Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མུག་ནད་ཐེབས་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ།

Posted on 2011-12-202011-12-20 By ཁ་བརྡ་ 12 Comments on མུག་ནད་ཐེབས་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ།


ཨ་རིག་འགྱུར་མེད།
གཅིག མུག་བཤད་ཀྱི་ལེའུ།
འཛམ་གླིང་ཞི་བདེའི་གཟེངས་རྟགས་ཉིན་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ་གསར་བ་ཞིག་སྒོ་འབྱེད་གནང་ཡོད་ལ། འདི་བོད་རིགས་གསར་འགོད་པ་ཚོར་མཚོན་ན་དགའ་དགོས་པའི་དོན་དག་བཟང་བོ་ཞིག་ཅི་ལ་མིན་ཏེ། གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་གསར་བ་རྣམས་ཀྱིས་དཀའ་སྡུག་གང་མང་སྤྱད་ནས་དྲ་བ་འདི་ཉིད་གསར་བཟོ་ལེགས་འགྲུབ་བྱུང་བ་ཡིན་པས། དངོས་གནས་དྲང་གནས་ཁོང་རྣམས་ལ་བཀའ་དྲིན་ཆེ་ཞེས་ཞུས་ན་འགྲིག་གི ཁོང་རྣམས་ལ་བསྔགས་བརྗོད་དང་ཡི་རང་བྱས་ན་འགྲིག་གི ཡིན་ནའང་། དྲ་རྒྱ་འདི་སྒོ་འབྱེད་བྱས་པ་ནས་ཉི་མ་དེ་རིང་གི་བར་དུ་ངའི་ཡ་ཆུང་ཁར་བཤད་མི་ཤེས་པའི་ཚོར་འདུ་ཞིག་གིས་བཙུར་ནས་འདུག་ལ། བསམ་གཞིག་གི་སྒོ་མོར་ཅི་ཡིན་མི་ཤེས་པའི་ཚོར་འདུ་ཞིག་གིས་ཤེད་ཀྱིས་རྡུང་གིན་འདུག གཅིག་བྱས་ན་ང་འདི་བོད་སྐད་ཡིག་ལ་དུང་ཞེན་ཆེ་དྲགས་སོང་བས་ཡིན་སྲིད་ལ། གཅིག་བྱས་ན་ངའི་མིག་རྒྱང་ཐུང་སོང་བས་ཀྱང་ཡིན་སྲིད་མོད། གང་ལྟར། དོན་དག་འདི་དང་འདི་ལྟ་བུ་དག་གིས་ད་གཟོད་ང་དྲ་ཐོག་ཏུ་བཙན་གྱིས་དྲུད་ཡོང་གི་འདུག་ལ། སེམས་ཀྱི་འཆར་སྒོར་ཡང་གཤོག་པ་ཐོགས་པ་དང་འདྲ་འདུག

ངས་ཡང་ནས་ཡང་དུའམ། ཐེངས་མང་བོ་མང་བོ་ཞིག་ལ་དྲ་བ་འདིའི་སྐོར་ལ་བསམ་གཞིག་མི་བྱེད་ཐབས་མེད་དུ་གྱུར་སོང་།

སྐད་ཆ་བཤད་སྟངས་བསྒྱུར་ནས་བཤད་ན། ངས་འདི་ལྟར་བཤད་དུས་གསར་འབྱོར་བའི་རྟགས་ཤིག་སྟོན་གྱིན་ཡོད་སྲིད། ཨུ་ཚུགས་ཚ་བོ། ལྟ་བ་མཁྲེགས་པོ། བོད་ཡིག་མ་གཏོགས་བཤད་མི་ཤེས་མཁན་ལྟ་བུ། ཡིན་ནའང་། ངས་ཅི་ལྟར་འདང་བརྒྱབ་རུང་། <<བོད་ཀྱི་>> གསར་འགོད་པའི་མཐུན་ཚོགས་ཤིག་གི་དྲ་སྟེང་ནས་བོད་ཡིག་གི་མིང་བྱང་ཙམ་ལས་མ་རྙེད་ན། དེ་ <<བོད་ཀྱི་>> གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ་མ་རེད་ཟེར་སྟངས་ཤིག་མེད་ན་ཐང་མོད། <<བོད་ཀྱི་>> གསར་འགོད་པའི་མཐུན་ཚོགས་ཀྱི་མཚན་ཉིད་ཚང་བའི་དྲ་བ་ཞིག་ཏུ་ངོས་འཛིན་ཡེ་ནས་མེད་སོང་སྟེ། <<བོད་ཀྱི་སྐད་ཡིག་>> གི་སྲོག་ཤིང་ཀ་མད་སུམ་ཅུ་དང་དབྱངས་ཡིག་བཞི་བོ་བོར་ཚར་དུས་ <<བོད་ཀྱི་>> མིང་བྱང་ཁུར་བའི་དྲ་བ་དེ་སུའི་ཡིན་ནའང་། དེ་ནི་བླ་སྲོག་བོར་བའི་བེམ་པོ་ཞིག་དང་ཨ་ན་མ་ན་རེད།

གལ་སྲིད་དྲ་བ་འདི་ཚོགས་སྡེ་གཞན་ཞིག་གིས་ཡིན་ན་ང་ལ་འདི་ལྟ་བུའི་བློ་ཕམ་ཞིག་འབྱུང་མི་སྲིད་མོད། དྲ་བ་འདི་ <<བོད་ཀྱི་>> གསར་འགོད་པའི་མཐུན་ཚོགས་ཀྱི་ཡིན་པར་མ་ཟད། དེའི་ནང་གི་རྒྱུན་ལས་ཚོ་ནས་ཚོགས་མི་ཡོད་དོ་ཅོག་རྩ་ལམ་ན་བོད་པ་ཚང་གི་ཁྲག་རྒྱུན་དྲོད་ལམ་ལམ་གྱིས་བཞུར་གྱིན་པ་ཞེ་གཅིག་དང་། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཟེར་དུས་ད་ལྟའི་བོད་ཀྱི་ཚོགས་སྡེ་གཞན་དང་གཞན་དག་གི་སྔུན་ནས། ཤེས་ཡོན་གྱི་སྟེང་ནས་དང་འཇོན་ཐང་གི་སྟེང་ནས། སྣེ་ཁྲིད་ཀྱི་སྟེང་ནས་དང་ཁྱབ་ཚད་ཀྱི་སྟེང་ནས། གང་ས་ཅི་ཐད་ནས་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཡིན་པར་བདག་གིས་ངོས་ནས་བལྟས་དང་ལྟ་བཞིན་པ་ཡིན་ལ། རང་ཉིད་ལ་མཚོན་ནའང་ཚོགས་སྡེ་འདི་ལྟ་བུ་ཞིག་གི་གྲལ་མཐར་འཛིན་པ་ཙམ་ཡིན་དུས་དགའ་སྤོབས་སྐྱེ་ནས་ཡོད་པས་ན། འདི་ལྟ་བུའི་ཚོགས་སྡེ་ཞིག་གི་དྲ་བ་ལའང་བོད་ཡིག་མི་དགོས་ན་ད་སུ་ཞིག་གི་དྲ་བར་བོད་ཡིག་དགོས། འདི་ལྟ་བུའི་ཚོགས་སྡེ་ཞིག་གི་དྲ་བས་བོད་ཡིག་མི་སྤྱོད་ན་གཞན་ཞིག་ལྟ་ཅི་སྙམ་ན་ངུ་རྒྱུ་ཡོང་གི སྙིང་ལངས་ཀི བློ་ཕམ་གི སེམས་བསམ་པའི་སྟེང་ནས་བློ་ཕམ་པ་ཡིན། ངོ་མ་ཅན་གྱི་བློ་ཕམ་པ་ཡིན།

མཚམས་འདིར་ཐོན་དུས་ངས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ཟུར་བ་མི་ནག་ཚང་ལུང་རིགས་རྒྱལ་གྱིས་བོད་ཡིག་གི་སྟེང་ན་ཟ་རྒྱུ་ཞིག་ཡོད་ན་ཅི་མ་རུང་ཞེས་པའི་རྩོམ་ཡིག་དེ་དྲན་ཡོང་བས། ངས་དངོས་གནས་སྐབས་རེར་ཁོང་ལྟར། བོད་ཡིག་འདིའི་སྟེང་ན་ཟ་རྒྱུ་ཞིག་ཡོད་ན། ཡང་ན། བོད་ཡིག་འདི་ཟས་ཞིམ་པོ་ཞིག་ཡིན་ན་སྙམ། གང་ཡིན་ཟེར་ན་མི་ནག་ཚང་གིས་རྩོམ་ཡིག་དེ་ཐོག་མར་མཐོང་དུས་ང་ནི་དང་ལེན་བྱེད་མ་ཐུབ་མཁན་གྱི་གྲས་ཡིན་པར་མ་ཟད། ད་དུང་བོད་ཡིག་གི་སྟེང་ན་ཟ་རྒྱུ་མང་བོ་ཡོད་འདོད་མཁན་གྱི་གྲས་ཡིན་མོད། <<བོད་ཀྱི་>> གསར་འགོད་པའི་མཐུན་ཚོགས་ཀྱིས་ཀྱང་ <<བོད་ཡིག་>> ལ་བདག་པོ་མི་རྒྱག་པ་འདིར་བསམ་ན། ངོ་མ་ཟ་རྒྱུ་ཞིག་མེད་སོང་བ་ཡིན་ས་རེད་ལ། བྲོ་བ་ནི་སྔར་ནས་བརླགས་ཚར་འདུག་པ་ཚོར་ཡོང་གི་འདུག

ད་དུང་མུར་མུར་སོང་ན་འདི་ཟོས་ནས་འདུག་མཁན་ག་ཚོད་ཅིག་ཡོད་ཨང་་་་་་་་་་་་

གཉིས། འུ་ཐུག་པའི་ལེའུ།
ཉིན་འགའི་སྔོན་ལྟས་དབང་གིས་ <<བོད་ཀྱི་>> གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོར་ཐུག་སོང་ལ། བོད་ཀྱི་ཐབ་ཚང་ཚང་གི་ཡང་སྟེང་གི་མི་མང་ཞིག་གི་དཀྱིལ་ཡིན་མོད། ཐེ་ཚོམ་དང་རེ་དོགས་ཅི་ཡང་མེད་པའི་སྒོ་ནས་ཁོ་མོར་སྐད་བཏང་སྟེ་ཐོག་མར་ལག་འཇུ་ཞིག་བྱས། དེ་ནས་ “དྲ་བ་གསར་བ་སྒོ་འབྱེད་བྱས་པ་མཐོང་སོང་། ཡག་པོ་འདུག རྟེན་འབྲེལ་ཞུ།” ཞེས་ཞུས་རྗེས། “ཡིན་ནའང་། བློ་ཕམ་པ་ཞིག་ལ་བོད་ཡིག་མཐོང་ཡ་མི་འདུག” ཅེས་ཞུས་པ་ཡིན། ད་དུང་“ངས་དྲ་ཐོག་ཏུ་གཏོང་གི་ཡིན།” ཞེས་ཀྱང་ཞུས་སྟབས། ལྗགས་ལན་དུ་ “མ་གཏོང་དང་བོད་ཡིག་བཟི་རྩིས་ཡོད།” གསུངས་བྱུང་།

དེར་བརྟེན། དེ་རིང་བར་བོད་ཡིག་བཟོ་རྩིས་ཡོད་ཟེར་བའི་ཚིག་དེར་འཁྲེང་ནས་ལྷག་སོང་། ཡིན་ནའང་། འདི་གསལ་བོར་བཤད་ན་བཟོ་རྩིས་ཡོད་མེད་ཅིག་གི་གནད་དོན་མ་རེད། ངས་ཀྱང་དེ་གཙོ་བོར་འཛིན་གི་མེད། འུ་ཅག་གི་རིགས་འདིས་ཅིའི་ཕྱིར་དྲ་བ་ཞིག་བཟོ་ན། ཚགས་པར་ཞིག་འདོན་ན། བརྡ་ཁྱབ་ཅིག་གཏོང་ན། བརྙན་ཞིག་ཕབ་ན། ཐོག་མ་ཉིད་ནས་དབྱིན་ཡིག་ཅིག་མ་གཏོགས་བོད་ཡིག་ཅིག་བསམ་བློར་མི་འཁོར་བ་འདི་རེད། བོད་ཡིག་བཟོ་རྩིས་ཡོད་ན་ཐོག་མར་བོད་ཡིག་བཟོས། <<བོད་ཀྱི་>> གསར་འགོད་པའི་དྲ་བ་ཞིག་གི་བྲོ་བ་ལྡན་བཅུག དེ་ནས་རིམ་པ་གཉིས་པ་དབྱིན་ཡིག་སྟེང་སྤོས་ན་གོ་རིམ་ཞིག་རེད་ལ། འགྲོ་སྟངས་ཤིག་ཀྱང་ཡིན་སྙམ་ཆེ་མོད། དེ་ལྟར་མ་གནང་བ་ཅིའི་ཕྱིར་ཡིན་ནམ།

མཇུག་མཐར། <<བོད་ཀྱི་>> གསར་འགོད་མཐུན་ཚོགས་ཀྱི་དྲ་བ་འདི་གང་མགྱོགས་སྒོས་བོད་ཡིག་ཁེ་གཙང་གི་དྲ་བ་ཞིག་ཏུ་བསྒྱུར་དགོས་ཟེར་ན། ཧམ་བཤད་ལྟ་བུ་རེད་ལ། དེ་ནི་དཔེ་མི་སྲིད་པ་ཞིག་ཡིན་ཁུལ་བྱས་ཆོག་ཀྱང་། རང་མི་རིགས་ཀྱི་སྐད་ཡིག་གཙོ་བོ་དང་ཕྱི་གླིང་བའི་སྐད་ཡིག་གཉིས་པར་འཇོག་རྒྱུར་རེ་བ་ཡིན་ལ། འདིས་མ་འོངས་པར་ <<བོད་ཀྱི་>> གསར་འགོད་པ་རྣམས་ལ་ཕྱི་གླིང་བའི་སྐད་ཡིག་སྟེང་གི་གསར་འགྱུར་རིག་པའི་རིག་གནས་ཀྱི་ནང་བཅུད་ཉིང་བཅུད་རྣམས་བོད་ཀྱི་སྐད་ཡིག་གི་སྟེང་ནས་མཇལ་དུ་ཡོད་པ་ཞིག་དང་། <<བོད་ཀྱི་>> གསར་འགོད་པ་གསར་བ་རྣམས་ལ་བོད་ཡིག་གི་སྟེང་ནས་གསར་འགྱུར་འབྲི་སྤེལ་གྱི་གལ་ཆེའི་ནུས་པ་འདོན་ཐུབ་པའི་དྲ་བ་ཞིག་ཏུ་འགྱུར་རྒྱུར་རེ་བ་འཆང་གི་ཡོད་པ་མ་བརྗེད་པ་གནང་རོགས།

(ཕན་རེ་ཨེ་ཐོགས་ཀྱི་བསམ་པ་ཡིན་གྱི། ནད་འཁྲིས་པ་ཅན་གྱི་མིག་ལམ་དུ་དུང་དཀར་པོའི་ཁ་མདོག་སེར་པོ་ཡིན་ན་དགོངས་དག་ཞུའོ། །)

དྲ་རྒྱར་གཟིགས་འདོད་ན་འདི་ནས་ནོན།

གསར་འགྱུར།

Post navigation

Previous Post: མི་རིང་བར་ ཚགས་པར་ཐོག་མ་དགྲམ་རྒྱུ་ཡིན།
Next Post: དུས་འཁོར་དབང་ཆེན་གོ་སྒྲིག་ཚ་ཚ་འུར་འུར་གྱིས་གནང་གི་འདུག

Comments (12) on “མུག་ནད་ཐེབས་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲ་བ།”

  1. ཁ་སྒང་ཤེར་རྒྱམ། says:
    2011-12-20 at 9:04 am

    ཤིན་ཏུ་ལེགས།

  2. ཁ་སྒང་ཤེར་རྒྱམ། says:
    2011-12-20 at 9:28 am

    ཁ་བའི་སྙིང་གཏམ།
    འདིར་ཤོག་དང་ གཅེས་ཕྲུག་ཚོ
    ཕ་གའི་སྤང་ལྗོངས་འདི་ སྐྱིད་ལ་རོལ་སའི་ཕ་ཡུལ་ཡིན་
    མ་གའི་སྦྲ་གུར་འདི་ ཀ་ཁ་སློབ་སའི་སྐྱེད་ཚལ་ཡིན་
    ཡབ་མེས་ཚོས་གསར་གཏོད་བྱེད་ས་འདི་ཡིན་ལ་
    མི་རབས་འདིའི་མིག་ཆུ་ལྷུང་སའང་འདི་ཡིན་པས་
    ཁྱེད་ཚོ་རྔོན་པ་བཞིན་ཆས་ཀྱང་ཆོག་
    རི་དྭགས་བཞིན་རྒྱུ་ཡང་ཆོག་མོད་
    “ཕ་ཡུལ་བརྗེད་རུང༌།། མ་སྐད་མ་བརྗེད།།”

    ཁྱེད་ཚོ་ གང་དུ་སོང་ཡང་
    གྲུབ་ཐོབ་པའི་རྐང་གླིང་ལས་ཆོས་ཉིད་ཀྱི་གདམས་པ་འཐུ་དགོས་ཤིང་
    རྒན་པ་ཚོའི་གླེང་མོལ་ལས་བདེན་དོན་ཀྱི་བསླབ་བྱ་འཐུ་དགོས་
    སྙན་ངག་པའི་སོར་རྩེ་ནའང་དུས་རབས་ཀྱི་འགྱུར་ཁུགས་རྙེད་སྲིད་
    “ཕ་ཡུལ་བརྗེད་རུང༌།། ཕ་སྐད་མ་བརྗེད།།”

    ལོ་ཟླ་མང་པོའི་རིང་
    ཐོན་མིའི་ལེགས་བཤད་ཀྱི་ཚོམ་བུ་འདི་ནས་བཞད་ཅིང་
    སྐྱེ་བོ་འབུམ་ཕྲག་གི་ཞབས་རྗེས་འདི་ལ་བཞག་ཡོད་
    ད་དུང་ མཐའ་བཞིའི་དམག་དཔུང་གི་རླུང་རྟ་འདི་ནས་དར་མྱོང་བ་མ་ཟད་
    ཕྱོགས་བཞིའི་དགྲ་ཇག་གི་དཔུང་རྩ་འདི་ནས་ལྷོད་མྱོང་
    ཡིན་ན་ཡང་ དུས་ཚིགས་མག་མོག་འདིའི་ནང་རོལ་ནས་
    ཁྱེད་ཚོ་ མེ་སྟག་བཞིན་མཆེད་དགོས་
    ཁྱེད་ཚོ་ བུ་ཡུག་བཞིན་འཚུབ་དགོས་
    དཀྱོགས་མཚམས་འདི་ནས་ བས་མཐའི་རི་དྭགས་བཞིན་འཚོ་ཡང་
    དྲན་གདུང་ཁུར་བོ་ལས་ལྕི་ཡང་
    “ཕ་ཡུལ་བརྗེད་རུང༌།། ཕ་སྐད་མ་བརྗེད།།”
    གཅེས་ཕྲུག་ཚོ་ ད་དུང་ངས་ཁྱཻད་ཚོར་སྒུག་བཞིན་ཡོད་

    ཁྱེད་ཚོ་ གང་དུ་སོང་ཡང་
    བདེན་གཏམ་གྱི་རོལ་ཆ་གཏན་འདུན་གྱི་དང་མར་སེམས་དགོས་
    འཚོལ་སྙེག་གི་དམ་བཅའ་ལྷུན་པོ་བཞིན་འགྱུར་མེད་བརྟན་དགོས་
    ཕྱི་རོལ་གྱི་འཇིག་རྟེན་ལའང་རྣ་བ་རེ་ཅིས་ཀྱང་བླགས་དགོས
    “ཕ་ཡུལ་བརྗེད་རུང༌།། ཕ་སྐད་མ་བརྗེད།།”

  3. ཏྲེ་ཧོར་ཐུབ་བསྟན says:
    2011-12-20 at 10:10 am

    བོད་ཀྱི་ཚོགས་སྡེ་དང་བོད་མིའི་མིང་ཐོག་ནས་གཉེར་བའི་དྲྭ་ཚིགས་གང་མང་ཞིག་གི་སྟེང་བོད་ཡིག་མིང་བྱང་ཙམ་ཡང་མེད་པའི་རིགས་ནི་ཧ་ཅང་མང་སྟེ། དཔེར་ན། རང་རེའི་བོད་ཕྲུག་ཁྱིམ་སྡེའི་དྲ་ཚིགས་ལྟ་བུར་མཚོན་ན་གོང་གི་དྲ་བྱང་ལ་“བོད་ཕྲུག་ཁྱིམ་སྡེ་”ཞེས་པ་ཙམ་ལས་བོད་ཡིག་དྲི་མི་བྲོ་བ་དག་འདུག་ཅིང་།དེའང་གཅིག་ཏུ་ན།དེང་རབས་རང་ལུགས་ཀྱི་དཔེ་གསར་ལམ་ཏུ་ཕྱིན་ཏེ་རྒྱུགས་ཆེ་བའི་དབྱིན་ཡིག་གི་ནམ་འཕང་གཅོད་བཞིན་ཡོད་སྲིད་མོད།འོན་ཀྱང་།བོད་ཕྲུག་ཁྱིམ་སྡེ་ལྟ་བུར་མཚོན་ན་བོད་ཡིག་དྲ་ངོས་གཉེར་མི་ཐུབ་པའི་རྒྱུ་འབྱོར་གྱི་ཕོངས་པའི་གནས་སྟངས་འོག་ལྷུང་མེད་པ་གསལ་པོ་རེད་ལ།མ་འོངས་བོད་ཀྱི་བོད་ཕྲུག་རྣམས་འཚར་ས་དང་བསྐྱེད་བསྲིང་བྱ་སའི་སློབ་གྲྭ་སྒྲིག་འཛུགས་ཆེ་ཁག་ཅིག་ལ་མཚོན་ན་བོད་ཡིག་དང་བོད་ལུགས་ལ་དེ་ཙམ་རིན་ཐང་མ་བཞག་པའི་ཚད་དུ་ཡོད་པའང་ཟུར་བལྟས་ལེབ་མཐོང་གི་དཔེ་ལས་མ་འདས་སོ་སྙམ།དེ་བཞིན་གོང་ནས་གསུངས་པ་བཞིན་གསར་འགོད་པའི་མཐུན་ཚོགས་ཀྱི་དྲྭ་བ་ལྟ་བུ་དག་ལ་དེ་བས་ཀྱང་བཤད་དགོས་མ་མཆིས།

  4. རིག་འབྱུང་རྒྱ་མཚོ says:
    2011-12-20 at 12:10 pm

    བོད་ཡིག་ལ་རིན་ཐང་མེད་པ་མ་ཡིན་པ་བོད་ལ་རིན་ཐང་མེད་པ་ཡིན། བོད་ལ་རིན་ཐང་མེད་དེ། བོད་ལ་སྒོར་མོ་མེད་པས་རེད། བོད་ལ་སྒོར་མོ་མེད་དེ། བོད་ལ་སྒོར་མོ་བཟོ་བའི་རྩ་བའི་བདག་དབང་མེད། རྒྱུ་མཚན་ནི། བོད་ལ་རང་དབང་མེད་པས་ཡིན། སྒོར་མོ་བཟོ་བའི་རང་དབང་མེད་དེ། སྒོར་མོའི་བདག་དབང་ཐམས་ཅད་རྒྱ་ནག་གིས་འཕྲོག་ཅིང་མཐའ་ན་ཉོ་ཚོང་ཆུང་ཚག་ཅིག་བྱེད་ཀྱང་རྒྱ་ནག་ལ་ཆོག་མཆན་ཞུ་དགོས་པས་རེད། དེ་བརྟེན། ད་ལྟ་དགོན་སྡེ་ཁག་གི་དྲ་རྒྱ་ཕལ་ཆེར་ཡང་དབྱིན་ཡིག་ཡིན། རྒྱུ་མཚན་ནི། བོད་ཡིག་ཐོག་སྦྱིན་བདག་རེག་རྒྱུ་ཁག་པས་རེད།

  5. གདོན། says:
    2011-12-20 at 1:47 pm

    ད་ཐེངས་ཨ་རིག་གླེན་པ་འདིས་སྐད་ཆ་གནད་འགག་ཅན་ཞིག་གསུང་འདུག་དཱ་་་་དཀར་རོ་དགེ་ཕྱོགས།
    དངོས་གནས་རེད། ཚོགས་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ཡེ་་རྒྱག་རླུག་གོ་དེས་ཅི་ཡང་འཇོན་གི་མི་འདུག
    དེའི་ཁ་ཐལ་གྱིས་ཆོད། ཉ་རླུག་མ་དེས་་་་་

  6. གདོན། says:
    2011-12-20 at 1:48 pm

    དགོངས་དག་་་་གསར་འགོད་མཐུན་ཚོགས་སུ་བཅོ་རོགས

  7. གཙན་ནག་པ། says:
    2011-12-20 at 2:40 pm

    འགྱུར་མེད་ལགས་ནས་དགོངས་ཚུལ་མར་དྲི་ཚུབ་ཚུབ་ཞིག་རྣམ་ནས་བོད་ཀྱི་གསར་འགོད་མཐུན་ཚོགས་ལ་མིང་དོན་མི་མཚུངས་པའི་སྟོན་མོ་ཞིག་ཤམས་པར་རྗེས་སུ་ཡི་རང་ཞུ་རྒྱུ་རང་ཡིན། ཁ་སང་ཕྱི་ཚེས་ ༡༩ ཉིན་ང་ཚོའི་དགོན་པར་དུས་རབ་ཉེར་གཅིག་པའི་ནང་ཆོས་སློབ་སྦྱོང་བྱ་མཁན་ཞིག་ལ་བོད་ཡིག་དང་དབྱིན་ཡིག་གང་གལ་ཆེ་ཡིན་པའི་བསྐོར་ལ་བགྲོ་གླེང་ཞིག་ཚུགས་སོང་། བོད་ཡིག་གལ་ཆེ་ཡིན་པའི་བསྐོར་གསུང་བཤད་གནང་མཁན་བཞི་དང་། དབྱིན་ཡིག་གལ་ཆེ་ཡིན་པའི་བསྐོར་ལ་གསུང་བཤད་གནང་མཁན་བཞི་འདུག་པ་དང་ཕྱོགས་གཉིས་ཀ་གསུང་བཤད་བོད་སྐད་ཐོག་ནས་གནང་སོང་། དེ་ནི་དགའ་དགོས་པ་ཞིག་རེད། འོན་ཀྱང་བོད་ཡིག་གལ་ཆེ་ཡིན་པའི་བསྐོར་གསུང་མཁན་དག་ལས་དབྱིན་ཡིག་གལ་ཆེ་ཡིན་པའི་བསྐོར་ལ་གསུང་་བཤད་གནང་མཁན་དག་ལ་སྒྲུབ་བྱེད་གསུང་ཡས་མང་ལའང་ཁ་ཤུགས་ཡང་ཆེ་བས་སེམས་ཁམས་གྲང་ཐིང་ཐིང་ཞིག་བྱུང་། རེད་ཡ་དེང་གི་དུས་འདིར་བོད་ཡིག་ལས་དབྱིན་ཡིག་གལ་ཆེ་འཛིན་མཁན་ནི་རྒྱ་མཚོའི་མཐའི་བྱེ་མ་ལྟར་ལགས་ཤིང་བོད་ཡིག་གལ་ཆེ་འཛིན་མཁན་ནི་ཉིན་མོའི་སྐར་མ་ལྟར་གྱུར་བ་འདི་བོད་པ་ཚང་གི་གྱོང་གུན་བླ་ན་མེད་པ་ཞིག་ཡིན།

  8. མངའ་རིས་ཕྲིན་ལས། says:
    2011-12-20 at 3:21 pm

    ཨ་རིག་འགྱུར་མེད་ལགས་ཀྱི་དགོངས་ཚུལ་ཧ་ཅང་ཡག་པོ་གསུང་འདུག་ཐུགས་རྗེ་ཆེ། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་དྲ་རྒྱར་བོད་ཡིག་མེད་པ་ནི་ཁག་མེད་པ་རེད། ཚོགས་མི་ནང་གཞིས་ཆགས་ནས་སྐྱེས་པའི་ན་གཞོན་ཀླད་མེད་མང་པོ་ཡོད་ཚོད་རེད་རངས་རིགས་ཀྱི་ཞབས་འདྲེན་རེད། བོད་ཡིག་མེད་ན་བོད་ཀྱི་གསར་འགོད་ཟེར་བ་མིང་ཙམ་རེད་ཁོ་ཚོའོ་གསར་འགྱུར་རྣམས་བོད་ཡིག་ཡིན་ནམ་དབྱིན་ཡིག་ཡིན། ཁོ་ཚོའི་གསར་འགྱུར་ལྟ་ཀློག་བྱེད་མཁན་བོད་མི་ཡིན་ནམ་མི་རིགས་གཞན་པ་ཡིན། ཁོ་ཚོའི་དུས་རྒྱུན་བོད་སྐད་རྒྱབ་ཀྱི་ཡོད་དམ་སྐད་རིགས་གཞན་བེད་སྤྱོད་བྱེད་ཀྱི་ཡོད། ད་ལྟ་ང་ཚོའི་རྒྱ་དམར་ལ་རྩོད་བཞིན་པ་ནི་མི་རིགས་ཀྱི་བླ་སྲོག་སྐད་ཡིག་ཡིན་ནམ་མ་ཡིན། ཁོ་ཚོའི་གསར་འགྱུར་སོགས་ལས་ཀ་གང་ཚམ་བྱེད་བཞིན་པ་བོད་ཀྱི་རྩ་དོན་ལ་དམིགས་པ་ཡིན་ནམ། མིང་དང་དངུལ་ཁོ་ན་ལ་དམིགས་ཡིན་དེ་ཚོ་ཚང་མ་ལ་དགོངས་པ་ཡག་པོ་བཞེས་ནས་དྲ་རྒྱ་བཟོ་དགོས་པ་ལས་ཚོགས་པ་ཞིག་མིང་རྫིག་པོ་ཞིག་ཁྱེར་བྱེད་རྒྱུ་ཁོ་བོད་ཀྱི་རིགས་གཞུང་དང་ལ་རྒྱ་ལ་གནོད་པའི་བྱ་བ་བྱེད་པ་ནི་གསར་འགོད་མཐུན་ཚོགས་ཀྱི་དམིགས་ཡུལ་ངོ་མ་དེ་མིན་པར་འདོད། །

  9. TIBETAN says:
    2011-12-20 at 3:25 pm

    ཡིད་ལ་ཞིག་དྲན་དུས་ཡི་གེ་རེ་འབྲི་བའི་བསམ་ཚུལ་ཐ་ཐུང་འདིའི་རིགས་འདི་མང་བས་ཀློག་ཡ་སུན་ནི་ཞིག་རེད། གཏིང་ཟབ་པོ་ཞིག་དང་ལྗིད་ཁོག་ཅན་ཞིག་འབྲི་དགོས་ནི་རེད། ཉོབ་འགྲོ་བ་ཞིག་ལ་ལག་པ་འཇུས་པ་ཡིན། ཅིག་ཟེར་གྱི་འདུག་པས་སྒུག་པ་ཡིན་ཟེར་བ་སོགས་ནི་མི་སྤུས་དང་འབྲེལ་བ་འདུག་པས། དངོས་གནས་ཡིག་འབྲི་བ་ཉི་ཚེ་འདིའི་རིགས་ཀྱིས་གཡག་བཏང་བཏང་མ་གཏོགས་ཅང་བྱེད་ཤེས་ཀྱི་མི་འདུག་གཱ

  10. སྙེ་ལྷའི་ཐུགས་སྲས། says:
    2011-12-20 at 5:06 pm

    སྐྱོན་བཙོང་མཁན་རེད་ལ་སྐྱོན་ཉོ་མཁན་ཡང་ཨ་རིག་འགྱུར་མེད་རེད། དེ་གཉིས་ཀ་ཡོང་ས་ཡང་ཚགས་པར་དང་དྲ་བ་སོགས་འབྲེལ་ཡོད།

  11. བོད་ཡིག་སྐྱབས། says:
    2011-12-20 at 9:37 pm

    བོད་ཀྱི་གསར་འགོད་པ་ཚང་མས་བོད་ཡིག་གིས་གསར་འགོད་བྱེད་ཀྱིན་ཡོད་དམ། ཡང་ན་སྐད་ཡིག་དུ་མའི་ལམ་ནས་གསར་འགྱུར་སྤེལ་གྱིན་ཡོད། མ་གཞི་ནས་གསར་འགོད་པ་ལ་དགོས་པ་གནས་ཚུལ་གསར་བ་དང་གནས་ཚུལ་སྡུག་པོ། གནས་ཚུལ་རྩུབ་པོ། གནས་ཚུལ་ཡ་མ་གཟུགས་དག་མཁོ་གིན་ཡོད་པ་མིན་ནམ། དེ་བས་གསར་འགོད་པ་ལ་ལའི་དོན་དུ་གཉེར་བྱ་ནི་སྐད་ཡིག་མིན་ལ་དོན་བཟང་རྐྱང་རྐྱང་གཏན་ནས་མིན་པ་རེད། གནད་དོན་འདི་བོད་ཀྱི་གསར་འགོད་པ་ཚོར་འགོས་ཡོད་མེད་ངས་མི་ཤེས་མོད། བོད་ཡིག་རྒྱང་ཕུད་བཏང་ཚུལ་ལ་བལྟས་ན་རྣམ་རྟོག་ཅིག་མི་སྐྱེ་རང་སྐྱེ་རེད།

  12. གདོན། says:
    2011-12-21 at 1:52 pm

    དོན་གྱི་བོད་ཅེས་པའི་མིང་འདི་ཁོང་ཚོས་ཁུར་དོན་སྒེར་མོ་འཚོལ་ཆེད་རེད། ཡིན་དང་ཡིན། སྒེར་མོ་དགོས་གི་རེད། དེ་དང་མཉམ་དུ་མི་རིགས་ཀྱི་རིགས་ཞེན་དང་མི་རིགས་སྐྱོབ་པའི་ཐབས་ལམ་ཡང་འཚོལ་དགོས་རེད། དེ་དོན་དག་རྡོག་རྡོག་པོ་རེད། གསར་འགོད་མཐུན་ཚོགས་ཀྱིས་གནད་དོན་འདི་བོར་བ་ནི་ཚོགས་པའི་སྙིང་བོར་བ་དང་གཅིག་པའོ། གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཞོན་དེས་ཅིག་མ་ཐུབ་རེས་་་་ཚོགས་གཙོ་རྒྱག་བླུག་མ་དེས་ད་ཅང་མི་འཇོན་ནོ་ཁོ་ཐག་རེད། ད་གསར་འགོད་པ་ཚོ་ཚང་མ་ཚང་འཛོམས་ཡིན་དུས་ཤིག་ལ་གྲོས་བསྡུར་ཡག་པོ་གནང་རོགས།
    འདི་ང་ཚོའི་ལྟོ་རྒྱབ་ཀྱི་ཆེད་དུ་ཁྱོད་ཚོར་བཤད་ཀྱི་མེད། མི་རིགས་དང་སྐད་ཡིག་གི་ཆེད། ཡང་ན་ང་ཚོའི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ཞལ་ཆེམས་ཀྱང་འདི་ལས་མ་འདས་པས་ཐུགས་རྗེ་གཟིགས་འདིའི་ཐད་དགོངས་པ་བཞེས་རོགས།
    ཞེས་གདོན་མིང་ནས་ནུབ་ཕྱོགས་ཨ་རིའི་ཡུལ་ནས་སྤྲིངས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme