Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།

Posted on 2011-11-152011-11-16 By ཁ་བརྡ་ 23 Comments on མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།

ཨ་རིག་འགྱུར་མེད་ཀྱིས་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༡༦ ཉིན་གྱི་མཚན་མོར།

ངས་ཐེངས་མང་བོ་མང་བོ་ཞིག་ལ་གློག་ཀླད་ལག་ཏུ་བཟུང་སྟེ། ཅི་ཞིག་འབྲི་འདོད་ཀྱི་ལག་པ་མཐེབ་གཞུང་ངོར་བཞག་པ་ཡིན་ལ།བཤད་ན་འདོད་པ་དང་མུད་སྒོར་འཚང་བའི་སྐད་ཆ་མང་བོ་མང་བོ་ཞིག་ཡི་གེར་གཏགས་རྗེས་བསུབས་པ་ཡིན།རྒྱུ་མཚན་མང་བོ་མེད། ངས་ངོ་མ་འགོ་གང་ནས་བཙུགས་ཏེ་མཇུག་ཇི་ལྟར་བསྡུ་དགོས་མིན་མ་ཤེས་པའི་དབང་གིས་ཡིན།ད་ལྟ་ད་དུང་ཡང་ངས་བཤད་ན་འདོད་པའི་སྐད་ཆ་དག་གི་འགོ་གང་ནས་འཛུགས་པ་དང་ཅི་ལྟར་བཙུགས་ན་འོས་འཚམ་ཡིན་མིན་ཤེས་ཀྱི་མི་འདུགངོ་མ་ཤེས་ཀྱི་མི་འདུག ཡིན་ནའང་། མཇུག་མཐར། ངས་ཅིས་ཀྱང་སྐད་ཆ་ཚིག་འགའ་བཤད་རྒྱུར་སེམས་ཐག་བཅད། རྒྱུ་མཚན་གཅིག་ལས་མེད་དེ།དྲ་ཐོག་གི་སྐྱག་འབུ་དག་གིས་བླ་མ་དང་སློབ་མའི་བར་དང་དཔྱད་འདེམས་པ་དང་འགྲན་ཞུགས་པའི་བར་དུ་དཀྲོག་གཏམ་བཟོས་ཡོང་གི་འདུག་ལ།ཁ་བརྡ་དང་དུས་བབ། འོད་དཀར་དྲ་ཚིགས་སོགས་སུའང་ང་གླེང་གི་འདུག་སྟབས་ངས་སྐད་ཆ་འགའ་མི་བཤད་ཐབས་མེད་ཆགས་སོང་། ལྷག་པར་དུ་ཁ་སང་དེ་རིང་མེག་གྷན་གྱི་རྒྱ་སྲིང་ན་ཁ་རྒོད་ལ་ཤོར་བའི་ཇ་ཆ་ཆང་ཁའི་མི་རྐྱང་འཁྱམ་པོ་སྐོར་ཞིག་གིས་ཁ་བརྡ་དྲ་ཚིགས་སྟེང་གི་(འདོད་པ་མ་ཁེངས་ཤོས་དཔྱད་འདེམས་པ་དག་ཡིན།)ཟེར་བའི་རྩོམ་ཡིག་དེ་ཡང་ཨ་རིག་འགྱུར་མེད་ཀྱིས་སྡུག་ནད་མ་ཐེག་པར་བྲིས་པ་རེད་ཟེར་ནས་གླེང་གི་ཡོད་རབས་འདུག་པས།ད་ནི་ངས་ཀྱང་གནས་ལུགས་ཀྱི་སྐད་ཆ་ཚིག་འགའ་བཤད་དགོས་ཐལ་སོང་། སྤྱིར་ཡིན་ན་རྩོམ་ཡིག་དེ་ངས་མིན་སྐོར་གྱི་མཆན་གསལ་བོར་བཏབས་ཡོད་ལ།དེས་ཀྱང་མི་ཆོག་ན་ཁ་བརྡ་རྩོམ་སྒྲིག་པར་འབྲེལ་བ་བྱས་ཏེ་རྩད་བཅད་ཆོག་པས།དེ་ཚོ་སུ་ཡིན་རུང་མཁྱེན་ན་ཡག་གི་རེད།

དེ་མིན། གལ་སྲིད་མི་ཞིག་གིས་ང་ལ་ཁྱེད་རང་ཐེངས་འདིའི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཐད་བསམ་ཚུལ་ཡོད་དམ་ཟེར་ནས་དྲིས་ཚེ།ངས་ཡོད་ཅེས་བརྗོད་རྒྱུ་ཡིན་ལ། རྒྱུ་མཚན་ནི་ས་གནས་ཀྱི་དངོས་གཞིའི་འགྲན་བསྡུར་ཁྲོད་ནས་ཨང་དང་པོ་བླངས་པ་དང་།ཟླ་འདིའི་ཚེས་ ༡༠ དང་ ༡༢ ཉིན་གྱི་དགོང་མོ་གཉིས་ལ་འགྲན་བསྡུར་བྱེད་སྐབས་རེ་རེ་བཞིན་དུ་ཨང་དང་པོ་བླངས་པའི་སྡོམ་སྐར་ནི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཁྲོད་ཚུད་པའི་མི་སྣ་བརྒྱད་ཀྱི་ནང་གི་ཨང་དང་པོ་ཡིན་པར་མ་ཟད།ཨང་གཉིས་པ་ལེན་མཁན་དང་ངེད་གཉིས་ཀྱི་བར་ནའང་རྟ་ལམ་བོང་བུས་མི་ཆོད་པའི་སར་ཡོད་པའི་སྐར་གྲངས་དེ་ཚོ་བྱུང་བ་རེད་མོད།མཐའ་མའི་རྟིང་རྩོད་འགྲན་བསྡུར་སྐབས་ངའི་ཐོབ་སྐར་མཇུག་ནས་ཡར་བརྩིས་པའི་དང་པོ་ཡིན་པ་དེ་ཅིའི་ཕྱིར་ཡིན་ནམ།ཡང་མཐའ་མའི་འགྲན་བསྡུར་སྐབས་ངས་སྙན་ངག་གྱེར་འདོན་བྱས་པ་ཡག་པོ་མ་བྱུང་བ་རེད་དམ་ཟེར་ན།ངས་སྙན་ངག་གྱེར་འདོན་སྐབས་ལྟད་མོ་བ་མང་བོ་ངུས་འདུག་པ་ངའི་གྲོགས་པོ་མང་མང་གིས་མཐོང་འདུག་པར་མ་ཟད། ཟློས་གར་ཁང་ནས་འགྲན་བསྡུར་བྱས་པའི་དགོང་མོར་མདོ་འཛིན་པས་ཨང་དང་པོ་སུ་རེད་ཟེར་ནས་ལྟད་མོ་བར་འདྲི་དུས།མི་མང་གིས་དགའ་འབོད་དང་ཀི་སྒྲའི་ཁྲོད་ནས་ཨ་རིག་འགྱུར་མེད་རེད་ཟེར་ནས་བོས་པ། (རེ་འགས་ཀླུ་མོ་མཚོའི་མིང་ནས་འབོད་ཀྱིན་འདུག)ཡང་འགྲན་བསྡུར་མཇུག་བསྒྲིལ་ཏེ་ང་ཕྱི་ལ་ཐོན་སྐབས་ལྟད་མོ་བ་ངོ་ཤེས་མིན་མང་བོ་ཞིག་ཡོང་སྟེ་ང་ལ་ལག་པ་གཏོང་ཞོར།ང་ཚོས་བལྟས་ན་ཁྱེད་རང་ཨང་དང་པོ་རེད་ལ་དངོས་གནས་དྲང་གནས་ཡག་པོ་བསྐྱོར་སོང་།ཡིན་ནའང་།ཁྱེད་ལ་ཨང་དང་པོ་མ་ཐོབ་པར་དེར་བློ་ཕམ་ཡོད་ཟེར་ནས་གསུངས་དགོས་པ་ཅིའི་ཕྱིར་ཡིན་ནམ། འདི་ལྟར་དྲི་བ་རེ་རེ་བཞིན་གྱིས་དྲིས་ལན་བཙལ་ཏེ་རྙེད་དགོས་ན་ང་ལ་བཤད་ན་མི་ཚར་བའི་སྐད་ཆ་མང་བོ་ཞིག་བཤད་རྒྱུ་འདུག་ཀྱང་།མི་དང་མིའི་བར་གྱི་བརྩེ་སེམས་བརླག་པ་དང་མི་དང་མིའི་བར་ལ་འགལ་འདུ་སློང་བའི་སྐད་ཆ་དེ་དག་གིས་ཅི་བྱེད།གང་ལྟར་འདས་ཟིན་པ་འདས་ཟིན་པ་རང་ཡིན་ལ་ཁ་སང་གི་བྱུང་བ་དེ་རིང་གི་ལོ་རྒྱུས་སུ་གྱུར་ཟིན་པས་ད་ནི་ལབ་རྒྱུ་གླེང་རྒྱུ་དེ་ཚོ་ཕར་བཞག་སྟེ།ང་ཚོ་སུ་ཡིན་རུང་ལག་པའི་ནང་དུ་ལག་པ་བཞག སེམས་པ་དང་སེམས་པ་གླན་ནས་ཐེངས་འདིའི་ཉམས་མྱོང་ཁྱེར་ཏེ།མ་འོངས་པ་དང་མ་འོངས་པའམ། ཡང་ན་ང་ཚོས་གཞུག་ཕྱོགས་ཅི་ཞིག་བྱ་རྒྱུ། ཇི་ལྟར་བྱ་རྒྱུ། དེ་རིང་གི་ཉམས་མྱོང་དེ་ཚོ་ལག་བྱང་དུ་ལེན་ནམ་མི་ལེན་ཟེར་ནས་ནང་གྲོས་རིལ་ལུ་མ་ཞིག་བྱེད།དེ་ནི་རང་གཞན་གཉིས་ཕན་ནོ། །

ང་རང་ཉིད་ལ་མཚོན་ན་བྱ་འགུལ་འདི་འགོ་བརྩམས་པ་ནས་ད་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་ཡིན་པར་མ་ཟད།ས་གནས་རིམ་པའི་དངོས་གཞིའི་འགྲན་བསྡུར་མཇུག་མ་བསྡུས་བར་ཏུ་དངོས་སུ་མཉམ་ཞུགས་བྱས་ཏེ་ལས་ཀ་བྱེད་མཁན་ཡིན་པའི་ངོས་ཐད་ནས།ང་དྲང་ཐད་དུ་ལངས་ཏེ་སྐད་ཆ་འདི་ལྟར་བཤད་འདོད་དེ། ང་ཚོས་ཐེངས་འདིའི་བྱ་འགུལ་འདིར་རྒྱབ་སྐྱོར་དང་བརྩི་བཀུར་བྱ་དགོས་པ་རེད།ལྷག་པར་དུ་འདི་ལྟ་བུའི་རིག་གཞུང་གི་ལས་ཀ་ཞིག་བྱེད་པར་ཡོང་སྒོ་མེད་པར་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་དང་དཀའ་ཚེགས་གང་འདྲ་ཞིག་ཡོད་པ་དེ་ཤེས་དགོས་པ་རེད་སྙམ།ཡང་གཅིག་བཤད་ན་འདི་ནི་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གཙོས་གོ་སྒྲིག་པ་རྣམས་ཀྱིས་ཟླ་བ་མང་བོར་དཀའ་ལས་བརྒྱབ་པའི་འབྲས་བུར།ང་ཚོ་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་ཆེས་ཐོག་མའི་སྙན་ངག་སྒྲོག་སྦྱོང་འགྲན་བསྡུར་ཟེར་བའི་སྟེགས་བུ་འདི་བྱུང་བ་རེད།འདི་ད་བར་དུ་བྱུང་མ་མྱོང་བའི་རྒྱལ་ཁ་ཞིག་དང་གཟི་བརྗིད་ཅིག་ཡིན་པས་ན་དེ་ལ་གོང་བཀུར་དང་བརྩི་བཀུར་བྱ་དགོས་པ་རེད་ལ།འདི་ལྟ་བུའི་ལས་དོན་རླབས་ཆེན་ཞིག་སྒྲུབ་སྐབས་ནོར་འཕྱུག་ཆུང་ཚེགས་དང་ལབ་གླེང་ཐན་ཐུན་རེ་ཡོང་སྲིད་པ་ཆོས་ཉིད་དུ་གྲུབ་པ་དང་།ལྷག་པར་དུ་འདི་ནི་ཐེངས་དང་པོ་ཡིན་སྟབས་དེ་བས་ཀྱང་ནོར་འཕྱུག་འབྱུང་ངེས་པས་ན། ང་ཚོ་སུ་ཡིན་རུང་གུ་ཡངས་དང་བློ་བརྒྱ་བསྐྱེད་ན་འགྲིག་གི

དེ་ལྟར་ན་ང་ཚོས་བྱ་འགུལ་འདི་ལ་གདེང་འཇོག་བྱ་དགོས་པར་མ་ཟད། མ་འོངས་པར་ཡང་འདི་དང་འདི་ལྟ་བུའི་བྱ་འགུལ་མུ་མཐུད་སྤེལ་ཆེད།ད་ཐེངས་བྱུང་བའི་ནོར་འཕྱུག་གང་ན་ཡོད་པ་དེ་གསལ་བོར་བསྟན་ཏེ། མ་འོངས་པར་ནོར་འཕྱུག་མེད་པ་ཞིག་འབྱུང་དུ་འཇུག་དགོས་པ་ནི་ལས་འགན་རེད་སྙམ་པས་གཤམ་གྱི་སྐད་ཆ་དག་བཤད་པ་ཡིན་ལ།དེ་ཡང་དངོས་གནས་དྲང་གནས་ངས་རང་གི་མི་གཞི་ཞིག་སྲ་སྲུང་དང་ལྷག་བསམ་རྣམ་པར་དག་གི་ཐོག་ནས་མ་འོངས་པར་འདི་ལྟ་བུའི་བྱ་འགུལ་ཞིག་ཡོད་སྲིད་པ་དང་།གལ་སྲིད་དེ་ལྟ་བུ་ཞིག་ཡོད་ཚེ་ཡང་བསྐྱར་གཤམ་གྱི་ནོར་འཕྱུག་དག་མི་འབྱུང་བའི་རྒྱུ་རུ་འགྱུར་ཆེད་དུ་བྲིས་པ་ན།ཁ་བཀོག་ནས་སྣ་ལ་སྦྱོར་མཁན་དང་རྣ་དྲུད་ནས་མིག་ཟུང་འགེབས་འདོད་མཁན་གྱི་དྲ་འབུ་སྐྱག་འབུ་དག་གིས་ད་ནི་ཅི་ཞིག་བཤད་འདོད་ཀྱང་བཤད་དུ་ཆུགས།ངའི་ཕྱོགས་ནས་བཤད་ཀྱང་ཆོག་ལ་གོ་སྒྲིག་པ་དང་དཔྱད་འདེམས་པའི་ཕྱོགས་ནས་བཤད་ཀྱང་རུང་སྟེ།མི་མང་གི་ཁ་སངས་རྒྱས་ཀྱིས་མི་ཆོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་པས། གོང་ཞུས་ལྟར་བླ་མ་དང་སློབ་མའི་དད་ཚིག་གཙང་མར་གནས་ཀི་རེད་ལ།དཔྱད་འདེམས་པ་དང་འགྲན་ཞུགས་པའི་འགྲེལ་ལམ་ཡང་རང་འཇགས་གནས་ཀི་རེད་ཅེས་བསྒྲགས་པའོ། །

ད་ཐེངས་འདིར་ངས་མཐོང་བའི་ནོར་འཕྱུག་འགའ་བཤད། དཔེར་ན།ད་ཐེངས་ཀྱི་འགྲན་བསྡུར་འདིའི་འགྲན་ཞུགས་པར་མཚོན་ན་གྲྭ་པ་དང་བཙུན་མ། མི་སྐྱ་རྒན་གཞོན་དང་ཕོ་མོ།སློབ་མ་སོགས་ཀྱི་བར་མཚམས་གཅིག་ཀྱང་མེད་པར་ཡོངས་ཁྱབ་ཀྱི་སྟེང་ནས་བསྡུས་པས་ན། འཛུལ་ཞུགས་མི་སྣ་༢༡༥ ཙམ་བྱུང་བ་དག་གི་ཁྲོད་དུ་དགོན་སྡེ་ཁག་གི་གྲྭ་པ་དང་སྤྱི་ཚོགས་སྟེང་གི་མི་སྐྱ།སློབ་གྲྭ་ཁག་གི་སློབ་མ་སོགས་མ་འདུས་པ་ཞིག་མེད་མོད། དཔྱད་འདེམས་པའི་ཁྲོད་དུ། “ཐེངས་འདིར་ངས་བུ་མོ་རྣམས་ལ་རྐང་བཙུགས་ནས་བརྒྱ་ཆ་མཐོ་བོ་སྤྲད་པ་ཡིན།གང་ཡིན་ཟེར་ན་མཇུག་མཐའི་མི་བརྒྱད་ཀྱི་ནང་དུ་བུ་མོ་རེ་འགའ་ཚུད་ན་ཡག་པོ་འདུག”(ཐེངས་འདིའི་དཔྱད་འདེམས་ཞིག་གི་སྐད་ཆ་ངོ་མ།) ཅེས་དང་། ཡང་གཞན་ཞིག་གིས་ “ཐེངས་འདིའི་ཨང་དང་པོ་སློབ་མ་ཞིག་ལ་ཐོབ་ན་ཡག་པོ་འདུག”(ཐེངས་འདིའི་དཔྱད་འདེམས་པ་ཞིག་གི་སྐད་ཆ་ངོ་མ།) ཅེས་གསུང་མཁན་བྱུང་ཡོད། ང་ཚོས་སུས་སྙན་ངག་གྱེར་ན་བཟང་མིན་གྱི་ངོ་གདོང་ལ་རང་ལ་བལྟས་ཏེ་སྐད་ཆ་བཤད་ཀྱིན་པ་ལས་འདིར་“དམིགས་བསལ་” ཞེས་པའི་ཐ་སྙད་འདི་འབྱོར་ས་ཁྱོན་ནས་མེད་པ་ཤེས་དགོས།གལ་སྲིད་སློབ་མ་ཞིག་ལ་ཐོབ་ན་བཟང་བ་དང་བུ་མོ་ཞིག་ལ་བྱིན་ན་ཡག་ན་དང་པོ་ནས་བུ་མོ་དང་སློབ་མ་བསྡུ་དགོས་པ་དང་ས་མཚམས་དབྱེ་དགོས་པ་ལས་འགྲན་ཞུགས་པའི་ཁྲོད་དུ་ཡོངས་ཁྱབ་ཀྱིས་མི་བསྡུ་མི་རུང་བ་དེ་རེད།འདི་མ་འོངས་པར་ང་ཚོས་མཉམ་འཇོག་དགོས་ས་དང་པོ་རེད།

གཉིས་པ། ཐེངས་འདིར་མི་ ༢༦ ལ་འགྲན་བསྡུར་མི་འདྲ་བ་གཉིས་བྱས་ཏེ། མཇུག་མཐར་མི་སྣ་༨ མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་བསྡུས་པ་རེད། ཡིན་ནའང་། སྔོན་འགྲོའི་འགྲན་བསྡུར་གཉིས་ཀྱི་སྐར་གྲངས་མཐའ་མའི་འགྲན་བསྡུར་ལ་ཁྱེར་མེད་ཀྱང་།སྔོན་འགྲོའི་འགྲན་ཞུགས་པའི་ཨང་རྟགས་མཐའ་མའི་འགྲན་ཞུགས་སྟེང་ཁྱེར་བས་ང་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཁྲོད་སྙན་ངག་གྱེར་འདོན་བྱེད་མཁན་ཐོག་མ་ཆགས་ཡོད་ལ།ད་ཐེངས་ང་ཚོས་འགྲན་བསྡུར་འདིའི་མགོ་འཇུག་བར་གསུམ་གྱི་ཉམས་མྱོང་ལྟར་ན་འགྲན་བསྡུར་བྱེད་མཁན་ཐོག་མ་དེར་དཔྱད་འདེམས་པས་བརྒྱ་ཆ་སྤྲོད་ཕྱོགས་ཀྱི་ཐད་ནས་རང་བཞིན་གྱིས་གྱོང་རེག་གིན་ཡོད་པས།ང་མཐའ་མའི་འགྲན་ཞུགས་པ་མི་བརྒྱད་ཀྱི་ཁྲོད་ནས་ཀྱང་མཐའ་མའི་མཐའ་མར་གྱུར་བའི་རྒྱུ་རྐྱེན་གཅིག་འདི་ན་ཡོད་སྙམ།འདི་ཡང་རང་གཞན་སུ་ཡིན་རུང་ཉམས་མྱོང་གིས་མ་འདང་བ་ཞིག་ཏུ་བརྩིས་ཆོག

གསུམ་པ། ཐེངས་འདིར་མཇུག་མཐའི་ཐོབ་སྐོར་སྡོམ་སྟངས་ཀྱི་ཆ་ནས་ནོར་འཕྱུག་ཕྲན་ཚེགས་བྱུང་བས་ཨང་བཞི་བ་ལེན་མཁན་ཨང་གསུམ་པ་ལེན་མཁན་དུ་གར་སྟེགས་སྟེང་སྐད་བཏང་བ་དང་བྱ་དགའ་སྤྲད།གཉིས་པ་ལེན་མཁན་ཨང་དང་པོ་ལེན་མཁན་དུ་གར་སྟེགས་སྟེང་སྐད་བཏང་བ།མཇུག་མཐར་ཨང་དང་པོ་གཞན་ཞིག་བྱུང་བ་དང་ཨང་བཞི་བ་ལེན་མཁན་ལ་དགོས་མེད་དུ་ཧིན་སྒོར་ཉིས་སྟོང་སྤྲོད་དགོས་བྱུང་བ་སོགས་ནི་ཐེངས་འདིར་རྔ་ཚིགས་སྒང་ནས་གྲི་ཆག་ས་དེ་ཡིན་ལ།མི་མང་གིས་འདོད་བློ་མ་ཁེངས་ས་གཙོ་བོའི་གཅིག་ཀྱང་འདི་ན་ཡོད་པས། གཞུག་ཕྱོགས་རྩིས་རྒྱག་མཁན་ཏུ་རྩིས་པ་ངོ་མ་ཞིག་གདན་ཞུ་བྱ་རྒྱུ་ཡང་གནད་ཀྱི་དོན་པོར་མཐོང་ངོ་།།

གོང་གི་དོན་ཚན་གསུམ་ནི་ངས་རང་བློས་དཔོག་ཚོད་ཀྱིས་མཐོང་བའི་སྐྱོན་གསུམ་དང་།མ་འོངས་པར་འབྱུང་མི་རུང་བར་ངོས་བཟུང་བ་དག་གི་གྲས་ཡིན་པས་གཟབ་རྒྱུ་ངའི་རེ་བའོ། །དེ་མིན་རྩོམ་ཡིག་འདིས་མགོ་ནས་མཇུག་བར་དུ་གང་ཐུབ་ཐུབ་ཀྱིས་ཀློག་མཁན་སུ་གཅིག་ལའང་གནོད་གཞིའི་སྐད་ཆ་ཞིག་མ་ཡོང་ན་བསམ་ནས་བྲིས་ཡོད་ཀྱང་།ད་དུང་གནོད་གཞི་དང་ཕོག་ཐུག་ལ་འགྲོ་བའི་རྒྱུ་རེ་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཡིན་ལ།ད་དུང་ནས་བཟུང་ང་ཨ་རིག་འགྱུར་མེད་ཀྱི་མིང་མེད་པའི་མཆན་དང་རྩོམ་ཡིག་གང་འདྲ་ཞིག་བྱུང་རུང་།ངའི་སྐད་ཆ་དང་བཤད་འདོད་པ་དག་མིན་པས་དེ་དོན་དགོངས་འཇགས་ཡོང་བའི་རེ་སྐུལ་ཡང་ཞོར་ནས་ཞུ་ཞུ།

སྣ་ཚོགས།

Post navigation

Previous Post: དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྤེལ་བའི་བརྡ་ཁྱབ།
Next Post: དྲ་ལམ་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་མཉམ་ཞུགས་གནང་རོགས་གྱིས།

Comments (23) on “མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།”

  1. གྲྭ་སྨྱོན says:
    2011-11-16 at 2:08 am

    འགྱུར་མེད་ལགས། སྐད་ཆ་ཡག་པོ་བཤད་ཡོད་ཀི ཁྱད་པར་དུ་མཇུག་གི་རྒྱུ་མཚན་གསུམ་པོ་དཔྱད་འདེམས་པ་དང་འགོ་འཛིན་པ་ཚང་མས་ངེས་པར་དུ་ཤེས་དགོས་པར་མ་ཟད། ལག་ལེན་བྱེད་དགོས་པ་ཤ་སྟག་རེད། འོན་ཀྱང་ཚིག་ངན་འགའ་རེ་ཡོད་ཀྱང་མི་སྐྱོན་དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས།

  2. རྨུ་ཐག་གི་བུ་རྒྱུད། says:
    2011-11-16 at 3:16 am

    བརྒྱ་བཤད་ཚིག་གི་རྩ་བ། སྟོང་ཕྱུག་འོ་མའི་མར་ལོ། ད་ཇི་ལྟར་བཤད་རུང་མི་འགྲིག་ས་གཙོ་བོ་དཔྱད་འདེམས་པ་དག་རེད། ངས་ཀྱང་དེ་ལྟར་འདོད། རྒྱུ་མཚན་ནི་དཔྱད་འདེམས་པ་ཚང་མ་སྙན་ངག་འབྲི་མཁན་འབའ་ཞིག་ཡིན་ས་རེད། འགྲན་རྩོད་འདིར་སྙན་ངག་གྱེར་འདོན་བྱེད་པ་ཙམ་མ་ཡིན་པར་ཚིག་ལ་བསྟུན་ཏེ་གདངས་ཀྱི་འདེགས་འཇོག་དང་། དོན་ལ་བསྟུན་ཏེ་ལུས་ཀྱི་རྣམ་འགྱུར་སོགས་བལྟ་ས་མང་པོ་ཞིག་ཡོད་པ་རེད། སྙན་ངག་འབྲི་ཤེས་པ་ཙམ་གྱིས་འདི་དག་ལ་དཔྱད་ཤེས་པའི་ངེས་པ་ག་ལ་ཡོད། དེར་བརྟེན་སྐྱོན་འབྱུང་ས་གཅིག་ནི་བཀོད་སྒྲིག་པའི་ངོས་ན་ཡོད་པའང་གསལ་པོ་རེད། ཁ ཉིན་ཁོ་བོའང་རྡ་ས་ས་གནས་ཉིན་སློབ་དུ་འཚོགས་བཞིན་པའི་རྟིང་རྩོད་འགྲན་བསྡུར་དེར་བལྟ་བར་ཕྱིན་པ་ཡིན། འོན་ཀྱང་དཔྱད་འདེམས་པ་དག་མཐོང་བས་བལྟ་འདོད་མ་བྱུང་།

  3. ཁ་བའི་བུ། says:
    2011-11-16 at 3:17 am

    ཨ་རིག་དྲི་བ་ཆོ་མེད་དེ་འདྲ་སེམས་ནང་ཉར་ན་སྙིང་གས་ཡོང་། རྟག་པར་གཟའ་ཉི་མ་མེད་པ་ཤེས་ཚོད།

  4. ཨ་རིག་འགྱུར་མེད། says:
    2011-11-16 at 3:23 am

    ཧིན་སྒོར་ཉིས་སྟོང་མ་རེད་ཉིས་ཁྲི་རེད། གཏགས་ནོར་རང་ཡིན། དགོངས་དག

  5. སྦྲ་གསར་དཀར་ལོ། says:
    2011-11-16 at 3:49 am

    དུས་རབས་དང་བསྟུན་པའི་ན་གཞོན་ཤེས་ཡོན་ཅན་ཟེར་ན་ཨ་རིགས་འགྱུར་ཁྱེད་ལྟ་བུ་དགོས་པ་རེད། བཙན་བྱོལ་སྤྱི་ཚོགས་འདི་མི་འབོར་གྱི་ཆ་ནས་ཉུང་བ་བསམ་བློའི་གོ་རྟོགས་རྒྱ་ཆུང་བ་ཆོལ་ཁ་དང་ཆོས་ལུགས་ཐེན་འཁྱེར་གྱི་རྙི་ལས་མ་གྲོལ་བ་རང་ཡིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བ་ཧ་ཅང་ཟབ་པའི་སྙན་ངག་གྱེར་འདོན་གྱིས་བྱ་འགུལ་འདི་འདྲ་ཞིག་ཐོག་དང་པོ་སྤེལ་ན་མང་ཚོགས་ནས་དེ་ལ་དགེ་མཚན་ཕྱོགས་ནས་རྒྱབ་སྐྱོར་དང་རོགས་འདེབས་མི་ཞུས་པར་ལམ་སང་དེ་ལ་སྐྱོན་བརྗོད་དང་ནག་ཉེས་ཅན་དུ་བསྒྱུར་ཐབས་གནང་ན་ང་ཚོས་བཙན་བྱོལ་ཆུང་ཆུང་འདི་ག་འདྲ་ཞིག་ལ་འགྱུར་འགྲོ། ཧ་ཅང་གཉེན་ཁ་ཆེན་པོ་རེད། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ཡིན་ནའང་སྔ་ཕྱི་རིམ་པར་བོད་བསྟན་སྲིད་ཆེད་ཕྱག་ལས་གནང་མོས་རེད། མང་ཚོགས་ནང་ནས་རང་སྣང་གང་དྲན་གྱིས་གཞི་མེད་སྐྱོན་བརྗོད་གནང་ན། མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་དུ་ན་གཞོན་ཤེས་ཡོན་ཅན་ཚོས་བོད་མི་རིགས་ལ་བཅང་བའི་སེམས་ཤུགས་དང་ཆོད་སེམས་ལ་ཕན་ལས་གནོད་བྱེད་མི་སྲིད་དམ། དངོས་གནས་དྲངས་གནས་བསམ་བློ་ཡག་པོ་གཏོང་དགོས་པའི་དུས་ལ་སླེབས་འདུག གོང་དུ་ཨ་རིགས་ནས་བཤད་པ་ལྟར། ཁ་སང་གི་བྱ་འགུལ་དེ་རིང་འདས་ཟིན་པས་དོན་སྙིང་མེད་པའི་སྐད་ཆ་མཚམས་འཇོགས་རོགས། གལ་ཆེ་བ་ནི་འདས་པའི་མྱོངས་ལས་སྙིགས་དོར་བཅུད་་ལེན་བྱས་ནས་མ་འོངས་ང་ཚོས་མདུན་ལམ་གསར་པ་ཡིན།

  6. བསེ་རུ། says:
    2011-11-16 at 4:01 am

    ཚགས་ཚུད་མེད་པའི་ལས་དོན་ཇི་སྙེད་ཅིག།
    རང་གཞན་ཀུན་ལ་སེམས་ངལ་བཟོ་བའི་གཞི།།
    ཀུན་སློང་ཡང་དག་སུས་ཀྱང་མ་མཐོང་བས།།
    འཇིག་རྟེན་མཐོང་ཆོས་དེ་ལ་གཟབ་པར་མཛོད།།

    ཐོག་མཐའ་བར་མའི་ལས་དོན་ཆེ་ཕྲ་རྣམས།།
    ཅི་བསམ་ལྷུན་འགྲུབ་ཡོང་བ་ཆེས་དཀའ་བས།།
    དགེ་སྐྱོན་ལྕི་ཡང་གཞལ་ཏེ་དེ་གཉིས་ལས།།
    བླང་དོར་འཆུགས་མེད་མཛོད་ཅིག་གངས་ཅན་པ།།

    བསྟོད་པས་དགའ་ཞིང་སྨད་པས་མི་དགའ་བ།།
    ནང་གི་ཡོན་ཏན་སྟོངས་པའི་རྟགས་ཡིན་པས།།
    སྤྱི་དོན་འབད་མེད་སྒྲུབ་པར་གཞོལ་མཁན་རིགས།།
    བསྟོད་སྨད་གཉིས་ཀྱིས་སེམས་མདའ་གཅོག་མི་ནུས།།

    ང་དང་ང་འདྲའི་སྐྱེ་བོའི་ཚོགས་རྣམས་ཀྱིས།།
    ཅི་བྱས་སྐྱོན་དུ་ལྟ་བའི་གདེངས་མེད་པས།།
    རང་ངོ་རང་གིས་ཤེས་ཏེ་དལ་ལྷོད་ངང་།།
    སྤྱི་དོན་མེད་ཀྱང་རང་དོན་བསྒྲུབ་ན་ལེགས།།

    དེང་གི་དུས་འདིར་ཁ་གདངས་མིག་གདངས་ཀྱིས།།
    གཞན་སྐྱོན་གླེང་བའི་ལྕེ་བརྒྱ་སྤྲུལ་མཁན་རིགས།།
    ང་དང་ཁྱོད་དང་ཁོ་དང་ཁོ་མོ་སྟེ།།
    རང་ངོ་མི་ཤེས་སུ་དང་གང་ཞིག་ཡིན།།

    སེམས་ལ་གང་ཤར་བྲིས་པའི་ཡི་གེ་འདིས།།
    ཀློག་པ་པོ་ཡི་ཐུགས་དགོངས་ཁྲོས་གྱུར་ན།།
    བྱམས་དང་སྙིང་རྗེ་ལན་ཅིག་སྒོམ་བཞིན་དུ།།
    བསེ་རུའི་སྡིག་སྒྲིབ་དག་པའི་ཐུགས་སྨོན་མཛོད།།

  7. སྙེ་ལྷའི་ཐུགས་སྲས། says:
    2011-11-16 at 4:08 am

    སེམས་པ་སྐྱིད་པོ་བྱེད། ཕམ་པ་རྒྱལ་ཁའི་སྟ་གོན་རེད། རྗེས་སུ་སྙག་ངག་སྒྲོགས་སྦྱང་ཐད་སྦྱོང་བརྡར་ཡག་པོ་བྱེད།

  8. ངག་དབང་བསྟན་པ། says:
    2011-11-16 at 5:52 am

    ཁ་སང་གི་རྩོམ་ཡིག་དེ་ཨ་རིག་འགྱུར་མེད་ཀྱིས་བྲིས་པ་འདི་ནས་གསལ་བོ་ཆགས་སོང་། ཐེངས་འདིར་ཨ་རིག་འགྱུར་མེད་ལ་ཨང་དང་པོ་དང་གཉིས་པ་མ་ཐོབ་པ་ཏག་ཏག་རེད། ཁོ་ནི་ཤེས་ཚད་དམའ་ཞིང་མགོ་ཕངས་མཐོ་བོ་ཅན་ཞིག་ཡིན།

  9. ལ་རྒྱའི་བདག་པོ། says:
    2011-11-16 at 5:55 am

    ཨ་རིག་གི་བུས་བྲིས་པའི་རྩོམ་ཡིག་ནང་ངས་བརྗོད་དགོས་པ་བསམ་པ་མང་ཆེ་བ་བྲིས་འདུག་ངོ་མ་ལེགས།སྐྱོན་ལ་ངོས་འཛིན་ཡག་པོ་བྱས་པ།སྐྱོན་བརྗོད་ཕོད་པ།སྐྱོན་ཡོ་སྲང་གི་ནད་བཅོས་སྲོག་སྐྱོབས་ཀྱི་བསམ་འཆར་བརྗོད་ཕོད་པ།སྐྱོན་ལ་བསམ་གཞིགས་ཐུབ་པའི་བློ་རྒྱ་ཡངས་པ།ཕྱིས་བྱུང་སྤང་བླང་གི་ལམ་སྟོན་བརྗོད་ཕོད་པ།བྱ་བའི་རྒྱུད་རིམ་ཕྱོགས་བསྡོམས་གང་ལེགས་བྱས་པ་བཅས་ང་ཡིད་དབང་འཕྲོག་སོང་།
    ངོ་མ་ཨ་རིག།ཁྱེད་ཀྱི་བཤད་བདེན་པར་མཐོང་།
    དཔྱད་འདེམས་པ་རྣམས་སུ་སུ་ཡིན་བྲིས་རོགས།

  10. རྡོ་ཕྲུག says:
    2011-11-16 at 7:33 am

    གསལ་བཤད་འདི་ནི་ཨ་རིག་གི་སེམས་ནང་གི་རྨ་ཁ་ཞིག་ཡིན་ནའང་འདྲ་ལ། གདུང་འབོད་ཅིག་ཡིན་ཡང་རུང་། གང་ལྟར་མཇུག་མཐའི་བསྡོམས་ཚིག་གསུམ་ལས་དང་གསུམ་གཉིས་བདེན་ཤོས་སུ་སོང་མོད། འོན་ཀྱང་གཉིས་པ་དེ་ལ་འདོད་པ་མ་བྱུང་། ང་ཡང་འགྲན་སྡུར་ག་གེ་མོ་ཞིག་གི་དཔྱད་འདེམས་པ་བྱས་མྱོང་བས་ཐོབ་སྐར་སྤྲད་པ་དེ་ནི་ཉམས་མྱོང་མེད་པ་ཞིག་ཡིན་ན་ལས་ཁྲོམ་རྭའི་ཚོང་ཁང་ལྟར་སྔ་གཞུག་གི་ཁྱད་པར་ཡོད་པ་ཞིག་གཏན་ནས་མ་རེད། དེ་ནི་གྱེར་འདོན་པའི་ཉམས་འགྱུར་དང་དཔྱད་འདེམས་པའི་ཚོར་འདུ། ལྟད་མོ་བའི་ཐལ་སྒྲ་བཅས་བལྟས་ནས་བརྒྱ་ཆ་སྤྲད་དགོས་པ་ཞིག་རེད། གཞན་ཡང་རྟིང་རྩོད་ཀྱི་ཐོབ་སྐབས་ཕྱིར་བསྒྲགས་སྐབས་གོ་རིམ་ནོར་འཛོལ་བྱུང་བ་འདིའི་ནང་དུ་བཤད་མི་ཤེས་པའི་གསང་བ་ངོ་ནོངས་དགོས་པ་ཞིག་མེད་དམ་སྙམ།

  11. ཨ་ནུ་ཐང་བསོད་ནམས says:
    2011-11-16 at 8:01 am

    གནས་ཚུལ་བཤད་པ་ཡག་བྱུང་། ཐུགས་རྗེ་ཆེ། ཡིན་ཡང་། ལུས་ཀྱི་མགོ་ནི་མ་མགོ་ཡིན།། འགོ་འཇུག་འགོ་ནི་འ་འགོ་ཡིན།།

  12. མྱི་རྐྱང་སྨྱོན་པ། says:
    2011-11-16 at 9:24 am

    ཨ་ནུ་ཐང་བསོད་ནམས་ལགས། ཁྱེད་ཀྱིས་ལུས་ཀྱི་མགོ་ནི་མ་མགོ་ཡིན།། འགོ་འཇུག་འགོ་ནི་འ་འགོ་ཡིན།། འདི་གང་ཞིག་ནས་རག་སོང་། སྤྱིར་བཏང་བཤད་ན་འགོ་ཞེས་པ་ནི་ཕན་ཚུན་ལ་འབྱར་བའམ་ཤན་ཞུགས་པ་ལྟ་བུ་ཞིག་ལ་གོ་དགོས། དེང་གི་ཆར་འགོ་བརྩམས་ཞེས་འབྲི་མཁན་མང་དུ་འགྲོ་བཞིན་འདུག་ནའང་། དེ་ནི་མཐའ་གཅིག་ཏུ་ཡིག་ནོར་རེད་ཅེས་ཁ་ཚོན་གཅོད་དཀའ་མོད། མགོ་མཇུག་དང་མགོ་བརྩམས་ཞེས་འབྲི་དགོས་པ་འདྲ་ཞིག་རེད། རྒྱུ་མཚན་ཅི་ཞིག་ཡོད་ཅེ་ན། མགོའི་ཞེ་ཚིག་ལ་དབུ་ཟེར་བས་དབུ་ཁྲིད་དང་། དབུ་བརྩམས་སོགས་བྱུང་བ་རེད། དེ་མིན་ཁྱོད་ཀྱིས་བཤད་པ་ལྟར་ན་འཇུག་འདིའང་མགོ་མཇུག་གི་མཇུག་ལ་འགྲོ་གིན་ཡོད་པ་ལྟར་ཞིག་བཤད་འདུག་མོད། དེ་ནི་མ་དག་པར་སེམས། འཇུག་ཅེས་པ་ནི་ནང་དུ་ཞུགས་པའི་དོན་ཞིག་ལ་གོ་བ་འདྲ། དཔྱད་པར་འཚལ། ཧེ་ཧེ།

  13. རྒོད་བསམ་རང་འགན་རང་ཁུར་ says:
    2011-11-16 at 11:08 am

    གོང་གསལ་གྱི་གནས་ཚུལ་འགའ་ཞིག་ཐེངས་མང་གོ་ཐོས་བྱུང་སོང་ཨ་རིག་འགྱུར་མེད་ལགས་ཀྱིས་གསལ་པོ་བཀོལ་འདུག་པས་ཐུགས་ཆེ་
    ཡིན་ཡང་ཁ་བརྡ་ན་རྟག་ཏུ་བོད་ཡིག་གི་ལམ་ནས་བགྲོ་གླེང་བ་ཚང་མ་སྐྱག་འབུ་ཅི་ནས་མིན་པས་ཁྱོད་ཀྱིས་བསམ་བློ་གཏིང་གཟབ་གཏོང་ཏེ་འབྲི་ན་ལེགས་

  14. ཆབ་བྲག་ཕོ་ཉ། says:
    2011-11-16 at 11:54 am

    ཁོག་གི་ན་ཚ་ཕྱི་ལ་བཏོན་ན་བཟང། ཉམས་མྱོང་ཕྱོགས་སྡོམ་ཧ་ཅང་གལ་ཆེ།
    སྤྱིར་ན་སློབ་གྲྭ་ཁག་ཏུ་སྙན་ངག་གྱེར་འདོན་བྱས་དང་བྱེད་ཀྱིན་པ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཁྱབ་རྒྱ་ཆེ་བའི་གྱེར་འདྲན་འདི་ཐོག་མ་ཡིན་པས། མ་འདང་ས་རེ་བྱུང་བ་ན་གཞི་རྩའི་ཆ་ནས་ཧ་ཅང་བསྔགས་འོས་པ་ཞིག་རེད།
    ༡༽རྗེས་མ་ནས་དམིགས་བསལ་གྱི་གོ་སྐབས་དེ་རིགས་དགོས་ངེས་ན། བུད་མེད་དང། སློབ་མ་ཞེས་ལོགས་སུ་ཕྱེ་དགོས།
    ༢༽དཔྱད་འདེམས་པ་དག་ལ་ཡང་ཆ་རྐྱེན་ཅི་ཞིག་ཚང་དགོས་པ་དང། སྐབས་ཐོག་གི་རྩ་དོན་གང་ཞིག་གནད་ལ་འཛིན་དགོས་པའི་གསལ་བཤད་ཡོད་དགོས།
    ༣༽མགོ་མཇུག་ཚང་མར་དུས་ཚོད་འདང་ངེས་ཤིག་སྤྲད་ནས་ལས་དོན་ལ་ནོར་འཛོལ་མི་འབྱུང་བའི་གྲ་སྒྲིག་འཐུས་ཚང་དགོས།
    དེ་དག་ཐེངས་འདིའི་ཉམས་མྱོང་ཕྱོགས་སྡོམ་ནང་གི་གལ་ཆེན་གསུམ་ཡིན་པར་འདོད།

  15. གངས་རིའི་བུ། says:
    2011-11-16 at 12:03 pm

    དྲ་འབུ་ཉོག་བཤད་མཁན་དག་གི་ཁ་ནང་ལ་འདི་རྒྱོབས།
    ཡིག་རྨོངས་ཀྱི་རྒྱ་ལས་ད་དུང་གྲོལ་ཐུབ་ཀྱིན་མེད་པའི་ཁྱེད་ཅག་གིས་གིས་སྙན་ངག་ལ་རོལ་མྱོང་བྱེད་ཐུབ་བམ། མི་ཤས་ཤེས་མདོགས་མ་བྱེད་རོགས། ཁྱེད་ཅག་གིས་དབྱེན་དཀྲུག་དང་སྤྱི་ཚོགས་དཀྲུགས་པ་ཙམ་ལས་དོན་དངོས་ཀྱི་གནས་ལུགས་ཟེར་བ་ཞིག་ཤཻས་ཀྱི་མ་རེད་ལ། ཤེས་ཀྱང་མི་སྲིད་དོ། རྒྱུ་མཚན་ཁྱེད་ཅག་ལ་འགན་ཁུར་དང་ཤེས་རབ་ཀྱི་ཆ་ཧ་ཅང་ཞན་པས་རེད། ཨ་ཅག་གཟུངས་ཕྱུག་སྐྱིད་ནི་མ་མཐའ་ཡང་ལོ་བཅོ་ལྔ་ཉི་ཤུ་ཙམ་ལ་སྙན་ངག་གིས་བཟི་ནས་ཡོང་མྱོང་མཁན་ཞིག་རེད། ཁྱེད་ཅག་ལས་མོས་སྙན་ངག་གྱེར་འདོན་མང་པོ་རིག་ཡོད་རྒྱུ་རེད་ལ།རོལ་མྱོང་ཡང་བྱེད་ཤཻས་རྒྱུ་རེད། མཐའ་དོན་སྙན་ངག་ལ་མི་དགའ་མཁན་གྱི་ཡིག་རྨོངས་པ་འདི་དག་གིས་སྐད་ཅོར་ལ་རྣ་བ་ཚ་གི

  16. ལྷ་ལྡན། says:
    2011-11-16 at 1:07 pm

    གླེང་རིན་མེད་པའི་སྐད་ཆ་འདིར་མཆན་བུ་འབྲི་འདོད་མེད་མོད། དྲ་གྲོགས་འགྱུར་མེད་ལགས་ལ་ཐུགས་གསོའི་མཚམས་འཕྲིན་ཞིག་མི་འབྲི་ཀ་མེད་བྱུང་སོང་།
    དེ་རིང་འགྱུར་མེད་ཀྱི་རྩོམ་ཐུང་འདིའི་བསྟན་དོན་གཙོ་བོ་དེ་དཔྱད་འདེམས་པས་ང་ལ་དྲང་མོ་བྱས་མ་སོང་མོད། ངས་དཔྱད་འདེམས་པར་ཁོང་ཁྲོ་ཟ་གི་མེད་ཟེར་བ་དེ་རེད། ད་ཁྱེད་ཀྱིས་མི་བཤད་ལབ་ཀྱང་བཤད་པ་རེད། འོ་ན་དཔྱད་འདེམས་པ་སུས་ཁྱེད་འཐོབ་འོས་པའི་སྐར་མ་དེ་སྤྲད་མ་སོང་། འོ་ན་ཁྱེད་ལ་སྐར་མ་ཅི་ཙམ་འཐོབ་ཀྱི་རེད། 25་རེད་དམ། ཁ་གསལ་ཙམ་གསུངས་རོགས། དགོང་མོ་དེར་ཁྱེད་ཀྱིས་སྙན་ངག་གྱེར་དུས་མི་མང་པོས་སྐད་བརྒྱབ་སོང་བ་བདེན་པ་རེད། ངའི་གམ་གྱི་མི་ཚོས་སྐད་མཁྲེགས་པོ་ཞེ་དྲག་འདུག གོ་གི་མི་འདུག་ལོ་ཟེར་ནས་སྐད་བརྒྱབ་སོང་། ད་དུང་མི་ཁ་ཤས་ཀྱིས་ཁྱེད་ཀྱི་ལད་ཟློས་བྱས་ནས་བསྟན་བཤིགས་སློང་གི་འདུག ངས་བལྟས་ན་ཁྱེད་རང་ང་རྒྱལ་ཚ་དྲགས་པ་དང་། སློབ་སྦྱོང་གི་ཆུ་ཚན་ཞན་དྲགས་པ། ད་དུང་རང་གི་ཤེས་ཚད་ལ་མི་ལྟོས་པར་དོན་དག་ཅི་ཞིག་གི་ནང་དུ་འང་འཚང་དགོས་པ་སོགས་ཀྱིས་རང་ཉིད་མི་སྐྱིད་པ་བཟོ་གི་འདུག དཔེར་ན་སྔར་སུ་ཇ་སློབ་གྲྭར་ཡོད་དུས་ཀྱང་རྩོམ་སྒྲིག་པ་བྱེད་མ་ཐུབ་པའི་སྡུག་ཡུས་མ་ཎི་བཞིན་བགྲངས། དེ་ནས་རྨོག་བསྟན་པའི་ཨབ་ཕྲུག་བྱས་ནས་མོན་གྷོ་ཌི་འུར་གྱིས་བཀང་། དེ་རྗེས་དུས་བབ་ཚང་ནས། ཁྱེད་གནས་གང་ལ་སོང་ཀྱང་རྙོག་དྲ་ཞིག་གིས་རྗེས་མི་གཏོང་བ་ཅི་ཞིག་ཡིན་པ་བསམ་བློ་གཏོང་ཨེ་མྱོང་། སྐུ་མཁྱེན་གླེང་རིན་མེད་པའི་ཟིན་བྲིས་དེ་བསུབ་རོགས་གནོང་། ཟིན་བྲིས་དེ་མཐོང་དུས་ངོ་ཚ་ནས་འབར་འགྲོ་གི་འདུག ཡིད་བཞིན་ནོར་བུ་དྲང་མོ་ཡིན།

  17. ལྷ་ལྡན། says:
    2011-11-16 at 1:10 pm

    ཆད་འདུག ཟམ་པ་རྩོམ་སྒྲིག་པ་

  18. ཆུ་ཉག་བསམ་གཏན། says:
    2011-11-16 at 2:12 pm

    ང་དགོང་མོ་དེར་འགྲོ་འདོད་ཆེན་པོ་ཡོད་ཀྱང་འགྲོ་ཐུབ་མ་སོང་། ལས་འགུལ་འདིར་ཐོག་མ་ནས་དགའ་མོས་དང་རྒྱབ་སྐྱོར་ཆ་ཚང་ཡོད། ལས་འགུལ་དེའི་ཐད་དུས་ཚོད་རྒྱུན་རིང་པོར་དཀའ་ལས་བརྒྱབས་པ་དང་འགྲོ་སོང་ཡང་ཆེན་པོ་བཏང་ཏེ། མཇུག་ཏུ་བསླེབས་སྐབས་རྙོག་དྲ་ཞིག་ཆགས་པ་དེར་བློ་ཕམ་ཆེན་པོ་ཡོད། དེ་ནི་ངས་ཐོག་མར་བཤད་འདོད་པའི་སྐད་ཆ་ཡིན། དེ་ནས་དགོང་མོ་དེའི་རྩོད་གླེང་སྐོར་ལ་ངས་དོན་ཚན་བཞི་རུ་དབྱེ་ནས་བཤད་རྒྱུ་ཡིན།
    (1) སྐར་གྲངས་སྤྲོད་ཕྱོགས་ཐད་གཟུངས་ཕྱུགས་སྐྱིད་ཟེར་བ་དེས་དྲང་མོ་མ་བྱས་པ་དེ་འདྲ་ཡོད་རྒྱུ་མ་རེད། གལ་སྲིད་ཡོད་ན་ཐབས་སྐྱོ་བོ་ཞེ་དྲག་རེད། ནམ་རྒྱུན་སྙན་ངག་ཐན་ཐུན་ཐོག་ལ་མགོ་འཁོར་སྡོད་མཁན་ཞིག་གིས་གཞན་ལ་གནོད་སེམས་འཆང་ན་དེ་ཡག་པོ་རྩ་བ་ནས་མ་རེད། སོ་སོར་ཤེས་ཚད་གང་ཡང་མེད་པ་དང་ལས་ཀ་ཅི་ཡང་མི་འཇོན་མཁན་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། འོད་དཀར་དྲ་ཚིགས་སྟེང་གསར་འགྱུར་རེ་ཟུང་སྤེལ་བ་དག་ལས་མོ་རང་གི་ཤེས་ཚད་མཐོང་ཐུབ་ཀྱི་འདུག་ལ། སྔོན་ཆད་རྡ་རམ་ས་ལའི་མདོ་སྨད་ས་གནས་རྒྱུན་ལས་ལ་བསྡད་པ་དང་། རིགས་གཅིག་རྐང་འཛིན་ལ་ཉམས་ཞིབ་བྱས་པ་གཉིས་ལས་འཇོན་ཐང་ཅི་ཙམ་ཡོད་པའང་རྟོགས་ཐུབ་ཀྱི་འདུག
    (2) གོ་ཐོས་སུ་དགོང་མོ་དེར་ཨ་རིག་འགྱུར་མེད་ཀྱིས་གྱེར་འདོན་བྱས་པའི་རྙན་ངག་གི་ནང་དོན་ལ་རིན་ཐང་ཞེ་དྲག་མི་འདུག་པས་མ་ཚད། གྱེར་འདོན་བྱེད་སྟངས་ཀྱང་གཏམ་བརྗོད་འདྲ་ཞིག་འཁྲབ་སྟེ་ཨུ་ཚུག་གིས་བཙིར་སོང་ཟེར་གྱི་འདུག གཅིག་བྱས་ན་མང་ཚོགས་ཚོར་རྣམ་འགྱུར་དེས་ཚོར་བ་ཞིག་བསླངས་ཡོད་སྲིད་ཀྱང་། སྙན་ངག་གྱེར་འདོན་དང་། གཏམ་བརྗོད་འཁྲབ་སྟོན་མཉམ་བསྲེས་བྱས་ན་དེ་ལ་སྙན་ངག་གི་དྲི་ཙམ་ཡང་མ་བྲོ་བ་རེད། གཉིས་ནས་ཨ་རིག་འགྱུར་མེད་ལ་བྱ་དགའ་མ་ཐོབ་པ་དེ་ཏག་ཏག་རེད་བསམ་གྱི་འདུག ཁོ་ནི་ཤེས་ཚད་དམའ་བོ་དང་མགོ་ཕངས་མཐོན་པོ་ཅན་ཞིག་ཡིན་པས་མ་ཚད། ཀུན་སྤྱོད་དང་བསམ་བློའི་ཕྱོགས་ནས་ཀྱང་སྤྲང་པོ་སྤྲང་སྐྱང་ཞིག་ཡིན་པས་སྤྱི་ཚོགས་ལ་ཤུགས་རྐྱེན་ཟློག་ཕྱོགས་ནས་འབྱུང་སྲིད་པ་རེད།
    (3) དགོང་མོ་དེར་སྐར་མ་སྤྲོད་ཕྱོགས་ཐོག་ལ་དྲང་བདེན་མ་བྱུང་བ་དེ་འདྲ་ཡོང་གི་མ་རེད་ལ། གལ་སྲིད་ཡོད་པའི་དབང་དུ་བྱས་ན་ཡང་དེ་ནི་གཟུངས་ཕྱུགས་སྐྱིད་ཀྱི་མགོ་ལ་གཡུག་ན་མི་འགྲིག་པར་ཨ་ལགས་ཤིང་གཟའ་ཚང་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན་སྔོན་ཆད་ས་གནས་ཁག་ཏུ་སྔོན་འགྲོའི་འགྲན་བསྡུར་འགྲོ་བཞིན་པའི་སྐབས་སུ། རིན་པོ་ཆེ་མཆོག་གིས་སྐར་མ་སྤྲོད་མཁན་རྣམས་ལ་བཀོད་བྱུས་འདྲ་མི་འདྲ་བཏང་ཡོད་པའི་སྐད་ཆ་མི་ཁ་ཤས་ཀྱི་ཁ་ནས་གོ་སོང་། ( ཞིབ་ཕྲ་བཤད་དགོས་ན་རེ་རེ་བཞིན་བཤད་རྒྱུ་ཡོད།) དེ་ཡག་པོ་ཁྱོན་ནས་མ་རེད། སྐར་མ་སྤྲོད་མཁན་དེ་ལ་རང་དབང་ཆ་ཚང་ཞིག་མེད་པར་གཞན་གྱི་བཀོད་བྱུས་འོག་ལ་འགྲོ་དགོས་པ་ཡིན་ན་དེ་དྲང་བདེན་ཞིག་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་ཡིན།
    མཇུག་ཏུ་བཤད་འདོད་པ་ཞིག་ནི། དགོང་མོ་དེར་སྐར་གྲངས་སྡོམ་སྟངས་ལ་ནོར་འཁྲུལ་ཤོར་ཏེ་ཨང་རིམ་སྤྲོད་ཕྱོགས་ཟ་ངེ་ཟིང་ཞིག་བྱུང་བ་དེ་གནས་ཚུལ་ཆེན་པོ་དེ་འདྲ་མ་རེད། ལྷག་པར་དུ་ཨང་དང་པོ་གཉིས་པར་ཟེགས་པ་དང་། གཉིས་པ་གསུམ་པར་ཟེགས་པ། གསུམ་པ་ཕྱི་ལོག་ཏུ་ཟེགས་པ་སོགས་རྙོག་དྲ་ཆེན་པོ་གང་ཡང་མ་རེད། ཨང་དང་པོར་མིང་འདོན་བྱས་པའི་ཀླུ་མོ་ཚོ་ཟེར་བ་དེར་ངོ་ཚ་ཅུང་བཟོས་ཡོད་ཀྱང་ཨང་གཉིས་པར་སླེབས་ཡོད་པས་གྱོང་རེག་ཡོད་པ་མ་རེད། ཨང་གསུམ་པ་ནས་ཕྱི་ལོག་ཏུ་ཟེགས་པའི་སློབ་ཕྲུག་ཁོར་ཡང་ངོ་ཚ་ཅུང་བཟོས་ཡོད་པར་དགོངས་སེལ་ཆེད་གོ་སྒྲིག་པ་ཚོས་ཧིན་སྒོར་ཉིས་ཁྲི་སྤྲད་པ་དེ་ཧ་ཅང་གཏོང་ཕོད་ཆེན་པོ་བྱས་པ་ཞིག་རེད།
    ཆུ་ཉག་བསམ་གཏན། 2011/11/15

  19. གདོན། says:
    2011-11-16 at 2:51 pm

    ཆུ་ཉག་བསམ་གཏན་ཟེར་བ་འདིས་སྐད་ཆ་མདོ་མེད་ཅིག་བཤད་ཡོད་པ་ནི་ཤིང་བཟའ་ཚང་གིས་དཔྱད་འདེམས་པ་དག་བཀོད་བྱུས་ཡོད་པ་རེད་ཟེར་བ་འདི་རེད། སྐད་ཆ་དེ་ཏག་ཏག་ཅིག་ཨེ་ཡིན་ན་བསམ་བྱུང་། མ་གཞི་དེ་ནི་སྔོན་ཆད་དཔྱད་འདེམས་པར་བདམས་པའི་མི་སྣ་དག་ལ་དྲིས་ན་ཤེས་སླ་བསམ་གྱིན་འདུག

    ས་གནས་ཁག་རེ་འགའི་དཔྱད་འདེམས་པ་མང་ཤོས་ཤིག་ང་ལ་རྒྱུས་ཡོད་ཡོད་མཁན་ཏག་ཏག་ཡིན། ང་ཚོས་སྐད་ཆ་མང་པོ་བགྲོས་མྱོང་ཡོད། ལྷག་པར་དུ་སྐབས་དེའི་དཔྱད་འདེམས་བྱེད་སྟངས་ཀྱི་ཐད་ནས་མང་པོ་བགྲོས་མྱོང་ཡོད་མོད། ཁོང་ཚོའི་ཁ་ནས་ཤིང་བཟའ་ཚང་གིས་ཁོང་ཚོར་བཀོད་བྱུས་བྱས་སོང་ཟེར་བའི་ཚིག་ཟུར་ཙམ་ཡང་གོ་མྱོང་མེད། དེ་འདྲ་སོང་ཙང་། སྐད་ཆ་མདོ་མེད་ཁུངས་མེད་དེ་འདྲ་མ་བཤད་ན་ཡག་གི་རེད་བསམ།

  20. ཕོ་ཉ། says:
    2011-11-16 at 4:46 pm

    ཨ་ལ་ལ་ལ་་་་་་་་་་་་་་་་་་་་སྙན་ངག་གྱེར་འདོན་མཁན་ཞིག་ཕུལ་དུ་བྱུང་བའི་ཤེས་ཡོན་པ་ཞིག་ཡིན་པས་ཨེ་ཁྱབ། མི་ཤེས་ཤེས་མདོག་བྱེད་པའི་དཔྱད་འདེམས་མ་ཞིག་གིས་བྱ་ངན་སྦྱོད་ངན་མི་འཁྲབ་པའི་ངེས་བ་འེ་ཡོད།

  21. དཀོན་མཆོག་ཚེ་རིང་། says:
    2011-11-16 at 5:21 pm

    ཆུ་ཉག་བསམ་གཏན་ལགས། སྐད་ཆ་གསལ་བོ་གསུངས་དང་། ( ཞིབ་ཕྲ་བཤད་དགོས་ན་རེ་རེ་བཞིན་བཤད་རྒྱུ་ཡོད།) ཅེས་ཟེར་མ་སྡད་པར་རེ་རེ་བཞིན་གསལ་བོ་གསུངས་དང་། ངས་རང་གིས་ཀྱང་དེ་འདྲ་མང་བོ་ཞིག་ཐོས་སོང་། གཙོ་བོ་ས་གནས་ཁག་གི་གོ་སྒྲིག་པ་ཚོར་དཀའ་རྙོག་བཟོ་གི་འདུག་ཟེར། ཐེངས་འདིའི་གྲུབ་འབྲས་གཙོ་བོ་ནི་ས་གནས་ཁག་གི་གོ་སྒྲིག་བརྒྱུད་ནས་ཡོང་བའི་འབྲས་བུ་རེད། ལྷག་པར་དུ་མོན་གྷོ་ཊིའི་ས་གནས་ཀྱི་གོ་སྒྲིག་གིས་ཐེངས་འདིའི་འགྲན་ཚོགས་ཡོངས་རྗོགས་ལ་ལམ་སྲོལ་གཏོད་ཅིང་མིག་ཕྱེ་བ་རེད་ཟེར། ཡིན་ན་ཡང་རྟིང་རྩོད་ནང་ས་གནས་དེའི་མི་གཅིག་ཀྱང་ཡོད་ཚོད་མི་འདུག ག་རེ་བྱས་པ་ཡིན་ན། ངོ་མས་གསང་བ་ཞིག་ཡོད་ཐག་ཆོད་རེད།
    གོ་ཚོད་ལ། བླ་མ་ཤིང་བཟའ་ཚང་ཟེར་བ་དེ་རྡ་སའི་ཆབ་སྲིད་པའམ་གཡོ་ཅན་ཚོའི་གཤིས་ཀ་འགོས་་ཡོད་པ་ཁོང་ངོ་ཤེས་མཁན་ཞིག་ཡིན་ཚེ་ཚང་མས་ཤེས་ཀྱི་ཟེར། ད་ཐེངས་ཀྱི་འདིའི་མགོ་མཇུག་བར་གསུམ་ནས་ཀྱང་ཁོང་གིས་ཀུན་སློང་དེ་འདྲ་ཞིག་ཁྱེར་ནས་འདུར་རྒྱུགས་བྱས་ཡོད་པ་རེད། གཅིག་བྱས་ན་ཀུན་སྤྱོད་འདི་ཁོང་འཚར་ལོངས་བྱུང་སའི་གནས་དང་འབྲེལ་ཆེ་བ་ཡང་མངོན་གསལ་རེད། དེ་བས་ན་ཁོང་དང་མཉམ་ལས་བྱས་པའི་མི་རྣམས་རེ་རེ་བཞིན་ཁོང་ལ་ཞེན་པ་ལོག་འགྲོ་གི་ཡོད་ས་རེད་ལ། མཐའ་མའི་ལས་དོན་ཡང་རྙོག་དྲ་དེ་འདྲ་ཞིག་གིས་མཇུག་བསྡུ་དགོས་བྱུང་བ་རེད། ད་དུང་མ་ཤེས་པ་མ་གཏོགས་ས་གནས་འགྲན་བསྡུར་ཁྲོད་ནས་ཀྱང་དེ་འདྲ་བྱུང་རབས་ཤིག་གོ་རྒྱུ་འདུག གང་ལྟར་བླ་མ་ཞིག་ཡིན་པའི་ངོས་ནས། རྗེས་ཕྱོགས་ཀུན་སློང་འཁྱེར་སྟངས་འདིའི་རིགས་ལ་བཅོས་བསྒྱུར་བྱེད་གལ་ཆེ།

  22. དཀོན་མཆོག་ཚེ་རིང་། says:
    2011-11-16 at 5:21 pm

    ད་དུང་གོ་ཚོད་ལ། ས་གནས་གང་ཞིག་ནས་ཁོ་ཚོ་གོ་སྒྲིག་པ་ཚོའི་བར་ལ་རྙེག་དྲ་མང་བོ་བྱུང་བ་རེད་ཟེར། ད་བྱས་དུས་ཁོ་ཚོས་ཕྱི་གསལ་ནང་གསལ་ཡིན་ཟེར་བ་མ་གཏོགས། དོན་ངོ་མར་ཁོ་ཚོས་གསང་བ་མང་བོ་ཞིག་རིམ་བཞིན་ལས་ཀ་བྱེད་ཀྱི་ཡོད་ས་རེད། རིག་གནས་ཀྱི་ལས་ཀ་འདི་འདྲ་ལ་དེ་འདྲ་བའི་དོན་དག་བྱུང་ན་ཡག་པོ་མི་འདུག་པས། རྗེས་མ་ཞིག་ཡོད་མེད་མི་ཤེས་མོད། གང་ལྟར་གཟབ་གཟབ་བྱེད་རྒྱུ་གལ་ཆེ།

  23. དཀོན་མཆོག་ཚེ་རིང་། says:
    2011-11-16 at 5:26 pm

    གཅིག་བྱས་ན་ཐོག་མའི་ཨང་རིམ་བསྒྲགས་པ་དེ་སྐར་གྲངས་སྡོམ་ནོར་ཤོར་བ་མ་ཡིན་པར་དོན་དངོས་དེ་ཡིན་ས་རེད། དེ་ནས་གོ་སྒྲིག་འགན་འཛིན་གྱི་བློ་ལ་མ་བབ་པར་སྡོམ་གྲངས་ནོར་སོང་ཞེས་བཤད་པ་འདྲ། མི་གཞི་ཐོག་ནས་བཤད་ན་དེ་འདྲ་ཞིག་ལོས་ཡིན་འདོད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme