Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་བསྟན་བསམ་བློའི་རྣམ་དཔྱོད་འགྲན་རྩོད་ཀྱི་བགྲོ་གླེང་ཆེན་མོ།

Posted on 2011-11-24 By ཁ་བརྡ་ 13 Comments on ནང་བསྟན་བསམ་བློའི་རྣམ་དཔྱོད་འགྲན་རྩོད་ཀྱི་བགྲོ་གླེང་ཆེན་མོ།

སེར་ཤུལ་རིན་ཆེན་དོན་གྲུབ།
༢༠༡༡ ལོའི་འཇང་དགུན་ཆོས་ཆེན་མོ་སེ་རར་འཚོགས་པར་ལྟ་བ།

འཇང་དགུན་ཆོས་ནི་འཇང་ཞེས་པའི་ས་ཆ་ཞིག་ཏུ་ཚད་མའི་བགྲོ་གླེང་ཆེད་འཛུགས་བྱས་པ་དང་དུས་སྐབས་དེ་དགུན་དུས་ཡིན་པས་དེ་ལྟར་ཐོག་པར་བཤད། འཇང་དགུན་ཆོས་ཞེས་པའི་ཐ་སྙད་དེའི་འོག་བོད་ཁུལ་ཡོངས་ལ་ཚད་མ་དང་། ཕར་ཕྱིན། དབུ་མ་སོགས་གཞུང་ཆེན་ཅི་རིགས་པར་དྭོགས་འདྲི་དང་། བརྒལ་བརྟག་གི་སྒོ་ནས་སློབ་སྦྱོང་བྱེད་པའི་རྒྱུན་སྲོལ་དར་བ་བཞིན་སྤྱི་ལོ་༢༠༠༡ ལོའི་ཟླ་༡༡་པའི་བཅུ་དྲུག་ཉིན་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད། རྒྱུད་སྨད། དྭགས་པོ་གྲྭ་ཚང་བཅས་ཀྱི་དགེ་འདུན་པ་༥༠༠༠་བརྒལ་བ་གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་འཛོམས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་དང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གཞི་རྩར་བཟུང་ཐོག་རྗེ་ཙོང་ཁ་བ་ཆེན་པོ་དང་། མཁས་གྲུབ་ཆོས་རྗེ། རྒྱལ་ཚབ་དར་མ་རིན་ཆེན་སོགས་ཀྱི་མཛད་པའི་ཚད་མའི་བསྟན་བཅོས་དག་ལ་ཐོས་བསམ་དང་བགྲོ་གླེང་བྱེད་པའི་འགོ་བཙུགས་ཡོད། ཉིན་འདི་ནས་བཟུང་ཉིན་བཅོ་ལྔའི་རིང་རྣམ་དཔྱོད་ཀྱི་དཔལ་འབར་བའི་གྲྭ་ཚང་ཁག་གི་རྩེ་ཕུད་སློབ་གཉེར་བ་ཚོས་གཞུང་ཆེན་འདི་དག་གི་དགོངས་དོན་དང་། དེ་ནས་བཤད་པའི་ལྟ་གྲུབ། འཇིག་རྟེན་འགྲེལ་སྟངས། རྡུལ་ཕྲན་གྲུབ་ཚུལ། སྐྱེ་བ་སྔ་ཕྱི་དང་། ལས་འབྲས་ཀྱི་རྣམ་གཞག ཤེས་པ་ཕྲ་རག་དང་ཚད་མའི་ངོ་བོ། དངོས་སྟོབས་རྗེས་དཔག་དང་ཡིད་ཆེས་ཚད་མ། ཚུལ་གསུམ་རྣམ་གཞག་དང་རིགས་ལམ་བཀོལ་སྟངས། ཇི་ལྟར་བྱས་ནས་ས་ལམ་གྲུབ་ཚུལ་དང་། གང་ཞིག་གིས་གང་ལ་སླུ་བ་མེད་ཚུལ་སོགས་ལ་རིགས་ལམ་དང་གཏན་ཚིགས་ཀྱིས་ཕུ་དེད་ནས་བགྲོ་གླེང་བྱ་རྒྱུའི་ལས་རིམ་གཏན་ཁེལ་ཡོད། དེང་གི་བཤད་སྟངས་ལྟར་བྱས་འདི་ནི་མཁས་པའི་བགྲོ་གླེང་རྒྱུན་རིང་ཤོས་ཤིག་དང་། སློབ་སྦྱོང་གི་ཆུ་ཚད་མཐོ་དམའ་ཀུན་ཀྱིས་ཆ་ཤས་ལེན་ཐུབ་པའི་བགྲོ་གླེང་ཚགས་ཚུད་ཤོསཤིག་ཡིན་པ་མ་ཟད་འཛམ་གླིང་ཐོག་དངོས་གཞིའི་བགྲོ་གླེང་གི་དུས་ཚོད་རིང་ཤོས་ཀྱི་ཚད་ལྡན་བགྲོ་གླེང་ཞིག་ཀྱང་ཡིན། བགྲོ་གླེང་འདིར་ཞུགས་མཁན་གྱི་བློ་གསལ་བ་ཚོས་ཞོགས་ཀ་ཆུ་ཚོད་ལྔ་དང་ཕྱེད་ཀའམ་དྲུག་པ་ནས་བཞེངས་ཏེ་རྩ་འགྲེལ་བློ་འཛིན་དང་། དེ་རྗེས་སོ་སོའི་དགེ་རྒན་གྱི་མདུན་ནས་འཆད་ཁྲིད་གསན་སྦྱོང་། དེ་རྗེས་ཞོགས་པའི་ཆུ་ཚོད་དགུ་ནས་བཅུ་གཅིག་བར་གྱི་ཆུ་ཚོད་གཉིས་ཀྱི་རིང་ཆུ་ཚོད་གཅིག་ལ་མི་གཉིས་རེ་མཉམ་དུ་བགྲོ་གླེང་དང་། ཆུ་ཚོད་གཅིག་ལ་བློ་གསལ་བ་གཉིས་གསུམ་ཞིག་དམ་བཅའ་སྟེ་བགྲོ་གླེང་ལན་འདེབས་པར་བཞག་སྟེ་གཞན་རྣམས་ཀྱིས་དེ་ལ་དྭོགས་འདྲི་དང་། རྒྱུ་མཚན་ཚ་དེད་ཀྱིས་གཞུང་གི་གོ་དོན་དང་དངོས་ཡོད་གནས་ལུགས་ལ་རྟོགས་ཞིབ་བྱེད། ཉིན་རྒྱབ་ཆུ་ཚོད་དང་པོ་དང་གཉིས་པ་སོགས་ཅི་རིགས་པར་དགེ་རྒན་གྱི་སློབ་ཁྲིད་དང་། དགོང་མོའི་ཆུ་ཚོད་དྲུག་པ་ནས་བདུན་དང་ཕྱེད་ཀའི་བར་དུ་རེེས་མོས་ཀྱིས་གྲྭ་ཚང་སོའི་སོའི་ཚབ་མཚོན་གྱི་དམ་བཅའ་བ་སྟེ་བགྲོ་གླེང་ལན་འདེབས་པ་གཉིས་ལ་གྲྭ་ཚང་རེས་མོས་ཀྱིས་རྟགས་གསལ་གཏོང་བ་སྟེ་ཆོས་ཅན་དང་། ཐལ། ཕྱིར་ཞེས་པའི་སྲོལ་རྒྱུན་ཐ་སྙད་ཀྱི་བཀོལ་སྤྱོད་ལམ་ནས་གཞུང་གི་དོགས་འདྲི་དང་། རྒྱུ་མཚན་འཚོལ་ཞིབ། རིགས་པའི་རྣོ་མྱུར་འགྲན་པ་སོགས་ཀྱིས་དུས་འདའ་བར་བྱེད། ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བརྒྱད་དང་ཕྱེད་ཀ་བར་དུ་རྩོད་ཟླ་སྟེ་གྲྭ་བ་གཉིས་གཉིས་ཀྱིས་གཅིག་གིས་ལན་འདེབས་དང་གཞན་དེས་དོགས་འདྲི་བྱེད་པའི་སྒོ་ནས་གཞུང་དོན་དང་དངོས་ཡོད་གནས་ལུགས་འཚོལ་ཞིབ་ཀྱི་ལམ་དུ་ཞུགས། ཆུ་ཚོད་དགུ་ནས་བཅུ་བར་སྔར་ལྟར་རྩོད་ཟླ་དང་། བཅུ་ནས་བཅུ་གཅིག་བར་སྔར་ལྟར་དམ་བཅའ་ཚོགས། དོན་གཉེར་ཅན་མང་པོས་ཆུ་ཚོད་དང་པོ་བར་དུ་ཆོས་རྩོད་དེ་དྭོགས་འདྲི་དང་ལན་འདེབས་ཀྱིས་བགྲོ་གླེང་ལྷུག་པོར་གནང་སྟེ་སྡོད་ཀྱི་ཡོད། འདི་ལྟར་རོབ་བརྩིས་བྱས་ན་ཉིན་རེར་ཆུ་ཚོད་བཅུ་གཉིས་ལྷག་གི་རིང་བགྲོ་གླེང་དང་སློབ་སྦྱོང་བྱེད་ཀྱི་ཡོད། དངོས་ཡོད་མངོན་མཐོང་གི་བགྲོ་གླེང་འདི་ལྟ་བུས་གྲྭ་བ་ཚོས་བསྟན་པ་དང་བོད་མི་རིགས་ཀྱི་ཆེད་དུ་ཅི་ཞིག་བྱེད་བཞིན་ཡོད་པའི་རྣམ་འགྱུར་ཡང་གསལ་སྟོན་བྱས་ཡོད་ལ་བོད་མི་རིགས་དང་། ཡང་དག་པའི་རིག་གཞུང་གི་ཆེད་དུ་རང་ཉིད་བློས་གཏོང་གིས་མདུན་མཆོང་བྱེད་མཁན་གྱི་བརྒྱ་ཆ་མང་ཤོས་གཞུང་ཆེན་སློབ་གཉེར་བྱེད་མཁན་གྱི་གྲྭ་བ་དང་གྲྭ་ཟུར་ཚོས་ཟིན་ཡོད་པའི་རྒྱབ་ལྗོངས་ཀྱི་གནས་ལུགས་ཀྱང་འགྲེལ་བཤད་བྱས་ཡོད། ཡང་ང་ཚོས་དོན་གནད་གཞན་ཞིག་སྟེ་རིག་གཞུང་འདི་དང་རིག་གཞུང་འཛིན་མཁན་དུ་སྒྲོག་པའི་གང་ཟག་འདི་དག ད་དུང་རྣམ་དཔྱོད་འགྲན་རྩོད་ཀྱི་བགྲོ་གླེང་འདི་དག་གིས་མི་རིགས་དང་། རིག་གཞུང་། འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཅི་འདྲ་ཞིག་བྱེད་པ་དང་། རྣམ་དཔྱོད་འགྲན་རྩོད་འདི་དང་འདི་ལྟ་བུས་སྤྱི་ཚོགས་སམ། མི་རིགས་ཀྱི་འཚོ་བར་ཇི་ལྟར་འབྲེལ་ཚུལ་སོགས་ལ་བསམ་བློ་ཞིག་བཏང་ན་དེ་ནི་དཔྱད་རིན་ཡོད་པ་ཞིག་དང་། ངེས་པར་དུ་དཔྱད་ཅིང་བརྟག་དགོས་པ་ཞིག་ཏུ་མཐོང་། རྒྱུ་མཚན་ནི་བགྲོ་གླེང་དང་ཆོས་རྩོད་འདི་དག་ཕན་མེད་དུ་མཐོང་མཁན་སྐོར་ཞིག་གིས་རྒྱུ་མཚན་ལྟར་སྣང་ཉི་ཚེ་བ་རེས་བགྲོ་གླེང་འདི་དག་ས་རྩོད་ཆུ་རྩོད་དང་འདྲ་རབས་གླེང་ལ། འགའ་ཞིག་གིས་རྒྱབ་ལྗོངས་རྒྱུ་མཚན་ཇི་བཞིན་མ་ཤེས་པའི་གནས་སྟངས་འོག་བརྒྱ་ཆའི་བཅུ་ཡང་མི་ཟིན་པའི་སྐྱོན་ཆ་རེ་བསྒྲུགས་ནས་འདི་དག་ཕན་མེད་དུ་སྒྲུབ་ཁུལ་བྱེད། གཞན་དག་ཁ་ཤོབ་དང་རྩེད་མཚར་ཀྱིས་གྲྭ་ཚང་སོ་སོའི་བཞེས་ལག་གི་སྐོར་རེ་བཤད་པའང་ནག་ཆེན་དུ་བགྲང་། ངས་བསམ་ན་འདི་དག་སྐྱོན་ཆ་ཞིག་ཡིན་པའི་དབང་དུ་བཏང་ཡང་ཉིན་རེའི་ཆུ་ཚོད་བཅུ་གྲངས་རེའི་བགྲོ་གླེང་དང་སློབ་སྦྱོང་ལ་གཤིབ་བསྡུར་གྱིས་བལྟས་ན་དེ་ནི་ཆེས་སྐྱོན་ཆ་ཆུང་ཆུང་ཞིག་ལས་ཅང་མིན། ལེགས་ཕྱོགས་ཀྱི་ངོས་ནས་བལྟས་ན་རྒྱུ་མཚན་ཕུ་དེད་དང་། མཚུངས་བསྡུར་རིགས་ལམ། ཐལ་ཕྱིར་དང་། ཚྭ། འཁོར་གསུམ་སོགས་ཀྱིས་ནན་བཙིར་འོག་མྱུར་སྐྱེན་བློ་གྲོས་ཀྱི་འབྲས་བུ་འཕེལ་ཞིང་འདི་དག་ནི་དགེ་མཚན་སྤྱིར་བཏང་བ་ཞིག་གཏན་ནས་མིན། ཆོས་ཕྱོགས་ཀྱི་ངོས་ནས་གཞུང་ལུགས་འདི་དག་ལ་ཐོས་བསམ་དང་། འཆད་རྩོད་བྱེད་པ་ནི་ལུང་གི་བསྟན་པ་འཛིན་སྟངས་ངོ་མ་ཞིག་ཡིན་པ་སྨོས་མེད་དང་། མི་ཆོས་དང་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་རིགས་ལམ་བཀོལ་སྤྱོད་ཀྱི་འགྲོས་འདི་དག་ནི་ཕྲ་མཐོང་ཆེ་ཤེལ་ཞིག་དང་འདྲ་བར་ཆེས་ཕྲ་བ་དང་དཀའ་བའི་གནས་གང་ཞིག་ཡིན་ཡང་སླ་བ་དང་འབད་བརྩོན་ཉུང་ངུས་རྟོགས་པར་རམ་འདེགས་ཆེན་པོ་བྱེད། བཤད་སྟངས་གཞན་ཞིག་གིས་བཤད་ན་རིགས་ལམ་འདི་དག་ནི་གནའ་དེང་གི་ཤེས་བྱའི་རྒྱ་མཚོར་འཇུག་པའི་གྲུ་ཟིང་ཡིན་པའང་སྨྲ་བར་བཏུབ། སྤྱིར་ངས་འདི་ལྟར་བཤད་དགོས་དོན་ནི་དགོན་པ་གྲྭ་ཚང་དང་། དགོན་སྡེ་ཁག་གིས་ཆེད་འཛུགས་བྱས་པའི་ལས་འཆར་དག་ལ་སྐྱོན་བརྗོད་མི་ཆོག་པར་བཤད་བསམ་པ་མིན་པར་སྐྱོན་ཡོན་གཉིས་ཀ་གླེང་དགོས་པ་དང་། སྐྱོན་ཡོན་གཉིས་ཀྱི་ཡང་ལྕི་ཚད་ལ་འཇལ་ནས་གླེང་དགོས་པར་དྲན་སྐུལ་བྱེད་བསམ་པ་ཡིན། བསམ་བློ་གཞན་ཞིག་ནས་བཏང་ན་མི་རིགས་ཀྱི་རིག་གཞུང་གི་སྲོག་འཛིན་པ་ཚོར་སྤྱི་ཚོགས་ཀྱི་མཐོ་སར་བཀུར་བ་ལས་དམའ་སར་བརྫངས་པའི་གྲངས་ཀ་མང་བའི་གནས་སྟངས་འདི་ནི་གཅིག་བྱས་ན་ཡོན་ཏན་སྦས་ནས་སྐྱོན་ཡིན་མིན་ཡོད་ཚད་སྐྱོན་གྱི་མིང་གིས་སྤྱི་ཚོགས་སུ་བསྒྲགས་པའི་ཉེས་བྱས་རེད་ཅེས་ཀྱང་སྨྲ་བར་སྤོབས་སོ།། །། ༢༠༡༡ལོའི་ཟླ༡༡པའི་ཚེས༢༡ཉིན་བྲིས།

མཚན་ཕུད་དམ་བཅའ་སེ་ར་སྨད་དུ་འཚོགས་པ།

སྣ་ཚོགས།

Post navigation

Previous Post: མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གཞོན་དང་རྒྱུན་ལས་ཚོ་ལ་རེ་འབོད་ཞུ་ཡིག
Next Post: སྙན་ངག་གྱེར་འདོན་གྱི་བརྒྱུད་རིམ་ཁྲོད་ཀྱི་བསམ་ཚུལ་ཐོར་བུ།

Comments (13) on “ནང་བསྟན་བསམ་བློའི་རྣམ་དཔྱོད་འགྲན་རྩོད་ཀྱི་བགྲོ་གླེང་ཆེན་མོ།”

  1. རིག་པའི་མེ་ལྕེ། says:
    2011-11-24 at 9:19 pm

    རིན་ཆེན་དོན་འགྲུབ་ལགས།
    འཇང་དགུན་ཆོས་ངོ་སྤྲོད་མཛད་པ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དྲི་བ་ཁ་ཤས་ཡོད། འཇང་ཞེས་པ་དེ་ས་ཆ་ག་བར་རེད། ད་ལྟ་རྫོང་དང་ཤང་ས་ཁུལ་གང་དུ་ཁེལ་ཡོད། འཇང་དགུན་ཆོས་ཐོག་མར་འཛུགས་མཁན་སུ་རེད། འཇང་དགུན་ཆོས་དེ་ས་དགེ་བཀའ་རྙིང་བཞི་ཁར་འཚོགས་སྲོལ་ཡོད་པ་རེད་དང་དགེ་ལུགས་པ་རྐྱང་པ་རེད། ད་ལྟ་དགེ་ལུགས་པའི་དགོན་སྡེ་ཚང་མར་འཇང་དགུན་ཆོས་དེ་འཚོགས་སྲོལ་ཡོད་པ་རེད་དམ་ཡང་ན་དགོན་ཁག་ཁ་ཤས་ཤིག་ལ་ཡོད་རེད།

  2. གཞོན་ནུ་ཟླ་མེད། says:
    2011-11-24 at 10:26 pm

    དེ་ནས་ཨ་རི་དང་ཁེ་ན་ཀྲ་ནས་དུས་དབང་ལ་ཕེབས་མཁན་ཚོར་ཞུ་རྒྱུ་གཅིག་ཡོད། རྒྱ་གར་གྱི་མཐོང་མཆན་བེ་ས་ཞུ་སྐབས་དྲ་ལམ་ན་ལོ་བཅུ་དང་། ལོ་ལྔ། ལོ་གསུམ། ལོ་གཅིག ཟླ་དྲུག་སོགས་ཀྱི་གོང་ཚད་སོ་སོར་ཡོད་པ་ལས། ང་ཚོ་ལོ་གཅིག་གམ་ཟླ་དྲུག་གི་མཐོང་མཆན་མ་གཏོགས་སྤྲོད་ཀྱི་མེད་པ་འདྲ་འདུག་པས། ལོ་ལྔ་དང་བཅུ་སོགས་ཀྱི་འགེངས་ཤོག་རྒྱང་ན་རིན་གོང་ཐེབ་པ་རེད་འདུག ཁོང་ཚོས་ལོ་བཅུའི་རིན་གོང་བླངས་ནས། ཟླ་དྲུག་གམ་ལོ་གཅིག་གི་མཐོང་མཆན་མ་གཏོགས་སྤྲོད་ཀྱི་མེད་པ་འདྲ་འདུག དེ་དོན་དགོངས་འཇགས་འཚལ།།

  3. གཞོན་ནུ་ཟླ་མེད། says:
    2011-11-24 at 10:28 pm

    འོ་ཡ་དགོངས་དག་མཆན་འདོགས་ས་ནོར་འདུག ལོ་ལོན་སོང་བ་ཡིན་ན། ཧོན་ལོག་སོང་པ་ཡིན་ན་ཅིག་ཡིན་ས་རེད། ཡར་ལ་གཏོང་རྒྱུ་མར་ལ་བཏང་། མར་ལ་གཏོང་རྒྱུ་བོ་ཡར་ལ་གཏོང་བསྡད་ཀི་འདུག

  4. རྫ་ཚེ་རིང་བཀྲ་ཤིས། says:
    2011-11-25 at 4:07 am

    ཁྱེད་ཀྱིས་གང་ཞིག་གསུངས་པ་དེར་ཡིད་འགུལ་ཐེབས་པའི་ངང་བཅོས་མིན་དུ་ཐལ་མོ་སྦྱོར་གྱིན་ཡོད།
    གྲྭ་སའི་འཇང་དགུན་ཆོས་ཆེན་མོ་དང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ལྟ་བུའི་གཟི་དཔལ་ནི་བསྟན་པ་རིན་པོ་ཆེའི་དཔལ་ཟླ་མེད་པ། འཛམ་བུ་གླིང་གི་ནང་བསྟན་གྱི་བསྟི་གནས་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་རེད།
    རྒྱ་བརྒྱུད་ལྟ་བུ་གཞན་ཕྱོགས་ཀྱི་གྲུབ་མཐའ་དག་གི་ཐོས་བསམ་སློབ་གཉེར་སོགས་འདི་དག་དང་བསྡུར་ན་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་ཞིག་གི་ཆེད་ལས་ཚན་པས་ཚན་རིག་སློབ་གཉེར་བྱེད་པ་དང་། སློབ་ཆུང་གི་སློབ་མས་ཚན་རིག་གི་རྒྱུན་ཤེས་ལ་ལྟ་བ་གཉིས་ཀྱི་ཁྱད་པར་ཙམ་ཡོད་ངེས།

  5. མིག་བརྒྱད་པ། says:
    2011-11-25 at 5:26 am

    རེད། ཚད་མའི་བགྲོ་གླེང་འདི་འཛམ་གླིང་ནང་རྒྱུན་རིང་ཤོས་དང་ཚད་མཐོ་ཤོས་ཡིན་པ་སྨོས་མེད་རེད། མི་སྐྱ་ཚོ་ཡང་འདིར་ཞུགས་ཐུབ་རྒྱུ་ན་ཡག་པོ་ཡོང་བ། ཡིན་ཡང་ཁག་པོ་རེད། བློ་རྟགས་བསྡུས་གསུམ་གྱི་རིགས་པའི་འགྲོ་ལུགས་མི་ཤེས་པ་ཚོ་འདིར་ཞུགས་ཐུབ་པའི་དབང་དུ་བཏང་ཡང་དགོས་པ་ཆུང་།
    ལུང་གི་རྒྱབ་རྟེན་མེད་པའི་རིགས་འཆལ་དང་།།
    རིགས་པས་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།
    གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།
    ལུང་རིགས་གཉིས་འཛོམས་མཁའ་ལྡིང་དབང་པོ་མཛོད།།

  6. ཀརྨ་ཡེ་ཤེས། says:
    2011-11-25 at 7:13 am

    ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་བསླབ་བྱ་མུ་ཐི་ལེའི་ཕྲེང་བ་ལས།
    ལུང་གི་ཆུ་གཏེར་དབུས་སུ་རྟག་ཉལ་ཡང་།
    རྟོགས་པའི་ཡོན་ཏན་གཤེར་གྱིས་མ་བསླད་པའི།
    ཤེས་རྒྱུད་སྐམ་ཐག་ཆོད་པའི་རྡོ་ཡི་སྤུན།
    ཅོལ་ཆུང་ཞིག་གི་མཆེད་འདི་གསོལ་ལ་དགོངས།
    ཞེས་བླ་མ་དེའི་ཧུས་ཐུག་པའི་གསུངས་ཚིག་ལ་དཔྱད་ན་རི་བོ་དགེ་ལུགས་པའི་ཀློག་པ་བ་རྣམས་ཇི་ཞིག་གིས་མ་འདང་ནས་ཕུང་བ་ཡིན་པ་ཧ་གོ་མཁན་ཡོད་དམ། ངས་ནི་ཞིབ་ཏུ་བསམ་བློ་གཏང་དུས་དེང་སང་གདན་སའི་དམུ་རྒོད་དེ་རྣམས་ལ་ཆོས་བརྒྱད་ཀྱི་གསོབ་ཏུ་བརྫུས་པའི་འཇམ་དབྱངས་དགུན་ཆོས་དེའི་ནང་ཚད་མའི་བསྟན་བཅོས་མུ་བཞི་བགྲངས་སྟངས་དེས་མི་ཚེ་འཕུལ་བ་ལས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨོ་ད་ཡིན་ན་ང་ཡི་མུག་ཁ་དེ་སྐྱག་པས་ཆོད།

  7. བྲག་ཞོལ་སྤེན་པ། says:
    2011-11-25 at 11:48 am

    ད་གང་ཤེས་གདན་སའི་གྲ་པ་ཚོས་འཇང་དགུན་ཆོས་སྐབས་རྒྱག་རེས་དང་བཙན་གཡེམ་ནི་ཡག་ཐག་ཆོད་གནང་གི་ཡོད་འདུག།ཐལ་མོ་བརྡེབ་རེས་ཀྱིས་ང་ངར་ཁོ་ངར་གྱི་རྩོད་པ་བྱས་ཏེ་མཐར་ཕན་ཚུན་གྲི་འཛིངས་ཚུན་ཆད་བྱུང་བཞིན་པ་འདི།རྒྱ་བརྒྱུད་སོགས་ཞི་དུལ་བག་ཡོད་ཆོས་འདུལ་བ་བཞིན་འགྲོ་བཞིན་པའི་ནང་བའི་རྗེས་འཇུག་གཞན་ལ་མེད་པ་བོད་བརྒྱུད་ཀི་ཐུན་མིན་ཁྱད་ཆོས་རེད་འདུག
    དེ་བཞིན་གཤེགས་པའི་ལུང་རྟོགས་ཀི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་མི་འཛིན་པར།
    རྙེད་བཀུར་ཕྱིར་དུ་གཞན་ངོར་ཚིག་བརྒྱུད་ཙམ་ཞིག་འཛིན།།
    འཁོར་ལ་སྲེད་ནས་མྱུར་བར་སློབ་མའི་ཚོགས་མང་སྡུད།།
    ཡིད་བརྟན་མེད་པར་ཁ་ཚོན་བཅད་དེ་ངན་རྟོག་འདོམས།།
    དེ་དག་མཐོང་ཚེ་བློ་བཟང་གྲགས་པ་ཤིན་ཏུ་སྐྱོ།།ཞེས་གསུངས་པའི་དོན་དེ་ཚོ་དེང་སང་གི་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་ཁྱད་ཆོས་ཤིག་ཡིན་འདུག
    གདན་ས་ཆེ་ཁག་གི་དགེ་འདུན་མང་ཆེ་བ་ཆབ་སྲིད་དང་ཆགས་སྡང་འཐེན་འཁྱེར་ནང་ཚོད་མེད་ཞུགས་བཞིན་ཡོད་པས།སྲིད་དོན་པ་མགོ་བདེ་ཚོའི་རྒྱབ་བརྟེན་ཡོད་ན་མེད་ན་འདྲ་པོ་ཆགས་ཡོད་ལ།གྲྭ་ཚང་ཁག་ནི་ཧིན་སྒོར་བྱེ་བ་མང་པོའི་འདུ་ཁང་གང་རྫིག་གི་འགྲན་བསྡུར་ལ་བྲེལ་སྐབས།རྗེ་གུང་ཐང་པས།།
    གཅེས་འོས་འཇམ་མགོན་བསྟན་པ་འདི།།
    དཔལ་དང་འབྱོར་པས་རབ་རྒྱས་ཀྱང་།།
    བཤད་དང་སྒྲུབ་པས་ཆེས་ཕྲ་བས།།
    བསམ་བཞིན་སྙིང་ནས་ཤེས་པ་འཕྱོ།།ཞེས་གསུངས་པ་དེ་ཡིད་ལ་ལྷང་ངེར་དྲན་ཡོང་གི།དངོས་གནས་བོད་བརྒྱུད་ནང་ཆོས་ལ་སྟོན་པ་བདེ་བར་གཤེགས་པའི་ལུགས་དང་མི་མཐུན་པའི་ཁྱད་ཆོས་མང་པོ་འདུག་ག

  8. མིག་བརྒྱད་པ། says:
    2011-11-25 at 1:21 pm

    མཆན་དྲུག་པ་དང་བདུན་པས།
    དགེ་ལུགས་བླ་མའི་ལུང་འདྲེན་བྱས་ནས།།
    དགེ་ལུགས་གྲྭ་བར་འཕྱ་སྨོད་གཏོང་གི།
    དགེ་ལུགས་པ་ཡི་འཇང་དགུན་ཆོས་གྲྭ།།
    དགེ་ལུགས་གྲྭ་བའི་རྩེད་ས་ལོས་ཡིན།།

    སྐྱོན་དང་ཡོན་ཏན་མཚུངས་བསྡུར་བྱེད་ན།།
    བློ་ཡི་འཕེལ་སྐྱེད་ཤིན་ཏུ་མང་ངོ་།།
    ཚད་མའི་གཞུང་ལ་བག་ཆགས་བཞག་ནས།།
    འདུལ་བ་འཛིན་པ་བགྲང་གིས་མི་ལང་།།

  9. མིག་བརྒྱད་པ། says:
    2011-11-25 at 2:26 pm

    ཚན་རིག་པས། རྩི་ཤིང་ཆོས་ཅན། སྲོག་ལྡན་ཡིན་ཏེ། དབུགས་གཏོང་ལེན་བྱེད་པའི་ཕྱིར། ཟེར་ན། དེ་ལ་ལན་ཅི་ཞིག་འདེབས། རྟགས་མ་གྲུབ་ཟེར་ན། ཚན་རིག་པ་ཚོས་བརྟག་དཔྱད་བརྒྱ་ཕྲག་མང་པོ་བྱས་ནས་རྩི་ཤིང་གིས་དབུགས་གཏོང་ལེན་བྱེད་པ་གསར་བརྙེད་བྱུང་ཚར་བ་ཡིན་པའི་ཕྱིར། ང་ཚོའི་དཔེ་ཆའི་གཞུང་དུའང་སྲོག་ལ་རླུང་དུ་འཇོག་པ་གཅིག་དང་རྣམ་ཤེས་ཀྱི་རྟེན་བྱེད་མཁན་གཉིས་བཞག་པའི་ཕྱིར། སྟོན་པས་སྐྱེས་བ་གཅོད་པའི་ལྟུང་བྱེད་གསུངས་པ་དང་ཉི་ཚེ་བའི་དམྱལ་བ་གསུངས་པའི་ཕྱིར་བསམ་ན་རྩི་ཤིང་ལ་མཐའ་གཅིག་ཏུ་སྲོག་མེད་ཅེས་བཤད་མི་ཕོད་པའི་ཕྱིར།

  10. ཨ་ར་དཀར་པོ says:
    2011-11-25 at 3:49 pm

    རྩི་ཤིང་གིས་དབུགས་གཏོང་ལེན་བྱེད། རྩི་ཤིང་གིས་མཁའ་རླུང་བཙོག་པ་ཕར་འཇིབས་ནས་སེམས་ཅན་ལ་ཕན་པའི་སྲོག་རླུང་ཨོག་སི་རྗེན་ནམ་དབྱངས་རླུང་ཚུར་གཏོང་སྐད། ཤིང་ནགས་མང་སར་ཨོག་སི་རྗེན་མང་། ཤིང་ནགས་མེད་སའི་རི་མགོ་མཐོ་ས་སོགས་སུ་ཨོག་སི་རྗེན་ཉུང་བས་དབུགས་མ་འདང་ནས་རྫ་དུག་ཟེར་བ་ཞིག་ཕོག་རྒྱུ་ཡོད།
    ཁྱད་མཚར་འདིའི་ནང་ར་ང་བཏགས་ལ་ཞབས་ཀྱུ་བཏགས་ན་རྐུ་ལ་འགྱུར་འགྲོ་གི ཆ་ཡིག་རྗེས་སུ་ཚེག་བཞག་ན་ཆ་ཞེས་པར་འགྱུར་བཞིན་ཡོད་ཀྱང་འདི་དེ་རིང་མ་གཏོགས་དོ་སྣང་བྱུང་མ་སོང་། འདི་ལ་ཐབས་ཤེས་རེ་སུ་གསུངས་རྒྱུ་ཡོད་དམ།

  11. སྒྲོན'མེ' says:
    2011-11-25 at 6:53 pm

    ཧཧཧ’མིག’བརྒྱད’པ’ལགས། རྟགས’གསལ’ཡག’པོ’བཏང’འདུག སྟོན’པས’སྐེྱས’པ’གཅོད’པའི’ལྟུང’བྱེད’དང’
    ཉི’ཚེ’བའི’དམྱལ’བ’གསུངས’པའི’རྟགས’ཀིྱས’ལྗོན’ཤིང’སེམས’ལྡན’དུ’ཅི’ལྟར’བསྒྲུབ’
    རྒྱུ’མཚན’འདི’ནི’ལྟར’སྣང’ཞིག’ལས’མ’འདས’སོ། དེས’ན’ཁྱོད’ཀྱིས’གོང’གི’རྒྱུ’
    མཚན’འདི’གཉིས’རྒྱུ’མཚན’ཡང’དག’ཏུ’འགོྲ’ཚུལ’དང’ སྲོག’རླུང’ཡིན’པ’གཞུང’
    གང’དུ’གསུངས’པར’གསལ’བཤད’ཞིག’གནང’རྒྱུ’མཁེྱན། སྲོག’རྣམ’ཤེས’ཀྱི’རྟེན’
    ཡིན’པར’གཞུང’དུ’གསུངས’པ’བདེན’པ’རེད། མཛོད’ལས’སོྲག’ནི’ཚེ’ཡིན’དོྲད’དང’ནི།།རྣམ’ཤེས’རྟེན’གང’ཡིན’པའོ།།ཞེས’གསུངས།
    གོང’གི’དྲ’གོྲགས’ཁ’ཤས’ལ’ཞུ’རྒྱུར།ཚོགས’པ’དང’ཆོས’བརྒྱུད’གང’ཡིན’རུང’
    གང’ཟག’རེ’ཟུང’གིས’མ’འགྲིག’གིས’རྐྱེན’བྱས’ནས’ཚོགས’པ’དང’ཆོས’བརྒྱུད’དེ’དང’དེ’ལ’
    ཁ’གཏོང’བ’ནི’རང’ཉིད’ཀྱིས’ངན’སོང’དུ’ལྟུང’བའི’ལས’ངན’བསགས’པ’ལས’གཞན’
    གང’ཡང’མེད’པས’གཟབ’པར’མཛོད’ཅིག དེ’ལྟར’ཡིན’པར’མདོ’ལས།ངའམ’ང’དང’འདྲ’བས’གང’ཟག’གི’ཚོད’བཟུང’གི’ གང’ཟག’གིས’གང’གི’ཚོད’མི’བཟུང’སྟེ།
    ཉམས’པར’གྱུར’ཏ’རེ’ཞེས’གསུངས’སོ།

  12. མིག་བརྒྱད་པ། says:
    2011-11-26 at 2:29 am

    སྒྲོན་མེ་ལགས། གནའ་བོ་རྒྱ་གར་གྱི་གཅེར་བུ་བ་དག་གིས། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ལོ་མ་ཁུམ་པའི་ཕྱིར། ཞེས་ལྗོན་ཤིང་སེམས་ལྡན་དུ་བསྒྲུབས་པ་ལ། དབུ་མ་སྙིང་པོ་ལས། ལྗོན་ཤིང་སེམས་དང་བཅས་པ་མིན།།སྐྱེ་གནས་བཞིར་ནི་མ་བསྡུས་ཕྱིར།།ཞེས་སྐྱེ་གནས་བཞིས་མ་བསྡུས་པའི་ཕྱིར་ལྗོན་ཤིང་སེམས་ལྡན་མིན་པར་གསུངས་པ་མ་གཏོགས་སྲོག་ལྡན་མིན་པར་གསུངས་པ་མ་རེད། འདུལ་ཊཱིག་ཉི་མའི་འོད་ཟེར་ལས། སྲོག་ལ་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། ཞེས་དང་། མཛོད་འགྲེལ་ལས་ཀྱང་། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། ཞེས་གསུངས་པ་དང་། སྔགས་ཀྱི་སྐབས་སུའང་སྲོག་རྩོལ་ཞེས་པའི་སྲོག་ནི་རླུང་ཡིན་ལ་རྩོལ་བ་ནི་དྲན་པ་ཡིན།

  13. མིག་བརྒྱད་པ། says:
    2011-11-26 at 2:47 am

    སྔགས་ཀྱི་ལུགས་ལ། སྲོག་ལ་རླུང་དུ་འཇོག་པ་དང་རྣམ་ཤེས་ཀྱི་རྟེན་བྱེད་ཚུལ་དོན་གཅིག་ཏུ་འབབ། རླུང་རྟེན་དང་རྣམ་ཤེས་བརྟེན་པ་ཡིན་པའི་ཕྱིར། སྔོ་འཛིན་མིག་ཤེས་ཀྱིས་ཡུལ་སྔོན་པོ་འཇལ་བའི་ཚེ། རླུང་ངེས་བར་གྲོགས་སུ་མེད་ན་ཕར་གུའི་སྔོན་པོ་དེ་འཇལ་མི་ཐུབ་པའི་ཕྱིར། དེར་ཐལ། རླུང་རྣམ་ཤེས་ཀྱི་ཞོན་པ་ཡིན་པའི་ཕྱིར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme