྐུ་སྲོག་གང་འདྲ་མེ་མཆོད་གནང་སོང་བས་དེ་ཐུགས་ལ་བཞག་། ང་ཚོས་ལོ་སོ་མ་དུས་ཚང་མས་ཉིན་གྲངས་ག་ཚད་ཐུབ་ནའང་དམར་ཟས་བཅད་ནས་དཀར་ཟས་ལ་རོལ་གནང་།་འདས་པོ་དེ་རྣམས་ཆེད་སྨྱུང་གནས་དཀར་ཆོག་ག་ཚད་གནང་ཐུབ་ཐུབ་གནང་རོག་ང་ཡི་སྒེར་ཞུ་ཡིན་ཚང་མས་དོན་ལྡན་གཟིགས་ན་རྒཐབ་སྐྱོར་གནང་ནས་འབུལ་བསྐུལ་གནང་ན་གང་འདྲ་འདུག

  13. བོད་ལ་ཞེན། says:
    2012-02-02 at 11:24 am

    བོད་ཀྱི་གནས་དོན་ནི་བོད་མི་ས་ཡ་དྲུག་གི་གནས་ཚུལ་ཡིན་པ་ལས་གཞོན་ནུ་དང་བསྟན་འཛིན་བརྩོན་འགྲུས་ཁོ་ནའི་དོན་ག་ལ་ཡིན། དེས་ན་དང་པོ་སོ་སོས་འགུལ་གཞི་ནས་གཞན་ལ་འགུལ་གྱི་མི་འདུག་ཟེར་ན་གོ་ཡ་ཞིག་ཡོད་པ་རེད། སོ་སོ་ཏོག་ཙམ་ཡང་འགུལ་མི་དགོས་པར་རྩིས་འཕྲུལ་མདུན་ལ་བསྡད་ནས་གཞན་རང་ནུས་གང་ཡོད་བཏོན་མཁན་ལ་འགྲིག་གི་མི་འདུག་མདོག་མདོག་བྱེད་པ་ནི་རང་གི་སྟེང་ལ་གཡག་འགྲོ་བ་མ་མཐོང་བར་གཞན་གྱི་སྟེང་ཤིག་འགྲོ་བ་ལ་ཧ་ལས་ལས་བྱས་པ་རང་རེད།

  14. གླིང་ཕྲུག་ཚེ་རིང་། says:
    2012-02-02 at 12:40 pm

    ངའི་ཡག་པོ་རེད་ཟེར་ནས་བསྔགས་བརྗོད་ཡོད་

  15. བོད་ཁམས་ཉི་མ་། says:
    2012-02-02 at 4:26 pm

    སྤྲུལ་དབང་ཆེན་གྱིས་ཅུང་ཟད་གོ་འདུག་། ད་ནི་ཇི་ལྟར་་བྱས་ཀྱང་ཕན་པ་མེད་། གང་ལྟར་བྱས་ཀྱང་རང་མགོ་རྡོ་རྒྱག་ཡིན་། བྱེད་ཐབས་ཡག་ཤོས་སྐབསརིང་་ཅི་ཡང་་མི་བྱེད་པ་དེ་ཡིན་། དེ་མིན་ཅི་བྱས་ཀྱང་བུ་རྟ་ལ་ཆག་གྲུམ་ཤོར་རྒྱུ་དང་་དགོན་པ་རྣམས་སྒོ་རྒྱབ་རྒྱུ་ལས་གཞན་མེད་ ། ཐབས་ལམ་ཡག་ཤོས་། མགོ་བཀའ་ཁྲི་ནས་མཇུག་ཆུ་ལེན་བར་ཁུ་སིམ་མེར་བཞུགས་རོགས་། སྐུ་མཁྱེན་། དེ་མིན་རོ་རུལ་ཟ་ཁྱིས་མི་འདོད་པ་ཞིག་ཡོང་ངེས་། གཟབ་ཤིགས། སྤུན་ཟླ་རྣམ་གླན་པ་ཨུ་ཚུག་མ་བྱེད་།

  16. བདག་པོ། says:
    2012-02-02 at 11:07 pm

    ཞ་ར་དབང་ཆེན་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ལུགས་འདིར་བསམ་བློ་ཞིབ་ཕྲ་བཏང་ན་ཨ་ཟད་འཁྱམས་པོའི་ཕྱོགས་གཏོགས་ཡིན་པ་བཤད་མི་དགོས་པ་ཞིག་རེད་འདུག ཞ་ར་ཁྱོད་ནས་བོད་སྤྱིར་ཕན་པའི་ལས་དོན་གང་ཞིག་སྒྲུབ་ཡོད། རྒྱ་མི་ཀྲུའུ་ཝུན་ཆུན་གྱི་གཏམ་བཤད་ལས་ཀྱང་ཐབས་སྐྱོ་བ་ཞིག་བྲིས་འདུག གནས་ཚུལ་འདིའི་རིགས་གཞིས་ལུས་བོད་མིས་མཁྱེན་རྟོགས་བྱུང་ན་ཞ་ར་དབང་ཆེན་མི་ཡུལ་དུ་འཇོག་མི་སྲིད། གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་བསམ་རྒྱུ་༧གོང་ས་མཆོག་ལས་མེད། ཁམས་དང་། ཨ་མདོ། ལྷ་ས་སོགས་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་དུ་གདན་འདྲེན་ཞུ་དགོས་ཅེས་སྐད་འབོད་བྱེད་ཀྱི་མི་འདུག་གམ༽ ལྟས་ངན་ཁྱོད་ཚོའི་གྲལ་དེ་ནང་རུལ་པ་ངོ་མ་དེ་རེད་འདུག དབུ་མའི་ལམ་ནི་ལོ་མང་པོའི་སྔོན་ནས་འདེམས་ཟིན་པ་རེད། སྐབས་དེ་དུས་ཞ་ར་ཁྱོད་མགོ་ག་པར་བརྒྱུད་བསྡད་པ། སྡུག་རོ་ཁྱོད་འདྲ་བས་ཀྱང་བཙན་བྱོལ་བོད་མིའི་མཛད་གཙོ་རྣམས་ལ་གླང་གོག་ཞེས་མིང་འདོགས་བྱེད་དུས་གཞིས་ལུས་བོད་མིར་སེམས་འཁུར་བྱེད་པ་ནི་སྐེ་བཅད་ནས་ཨོག་མར་བྱམས་པོ་བྱས་པའི་དཔེ་དང་གཅིག་པ་རེད། བོད་པ་ཚང་ལ་ལས་མ་དག་པའི་མི་འདི་འདྲ་་འདུག ཨ་ཙི། བདུད་དགའ་རབ་དབང་ཕྱུག་གི་ཚ་བོའོ་ཚ་བོ་མི་ཡུལ་འདིར་སླེབས་འདུག་པས་ དཱ་ སི་ནོ་ལི་ནས་བལ་པོའི་ཉེན་རྟོག་པ་གཅིག་གདན་འདྲེན་ཞུ་ཡས་དུས་ཚོད་སླེབས་འདུག ཞ་ར་འདྲེ་ཡིན་དང་མི་ཡིན་ཐག་གཅོད་དགོས་ཀྱིས།

  17. འབྲོག་ཕྲུགས། says:
    2012-02-02 at 11:45 pm

    ༄༅། ། ༼དཔལ་ལྡན༽་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར། མི་བསད་ཉིད་ཞིག་ལ་་་དཔལ་ལྡན་ཅེས་པའི་ཚིག་དེ་འོད་དང་འཚམས་པ་ཞིག་ཡིན་ནམ་མིན་ནམ། བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚང་མ་སློབ་སྦྱོང་ཡོད་ལབས་མཁན་ཏག་ཏག་རེད་འདུག། དེའི་ཐོག་བསམས་བློ་ཞིག་མ་འཁོར་བ་དེ་ང་རང་ཧང་སངས་ཀྱི་འདུག། གཞན་ལ་རེ་བ་རྐྱང་རྐྱང་བརྒྱག་ནས་བསྡད་ན་སྐྱག་ལུ་འགྲོའརེད། བྱེད་ཙང་རེད་བ་སོ་སོ་ལ་བརྒྱག་དགོས་པ་གལ་ཆེན་མཐོངས་སོང། བོད་ཕྲུགས་ང་སློབ་སྦྱོང་མེད་ཡིན་ཡང་ང་རང་བོད་ཕྲུགས་ཅིག་ཡིན་པའི་ཆ་ནས་བྲིས་པ་ཡིན།

  18. ཚེ་བསམ་ says:
    2012-02-03 at 5:31 am

    རེད་ལགས་དམར་བ་ལ་དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར།

  19. གངས་ཕྲུག། says:
    2012-02-03 at 12:57 pm

    ཡི་གེ་ཀློག་གི་ཡོད་མིན་གང་ཤེས་མ་གཏོགས། ཀློག་ན་དང་ཏན་ཏན་ཕན་ཐོག་གི་རེད། ཡང་ན་དང་པོ་ནས་གྲོས་མོལ་ཟེར་ཡ་དེར་མོས་མཐུན་མ་བྱས་ན་ཏག་ཏག་རེད། ད་བྱ་ཐབས་དེ་ཚོ་ལས་གཞན་གང་ཡང་ཡོད་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme