Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་ཆོས་བོད་ལ་དར་བ་དེ་རྒྱ་མིས་བོད་ལ་བཙལ་འཛུལ་བྱས་པ་དང་གཅིག་མཚུངས་རེད།

Posted on 2009-04-272009-04-27 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 9 Comments on ནང་ཆོས་བོད་ལ་དར་བ་དེ་རྒྱ་མིས་བོད་ལ་བཙལ་འཛུལ་བྱས་པ་དང་གཅིག་མཚུངས་རེད།

མི་ཞུན་ནས། རྒྱ་གར།

སྙིང་ཉེ་བའི་དྲ་གྲོགས་རྣམས་པ། ཁྱེད་རང་ཚོའི་ནང་ན་ད་བར་དུ་ངའི་བརྗོད་གཞི་འདིའི་སྒང་ལ་བསམ་བློ་བཏང་མྱོང་མཁན་ཨེ་ཡོད། གལ་སྲིད་ཡོད་ན། ཁྱེད་རང་ཚོའི་ངོས་ཐད་ནས་ནང་ཆོས་བོད་ལ་དར་བ་དང་རྒྱ་མི་བོད་ལ་ཡོང་བ་གཉིས་ཀྱི་བར་ན་མཐུན་རྟགས་ཀྱི་ཆོས་ག་ཚོད་ཙམ་ཡོད་པ་མཐོང་ཨེ་སོང་། ནང་ཆོས་བོད་ལ་དར་བ་དེ་རྒྱ་མི་བོད་ལ་ཡོང་བ་དང་གཉིས་སུ་མ་མཆིས་བ་ལྟ་བུ་ཞིག་ཏུ་མཐོང་གི་མི་འདུག་གམ། རེད་ཡ། དྲང་མོ་བཤད་ན་འདི་གཉིས་ཀྱི་བར་ན་ཧ་ཅང་འདྲ་བའི་རྟགས་མང་པོ་ཞིག་ཡོད། ངས་འདི་ལྟར་ཐོལ་གྱིས་བཤད་པའི་སྐད་ཆ་འདིར་ཐད་ཀྱིས་བལྟས་པ་ཡིན་ན་བོད་མི་ཞིག་ཡིན་ནོ་ཅོག་གི་སེམས་ནང་ལ་རང་བཞིན་གྱིས་མི་བདེ་བ་ཞིག་དང་མི་སྐྱིད་པ་ཞིག་ངང་གིས་སྟེར་གྱི་ཡིན་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་། དཔྱད་བརྟག་གི་རིག་པ་རྣལ་དུ་ཕབ་ནས་ཞིབ་འདང་གི་བསམ་བློ་ཁད་ཀྱིས་བཏང་སྟེ་བལྟས་པ་ཡིན་ན་དངོས་གནས་ནང་ཆོས་བོད་ལ་དར་བ་དེ་རྒྱ་མིས་བོད་ས་བཙན་གྱིས་བཟུང་བ་དང་ཡོངས་སུ་འདྲ་བ་ཞིག་རེད།
དེ་ཡང་ཧ་ཅང་བསྡུས་བསྡུས་ཤིག་བྱས་ནས་བཤད་པ་ཡིན་ན།

དང་པོ། ཐུབ་བསྟན་རིག་གནས་བོད་ལ་མ་དར་བའི་ཡར་སྔོན་དུ་བོད་རང་གི་ས་ཐོག་ན་བོད་མི་རང་གིས་དད་མོས་དང་གོང་བཀུར་བྱེད་སའི་ཆོས་ལུགས་ཤིག་ཡོད་པ་སྟེ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་གིས་སྲོལ་བཏོད་བྱས་པའི་གཡུང་དྲུང་བོན་བསྟན་ཟེར་བ་ཞིག་ཡོད་པ་དེ་ཡིན་པ་ནི་སྔོན་བྱུང་ལོ་རྒྱུས་ཡིག་ཆ་ཁག་གི་ནང་དུ་གསལ་གསལ་ཐང་ཐང་གིས་བཤད་ཡོད་པ་ཀུན་ལ་སྨྲ་མི་དགོས་པའི་ལོ་རྒྱུས་ཤིག་རེད། ང་ཚོ་བོད་མི་རིགས་ཀྱི་ཡབ་མེས་ཡང་མེས་དག་ཀྱང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་འགྲོགས་ཤིང་འདྲིས་ནས་ཡོང་བའི་གཡུང་དྲུང་བོན་བསྟན་རིག་གནས་ཀྱི་ཤེད་ལ་བརྩེ་སེམས་ཟབ་མོ་ཆགས་ཡོད་པ་ཡང་ཚོམ་པ་སྐྱེས་མི་དགོས་པ་ཞིག་འདུག། དེ་ནི་དུས་ད་ལྟའང་ལ་ཁུགས་ལུང་ཁུགས་ན་གཞིས་སུ་ཆགས་པའི་བོད་མི་རྣམས་ཀྱིས་རང་གི་ཡབ་མེས་ཀྱི་ཆོས་ལུགས་ངོ་མ་དེ་ལྔ་བཅུ་ང་དགུའི་རླུང་འཚུབ་ལས་ཀྱང་འཇིགས་ཤིང་སྐྱི་གཡའ་བར་བྱེད་པའི་གཏོར་བཅོམས་ཤིག་གི་ཁྲོད་ནས་ཀྱང་རྨང་དོར་བྱེད་མ་ཐུབ་པར་རྒྱུན་འཛིན་དམ་པོ་བྱས་དང་བྱེད་བཞིན་ཡོད་པ་ལ་བལྟས་ན་ཅུང་ཙམ་ཤེས་ཐུབ་ཀྱི་ཡོད། འོན་ཀྱང་། དུས་རབས་ལྔ་བའི་ནང་དུ་བོད་ཀྱི་རྒྱལ་བོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ཐོག་དེར་རྒྱ་གར་ནས་ནང་ཆོས་ཉམས་མགོ་ཚུགས་པ་དང་བོད་ལ་ནང་ཆོས་དར་མགོ་བཙུགས་པ་རེད། ལྷག་པར་དུ་མི་རྗེ་སྲོང་བཙན་རྒྱལ་བོ་དང་ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱི་དུས་སུ་ཐུབ་བསྟན་རིག་གནས་ཀྱི་རྨང་རྡོའི་གཞི་རྐང་བོད་ཀྱི་ས་ཐོག་ལ་བརྟན་དུ་ཚུགས་པས་རྒྱལ་ཁབ་གཅིག་ལ་ཆོས་ལུགས་གཉིས་ཡོང་ཐབས་བྲལ་བའི་སྐད་ཆ་ཞིག་གི་ཤེད་ཀྱིས་བོད་རང་གི་ཆོས་ལུགས་གཤའ་མ་དེ་རྒྱལ་བོ་དང་བློན་པོ་རྣམས་གཙོ་བྱས་ཏེ་བོད་མི་གླེན་པ་འགས་རང་ས་རང་ཐོག་ནས་བོན་པོ་རྣམས་ཡར་སྤྱུགས་མར་སྤྱུགས་དང་གསོད་གཏུབ་བཙོན་འཇུག་བྱས། བོན་ཆོས་རྣམས་མེ་ལ་བསྲེགས་པ་དང་། ཆུ་ལ་བསྐྱུར་བ། ས་ལ་སྦས་པ་སོགས་ཀྱི་གཏོར་བཅོམ་ཚད་མེད་བྱས་ཏེ་ཉམས་ཉེས་མཐའ་ཡས་ཤིག་བཏང་བ་རེད། དེ་ནི་དངོས་གནས་ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་རྒྱ་མིའི་བཀོད་འདོམས་ཀྱི་འོག་ནས་འབྱོར་མེད་གྲལ་རིམ་དག་གིས་འབྱོར་ལྡན་གྲལ་རིམ་སྟེ་སྐབས་དེའི་ཕྱུག་བདག་དང་བླ་མ་སྤྲུལ་སྐུ་དག་ལ་འཐབ་རྩོད་བྱས་ནས་མེད་པར་བཟོས་པའི་རྣམ་པ་དང་ཅི་འདྲའི་མཚུངས་པ་ལ།
རང་ས་རང་ཡུལ་ནས་སྐྱེས་པའི་སྟོན་པ་དང་རང་ས་རང་ཐོག་ནས་གཞིས་སུ་ཆགས་པའི་ཆོས་ལུགས་རྣམས་གློ་བུར་དུ་རྩ་བཞིན་ཕངས་མེད་དུ་དོར་ཏེ་རྒྱུས་མངའ་ཅི་ཡང་མེད་པའི་རྒྱལ་ཁབ་གཞན་གྱི་ཆོས་ལུགས་ཤིག་ལ་ཡིད་ཆེས་དང་དད་མོས་ཀྱིས་སྐྱབས་སུ་བཅོལ་ཡུལ་དུ་གྱུར་ནས་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་གི་ནང་ལ་འདི་ལྟར་རང་གི་ཤ་ཁྲག་རུས་གསུམ་ལ་ཐིམ་པར་གྱུར་བ་ནི་ཇི་འདྲའི་ཡིད་མི་ཆེས་པ་ཞིག་རེད་ཨང་། འདི་ནི་ཐུབ་བསྟན་ཆོས་ལུགས་ཀྱིས་གཡུང་དྲུང་བོན་བསྟན་ལ་བཙན་འཛུལ་བྱས་པ་ཞིག་རེད་ཅེས་བཤད་ནའང་མི་ཆོག་པའི་རྒྱུ་མཚན་གང་དུའང་མི་འདུག་བསམས་ཀྱི་ཡོད།

གཉིས་པ། རྒྱ་ནག་བོད་དུ་མ་ཡོང་གོང་ལ་བོད་རྒྱལ་ཁབ་ཆེན་མོ་འདི་ནི་དགའ་ལྡན་ཕོ་བྲང་གི་མངའ་འོག་ནས་སྐུ་དྲག་དབང་ཤེད་ཅན་ཚོས་བསྐྱངས་ཏེ་སོང་བ་ཞིག་ཡིན་པ་ཡང་འདས་སོང་གི་ལོ་རྒྱུས་ཡིག་ཆ་ཁག་གི་ནང་ན་གསལ་བར་མཆིས། གཅིག་དགུ་ཐིག་གསུམ་ནས་རྒྱ་ནག་བོད་ལ་ཡོང་མགོ་ཚུགས་ཤིང་རྒྱ་ནག་གིས་བོད་ས་བཙན་བཟུང་བྱེད་པར་ལྐོག་ངན་བཅིངས། ལྷག་པར་དུ་གཅིག་དགུ་ང་དགུ་ལོ་ནས་རྒྱ་ནག་གིས་མངོན་སུམ་འཛེམས་མེད་ཀྱིས་བོད་ས་ཡོངས་སུ་བཙན་གྱིས་བཟུང་ནས་སྐུ་དྲག་གི་རྒྱུད་པ་དང་བླ་མ། སྤྲུལ་སྐུ་ལ་སོགས་པའི་འབྱོར་ལྡན་གྲལ་རིམ་པ་རྣམས་རིམ་གྱིས་མེད་པར་བཟོ་རྒྱུའི་ལས་ཀ་འབྱོར་མེད་གྲལ་རིམ་གྱི་དབུལ་བོ་དག་གི་ལག་ལ་བཞག སྐབས་དེའི་འབྱོར་མེད་གྲལ་རིམ་གྱི་དབུལ་བོ་དག་གིས་ཀྱང་རང་གི་ཤ་ཁྲག་དང་རིགས་རུས་མཐུན་པའི་རྩ་བའི་བླ་མ་དང་དཔོན་པོ། དཔོན་མོ་སོགས་ནི་རང་གི་དགྲ་བོ་བཞིན་ཕངས་མེད་དུ་བརྡུངས་ནས་རྩ་མེད་དུ་བཟོས་པ་དང་རིགས་རུས་དང་ཤ་ཁྲག་གི་འབྲེལ་བ་གཅིག་ཀྱང་མེད་པའི་མི་རིགས་གཞན་གྱི་མི་དག་ནི་རང་གི་ཕ་མ་སྤུན་ཉེ་བཞིན་གོང་དུ་བཀུར་ནས་བླ་ལ་བཞག་མྱོང་བ་དང་མགོ་ལ་འཇོག་བཞིན་པ་འདི་ནི་ཇི་འདྲའི་ཞེ་གཏིང་ནས་ཕམ་ཟུག་སྐྱེས་དགོས་པ་ཞིག་རེད་ཨང་། འདི་ལྟར་ང་ཚོས་གོང་གི་དུམ་མཚམས་དེ་དང་འོག་གི་དུམ་མཚམས་དེ་གཉིས་གཞི་གཅིག་དུ་བཞག་ནས་མཚུངས་བསྡུར་ཞིག་བྱས་པ་ཡིན་ན་དེ་གཉིས་ཀྱི་བར་ན་ཆ་འགྲིགས་ཡང་འགྲིགས་ཀྱི་མཚུངས་རྟགས་ག་ཚོད་ཙམ་འདུག།

གསུམ་པ། ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་གཞུང་གི་དམིགས་ཡུལ་དང་ཁ་ཕྱོགས་ནི་འགྲོ་བ་སེམས་ཅན་ནང་ཁུལ་ལ་དབྱེན་དཀྲུགས་གནོད་འཚེ་དང་མི་གསོད་ཁྲག་སྦྱོར་གྱི་ལས་ངན་བགྱི་བར་བསྐུལ་བ་ཞིག་གཏན་ནས་མ་ཡིན་པ་མ་ཟད་དེ་དག་གི་དྲི་ཙམ་ཡང་མི་བྲོ་བ་ནི་ང་ཚོ་སུས་ཀྱང་ཁས་ལེན་མི་བྱེད་ཐབས་མེད་ཡིན། དེ་ནི་བྱམས་སྙིང་རྗེ་དང་གཞན་ཕན། བདག་མེད་སོགས་ཀྱི་ཚད་མཐོའི་བསམ་བློ་རང་གི་བླ་སྲོག་ཏུ་བཟུང་སྟེ་འགྲོ་བ་སེམས་ཅན་ཐམས་ཅད་རང་གི་མ་བཞིན་གོང་ནས་གོང་དུ་བཀུར་བཞིན་ཐར་བ་དང་ཐམས་ཅད་མཁྱེན་པའི་བགྲོད་ལམ་འཚོལ་བྱེད་ཀྱི་ཐེམ་སྐས་རིང་མོ་ཞིག་ཡིན་པ་རེད། འོན་ཀྱང་། གོང་གི་ཆོས་ལུགས་ཀྱིས་ཆོས་ལུགས་ལ་བཙན་འཛུལ་བྱས་པ་རེད་ཟེར་བའི་སྐད་ཆ་དེ་ག་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། ཆོས་ལུགས་ཁ་ལ་འཁྱེར་མཁན་གྱི་སེམས་རྒྱུད་མ་དག་པའི་ཆོས་ལུགས་པ་རྫུན་མ་ཚོས་རང་ཁེ་དོན་གཉེར་དང་དབང་ཆ་གཅིག་སྡུད། རང་ཞེན་གཞན་སྡང་གིས་ང་དང་ཁྱོད། ཁོ་དང་ཁོང་ཚོ་སོགས་ཀྱི་ཆོས་ལུགས་དང་ཡོན་བདག དབང་ཆ་དང་རྒྱུ་ནོར་བརྩད་དེ་མི་གསོད་ཁྲག་སྦྱོར་དང་རང་རྒྱལ་གཞན་ཕམ་གྱི་ལས་ངན་འདི་ཅི་མི་སྙམ་པར་བརྩམས་པ་ཞིག་ལ་བདག་གིས་འདོད་ཀྱི་ཡོད།

བཞི་བ། མར་ཁེ་སུའི་དམར་ཕྱོགས་རིང་ལུགས་ཀྱི་རྩ་བའི་གཞུང་གི་དམིགས་འབེན་དང་འདོད་འདུན་དེ་གོང་གི་ཐུབ་བསྟན་གཞུང་ལུགས་ཀྱི་རྩ་བའི་བསྟན་ཕྱོགས་ཀྱི་དོ་ལ་སོར་གང་གིས་ཀྱང་འགྲན་མི་ནུས་ནའང་གྲངས་མང་གིས་གྲངས་ཉུང་ལ་བཙན་འཛུལ་དང་གཉའ་གནོན། མནར་གཅོད་དང་སྡུག་དམོད་སོགས་ཀྱི་སྡིག་ལས་འདི་དག་གི་རིགས་ནི་དམར་ཕྱོགས་རིང་ལུགས་ཀྱི་འདོད་འདུན་དང་གཏན་ནས་མི་མཐུན་པ་འདྲ། དམར་ཕྱོགས་རིང་ལུགས་ཀྱི་འདོད་འདུན་ངོ་མ་དེ་མི་རིགས་དང་རྒྱལ་ཁབ། རུས་རྒྱུད་དང་དབུལ་ཕྱུག་སོགས་ཚང་མ་ལ་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། དགོས་མཁོ་ཆེ་བའི་རྒྱུ་ནོར་རྣམས་མི་ཚང་མས་འདྲ་མཉམ་གྱིས་སྤྱོད་པའི་ཐོབ་ཐང་ཡོད་པ། ཕོ་མོ་ལ་དབྱེ་འབྱེད་མེད་པར་ལས་རིགས་གང་དུའང་ལས་ཕོག་འདྲ་མཉམ་གྱིས་ལེན་པའི་ཐོབ་ཐང་ཡོད་པ། འབྱོར་ལྡན་དང་འབྱོར་མེད་ཀྱི་གྲལ་རིམ་མེད་པར་ཚང་མ་འདྲ་མཉམ་ཡིན་པ། གྲངས་མང་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་བཙན་འཛུལ་དང་གཉའ་གནོན་མི་བྱེད་པ། མི་དམངས་ནང་ཁུལ་ལ་མཐུན་བསྒྲིལ་དང་ཆིག་བསྒྲིལ་གྱི་རྩ་བ་བརྟན་པོ་བཟོ་བ། གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་བརྩི་མཐོང་བྱེད་པ་སོགས་ཚད་ཐུབ་ཀྱི་རང་ལུགས་རྩེ་གྲས་ཤིག་ཡིན་པ་རེད། ལྷག་པར་དུ་རང་ལུགས་འདི་ནི་འཛམ་བུ་གླིང་འདིའི་སྒང་གི་རང་ལུགས་མང་པོའི་ནང་ནས་ཆེས་ཚད་མཐོའི་གྲས་ལ་འཇོག་གི་ཡོད་པས་༸རྒྱལ་བ་དོན་གྱི་བདག་པོ་སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གིས་ཀྱང་ང་རང་དམར་ཕྱོགས་ཀྱི་རིང་ལུགས་ལ་དགའ་བོ་ཡོད་ཅེས་ཡང་ཡང་གསུངས་མྱོང་ཡོད་པ་རེད། ཡིན་ནའང་། ཐབས་སྐྱོ་དགོས་པ་ཞིག་ལ་རྒྱ་ནག་གུང་ཁྲན་པས་ནམ་རྒྱུན་སྤྱི་ཚོགས་རིང་ལུགས་དང་དམར་ཕྱོགས་རིང་ལུགས་ཀྱི་ལྟ་བ་ཁ་ལ་འཁྱེར་ནས་མ་རྩ་རིང་ལུགས་དང་གཅིག་སྡུད་རིང་ལུགས། སྒེར་གཅོད་རིང་ལུགས་ཀྱི་ལྟ་བ་དག་མངོན་སུམ་འཛེམས་མེད་ཀྱིས་སྤྱི་ཚོགས་ཀྱི་སྟེང་ལ་ལག་ལེན་དུ་བསྟར་བཞིན་ཡོད་པ་རེད། འདི་ཡང་དམར་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱིས་ཉེས་སོང་བ་མ་ཡིན་ཏེ་དམར་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁར་འཇུག་མཁན་གྱི་རང་དོན་གཅེས་གཉེར་དང་གཞན་དོན་རྩ་གཏོར་བྱེད་མཁན་དག་གི་བྱས་ཉེས་ལ་ཅིས་ཀྱང་བརྩི་རུང་བ་ཞིག་ཡིན་པར་བདག་གིས་འདོད།
རེད་ཡ། གྲོགས་པོ་ཚོ། ང་ཚོས་འདི་ནས་ཡང་བསྐྱར་དུམ་མཚམས་གསུམ་པ་དང་བཞི་བ་གཉིས་ལ་ཡང་གོང་བཞིན་མཚུངས་བསྡུར་གྱི་དཔྱད་པ་ཞིག་བཏང་བ་ཡིན་ན་དེ་གཉིས་ཀྱི་ནང་ནའང་འདྲ་བར་འོས་བ་ལ་རྟགས་མཚུངས་བཀོད་ཆོག་པ་ག་ཚོད་ཙམ་འདུག
ངས་འདི་ལྟར་ནང་ཆོས་བོད་ལ་དར་བ་དེ་རྒྱ་མིས་བོད་ས་བཟུང་བ་དང་གཅིག་མཚུངས་རེད་ཟེར་དོན་གོང་ན་མཚུངས་བསྡུར་བྱས་ཡོད་པའི་དུམ་མཚམས་བཞི་བོ་དེའི་སྒང་ནས་སྐད་ཆ་བཤད་པ་ཡིན། འོན་ཀྱང་། མཚམས་འདི་ནས་ཚང་མར་གསལ་བོ་བཟོ་དགོས་པ་ཞིག་ལ་ངས་རང་གི་སེམས་པ་ཞེན་ཕྱོགས་དང་ཕྱོགས་ལྷུང་། གནག་པ་དང་གནོད་པ། དཀྲུགས་པ་དང་དབྱེན་པའི་དུག་ནག་གིས་གཏན་ནས་མ་སྦགས་པར་ལྷད་མ་འདྲེས་པའི་དྭངས་གཙང་གི་སེམས་པ་དཀར་བོ་འདིའི་སྟེང་དུ་ནམ་རྒྱུན་སེལ་མི་ཐུབ་པའི་དོགས་པ་འདི་འདྲ་ཞིག་ཤར་གྱི་འདུག་པ་དེ་ཡིག་ཐོག་ཏུ་ཕབ་ནས་ཚང་མའི་མིག་མདུན་ལ་གླེང་སློང་ཞིག་གི་ཟོལ་གྱིས་བསྟར་བ་ལས་ནང་ཆོས་ལ་དམད་པ་དང་དགག་པ་བརྒྱབ་པ་ཞིག་གཏན་ནས་མིན། དེ་ལྟར་བརྒྱག་པའི་ཤེས་ཚད་ཀྱང་བདག་ལ་ཡེ་ནས་མེད། གཙོ་བོ་ནང་ཆོས་འདི་བོད་ལ་དར་སྟངས་དེ་རྒྱ་མིས་བོད་ས་བཟུང་བ་དང་འདྲ་བོ་འདུག་ཟེར་བ་ཙམ་ལས་གཞན་གང་ཡང་མ་ཡིན་ནོ།
དེ་བས། དཔྱོད་ལྡན་གྱི་དྲ་གྲོགས་རྣམས་པས་བདག་གི་རྩོམ་ཡིག་འདིའི་སྒང་ལ་བློ་གཟུ་བོ་དང་ཞེ་དྲང་བོའི་སྒོ་ནས་སྐྱོན་ཉེས་ཐེར་འདོན་དང་ལམ་སྟོན་གང་ཡག་ཅིག་སྤྲོད་པར་རེ་བ་ཆེན་པོ་བརྒྱག་གི་ཡོད། ཡཱ་ ད་ཚང་མ་ཕེབས་ཤོག

རྩོམ་རིག

Post navigation

Previous Post: ཧ་ཅང་གཅེས་པའིགཡུ་རྩིའི་ཁོག་ལྡིར་གཅིག།།
Next Post: སྙན་ངག་གི་གདམས་པ།

Comments (9) on “ནང་ཆོས་བོད་ལ་དར་བ་དེ་རྒྱ་མིས་བོད་ལ་བཙལ་འཛུལ་བྱས་པ་དང་གཅིག་མཚུངས་རེད།”

  1. དཀོན་མཆོག་སྐྱབས། says:
    2009-04-27 at 11:53 am

    ཡ། ངས་ཉི་མ་མང་པོ་ཞིག་གི་སྔོན་ནས་བློས་ཐུབ་ཟེར་བ་དང་མི་ཞུན་ཟེར་བ་འདི་གཉིས་ཅི་འདྲའི་མི་ཁྱད་མཚར་གཉིས་འདུག དྲ་ཐོིག་ཏུ་དང་པོ་འཛུལ་དུས་ནས་ལོག་ལྟ་འདྲ་ཞིག་དང་། འཁོེན་སེམས་འདྲ་ཞིག་གིས་གྲོད་ཁོག་བརྒྱང་ནས་འཛུལ་བྱུང་བསམ་སོང་། ད་བྱས་དུས་དེ་རིང་མི་ཞུན་གྱིས་གདོང་རིས་ངོ་མ་དེ་བསྟན་འདུག བོན་པོ་ཚོས་ནང་པ་ལ་ཞེ་འཁོན་གླེང་ནས་ལོ་མང་པོ་རེད། ད་དུང་རྙོག་དྲ་དང་ཞེ་འཁོན་བསླངས་ནས་བཙན་བྱོལ་སྤྱི་ཚོགས་ཉུང་ཉུང་འདི་མ་དཀྲུགས་ན་མི་བཟང་ངམ། དངོས་གནས་ཁྱོད་ཚོས་ནང་ཁུལ་ལ་རྙོག་དྲ་མ་བསླངས་ཐབས་མེད་ཡིན་ན་དོལ་ཚོགས་ཀྱི་ནང་དུ་འཛུལ་ལ་མངོན་གསལ་དོད་པོས་ངོ་ལོག་གྱིས་དང་དེ་སྟོབས་ཤུགས་ཆེ་གི་རེད། དེ་མིན་སྐྱག་འབུ་ཞིག་གིས་གནམ་ལ་ཁ་གཏོང་ཁུལ་བྱེད་པ་དེ་་་་་་་་་་་་་་་་་་མ་གཞི་ཁྱིའི་ཁ་ནས་མུ་ཏིག་ཞིག་སྐྱུགས་རྒྱུ་ཆེ་ཡོད།་་་་་་་་་་་་་་་་་འོན་ཀྱང་ཡིན་གཅིག་རྙོག་དྲ་བཟོ་གི་ཡིན་ཟེར་ན་ཁྱོད་ལྟོས། དེ་ཁྱོད་ཀྱིས་ཚེ་རབས་སྔ་མ་ལ་ལྟ་བ་ལོག་པའི་སྨོན་ལམ་འདྲ་བཏབས་པའི་རྐྱེན་ཡིན་སྲིད་པས་ལས་མྱོང་སྟོབས་ཀྱིས་མ་ཟད་བར་དུ་ཐབས་ཤེས་གཞན་པ་ཅང་མེད་ནི་ཡིན་རྒྱུ་རེད།

  2. བསམ་ཤེས། says:
    2009-04-27 at 2:23 pm

    མི་ཞུན་ཟེར་བ་འདི། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་་ལྟི་གནས་ནང་ལ་བོད་ཀྱི་ལོ་རྒྱུས་ནང་ཞིབ་འཇུག་བྱེད་མཁན་གྱི་ངའི་ངོ་ཤེས་པ་ཞིག་ཡོད། འདི་དང་ཁོ་གཉིས་ཀྱི་ལྟ་བ་དང་། རྩོམ་གཤིས། ད་དུང་། ཚིག་སྤྱད་སྟངས་བཅས་འདྲ་པོ་འདུག 

    གལ་ཏེ་ངའི་ངོ་ཤེས་པའི་མི་དེ་ཡིན་ན། ཁོང་ནི་རྒྱ་ནག་སྲིད་གཞུང་གིས་རྐང་བཙུགས་ནས་བོད་པའི་སྤྱི་ཚོགས་ནང་དབྱེན་སྦྱོར་བྱེད་དུ་གཏོང་བ་ཡིན་པ་དེ་ཚང་མས་མཁྱེན་དགོས།

  3. མི་ཞུན་ནས། says:
    2009-04-28 at 12:46 am

    སྙིང་ཉེ་བའི་དྲ་གྲོགས་དཀོན་མཆོག་སྐྱབས་ལགས། ཁྱེད་ཀྱིས་ངའི་རྩོམ་ཡིག་བཀླགས་པ་ལ་ཐུགས་རྗེ་ཆེ་མོད། འོན་ཀྱང༌། ངས་གོང་དུ་བཀོད་པའི་རང་གི་རྩོམ་ཡིག་གི་མཐའ་ལ་གསལ་བོ་བཟོས་ཡོད། གཙོ་བོ་ཁྱེད་རང་ཚོའི་ངོས་ནས་གུས་ཆུང་གི་རྩོམ་ཡིག་འདིའི་སྒང་ལ་དཔྱད་པ་འདྲ་བཏང་ནས་སྐྱོན་གྱི་ཉེས་ས་དང་སྡུག་གི་འཇིངས་ས་ལ་སྣག་ཐོག་ཁབ་གཙེགས་དང་ནད་ཐོག་སྨན་སྦྱིན་ཞིག་བྱེད་རོགས་གནངས་ཞེས་རེ་བ་ཙམ་བརྒྱབ་ཡོད་པ་ལས་མི་གཞི་ལ་དམའ་འབེབས་དང་མི་གཞི་ལ་སྐྱོན་བརྗོད་བྱོས་ཟེར་གྱི་མེད། དེ་ནི་ངེད་གཉིས་སུ་ལའང་ཕན་ཐོགས་མེད་པའི་གཏུ་ཐུག་གི་ལས་ཀ་ཞིག་ལ་ངས་འདོད་ཀྱི་ཡོད། དངོས་གནས་སྐད་ཆ་ཞིག་བཤད་འདོད་ཀྱི་མགྲིན་པ་གཟེངས་གཟེངས་བྱེད་འདོད་ན་རྩོམ་ཡིག་དེའི་སྒང་གི་སྐྱོན་ཡོད་ས་ལ་རྒྱུ་མཚན་དང་ལུང་རིག་གི་རྒྱབ་བརྟན་འཁུར་ནས་ཤོག་དང་ཁྱོད་ཨ་མའི་བུ་ཡིན། དེ་མིན་ན་ ངས་ཁྱེད་རང་ཡི་གེ་ཤེས་མཁན་ཞིག་ལ་མི་བརྩི། ཨེ་གོ་ཐལ།

  4. མི་ཞུན། says:
    2009-04-28 at 1:04 am

    དྲ་གྲོགས་བསམ་ཤེས་ལགས། ཚང་མ་ལ་ངོ་སྤྲོད་བྱས་ནོ་ཐུགས་རྗེ་ཆེ། ཁྱེད་ཀྱི་བསམ་དོན་འགྲུབ་པར་སྨོན། ཉིད་ཀྱིས་ཚེགས་ལ་མི་འཛེམས་པར་མུ་མཐུད་དུ་བརྒྱུད་བསྒྲོགས་བྱེད་རོགས།

  5. ཚེར་མ། says:
    2009-04-28 at 1:56 am

    སྔོན་ཆད་རྩོམ་ཡིག་དང་མཆན་བུ་ཇི་འདྲ་བཏབ་མྱོང་བ་གཞན་ཞིག་རེད། ད་ཐེངས་རྩོམ་ཡིག་ཡག་པོ་འཁྱོང་འདུག སྤྱིར་ང་རང་ཡང་བན་བོནགཉིས་ཀྱི་གནའ་བོའི་རྩོད་རྙོག་དེར་གཏན་ནས་དགའ་པོ་མེད། ལྷག་པར་དུ་(བོན་སྒོ)ཡི་རྩོམ་སྒྲིག་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལྟ་བུ་ཡང་བན་བོན་གྱི་རྩོད་རྙོག་ལ་དགའ་བ་མ་ཟད། ཐུབ་བསྟན་རིག་གནས་དང་དེ་བྱེད་མཁན་ལ་(སྤྱིར་ནང་ཆོས་ཟེར་ན་ཆོག་མོད། འོན་ཀྱང་དེང་སེང་བོན་པོ་ཡང་ནང་པ་ཡིན་པའི་སྐད་ཆ་མཚར་པོ་ཞིག་རྒྱབ་ཁྱབ་ཏུ་འགྲོ་བཞིན་འདུག)ཞེ་ནས་སྡང་སེམས་འདྲ་ཞིག་འདུག་པ་མངོན་སུམ་རེད་པས། ཁོས་(བོན་སྒོ)་འདོན་ཐེངས་བཅུ་དྲུག་དང་བཅུ་བདུན་གཉིས་ཀྱི་སྔོན་གླེང་ནང་དུ་རང་གི་ཞེ་འདོད་བཀོད་འདུག འོན་ཀྱང་དེ་ཚོར་ནི་རེ་རེ་བྱས་ནས་དགག་རིན་མེད་པས་སྐྱུར་ཞོག་ ངས་བལྟས་ན མི་ཞུན་གྱི་རྩོམ་ཡིག་དེར་དགག་སྒྲུབ་དང་དཔྱད་གླེང་གི་རིན་ཐང་ཆེ་གི་འདོད་ཀི་ ད་དུང་ཁོས་མར་ཁེ་སིའི་ལྟ་གྲུབ་དང་སྤྱིར་དམར་ཕྱོགས་དང་རྒྱ་ནག་གི་དམར་ཕྱོགས་སོགས་ལའང་དཔྱོད་གླེང་བྱས་པ་བཟང་གི་ འོན་ཀྱང་ད་ནས་བཟུང་བན་བོན་གྱི་གནད་དོན་ཅུང་ཉུང་དུ་བཏང་སྟེ། དེང་གི་བོས་མིའི་གནས་སྟངས་དང་བོད་རྒྱའི་དཀའ་རྙོག མ་འོངས་བཀའ་ཁྲི་སུ་འོས་ཀྱི་ཐོག་ལ་དཔྱད་གླེང་མང་དུ་གཏོང་ཐུབ་ན་བཟང་སྙམ། ང་ཚོ་བོད་པ་ཚོས་རང་གི་བཀའ་ཁྲིའི་འོས་བསྡུ་ལྟ་བུར་དེ་འདྲའི་དབྱངས་ཞུགས་པ་ཉུང་ཞིང༌། སྟོབས་ཆེན་རྒྱལ་ཁབ་ཨ་རུའི་སྲིད་འཛིན་སྐོར་ནས་བཤད་སྐབས་ཤེས་མི་ཤེས་ཚང་ནམ་ལངས་འགྲོ་གི་འདུག ཚགས་ཤོག་ཀློག་གི་འདུག རྒྱང་སྒྲོག་ཉན་གྱིནའདུག བགྲོ་གླེང་བྱེད་ཀྱིན་འདུག འདི་མི་བཟང་གི་ དེ་ལས་རང་འགན་རང་འཁུར་བྱས། རང་དོན་རང་སྒྲུབ་ཀྱིས་ང་ཚོ་རང་ལ་དགོས་པའི་བཀའ་ཁྲིའི་སྐོར་དེ་འདྲའི་དོ་སྣང་མེད་ཀི་ ཚགས་ཤོག་མི་གློག རྒྱང་སྒྲོག་མི་ཉན། བགྲོ་གླེང་མི་བྱེད། དེ་ཚོ་ཐབས་སྐྱོ་བོ་རེད་བསམ་གི་ དེ་བས་ང་ཚོས་རང་གི་བཀའ་ཁྲིའི་ཕྱོགས་ལ་དོ་སྣང་དང་དབྱངས་ཡོད་པབྱ་རྒྱུ་ནི་ངེས་པརདུ་གལ་ཆེ་སྙམ།
    ངས་བཏབ་པའི་མཆན་བུ་གོང་གི་བརྗོད་གཞི་དང་འབྲེལ་མེད་ལྟ་བུར་སོང་ཡང་རང་གི་བསམ་ཚུལཙམ་ཡིན་པས་དགོངས་འགལ མེད་པ་ཞུ།

  6. ལམ་འགྲོ་བ། says:
    2009-04-29 at 5:08 am

    ནང་བསྟན་རིག་གནས་བོད་སྟངས་དང་རྒྱ་མིས་བོད་བཙན་བཟུང་བྱས་པ་འདི་གཉིས་བསྡུར་བ་ནི་ཧ་ཅང་ཐོལ་བྱུང་དུ་བརྗོད་པའི་དཀྲོག་གཏམ་ཅིག་ལས་གང་ཡང་མཐོང་mསོང༌།
    ནང་ཆོས་བོད་དུ་དར་སྤེལ་བྱས་པ་འདི་བོད་མི་རིགས་ཙམ་མ་ཡིན་པར་ཨེ་ཤ་ཡེའི་གླིང་ཆེན། དེ་ལས་རྒྱ་ཆེ་ས་ནས་འཛམ་བུ་གླིང་གི་ཞི་བདེ་དང་འགྲོ་བ་སེམས་ཅན་ཀྱི་སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་ཀྱི་སླད་དུ་དར་སྤེལ་དང་གསར་བཏོད་མཛད་པ་ཞིག་རེད་ལ། དེའི་ལྟ་བ་ནི་རྟེན་ཅིང་འབྲེལ་འབྱུང་དང༌།སྤྱོད་པ་ནི་འཚེ་བ་མེད་པ་ཞིག་རེད། དེའི་མཚུངས་ཆོས་རྒྱ་མིས་བོད་བཙན་བཟུང་བྱས་པ་འདི་ནི། རྒྱ་མི་རིགས་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་གཉེར་བའི་ཁྱོད་ཤི་ང་གསོན་དང་གཞན་ཕམ་རང་རྒྱལ་ཀྱི་སྲིད་ཇུས་ཞིག་རེད་ལ། དེའི་དམིགས་ཡུལ་ནི་འཛམ་གླིང་ཡང་ཐོག་གི་ཞི་བདེའི་ལྟེ་གནས་བོད་བཙན་འཛུལ་བྱས་ཏེ་མཐར་ཨེ་ཤ་ཡེའི་གླིང་ཆེན་གཙོར་བྱས་ཏེ་འཛམ་གླིང་དབང་དུ་བསྡུ་རྒྱུ་དེ་ཡིན། སྒེར་གཅོད་རིང་ལུགས་དེའི་ལྟ་བ་ཡིས་གཞན་གྱི་རང་དབང་རྨེག་མེད་དུ་གཏོང་ལ་དྲག་སྤྱོད་དང་དབང་ཤུགས་ཁོ་ན་ལག་ཆ་རེད།

  7. བདེན་དོན་ནས། says:
    2009-04-29 at 11:48 am

    ནང་ཆོས་བོད་ལ་དར་པ་འདིས་བོད་ལ་ཕན་གནོད་གང་བྱུང་འདས་པའི་བོད་ཀྱི་ལོ་རྒྱུས་ལས་བསླབ་བྱ་ལེན་རྒྱུ་རེད། བོད་ཀྱི་བཙན་པོ་འགའ་རེ་བོན་ཆོས་ལ་དད་པ་བྱས་པའི་དབང་གི་རང་སྲོག་ཤོར་བ་བྱུང་ཡོད་༷པདཔེར་ན།རྒྱལ་པོ་གླང་དར་ལྟ་བུ།ཡང་འགའ་རེ་ནང་ཆོས་ལ་དད་པའི་དབང་གིས་རང་སྲོག་ཤོར་བའང་བྱུང་ཡོད།དཔེར་ན།གྲི་གུམ་བཙན་པོ་ལྟ་བུ།ངས་བཌྷལྟས་ན་བོད་རྒྱལ་སྲོང་བཙན་སྒམ་པོས་ཕྱོགས་གཅིག་ནས་རང་གི་སྲིད་དབང་ས་བརྟན་གཏོང་ཆེད་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་་དྲུག་གི་ཁྲིམས་གཞི་བྱས་ཏེ་ཞི་བའི་ཐོག་ནས་བོད་འབངས་རྣམས་སེམས་པ་འགུག་ཐབས་བྱས་པ་ཞིག་རེད།ཡང་ཕྱོགས་གཞན་ཞིག་ནས་ཁོས་སོ་དྲུག་སོགས་གཏན་འབེབས་བྱས་ཏེ་དྲག་པོའི་ཐོག་ནས་འབངས་གྱེན་ལོག་པ་རྣམས་ཀྱི་མགོ་གནོན་བྱེད་པ་རེད།བོད་བསིལ་བུར་ཐོར་བའི་སྐབས་ས་སྐྱ་པནྡིཏ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཧོར་རྒྱལ་པོས་གུས་བཀུར་ཚད་མེད་ཞུས་ཏེ་བོད་ཆོལ་ཁ་གསུམ་གྱི་བདག་དབང་སྤྲོད་དགོས་དོན་ཡང་ཁོང་རྣམ་གཉིས་མཁས་གྲུབ་གཉིས་ལྡན་གྱི་དགེ་སློང་འདུལ་བ་འཛིན་ཞིན་ཡིན་པའི་ཆ་ནས་གུས་བཀུར་ཐོབ་པ་ཞིག་ཡིན་པ་ལས་གཞན་རྒྱུ་མཚན་གཞན་མེད།སྐབས་དེར་ནང་ཆོས་ཀྱི་ནུས་པ་ལ་བརྟེན་ནས་བོད་གཅིག་འགྱུར་བྱུང་བ་རེད་ཅེས་བཤད་ནའང་མི་མཚམས་པ་མེད།རྒྱལ་པོ་གླང་དར་མས་རང་གི་གཅུང་པོ་ཁྲི་རལ་བ་ཅན་དཀྲོངས་དགོས་དོན་ཡང་རྒྱལ་པོས་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྩང་ལོའི་སྡེ་སྤྱི་ཚོགས་ཐོག་གྲལ་རིམ་མཐོ་ཤོས་སུ་བཞག་པའི་རྐྱེན་གྱི་འཚོ་བའི་ཁ་སྟབས་ཧ་ཅང་ཞན་པའི་མི་སེར་ལ་དོ་ཕོག་བྱུང་བར་སེམས་ཀྱིས་མ་བཟོད་པའི་རྐྱེན་གྱི་ཡིན་སྲིད།དེ་རྗེས་སུ་ཆོས་རྒྱུས་ཆེན་པོ་རྣམས་ཀྱི་བླ་ཆེན་དང་མི་ཆེན་རྣམས་ཀྱི་ཆབ་སྲིད་དབང་ཆ་འཕྲོག་ལེན་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཉམས་གུད་དུ་བཏང་ནས་བོད་ཀྱི་སྤྱི་ཚོགས་དེ་ཡོངས་སུ་བླ་མས་དབང་སྒྱུར་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཏེ་སྐུ་དྲག་རྣམས་ཀྱིས་བོད་མི་རྣམས་ལ་ཤུ་བཞོག་གཏོང་ཐུབ་ཙམ་ལས་རྒྱྲལ་སྲུང་དང་དམག་དོན་ཐད་ལྷོད་ཡངས་བཏང་ཏེ་ད་ཌྷལྟའི་ཡ་ང་བའི་གནས་སྟངས་དེ་ལྟ་བུར་ལྷུངས།

  8. གཞིས་ལུས་བོད་པ། says:
    2009-05-03 at 12:06 am

    བདེན་དོན་ལགས། རྒྱལ་བོ་གླང་དར་བོན་ཆོས་ལ་དད་པའི་སྒྲུབ་བྱེད་ཅི་ཞིག་ཡོད།

  9. མཛེས་མ says:
    2010-01-24 at 8:42 am

    མི་ཞུན་ཀྱིས་གསུངས་པ་ནི་རྒྱུ་མཚན་ཡོད་པ་ལྟབུ་འདུག གང་ལགས་ཤེ་ན།ཆཽས་ཀྱི་ངོ་བོའི་ཐོག་ནས་མ་བཤད་པ་གང་ཟག་གི་བྱེད་ཕྱོགས་ཀྱི་ཐོག་ནས་བཤད་འདུག བཙན་ཤེད་ཀྱིས་བོད་ནང་རྒྱ་མི་བཙན་འཛུལ་བྱས་པ་དང་། གོམས་འདྲིས་གང་ཡང་མེད་པའི་ཆོས་ལུགས་ཤིག་ལ་དད་གུས་བྱེད་དགོས་པ་རྒྱལ་པོས་བཙན་བཀའ་བཏང་བ་དང་བྱེད་ཕྱོགས་ཀྱི་ཐོག་མི་བསད་ཁྲག་སྦྱོར་ཁོ་གཉའ་གནོན་བྱས་པ་ནི་ཅིས་མི་མཚུངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme