Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེ་བཙུན་སྒྲོལ་མའི་དུང་སྒྲུབ་ཐེངས་དང་པོ་ཐའེ་ཝན་དུ་འཚོགས་པ།

Posted on 2012-01-03 By ཁ་བརྡ་ 18 Comments on རྗེ་བཙུན་སྒྲོལ་མའི་དུང་སྒྲུབ་ཐེངས་དང་པོ་ཐའེ་ཝན་དུ་འཚོགས་པ།


(རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་བྱས་པའི་རྗེ་བཙུན་སྒྲོལ་མའི་དུང་སྒྲུབ་ཐེངས་དང་པོ་ཐའེ་ཝན་དུ་འཚོགས་པ།)
གནས་ཚུལ་གཏོང་མཁན། རྫ་ཚེ་རིང་བཀྲ་ཤིས།
དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྩ་འཛིན་ཡིག་ཆའི་ཁོངས་སུ། ལོ་མཇུག་ཏུ། ཐའེ་ཝན་གཙོས་སྐྱེ་འགྲོ་ཡོངས་ལ་འབྱུང་བཞིའི་གནོད་འཚེ་དང་། ནད་ཡམ། མུ་གེ་སོགས་ཞི་བའི་ཆེད་དུ་སྨོན་ལམ་རིགས་འཚོགས་རྒྱུ། ཞེས་འཁོད་པའི་འབྲུ་དོན་ལྟར། ཉིས་སྟོང་བཅུ་གཅིག་ལོའི་ཚོགས་པའི་ལས་འཆར་གྱི་དངོས་གཞིའི་ཁོངས་སུ་ཚུད་པའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐེངས་དང་པོ་དེ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས། དེ་ཡང་སྤྱི་ལོ་༢༠༡༢ཟླ་༡༢་ཚེས་༣༡་གི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཉིན་གུང་བར་སྔ་ཐུན་ཧྲིལ་པོར། བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་ཉི་ཤུར་ཉེ་བའི་དབུས་པའི་དགེ་འདུན་པས་ཐོག་མར་རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་གངས་ཅན་བསྟན་པའི་སྲོལ་འབྱེད་ཉེར་ལྔའི་གསོལ་འདེབས་དད་པའི་མེ་ཏོག་རབ་ཏུ་རྒྱས་པ་ནས་དབུ་བཙུགས་ཏེ། ་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ཆོག་སྒྲིག་གནང་བའི་བི་མ་ལའི་བཀའ་སྲོལ་ཞིག་གླིང་གཏེར་བྱོན་རྗེ་བཙུན་འཕགས་མ་ཟླ་བཞིན་མའི་བསྙེན་སྒྲུབ་དང་འབྲེལ་རིལ་སྒྲུབ་སོགས་ཐུན་མིན་གྱི་ཆོ་ག་རྣམས་གྲུབ་རྗེས། ཕྱི་དྲོ་ཆུ་ཚོད་དང་པོ་དང་ཕྱེད་ཀྱི་ཐོག་ནས་དགེ་འདུན་པ་དང་མི་མང་ཐུན་མོང་ནས་ཀུན་མཁྱེན་ཏཱ་ར་ནཱ་ཐས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་ཀྱི་སྒོ་ནས་དུང་སྒྲུབ་ཀྱི་ཆོ་ག་དབུ་འཛུགས་མཛད།
དངོས་གཞིའི་དབུ་འཛུགས་ཀྱི་ཐོག་མར། ཞིབ་འཇུག་ཚོགས་པའི་བརྡ་འཕྲིན་ལས་རིགས་ཀྱི་འགན་འཛིན་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས་བོད་སྐད་དང་། པར་སྐྲུན་ལས་རིགས་ཀྱི་འགན་འཛིན་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ནས་རྒྱ་སྐད་ཐོག་ཞིབ་འཇུག་ཚོགས་པའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་དུང་སྒྲུབ་ཆེན་མོ་འཚོགས་པའི་དགོས་དམིགས་དང་འབྲེལ་བའི་གཏམ་བཤད། དེ་ནས་ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་དབུ་འཛིན་ལས་ཐོག་པ་དང་། བགྲོ་གླེང་ལས་རིགས་ཀྱི་འགན་འཛིན་ཀཿཐོག་རིག་འཛིན་ཆེན་པོ་ནས་སྒྲོལ་མའི་རིལ་སྒྲུབ་ཀྱི་ཕན་ཡོན་སྐོར་གྱི་གཏམ་བཤད་དང་ཆེད་བཅར་བརྙན་འཕྲིན་ཀྱི་དྲི་བར་ལན་འདེབས། ཞིབ་འཇུག་ཚོགས་པའི་དབུ་འཛིན་གཞོན་པ་དང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཀྱི་འགན་འཛིན་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་ཞིབ་འཇུག་ཚོགས་པའི་ལས་འཆར་སྤྱི་དང་། ཁྱད་པར་འཆར་ལོ་ནས་ལག་བསྟར་མགོ་འཛུགས་བྱ་འཆར་ཡོད་པའི་དྲ་རྒྱའི་བརྙན་འཕྲིན་སོགས་ཀྱི་སྐོར་ལ་གསུང་བཤད་དང་། ཚོགས་པ་འདིས་མཚོན་ཞིབ་འཇུག་ཚོགས་པའི་ལས་གཞི་ཡོངས་ལ་དངོས་བརྒྱུད་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། སྐབས་འདིའི་གཙོ་བོའི་སྦྱིན་བདག་དང་དང་བླངས་ཞབས་ཞུའི་མི་སྣ་ཁག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཁ་བཏགས་དང་ལེགས་སྐྱེས་ཁག་གནང་།
ཉིན་འདིའི་ཚོགས་པ་ཧྲིལ་པོར་ཚོགས་ཞུགས་གནང་མཁན་དང་། ཆུ་ཚོད་བདུན་པ་ནས་མཚན་མོའི་ཆུ་ཚོད་དང་པོ་སྟེ། ལོ་དུས་དངོས་སུ་བརྒལ་ཟིན་པའི་དུས་མཚམས་བར་བཞུགས་མཁན་སྔ་ཕྱིར་བསྡོམས་ན་བོད་བརྒྱུད་གྱི་མཁན་སྤྲུལ་དགེ་བཤེས་ཉི་ཤུ་མ་ཟིན་ཙམ་དང་གྲྭ་བཙུན་དེ་མཚུངས། ཐའེ་ཝན་རྒྱ་བརྒྱུད་ཀྱི་དགོན་ཁག་ཁོངས་མི་འདྲ་བ་ཉི་ཤུ་ལྷག་ནས་ཕེབས་པའི་དགེ་བཙུན་དྲུག་ཅུ་བརྒལ་བ། མི་མང་དྲུག་བརྒྱ་ལྷག་བཅས་ཕེབས་ཐུབ་པ་བྱུང་བར་མ་ཟད། ཚང་མས་ཧ་ཅང་དོ་སྣང་དང་གུས་ཞབས་ཆེན་པོས་ཕྱི་ལོགས་ཀྱི་ཚོན་མེ་སྦོར་བ་དང་མཚན་ཚོགས་བསྡུ་བ་སོགས་གནམ་ས་གཡོ་བའི་གྲོང་ཁྱེར་གྱི་འདུ་འཛིའི་ལྟད་མོ་དེ་དག་བློས་བཏང་སྟེ་སྒྲིག་ལམ་ལྡན་པའི་ངང་ཐོག་མཐའ་ཀུན་དུ་མཉམ་ཞུགས་གནང་བར་མ་ཟད། མཚན་མོའི་ཆུ་ཚོད་དགུ་པ་ནས་མཚན་ཕྱེད་ཆུ་ཚོད་དང་པོའི་བར་གྱི་ཐུན་ཐ་མ་ནི་ཚོགས་ཞུགས་གནང་མཁན་མང་ཤོས་སུ་གྱུར།
གཞན་ཡང་འཛམ་གླིང་ས་ཕྱོགས་གཞན་དང་ཐའེ་ཝན་བཅས་ནས་མང་པོ་ཞིག་འབྲེལ་འཐུད་མི་སྣ་དང་དྲ་ལམ་སོགས་བརྒྱུད་ནས་མཉམ་ཞུགས་བྱ་སྟངས་ཀྱི་ལམ་སྟོན་ཕུལ་བ་གཞིར་གཟུང་གིས་མཉམ་ཞུགས་གནང་ཡོད་ལ་ཁོང་རྣམ་པས་མཚན་དང་འབྲེལ་ཡུལ། གསོག་སྒྲུབ་ཁས་ལེན་གྱི་བསྙེན་པའི་གྲངས་འབོར་བཅས་འབུལ་མཁན་སེང་ག་པུར་དང་མ་ལེ་ཤི་ཡ་རྒྱ་ནག་བོད། ཧྥ་རིན་སི་སོགས་ནས་ཀྱང་རྒྱ་ཕྲག་མང་པོ་བྱུང་ཡོད། ད་ལྟ་ཡང་ཚོའི་དགེ་རྩ་ལ་ཉམས་ཞུགས་མཚོན་བྱེད་ཀྱི་ཏཱ་རེ་གསོག་སྒྲུབ་ཁས་ལེན་གྱི་གྲངས་ཚད་དྲ་ཚིགས་བརྒྱུད་ཕུལ་ན་ཞིབ་འཇུག་ཚོགས་པའི་ངོས་ནས་དངོས་དང་བརྒྱུད་པ་གཉིས་ཆར་ནས་གསོག་སྒྲུབ་བགྱིས་པའི་སྤྱིའི་གྲངས་འབོར་དུང་ཕྱུར་གྱི་གྲངས་ཁ་ལོངས་པ་དང་འཆར་ལོའི་ས་ཀ་ཟླ་བར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་བོད་ཕྱི་ནང་གི་གདན་ས་ཁག་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་མདུན་དུ་ཕུལ་ནས་མཉམ་དུ་དགེ་བ་རྫོགས་བྱང་དུ་བསྔོ་རྒྱུ་ཡིན།
དུས་མཚུངས་ཐའེ་ཝན་གྱི་རྒྱ་བརྒྱུད་ནང་བསྟན་གྱི་མཐུན་ཚོགས་ཆེ་ཤོས་དང་ཐའེ་ཝན་གྱི་དགོན་ཆེན་བཞིའི་ཡ་གྱར། ཚི་ཅིས་མཐུན་ཚོགས་ཀྱིས་ཀྱང་ཉིན་ཧྲིལ་པོའི་དགེ་འདུན་པ་དང་མི་མང་ལ་སྔ་དགོང་གཉིས་ཀྱི་གསོལ་ཚིགས་ཀྱི་སྦྱིན་བདག་ཞུས་པར་མ་ཟད། ཚོགས་པའི་མགྲིན་ཚབ་པས། དེ་རིང་ཉིས་སྟོང་བཅུ་གཉིས་ཀྱི་ལོ་གསར་པ་བསུ་བའི་མཚན་མོ་འདིར་ཕྱི་ལོགས་སུ་མི་ཀུན་གྱིས་གཏད་མོ་དང་གནམ་གཡེང་དོན་དུ་གཉེར་གྱིན་ཆུ་གནས་དང་སྲོག་ཆགས་གྲངས་མེད་པའི་ཤ་ལ་བག་མེད་དུ་སྤྱོད་ཀྱིན་ཡོད་ན་ཡང་། ཁྱེད་རྣམ་པ་མི་འབོར་ཧ་ཅང་མང་པོ་ཞིག་གིས་འདི་ལྟར་ཆོས་མཐུན་གྱི་སྒོ་ནས་འགྲོ་བ་མིའི་རིགས་ཀྱི་ཆེད་དང་ཐའེ་ཝན་གྱི་ཆེད་སྨོན་ལམ་གནང་ནས་བཞུགས་བཞིན་པ་འདི་ཧ་ཅང་རླབས་ཆེན་དུ་ཚོར་གྱིན་ཡོད་པར་མ་ཟད། ང་ཚོའི་ངོས་ནས་ཁྱེད་རྣམ་པའི་ཚོགས་པ་འདིར་བསྙེན་བཀུར་གྱི་ཞབས་ཏོག་ཅུང་ཟད་ཞུ་ཐུབ་པ་ནི་མཐུན་ཚོགས་ཀྱི་གཟི་བརྗིད་ཡིན་ཞེས་བརྗོད།
ཚི་ཅིས་ནི་ཐའེ་ཝན་གྱི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་འཛམ་གླིང་རང་བཞིན་ཅན་ཞིག་ཡིན་ཞིང་། ༸གོང་ས་མཆོག་གིས་ཀྱང་ཐའེ་ཝན་དུ་ཕེབས་སྐབས་རྒྱལ་ཡོངས་བརྙན་འཕྲིན་ཁག་བརྒྱུད་ཁོང་ཚོའི་ཚོགས་པའི་དབུ་བཞུགས་སྐད་གྲགས་ཅན་གྱི་བཙུན་མ་ཚི་ཅིས་ལགས་དང་མཉམ་བཀའ་མོལ་གནང་ཡོད།
དེ་ཡང་སྐབས་འདིའི་ཞིབ་འཇུག་ཚོགས་པའི་འབྲེལ་ཡོད་གཏམ་བཤད་དུ། ང་ཚོའི་ལས་དོན་ཀྱི་ལྟེ་བ་ནི་བགྲོ་གླེང་དང་གྲོས་མོལ་གྱི་ལམ་ནས་ནང་པའི་རྗེས་འཇུག་ཕན་ཚུན་གྱི་བར་དང་བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པ་སོ་སོའི་བར་ཐག་ཉེ་རུ་གཏོང་རྒྱུ་དང་། བོད་བརྒྱུད་ནང་བསྟན་འདི་རྒྱལ་སྤྱི་དང་ཆོས་ལུགས་གྲུབ་མཐའ་གཞན། དེ་བཞིན་ཐའེ་ཝན་མི་མང་བཅས་ཀྱིས་སྔར་ལས་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ། བོད་བརྒྱུད་ནང་བསྟན་གྱི་ནང་གི་སྒོམ་སྒྲུབ་དང་གོ་རྟོགས་མཐའ་དག་གིས་སྤྱི་ཚོགས་ཀྱི་ཁྲོད་དུ་ནུས་པ་བཏོན་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་སྤྱི་ཚོགས་དང་ཐག་ཉེ་ཤོས་ཀྱི་ཆོས་ལུགས་ཤིག་བྱ་རྒྱུ་སོགས་ཡིན། ཞེས་དང་།
ཡང་མུ་མཐུད་དུང་སྒྲུབ་འདིའི་དགོས་དམིགས་ཀྱི་སྐོར་ལ་བསྟན་དོན། རིས་མེད་ཀྱི་ཆོས་བརྒྱུད་ཁག་གི་དགེ་འདུན་པ་དང་དད་ལྡན་མི་མང་ཐུགས་མཐུན་མཉམ་གནས་ཀྱིས་སྨོན་ལམ་འཚོགས་རྒྱུར་དགེ་མཚན་ཧ་ཅང་ཆེན་པོ་མཐོང་བར་མ་ཟད། འབྱུང་འགྱུར་ཉིས་སྟོང་བཅུ་གཉིས་ནི་དམིགས་བསལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་པ་དང་། ༼ལོ་དུས་བརྒལ་བ༽མཚམས་ནི་ཐའེ་ཝན་དང་བོད་པ་ཐུན་མོང་གི་སྲོལ་རྒྱུན་ལ་ལོ་གསར་རྙིང་གི་མཚམས་ཞེས་གལ་ཆེན་དུ་བརྩི་སྲོལ་ཡོད་པའི་དུས་ཚོད་འདིར་རྗེ་བཙུན་འཕགས་མ་སྒྲོལ་མའི་སྙེན་པ་དུང་སྒྲུབ་ཅིག་བྱ་ཐུབ་པ་ཡིན་ན། ཐའེ་ཝན་གྱིས་མཚོན་པའི་ཡུལ་ཕྱོགས་ཀུན་དུ་ནད་གདོན་བར་ཆད་དང་མི་མཐུན་ཉེར་འཚེའི་ཚོགས་ཐམས་ཅད་ཞི་བ་སོགས་གནས་སྐབས་དང་མཐར་ཐུག་གི་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་པའི་དགེ་མཚན་ཡིད་ལ་ངེས་པའི་ཐོག་ནས་སྒྲོལ་མའི་དུང་སྒྲུབ་འདི་འཚོགས་པ་རེད། ཅེས་དང་།
ཡང་སྨོན་ལམ་སོགས་ཚོགས་པ་འདི་རིགས་ཀྱང་དོན་དག་ཆུང་ཆུང་ཞིག་ཏུ་རྩི་རྒྱུ་མེད་པར་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་སེམས་ཁམས་ཀྱི་འཚོ་བའི་ཁྲོད་ནུས་པ་ཆེན་པོ་ལྡན་པ་ཡིན་སྐོར་ནན་བརྗོད་གནང་དོན།
ང་ཚོའི་ཆོས་ཀྱི་སློབ་གསོ་དང་སྨོན་ལམ་ལ་རྟེན་ནས་ནང་སེམས་ཀྱི་བདེ་འཇགས་མཐོ་རུ་གཏོང་བ་ནི་སྤྱི་ཚོགས་ཀྱི་གནས་སྟངས་ལེགས་བཅོས་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་རེད། ད་ལྟ་འཛམ་བུ་གླིང་ན་རྒྱལ་ཁབ་ཀྱི་ཆོས་ལུགས་ཀྱི་གོ་གནས་ཟིན་པའི་བོད་བརྒྱུད་ནང་བསྟན་གྱི་སྤྱི་མཐུན་རྒྱལ་ཁབ་གཅིག་ཡོད་པ་ནི་དཔལ་ལྡན་འབྲུག་རྒྱལ་ཁབ་རེད། ཁོང་ཚོས་རང་གི་རང་དབང་དང་མང་གཙོ་ལ་ལོངས་སུ་སྤྱོད་པའི་དུས་མཚུངས་སུ་བོད་བརྒྱུད་ནང་ཆོས་ཀྱི་མཚོ་བ་ནི་ཧ་ཅང་ཚད་མཐོ་པོའི་ངང་ཉིན་རེའི་འཚོ་བའི་ཆ་ཤས་གལ་ཆེན་དུ་གྱུར་ཡོད། དེང་སང་ཁོང་ཚོར་འཛམ་བུ་གླིང་པ་དག་གིས་སེམས་ཁམས་དང་འཚོ་བའི་ཞིབ་འཇུག་གི་གྲུབ་དོན་གཞིར་བཟུང་གིས་ཁོང་ཚོར་འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅེས་འབོད་ཅིང་། སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་འཇར་པན་དང་ཐའེ་ཝན་སོགས་ཀྱིས་ཀྱང་ཁོང་དག་གི་འཚོ་བ་སྐྱེལ་སྟངས་ལ་ཚད་མཐོའི་ཡིད་སྨོན་བྱེད་མགོ་ཚུགས་བཞིན་ཡོད་པར་མ་ཟད། འབྱུང་འགྱུར་གྱི་དུས་ཡུན་ནང་ཁོང་ཚོའི་ལུས་སེམས་ཆ་མཉམ་གྱི་འཚོ་བ་སྐྱེལ་སྟངས་ལ་མིག་དཔེ་ལྟ་འདོད་ཡོད་ཅེས་གཞུང་འབྲེལ་ཐོག་བརྗོད་ཡོད།
འདི་རིགས་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ན་མེད་པའི་སེམས་ཁམས་ཀྱི་འཚོ་བའི་གྲུབ་འབྲས་ཤིག་རེད་ལ། ང་ཚོ་རང་ངོས་ནས་ཀྱང་གྲུབ་འབྲས་འདི་དག་ལ་མཐོང་ཆེན་བྱས་ཏེ། ཆོས་ཀྱི་ཉམས་ལེན་དང་སྒོམ་སྒྲུབ་དེ་འཚོ་བ་དངོས་ཀྱི་ལག་ལེན་གྱི་ངོ་བོར་འགྱུར་བར་བྱ་དགོས། དེ་ནི་ང་ཚོའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་འདི་འཚོགས་པའི་དམིགས་ཡུལ་གཙོ་བོ་ཡིན་ཞེས་བརྗོད།
ཡང་དུང་སྒྲུབ་ལ་དངོས་སུ་ཚོགས་ཞུགས་གནང་སྐབས་ཀྱི་ཀུན་སློང་འཁྱེར་སྟངས་སོགས་ལ་དམིགས་བསལ་ལམ་སྟོན་གནང་དོན།
ཚང་མས་ཐའེ་ཝན་གྱི་ས་གཞི་འདིའི་ཐོག་ནས་མཉམ་དུ་སངས་རྒྱས་ཀྱི་དགོངས་པ་ལ་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་འདེབས་ཀྱིན་ཡོད་པ་རེད། འདི་ནི་ཧ་ཅང་གལ་ཆེ་བའི་བསམ་བློའི་རིན་ཐང་དང་། ཧ་ཅང་གལ་ཆེ་བའི་སེམས་ཁམས་ཀྱི་སྦྱོང་བརྡར། ཧ་ཅང་གལ་ཆེ་བའི་སྤྱི་ཚོགས་ཀྱི་ཞབས་ཏོག ཧ་ཅང་གལ་ཆེ་བའི་མཉམ་འཛོམས་ཀྱི་སྤྲོ་སྣང་ཞིག་བཅས་རེད། དེ་བཞིན་ང་ཚོའི་སྡིང་ཆ་འདི་ལྟ་བུ་བསྐྲུན་ནས་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར། མི་སྒེར་དང་མི་སྒེར་གྱི་བར་གྱི་འབྲེལ་ལམ་གོང་མཐོར་བཏང་སྟེ། ཚང་མས་མཉམ་དུ་ས་སྟེང་གི་སྐྱེ་བོ་ཡོངས་ལ་ནད་མེད་ཚེ་རིང་དང་འདི་ཕྱི་གཉིས་བདེའི་སྨོན་ལམ་རྒྱག་དགོས། དེ་བཞིན་སྔོན་གྱི་རྒྱ་གར་གྱི་པན་གྲུབ་དང་། བོད་ཀྱི་སློབ་དཔོན་གོང་མ་དག་གིས་ཀྱང་རྗེ་བཙུན་སྒྲོལ་མ་འདི་ཁོ་ན་ལ་ཐུགས་དམ་གྱི་གཙོ་བོར་མཛད་པ་དང་། ཁོང་རྣམ་པ་ཕལ་མོ་ཆེ་ཡང་སྒྲོལ་མ་ལས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན་སྟབས་རྗེ་བཙུན་སྒྲོལ་མ་ནི་ཧ་ཅང་གལ་ཆེའི་ཡི་དམ་ཞིག་རེད། ཅེས་གསུངས།
དེ་ཡང་ཞིབ་འཇུག་ཚོགས་པའི་ལས་དོན་ཆ་བགོས་ཀྱི་འགྲོ་སྟངས་ལྟར་ཐེངས་འདིའི་ཚོགས་པའི་ལས་རིམ་གྱི་ལག་བསྟར་འགན་ལེན་པ་ནི་ཀཿཐོག་རིག་འཛིན་ཆེན་མོའི་ཆོས་ཚོགས་ཡིན་པ་དང་། ཁོང་གི་ཚོགས་པས་ཞིབ་ཚགས་ལྡན་པའི་འཆར་འགོད་དང་བཅས་ཕུན་སུམ་ཚོགས་པའི་གྲྭ་སྒྲིག་གནང་ཡོད་པར་མ་ཟད། དུས་མཚུངས་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱི་ཆོས་ཚོགས་དྲེལ་དཀར་མདོ་རྒྱུད་ཆོས་གླིང་གི་གཙོ་འགན་གོ་སྒྲིག་གནང་བའི་ཐོག་འཆར་ལོའི་སྤྱི་ཟླ་༣ཚེས་༡༧ཉིན་འཚོགས་གཏན་ཁེལ་བའི་ཞིབ་འཇུག་ཚོགས་པའི་བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པའི་གདན་ཞུའི་གསར་བསྒྲགས་ཀྱང་བསྐྱངས་ཡོད།
མཐར་༢༠༡༢་ཟླ་༡་ཚེས་༡་ཆུ་ཚོད་༡་བཅས་ཀྱི་དུས་མཚམས་ཏག་ཏག་དེར་འཕགས་ཡུལ་རྫོང་སར་བཤད་གྲྭའི་དབུ་མཛད་ཆེན་མོ་ཟུར་བ་དང་། སྐབས་འདིའི་ཚོགས་པའི་གདན་ཞུས་དབུ་མཛད་སློབ་དཔོན་བསོད་ནམས་ཕུན་ཚོགས་དང་བླ་མ་གར་དབང་ཟུང་ནས་སྙན་འཇེབས་ཀྱི་གདང་སུ་དྲངས་པའི་ཐོག་༸གོང་ས་མཆོག་གིས་མཛད་པའི་རིས་མེད་བསྟན་བརྒྱས་སྨོན་ལམ་དང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ༸གོང་ས་མཆོག་གི་ཞབས་བརྟན། བྱང་ཆུབ་སེམས་མཆོག་བཅས་གསུངས་མཐར་ཐེངས་འདིའི་དུང་སྒྲུབ་ཆེན་མོ་རྒྱལ་ཁའི་ངང་ནས་མཇུག་དྲིལ་ཡོད།
དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་ནི་སྤྱི་ལོ་༢༠༠༩ལོར་ ༸ས་སྐྱ་བདག་ཆེན་རིན་པོ་ཆེས་དབུ་འབྱེད་བཀའ་དྲིན་བསྐྱངས་པའི་ཐོག་ཐའེ་ཝན་དུ་དབུ་བརྙེས་ཤིང་། ད་ལྟ་ཀཿཐོག་རིག་འཛིན་ཆེན་པོ། མཁན་པོ་ཚུལ་ཁྲིམས་རྣམ་དག སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་ནས་གཙོ་འགན་ཁུར་བཞིན་ཡོད་པར་མ་ཟད། ཚོགས་གཙོ་དང་། དྲུང་ཡིག རྩིས་པ། དངུལ་གཉེར་སོགས་ཁོངས་སོ་སོའི་ཆོས་ཚོགས་ཀྱིས་འགན་འཁུར་གྱིན་ཡོད་པ་དང་། ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྒན་གཞོན་ཡང་མཁན་སྤྲུལ་རྣམ་པས་ལོ་གཉིས་རེའི་དུས་ཡུན་དུ་བརྗེ་ལེན་རེས་མོས་གནང་བཞིན་ཡོད།
ཚོགས་པའི་དྲ་ཚིགས། HTTP://WWW.BUDDHAJNANA.ORG/

གསར་འགྱུར།

Post navigation

Previous Post: ནང་བསྟན་རིག་མཛོད་ཆེན་མོ་ཤར་གཏོང་བྱས་པ།
Next Post: ཧི་མ་ལ་ཡི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་པར་སྩལ་བའི་བཀའ་སློབ།

Comments (18) on “རྗེ་བཙུན་སྒྲོལ་མའི་དུང་སྒྲུབ་ཐེངས་དང་པོ་ཐའེ་ཝན་དུ་འཚོགས་པ།”

  1. ཇ་མ་ says:
    2012-01-03 at 3:03 pm

    /WWW.BUDDHAJNANA.ORG དྲ་སྒོ་འདི་ནི་ངོ་མ་རྒྱའི་གཏམ་དཔེ་ 挂羊头卖过狗肉རང་རེད། ནང་དུ་མང་ཆེ་བ་སྟོང་པ་རེད།

  2. བློ་བཟང་ཤེས་རབ། says:
    2012-01-03 at 3:55 pm

    རྒྱའི་གཏམ་དཔེ་དེ་ཇ་མའི་རང་ཉམས་ཡིན་པ་འདྲ།

  3. རྫ་ཚེ་རིང་བཀྲ་ཤིས། says:
    2012-01-03 at 3:59 pm

    ང་ཚོའི་ས་ཆའི་གནས་བབ་ཀྱི་དབང་གིས་མིག་སྔའི་ནང་དོན་མང་ཤོས་རྒྱ་ཡིག་ཐོག་ཡོད་ལ། དེ་ཡང་དོན་དངོས་ཀྱི་ཆ་ནས་དྲ་རྒྱ་ཡར་རྒྱས་གཏོང་རྒྱུར་ལྷག་ཡོད་པས་ཁྱེད་ཀྱིས་སྟོང་པ་རེད་གསུངས་པ་དེར་ཁྱད་པར་བོད་ཡིག་གི་དྲ་ངོས་ཀྱི་དབང་དུ་བྱས་ན་གཞི་རྩའི་ཆ་ནས་ངོས་ལེན་ཡོད་ལ་ངེས་པར་ཁྱེད་ཀྱི་བཀའ་མོལ་ལས་བསླབ་བྱ་བླངས་ནས་ཤུགས་སྣོན་བྱ་རྒྱུ་ཡིན་ན་ཡང་། གཏམ་དཔེ་དེ་ནི། རྫུ་བག་གིས་བསླུ་བྲིད་བྱས་པའི་དཔེ་སྟེ། བོད་པའི་གཟིགས་པགས་གབ་པའི་བུང་བུ་ཟེར་བ་དེ་ཡིན་པས་འདིར་གཏམ་དཔེ་དེ་འཇུག་པའི་གཞི་མེད་དེ། མང་ཉུང་ལ་མ་ལྟོས་པའི་ནང་དོན་གང་ཡིན་པ་དེ་ང་ཚོ་ཚོགས་པའི་བརྒྱུད་རིམ་དང་ལས་འཆར། ལས་འགུལ་སོགས་རང་ཡིན་པས་མ་མཐའ་ཡང་དྲ་རྒྱ་འདི་བརྒྱུད་ནས་ང་ཚོའི་ཚོགས་པའི་གཞི་རྩའི་གནས་སྟངས་ཙམ་ནི་མཁྱེན་ངེས།
    དེས་ན་བཀའ་བཀོན་གནང་ན་བཀའ་བཀྱོན་དོ་དན་རེ་གནང་རོགས། ཀུ་རེ་དང་བཅས།

  4. རྫ་ཚེ་རིང་བཀྲ་ཤིས། says:
    2012-01-03 at 3:59 pm

    བུང་བུ་ཞེས་པ་བོང་བུ་ལ་བཅོས་རོགས།

  5. ཟིལ་གནོན། says:
    2012-01-03 at 4:16 pm

    ལུག་མགོ་བཀལ་ནས་ཁྱི་ཤ་བཙོང་བ།

  6. རྫ་ཚེ་རིང་བཀྲ་ཤིས། says:
    2012-01-03 at 5:33 pm

    གཟིག་པགས་གབ་པའི་བོང་བུ་ཟེར་ན་དོན་འགྱུར་རེད་བསམ་པ་ཡིན། མ་གཞི་འགྱུར་གྱི་སྐབས་སུ་འབྲུ་ནག་ཐུར་དེད་བྱེད་མི་ཉན་མ་གཏོགས་སྐབས་ཤིག་ལ་ཧ་ཅང་གོ་དཀའ་བ་ཆགས་ཀྱི་རེད།
    འོན་ཀྱང་ཚིག་གི་འབྲུ་དོན་ནི་ཟིལ་གནོན་གྱིས་གསུངས་པ་དེ་ཀ་རེད།
    ཡིན་ན་ཡང་ར་གན་གསེར་རྫུས་སོགས་དོན་ཐོབ་ཀྱི་གཏམ་དཔེ་ལྟར་བསྒྱུར་རྒྱུ་གནད་ཆེ་ཞིང་། རྒྱ་བོད་ཤན་སྦྱར་ཚིག་མཛོད་དུ་ཡང་དེ་ལྟར་ཡང་བྲིས་ཡོད།

  7. མདའ་ཚན་པ། says:
    2012-01-03 at 9:33 pm

    གཟིགས་ལྤགས་གོན་པའི་བོང་བུ་དང་ར་གན་གསེར་རྫུས་གཉིས་ཀྱི་བསྟན་དོན་གཅིག་ཏུ་འདུ་སྙམ། དེ་གཉིས་དང་། ལུག་མགོ་བཤམས་ནས་ཁྱི་ཤ་བཙོང་བ་གཉིས་ལ་ཞིབ་པ་ཡིན་ན་ཁྱད་པར་ཆེན་པོ་འདུག དང་པོ་ནི་ཆུང་ཆུང་ཆེ་མདོག་སྟོན་གྱི་ཡོད་པ་དང་། ཕྱི་རྫིག་ནང་སྟོང་ཡིན་པའི་དཔེ་ལ་འོས། གཉིས་པའི་དོན་ནི། ཕྱི་རུ་ཡག་མདོག་སྟོན་ནས་རྒྱབ་ཏུ་བྱ་ངན་སྤེལ་བའི་དོན་རེད།
    སྤྱིར་གཏམ་དཔེ་འགའ་རེ་ཇི་བཞིན་བསྒྱུར་ས་མི་འགྲོ་བ་དེ་འདྲ་ཡོད་ཀྱང་གོང་གསལ་གྱི་དེ་ལྟ་བུ། ཇ་མ་ལྟར། ཇི་བཞིན་བསྒྱུར་ཀྱང་གསལ་ལོས་ཀྱི་ཁྱད་པར་ཅུང་ཡོད་པ་མིན་ན་འགལ་བ་ཆེར་མི་འདུག་སྙམ། བཀལ་ནི་ཡོངས་གྲགས་སུ་ ༡ ཁལ་བཀལ་བ། ༢ སྐུད་པ་བཀལ་བ་འཇུག་པ་མ་ཟད། ༣ ཨ་མདོར་མཚོན་ན། ད་རུང་རྩིག་ངོས་སུ་བཀལ་བ་ལའང་འཇུག
    ལུང་ཚན་གཞན་པའི་སྐད་ནང་འཇུག་ཡུལ་༣ པ་ཡོད་མིན་ཆ་མ་འཚལ། བཤམས་ཟེར་ན་དོན་ལའང་འགལ་ཆ་མེད་ཀྱང་ཁ་གསལ་ལོས་ལའང་ཁྱད་པར་ཅུང་འདུག

  8. ཇ་མ་ says:
    2012-01-04 at 2:48 pm

    མདའ་ཚན་པ་ལགས་ལམ་སྟོན་གནང་བ་ཐུགས་རྗེ་ཆེ། དེང་སང་སྐུ་མྱོང་ག་འདྲ་འདུག
    བློ་ཤེར་ལགས། ང་ ཇ་མ་ བོད་གངས་ཅན་གྱི་ཇ་མ་ཡིན།
    རྫ་ཚེ་ལགས། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཟེར་བའི་དྲ་གནས་དེ་མཐོང་མ་ཐག་དགའ་དུང་གིས་ངང་ནས་དྲ་གནས་ཁག་སོར་ལྟས་དུས་ དེ་འདྲ་རང་རེད། དེ་བཞིན་རྒྱ་ཡིག་གི་དྲ་གནས་སོགས་ལ་ཡང་ལྟས་པ་ཡིན། རྩ་བའི་ཆ་ནས་རྗེས་སུ་ཡི་རིངས་ཡོད། ཁ་སྐོམ་པའི་སྐབས་སུ་ཆུ་མ་རག་པས་རྐྱེན། རྒྱ་དཔེ་དེ་ཤོར་རེད།

  9. བདེན་པ། says:
    2012-01-05 at 1:19 am

    ཇ་མ་ལགས།
    སེམས་ནས་རྗེས་སུ་ཡི་རིང་བྱེད་ཞོལ་དུ།
    ཁ་ནས་ཕྲག་དོག་གི་ཚིག་ཤོད་པ་གཉིས་འགལ་བ་མ་ཡིན་ནམ།
    ཇ་མ་ནི་ཇ་མ་རང་རེད།

  10. ཇ་མ་ says:
    2012-01-05 at 3:17 pm

    བདེན་པ་ལགས། ཁྱེད་བདེན་པ་ཆ་ཆ་རེད།

  11. མདའ་ཚན་པ། says:
    2012-01-05 at 11:13 pm

    ཇ་མ་ལགས། ངས་ཁྱེད་སུ་ཡིན་མིན་ད་རུང་མི་ཤེས་ཀྱང་ང་ལ་འཚམ་འདྲི་གནང་བ་ཐུགས་རྗེ་ཆེ།
    ད་རུང་ལས་སླ་པོར་དྲག་ས་མ་རེད་ལ་ལས་སླ་པོར་ཤི་སའང་མ་རེད།
    འདིར་གསལ་བཤད་ཅིག་ནི། ངའི་མཆན ༧ ནང་གི་བཀལ་གྱི་འཇུག་ཡུལ་༣ པ་དེ་ཨ་མདོ་ཁོ་ན་མིན་པར་ཁམས་ནང་ཆེན་དུའང་། སྡོང་བོའི་ར་ལག་ལ་བཀལ་ཟེར་ནས་ཡོད་པ་འདྲ།

  12. དྲན་མེད་གླང་སྨྱོན། says:
    2012-01-06 at 11:02 am

    རྗེ་བཙུན་སྒྲོལ་མའི་དུང་སྒྲུབ་ཞེས་པ་འདི་ཆབ་སྲིད་ཞིག་རེད་དམ་ཟོལ་མེད་ཆོས་སྲིད་དམ་པ་ཤིག་རེད།

  13. བདེན་པ། says:
    2012-01-07 at 5:23 am

    ཁྱེད་རང་གིས་གོ་བ་གང་ལ་བླངས་ན་དེ་ག་རང་ཡིན།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-01-07 at 5:50 am

    རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །
    འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །ཞེས་པ་འདི་གཏེར་ཆེན་བདུད་འཇོམས་གླིང་པར་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས་སྐབས་དངོས་གསུངས་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །

  15. ཀརྡོ་གཉེར་ཕྱག་པ་ says:
    2012-01-07 at 5:57 am

    སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་མ་བཞུགས་སོ། །

    ཨོམ། འཇིགས་པ་བརྒྱད་སྐྱོབས་མ་ལ་ཕྱག་འཚ་ལོ། །
    བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །
    ངན་སོང་སྒོ་འགག་མ་ལ་ཕྱག་འཚལ་ལོ། །
    མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །
    རྟག་ཏུ་ཁྱེད་ཀྱིས་སྲུང་བར་བྱས། །
    ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་དཔལ་ཇོ་བོ་རྗེས་མཛད་པའོ། །

  16. རིན་ཆེན་དར་རྒྱས། says:
    2012-01-07 at 12:00 pm

    ཀརྡོ་གཉེར་ཕྱག་པ་ལ་ཐུགས་རྗེ་ཆེ་ཞུ།

  17. ཇ་མ་ says:
    2012-01-07 at 3:58 pm

    མདའ་ཚན་པ་ལགས། ཁྱེད་ཀྱི་སྐུ་ལུས་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་དཀོན་མཆོག་མཁྱེན། ཕྲན་ཁྱེད་ལ་ལྟ་རུ་ཡོང་མ་ཐུབ་པ་ཁྱེད་ཀྱིས་ཤེས་གསལ་ལགས། གཞན་ལྷ་ཇ་ཞིག་གིས་ཕྱག་འཚལ་ན་ཟ་མ་ཟ་སྟོབས་ཡོང་གི་རེད། ཟ་མ་སྟོབས་ཡོད་དུས་ལུས་གསོ་ཐུབ། ལུས་ཡག་པོ་སོས་ན་ཡོད་ཚད་ལས་རྣམ་པར་རྒྱལ་ངེས་ཡིན་ཟེར།

  18. མདའ་ཚན་པ། says:
    2012-01-07 at 4:11 pm

    ང་ལ་ལྟ་རུ་ཡོང་འདོད་ཡོད་པ་ལྟར་ཡོང་མ་ཐུབ་མཁན་མི་ཁ་ཤས་ཤིག་བྱུང་བས་ད་རུང་ངས་ཁྱེད་སུ་ཡིན་ལ་ཚོད་དཔག་ཙམ་ལས་བྱེད་ཐུབ་པ་མི་འདུག གང་ལྟར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme