Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ནམ་མཁའ།

Posted on 2012-01-242012-01-24 By ཁ་བརྡ་ 3 Comments on བོད་ཀྱི་ནམ་མཁའ།


བོན་རྒྱ་བསྟན་འཛིན་རབ་རྒྱས།

སྲིན་པོ་འབྲུག་གི་ལོའི་ཆིག་བཤད་ཐོག་མ།

སྲིན་འབྲུག་གི་ཁ་ཆུ་ནག་པོས་ཨེན་ཙམ་ཡང་བརླན་པར་མ་གྱུར་ལ།ཟུར་གསུམ་གྱི་སྤྲིན་པ་ནག་པོ་གདུག་རྩུབ་ཀྱིས་བརྒྱུགས་ནའང་རལ་བར་མ་གྱུར་བའི་ནམ་མཁའ་འདི།འབྲོང་རྒོད་ཀྱི་རུ་ཐུར་ཁོ་ནས་འདེགས་དགོས་པ་རྟེན་འབྲེལ་གྱིས་དེད་པའི་བཀའ་དབང་འབའ་ཞིག་ལ་གྱུར་ཡོད་ནའང་།གནམ་འོག་འདི་སྲིན་འབྲུག་དང་གྲོག་མ་སྔོན་པོའི་ཁྲོམ་ར་རྒྱ་ཆེན་ཞིག་ལ་གྱུར་བས། བོད་ཀྱི་གནམ་འོག་འདི་སུ་ཞིག་གི་རྒྱ་མཚོའི་གཏིང་ཡིན་ལ་དམྱལ་བའི་མཁར་ཡང་ཡིན་ནོ།། ངས་བོད་ཀྱི་ནམ་མཁའ་ལ་ཅེར་ནས་ཕོ་ལོ་ཉི་ཤུ་བརྒལ་བའི་དེ་རིང་།ང་དངོས་གནས་ངུ་སྙིང་སྤྲོ་ལ་ཤི་འདོད་ཀྱང་འདུག དེ་ནི་གཞན་ཅི་ཡང་མིན་ཏེ།བོད་པ་རེ་རེ་བཞིན་ཚོར་བ་ཅན་གྱི་མེ་རྡོ་རུ་གྱུར་ཅིང་།ཤེད་བུ་གསོན་ཚུགས་ཅན་རེ་རེ་ཡིས་གནམ་འོག་གི་མུན་པའི་ངོ་གདོང་ལ་ཁྲམ་རྟགས་དམར་ཙར་བ་རེ་རྒྱག་བཞིན་ཚེ་སྲོག་གི་གཉུག་སེམས་སད་བཞིན་པ་དེས་སོ། ། ཡང་གཅིག་བཤད་ན། བོད་ཀྱི་གནམ་འོག་ནི་ང་ལྟ་བུའི་བུ་ངན་སྡར་མ་དག་འདུག་ས་ཞིག་མིན་པར།དཔའ་སྙིང་རྡོག་རྡོག་ཅན་གྱི་བུ་རབས་འབའ་ཞིག་གི་བསྟི་གནས་ཡིན་པ་དེ་རེད།མ་མཐའ་ཡང་དམིགས་ཡུལ་དང་ཚེ་སྲོག་དོ་མཉམ་དུ་འཛིན་མི་ཐུབ་པའི་མི་ངན་ང་འདྲ་བ་དག་གི་སྐྱེ་རྒྱུན་རྦད་དེ་ཆད་ན་འོས་ཤིང་། ང་དང་ང་འདྲ་བ་དག་གི་ཚེ་ཡི་ཉག་ཐག་ཆད་པའི་ཉིན་མོ་དེ་ནི་གནས་ཚུལ་ཡོད་ཚད་ཐག་ཆོད་པའི་ཉིན་མོ་དེའང་རེད་བསམ་གྱིན་འདུག

སྔོན་ཆད་སྤྱི་ལོ་༧༠ལོར་རོ་མ་བཙན་རྒྱལ་གྱིས་ཡ་ཧུ་དཱ་པའི་རྒྱལ་ས་བཙན་འཕྲོག་གྱིས་མངའ་འོག་ལ་འཇུག་སྐབས།ཡ་ཧུ་དཱ་པའི་མི་༦༩༠ལྷག་ཙམ་གྱིས་མཱ་ས་ཏའི་བཙན་རྫོང་ནས་ལོ་གསུམ་གྱི་རིང་རོམ་གྱི་དམག་དཔུང་ལ་འཐབ་ཡ་དང་རྒོལ་ལན་སྤྲད་ཅིང་།སྤྱི་ལོ་ ༠༠༧༣ ལོའི་ཟླ་ ༠༤ པའི་ཚེས༡༥ཉིན། མཁར་རྫོང་ནང་གི་ཡ་ཧུ་དཱ་པ་རྣམས་ཀྱིས་སྡེབ་གཅིག་ཏུ་རང་སྲོག་གཅོད་རྒྱུའི་གྲོས་ཐག་བཅད་དེ། ཐོག་མར་ཁོ་ཚོས་རྒྱན་འཕངས་ནས་དཔའ་རྒོད་༡༠་བདམས་ཏེ་འཆར་གཞི་ལག་བསྟར་བྱེད་མཁན་ཏུ་བསྐོས། དེ་ནས་ཡང་ལག་བསྟར་པ་བཅུ་བོ་ལས་མི༡བདམས་ཏེ་གཞན་དགུ་བོ་གསོད་དུ་བཅུག་ཤུལ་གྱི་མི་གཅིག་པོ་དེའི་ལས་འགན་ནི་མཁར་རྫོང་ཧྲིལ་བོ་མེར་བསྲེགས་ཏེ་རང་སྲོག་གཅོད་རྒྱུ་དེ་རེད།

ཕྱི་ཉིན་ཞོགས་པར། རོམ་གྱི་དཔུང་ཚོགས་མཁར་ནང་ལ་སླེབས་དུས་ཁོ་ཚོའི་བློ་ཡུལ་ལས་འདས་པ་ནི་མཁར་རྫོང་ནང་འབྲུ་རིགས་དང་འཐུང་ཆུས་འདང་ཡང་མི་གསོན་པོ་གཅིག་ཀྱང་མེད་པའི་སྣང་ཚུལ་ཡ་མཚན་ཅན་དེ་རེད།

ངག་རྒྱུན་ལྟར་ན་ཡ་ཧུ་དཱ་པ་ཚོས་རང་སྲོག་བཅད་པའི་མཚན་མོ་དེར། མཁར་སྲུང་འགོ་གཙོ་ཡེ་ལཱ་ཙེར་པིན་ཡེར་ཞེས་པས་དཔའ་ཉམས་དང་བཅས་གསུང་བཤད་ཅིག་གནང་བ་འདི་ལྟ་སྟེ། ང་ཚོ་ནི་རོམ་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་ཆེས་སྔ་བ་ཡིན་ལ། ཆེས་མཐའ་མཇུག་བར་ཏུ་རྒྱུན་འཁྱོངས་བྱེད་མཁན་ཡང་ཡིན། སང་ཉིན་ནམ་ལངས་རྗེས། ང་ཚོས་མུ་མཐུད་དུ་འགོག་རྒོལ་བྱེད་རྒྱུ་མིན། སྐྱབས་མགོན་གྱིས་ང་ཚོར་རང་གི་སྙིང་ཉེ་བའི་མི་དང་མཉམ་དུ་འཆི་རྒྱུ་གདམ་གསེས་བྱེད་པའི་སྐལ་པ་གཟི་བརྗིད་ཅན་འདི་གནང་བར་ཐུགས་རྗེ་ཆེ་ཞུ། ང་ཚོས་རང་གི་ཆུང་མས་གཞན་གྱིས་བརྙས་དམོད་མི་མྱོང་བ་དང་། ང་ཚོའི་བྱིས་པ་གཞན་གྱི་བྲན་གཡོག་བྱེད་མི་དགོས་པའི་ཆེད་དུ་ད་ལྟ་ཉིད་དུ་རང་སྲོག་བློས་གཏོང་བར་བྱ། ཤུལ་ནས་རྒྱུ་ནོར་མཁར་རྫོང་དང་བཅས་པ་མེར་བསྲེགས་ཏེ་ཐལ་བའི་རྡུལ་ཏུ་རློགས་ཤིག ཡིན་ནའང་། འབྲུ་རིགས་བསྲེགས་མི་དགོས། དེས་དགྲ་བོ་ལ་ང་ཚོ་ནི་ལྟོགས་སྐོམ་གྱི་དབང་གིས་འུ་ཐུག་པ་མ་ཡིན་པར་ནམ་ཡིན་རུང་རང་དབང་གི་ཆེད་དུ་འཆི་དགོས་ཀྱང་གཞན་དབང་གི་བྲན་གཡོག་མི་བྱེད་པའི་ཆོད་སེམས་སྟོན་ཏུ་འཇུག་ཐུབ་པ་དེའོ། །ཞེས་གཏམ་བཤད་སྤེལ་བ་རེད། དོན་ངོ་མར་བོད་ཀྱི་གནམ་འོག་ནས་མི་ཞིག་བྱེད་ན་སྙིང་སྟོབས་འདི་དང་ཆོད་སེམས་འདི་དགོས་ཀྱི་འདུག

བོད་ཀྱི་གནམ་འོག་ནས་བཙན་པོ་ལྕགས་སྙིང་ཅན་དག་གི་རྣོ་ལ་གཟེང་བའི་སྙིང་གི་དཔའ་རྩིད་མཐོང་གི་འདུགམཁས་ཤིང་མཛངས་པའི་སྐྱེས་ཆེན་དམ་པ་དག་གི་གསེར་གྱི་གླེགས་བམ་ཡང་མཐོང་གི་འདུག ཡིན་ནའང་། ང་དང་ང་འདྲ་བའི་སྡར་མ་འདི་དག་གིས་བོད་ཀྱི་ནམ་མཁའ་མཐོང་གི་མི་འདུག བརྩེ་བའི་ཕ་མའང་མཐོང་གི་མི་འདུག ངའི་འགྲོ་ལམ་ཡོད་ཚད་ན་གྲོག་མ་སྔོན་པོའི་རྡོག་བྲོ་འཁྲབ་གི་འདུག སྲིན་འབྲུག་ནག་པོའི་ཁ་ཆུ་འཛར་གི་འདུག ཁྱི་འབྲུག་རྔ་ཆད་འདི་དག་གིས་ཁ་ནང་ནས་མེ་འབར་གི་འདུག སྣ་ནང་ནས་དུ་བ་འཕྱུར་གི་འདུག ད་ནི་ངའི་ལས་དབང་ལ་འཁང་ར་དང་བཅས་གྲོག་མ་སྔོན་མོའི་ཁ་གཏད་ལངས་ནའང་། ངའི་གངས་རི་དཀར་པོའི་བརྗིད་ཉམས་ཤོར་ཚར་འདུག ངའི་ཕོ་བྲང་མཐོན་པོའི་འགྱིང་ཉམས་ཀྱང་འཆོལ་ཚར་འདུག ད་ནི་ང་ལ་མཐའ་མཇུག་གི་གདམ་ག་གཅིག་རང་ལས་མེད། དེ་ནི། ངས་ཚེ་སྲོག་གི་གཉུག་སྐུད་ལ་ལག་པ་འཆང་རྒྱུ་དེ་རེད།

ངས་ད་ལྟ་ལོག་སྐད་ལ་གྱུར་ཚར་བའི་ཀ་ཁ་སུམ་ཅུ་དེ་སྦྱངས་འདོད་མི་འདུག ཁྲག་དམར་ཙར་ཙིར་འཛར་བའི་རྫ་བྲག་རི་གསུམ་གྱི་ལྟོ་བ་རལ་བོ་དེ་མཐོང་འདོད་མི་འདུག ངས་རྣོ་ལྕགས་ཀྱི་ལྡད་རོར་གྱུར་བའི་རི་ཞིང་ཆུ་ཞིང་དག་ཀྱང་མཐོང་འདོད་མི་འདུག ད་དུང་མངལ་ཁྲག་ཤོར་ཐལ་ཆེ་བའི་བུད་མེད་དེའི་མིག་འོད་ཀྱིས་ངའི་བརྩེ་དུང་གི་འཇིག་རྟེན་བརླག་སོང་། དྲན་པ་དང་སྐྱོ་བས་ཁེངས་པའི་ནམ་མཁའ་འདི་ད་ལྟ་རང་བརྡིབ་ན་ཤིན་ཏུ་འོས་མོད།འདི་ན་ད་དུང་ཡིག་དྲུག་གི་དབྱངས་རྟ་ཟ་ཟི་ཞིག་འཁོར་གིན་འདུག སྙིང་སྟོབས་ཀྱི་མེ་ལྕེ་ལྷམ་ལྷམ་ཞིག་ཀྱང་འབར་གྱིན་འདུག ཨ་བོད་ཀྱི་ནམ་མཁའ། སྲིན་འབྲུག་གི་ཁ་ཆུ་ཙར་ཙར་འཛར་ཡང་བརླན་པར་མ་གྱུར་བའི་ནམ་མཁའ། གྲོག་སྔོན་གྱི་ཁྲོམ་རར་གྱུར་བའི་བོད་ཀྱི་ནམ་མཁའ། སྲིན་འབྲུག་གི་ལོ་ཟླ་འདིར་ཁྱོད་རྦད་དེ་འབར་ན་འོས། ཕྱི་མིག་གི་ནོངས་འགྱོད་མེད་པར་འབར་ན་འོས།

རྩོམ་རིག

Post navigation

Previous Post: བོད་ནང་ལ་ང་ཚོས་གང་འཇོན་གསལ་བོར་བཤད་ན་ཡག་གི་རེད།
Next Post: རྒྱ་ནག་གི་གསང་བ་འདི་ཚོར་ཅིག་ལྟོས་དང་།

Comments (3) on “བོད་ཀྱི་ནམ་མཁའ།”

  1. མདའ་ཚན་པ། says:
    2012-01-25 at 12:30 am

    སྲིན་འབྲུག་ཁྲོས་པའི་ཁ་ནང་ནས།།
    མེ་ཞགས་ནར་ནར་མཆེད་པ་དེ།།
    མེ་མཆོད་འབུལ་མཁན་མི་མང་ནང་།།
    མེ་འཕེན་ཡང་ཡང་བྱེད་རྟགས་རེད།།

    གདོན་འབྲུག་ཁྲོས་པའི་ཁ་ནང་ན།།
    ལྕེ་གཉིས་རྩེ་མོ་གཡོ་བ་དེ།།
    བདེན་རྫུན་དཀར་ནག་སྐྱ་བསྒྲིལ་ནས།།
    འཛམ་གླིང་མི་མང་བསླུ་རྟགས་རེད།།

    རྒྱ་མོའི་རྒྱབ་ངོས་ཐམས་ཅད་ལ།།
    འབྲུག་གཟུགས་ཧྲིལ་བོས་བརྫད་པ་འདི།།
    རྒྱ་ནག་ཆེན་པོའི་རིང་ལུགས་དེ།།
    རྒྱ་མི་ཀུན་ལ་ཆེ་རྟགས་རེད།།

  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-01-25 at 7:14 am

    མེ་ལྕེ་དེས་ངེད་ཚང་གི་སེང་གེ་དཀར་མོའི་གཡུ་རལ་ཚིག་སོང་། །
    མེ་ལྕེ་དེས་ངེད་ཚང་གི་འབྲོང་རྒོད་དར་མའི་ཟེ་བ་བསྲེགས་སོང་། །
    མེ་ལྕེ་དེས་ངེད་ཚང་གི་བྱམས་དང་བརྩེ་བའི་སྨོན་ལམ་ཡང་བསྲེགས་སོང་། །
    ད་ནི་ངེད་ཚང་གིས་ཀྱང་མེ་ལྕེ་དེ་ལས་གཞན་པའི་མེ་ལྕེ་ཞིག་སྦར་བཞིན་ཡོད། །

    ལྕེ་རྩེ་དེས་ངེད་ཚང་གི་བདེན་པ་དཀར་པོའི་ཤོག་བུ་རལ་སོང་། །
    ལྕེ་རྩེ་དེས་ངེད་ཚང་གི་ཡི་གེ་དྲུག་མའི་གཟུངས་སྙིང་བྲུས་སོང་། །
    ལྕེ་རྩེ་དེས་ངེད་ཚང་གི་ཀ་ཁ་སུམ་ཅུའི་ཕྲེང་ཐག་བཅད་སོང་། །
    ད་ནི་ངེད་ཚང་གིས་ཀྱང་བདེན་པ་དམར་དམར་སྨྲ་བའི་ལྕེ་གཞན་ཞིག་འགུལ་ན་འདོད། །

    རྒྱལ་མོ་དེས་ངེད་ཚང་ལ་རྐུབ་ཀྱི་སྣག་ས་བོ་བསྟན་ནས་སླེབས་སོང་། །
    རྒྱལ་མོ་དེས་ངེད་ཚང་ལ་རྒྱབ་ཏུ་འབྲུག་རིས་ཁུར་ནས་བསླེབས་སོང་། །
    རྒྱལ་མོ་དེས་ངེད་ཚང་ལ་ངོ་གདོང་བཀབ་ནས་ལག་པ་བསྲིངས་ནས་བསླེབས་སོང་། །
    ད་ནི་ངེད་ཚང་གིས་ཀྱང་རྒྱབ་ཀྱི་འཆར་གཞི་ལ་དཔགས་ནས་གོང་ཚད་ཅིག་རྒྱག་ན་འདོད་ཀི། །

  3. ཇ་མ་ says:
    2012-01-25 at 2:14 pm

    སེང་གེ་དཀར་མོ་ཡོད་ས་ན། ཕོ་ཆུང་འབྲུག་ལ་གྲགས་དབང་མེད་ཟེར་ཡང་དེང་སང་སེང་གེ་དཀར་མོ་གང་ན་ཡོད། འ་ཤི་རེས་ཁོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme