Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡང་དག་པར་བརྗོད་པ་ཞེས་བྱ་བའི་མདོའི་གཏམ་གྱི་རྣམ་གྲངས།

Posted on 2011-10-122011-10-12 By ཁ་བརྡ་ 1 Comment on བོད་ཡང་དག་པར་བརྗོད་པ་ཞེས་བྱ་བའི་མདོའི་གཏམ་གྱི་རྣམ་གྲངས།

e8b5b7e8ab8be6b182
(རྒྱལ་གཅེས་དཔའ་བོ་དག་གི་འདས་མཆོད་དུ་ཕུལ་བ།)
རྫ་ཚེ་རིང་བཀྲ་ཤིས།

མགོ་བརྗོད།
—ལོ་ཆུང་རྣམས་ཀྱིས་བློ་ལ་ངེས་ངེས་སུ་སྐྱོར་ཅིག
གཞོན་པ་རྣམས་ཀྱིས་མྱིད་པ་བརྣངས་བརྣངས་སུ་སྒྲོགས་ཤིག
རྒན་པོ་རྣམས་ཀྱིས་མཆི་མ་ཐོན་ཐོན་དུ་ཀློགས་ཤིག
ཉིན་མཚན་དུས་དྲུག་ཀུན་ཏུ་སེམས་ཐོག་ཏུ་ལོངས་ཤིག
༄༅།། གཉན་ཆེན་པོ་ཐང་ལྷ་ཡར་ལྷ་ལ་ཕུད་རབ་ཀྱིས་མཆོད་དོ། །ཁ་མགོན་དང་སྡོངས་གྲོགས་མཛོད་ཅིག
སྙིང་ཉེ་ལགས། ངའི་མིང་ལ་གཡག་རོག་ཞོལ་ཆེན་ཟེར་ཞིང་། ང་ནི་ལྟོ་བའི་འགྲམ་གཡས་གཡོན་གཉིས་ལ་རྩིད་པ་རིང་པོ་སྐྱེས་ཡོད་པའི་མཐོ་སྒང་གི་སྲོག་ཆགས་ཤིག་ཡིན། མི་ཚོས་ང་ལ་ད་དུང་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཡོད་པའི་ངོས་འཛིན་བྱས་ཡོད། སྐབས་འགར་ངའི་མིང་ལ་བོད་ཅེས་ཀྱང་ཟེར། འོན་ཀྱང་ད་ལྟ་ང་ལ་རྩྭ་ས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་དེ་ངེས་མེད་ཀྱི་ལུང་པར་ལྡོམ་ནས་འགྲོ་སྐབས་ངའི་མིང་ལ་གཡག་འཁྱར་ཟེར་གྱི་འདུག བདེན་པ་རེད། ད་ལྟ་ང་གཡག་འཁྱར་རང་ཞིག་ཡིན། གང་ལྟར་ང་དེ་རིང་ཁྱེད་དང་མཇལ་བར་དགའ་ཚོར་ཞེ་དྲག་བྱུང་། གོ་སྐབས་འདི་སྤྱད་ནས་ངས་ཁྱེད་ལ་ང་རང་ངོ་སྤྲོད་ཅིག་བྱེད་བསམ་གི ཁྱེད་ཀྱིས་དུས་ཚོད་ཏོག་ཙམ་གནང་ནས་ངའི་སྐད་ཆ་འདི་ཆ་ཚང་ཞིག་གསན་རོགས། མ་མཐའ་ཡང་ངའི་སེམས་ནང་ནས་བཏོན་པའི་ཚོར་བ་འདིའི་ལྗིད་ཁོག་ལ་གཟིགས་ནས་ངང་རྒྱུད་རིང་ཙམ་གནང་རོགས། ཁྱེད་ཀྱིས་ང་ལ་དུས་ཚོད་སྤྲད་པར་ཐུགས་རྗེ་ཆེ་ཞུ་ཆོག་པར་མ་ཟད། ང་ལ་དུང་སེམས་མཉམ་སྐྱེད་གནང་བ་ཞིག་ཏུ་ཡང་རྩི་ཆོག
དེ་ཡང་བོད་ནི་འཛམ་གླིང་གི་རི་བོ་ཇོ་མོ་གླང་མའི་གནས་ཡུལ་རེད། བོད་ནི་ཀ་ཁ་ག་ང་ཞེས་པའི་ཡི་གེ་འདི་བསླབས་ནས་གཙུག་ལག་སྦྱོང་མཁན་ཞིག་རེད། བོད་ནི་ཆུང་ཆུང་ནས་ཨོྂ་མ་ཎི་པདྨེ་ཧཱུྂ་ཞེས་པའི་སྔགས་འདི་འདོན་མཁན་རེད། བོད་ནི་གཞན་ལ་གུས་ཞབས་དང་བཅས་བཀྲ་ཤིས་བདེ་ལེགས་ཞེས་པའི་ཤིས་ཚིག་འདིས་འཚམས་འདྲི་ཞུ་མཁན་རེད། བོད་ནི་༸གོང་ས་ཏཱ་ལའི་བླ་མའི་ལུང་པ་རེད། བོད་ནི་གངས་རི་དང་གངས་སེང་རང་ཉིད་ཀྱི་མཚོན་རྟགས་སུ་རྩི་མཁན་ཞིག་རེད། བོད་ནི་ཆུ་བོ་སྐལ་ལྡན་ཤིང་རྟ་སོགས་ཨེ་ཤ་ཡའི་གཙང་པོ་གྲགས་ཅན་རྣམས་ཀྱི་འབྱུང་ཁུངས་རེད། བོད་ནི་འཛམ་གླིང་ཐོག་གི་ཆེས་ཐ་མའི་དྭངས་གཙང་གི་ཞིང་ཁམས་ཞེས་འབོད་ས་དེ་རེད། བོད་ནི་སྐད་གསེངས་མཐོན་པོས་གླུ་ལེན་རྒྱུར་གོམས་པའི་རང་བྱུང་དང་ཉི་མའི་ཐག་ཉེ་ཤོས་སུ་འཚོ་བའི་གྲོང་སྡེ་ཞིག་རེད། བོད་ནི་ངའི་གཅེས་པའི་ཕ་ཡུལ་རེད། འོན་ཀྱང་ད་ཆ་བོད་ནི་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་དབང་བསྒྱུར་བྱས་ཡོད་པའི་དམིགས་བསལ་གྱི་ས་ཆ་ཞིག་རེད། རྣམ་པ་ཚོས་བོད་འདི་ངོ་ཤེས་ཀྱི་ཡོད་པའི་ཡིད་ཆེས་ཡོད། རྣམ་པ་ཚོས་ངའི་བོད་ལ་སྙིང་ཉེ་པོ་གནང་གིན་ཡོད་པའི་ཡིད་ཆེས་ཡོད།
བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཞིག་རེད། ལོ་ངོ་གཅིག་སྟོང་གི་སྔུན་དེར་རྒྱ་ནག་དང་བོད་ཀྱི་རྒྱལ་པོ་གཉིས་སྟོབས་ཤུགས་འདྲ་མཉམ་གྱིས་གཡུལ་འཐབ་རྒྱུན་རིང་པོ་ཞིག་གི་མཐར་ཞི་བའི་གྲོས་མོལ་བྱས་ནས། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་ཆིངས་ཡིག་ལ་མིང་རྟགས་བཀོད་པའི་རྡོ་རིང་ད་ལྟ་ད་རུང་རྒྱ་ཡིག་བོད་ཡིག་གཉིས་ཀྱི་ཐོག་བྲིས་ནས་ལྷ་སར་ཡོད་པ་རེད།
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བོད་ལ་དེང་རབས་ཀྱི་རྒྱལ་ཁབ་ཀྱི་འགྲོ་སྟངས་དང་མཐུན་པའི་རྒྱལ་དར་ཡོད་ཅིང་། སྦྲགས་རྟགས་དང་སྒོར་མོ་སོགས་ཡོངས་རྫོགས་བོད་རང་གིས་བཟོས་པ་སྤྱོད་ཀྱིན་ཡོད། བོད་རང་གི་དམག་མི་ཡོད་པ་དང་། དམག་དོན་གྱི་དབང་ཆ་དང་ཕྱི་འབྲེལ་གྱི་དབང་ཆ་སོགས་ཀྱང་བོད་རང་ལ་ཡོད།
མ་ཟད་འཛམ་གླིང་གི་ལོ་རྒྱུས་ཀྱི་ས་ཁྲ་རྙིང་པ་མིང་པོར་བོད་ནི་རྒྱ་ནག་ལས་ལོགས་སུ་ཕྱེས་ཡོད། ཤར་ལྷོ་བྱང་གསུམ་མཐའ་མཚམས་འགའ་རེའི་ས་མཚམས་ཆུ་མཚམས་ལ་སྐབས་རེར་དུས་དང་ཆབ་སྲིད་ཀྱི་འགྱུར་འགྲོས་ལྟར་འཕོ་འགྱུར་བྱུང་ཞིང་། ཆབ་འབངས་དག་ཀྱང་གཞན་གྱི་དབང་ཤུགས་འོག་བསྡད་པ་བྱུང་ཡོད་ཀྱང་། ད་བར་བསམ་བློའི་བོད་ཀྱི་གཅིག་གྱུར་གྱི་འདུ་ཤེས་དེ་ཧ་ཅང་གཏིང་ཟབ་ངང་གནས་ཡོད། འོན་ཀྱང་བོད་དེ་སྤྱི་ལོ་༡༩༥༡ནས་རྒྱ་མིས་བཙན་བཟུང་བྱས་པ་རེད། ལོ་མང་པོ་ཞིག་ནས་༸རྒྱལ་བ་རིན་པོ་ཆེས་རྒྱ་ནག་དང་ཞི་བའི་མཉམ་གནས་ཡོང་རྒྱུའི་ཐུགས་རེ་གནང་ན་ཡང་རྒྱ་ནག་གི་སྲིད་ཇུས་ཡ་ང་སྙིང་རྗེ་མེད་པར་སྡུག་ཏུ་བཏང་ནས་མཐར་༡༩༥༩ལོར་རྒྱལ་བ་རིན་པོ་ཆེའི་དབུས་པའི་བོད་པ་ཁྲི་ཚོ་མང་པོ་སྐྱབས་བཅོལ་དུ་ཡོང་དགོས་ཐུག་ཡོད།
དེ་རྗེས་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གནས་རྩ་བརླག་ཏུ་བཏང་བ་དང་། མི་མང་པོ་དམར་གསོད་བཏང་བ་དེ་ཆ་མཉམ་བྱས་ན་ཉུང་མཐར་ཡང་བོད་པའི་དུད་ཚང་རེ་ནས་མི་རེ་དམར་གསོད་དང་མུ་གེ་མནར་གཅོད་བཅས་གང་རུང་གིས་གྲོངས་ཡོད། དེ་ནི་ལྔ་བཅུ་ང་གྲངས་ནས་༡༩༧༧བར་གྱི་གནས་ཚུལ་རེད།
དེ་རྗེས་རྒྱ་ནག་གི་སྲིད་ཇུས་སྤྱིའི་ཆ་ནས་ཡག་ཏུ་ཕྱིན་ན་ཡང་། བོད་ཀྱི་རྩ་དོན་ཐད་སྔར་བཞིན་གདུག་རྩུབ་ཆེན་པོ་ཡིན།
དཔེར་ན། ད་ལོའི་ཟླ་བ་དང་པོའི་ནང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྙན་ཐོའི་ནང་༢༠༡༠ལོ་ཁོ་ནར་ཡང་རྒྱ་མིས་བོད་པ་༡༨༨ཙམ་ལ་ཆབ་སྲིད་ཀྱི་ཉེས་པ་བཀལ་ནས་འཛིན་བཟུང་བྱས་ཡོད་པ་འཁོད་ཡོད། ཏན་ཏན་བྱས་ནས་དེའི་ཚད་ནི་མ་རེད། གང་རེད་ཟེར་ན་འདིའི་སྐོར་ལ་རྒྱ་ནག་གིས་གསང་བ་ཆེན་པོ་བྱེད་ཀྱི་ཡོད་རེད།
༡༩༨༩དང་༢༠༠༨སོགས་ལ་གཞི་རྒྱ་ཆེ་བའི་ཞི་བའི་ཡར་ལངས་སྐབས་བོད་པ་ཅི་ཙམ་བསད་པ་དང་ཅི་ཙམ་བཟུང་བ། ཅི་ཙམ་ད་དུང་ཡང་བཙོན་ཁང་དུ་ཡོད་པ་བཅས་ལ་འཛམ་བུ་གླིང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད།
འོན་ཀྱང་བོད་ནང་གི་བོད་པ་དག་གི་ཉིན་རེའི་གནས་སྟངས་དེ་བསྔངས་སྐྲག་དང་སྡུག་བསྔལ་གྱི་ངང་དུ་ཡོད་མུས་ཡིན།
བོད་ཀྱི་མི་གྲངས་ཀྱིས་རྒྱ་ནག་གི་མི་གྲངས་ཀྱི་བརྒྱ་ཆ་གཅིག་ཀྱང་ཟིན་གྱི་མེད་ན་ཡང་། བོད་ཀྱི་ས་ཁུལ་དེ་རྒྱ་ནག་གི་ད་ལྟའི་མངའ་ཁོངས་ཀྱི་བརྒྱ་ཆ་སུམ་བཅུར་ཉེ་བ་ཟིན་ཡོད། འོན་ཀྱང་ད་ལྟ་བོད་ཀྱི་འབྲོག་པའི་ས་ཆ་ཡོངས་རྫོགས་རྒྱ་གཞུང་གིས་བཙན་གྱིས་བསྒྱུར་བཅོས་གཏོང་གིན་ཡོད་པ་དང་། འབྲོག་པ་མང་པོ་རང་གིས་གཞི་རྒྱ་ཆེ་ལ་ཚེ་སྲོག་ལྟར་གཅེས་པའི་མཐའ་ཡས་པའི་རྩྭ་ཐང་དང་ཁ་འབྲལ་དགོས་ཀྱི་ཡོད།
དེ་བཞིན་ལྷ་ས་སོགས་ཀྱི་དགོན་པ་མང་པོ་ཞིག་ནི་འགྲེམས་སྟོན་ཁང་ནང་བཞིན་ཆགས་ནས་མི་མང་གིས་དད་གུས་མཆོད་འབུལ་དང་། ལྟད་མོ་བས་བརྙན་དཔར་ལེན་ས་ཙམ་ལས་ནང་ན་ནང་ཆོས་ཉམས་ལེན་དང་ཐོས་བསམ་བྱེད་པའི་གྲྭ་བཙུན་ཉུང་ཉུང་ཞིག་ལས་སྡོད་ཆོག་གི་མེད།
ད་དུང་བོད་པ་བརྒྱ་ཆ་དགུ་བཅུ་གོ་དགུས་རྒྱལ་བ་རིན་པོ་ཆེ་ནི་རང་གི་ཕ་མ་ལས་ཀྱང་གལ་ཆེ་བའི་རྩ་བའི་བླ་མར་བརྩི་གིན་ཡོད་ན་ཡང་སྲིད་གཞུང་གིས་དེ་ལ་བཙན་ཤེད་ཀྱིས་དགག་པ་རྒྱག་ཏུ་འཇུག་གིན་ཡོད། དགག་པ་རྒྱག་མི་འདོད་པ་ཁ་ཤས་ཀྱིས་རང་སྲོག་བཅད་ཡོད་ལ། ཁ་ཤས་འུ་ཐུག་ནས་ས་མཐར་འཁྱམས་ཀྱིན་ཡོད། འདིའི་ནང་ལ་རྒྱ་ནག་དབུས་སྲིད་གཞུང་གིས་གོ་གནས་ཆེན་པོ་བྱིན་པའི་བླ་སྤྲུལ་ཡང་ཡོད། ཁོང་ཚོས་གོ་གནས་མཐོན་པོ་དང་རྒྱ་ནག་གི་དངུལ་ཕོག་འབོལ་ཆེན་བློས་བཏང་ནས་རང་ཉིད་ཀྱི་རྩ་བའི་བླ་མ་བདམས་ཡོད།
བོད་ཀྱི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེས་རྒྱ་ནག་ལ་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ལམ་ཞིག་གི་ཐོག་ནས་གྲོས་མོལ་བྱ་འདོད་ཡོད་ཅེས་གསུངས་ནས་བོད་ཀྱི་གནད་དོན་དེ་ཞི་འཇམ་ལྡན་པའི་ངང་ནས་ཐག་གཅོད་ཡོང་རེ་གནང་ཡོད་ན་ཡང་། རྒྱ་ནག་གིས་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཡིན་སྙམ་པའི་ང་རྒྱལ་གྱིས་ང་ཚོའི་ཕྱོགས་ནས་བདེན་པ་དྲང་མོ་དང་གཉོམ་ཆུང་ཚུལ་མཐུན་གྱི་སྐད་ཆ་ག་འདྲ་ཞིག་བཤད་ཀྱང་ཡ་ལན་བྱེད་ཀྱི་མེད། ཁོང་ཚོའི་གཞུང་གིས་ག་དུས་ཡིན་ན་ཡང་གསར་འགྱུར་རྫུན་མ་བཟོས་ཏེ་རྒྱ་ནག་མི་མང་མགོ་སྐོར་བཏང་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད།
ང་ཚོ་བོད་པ་སྐྱབས་བཅོལ་བ་དེ་ད་ལྟ་བཙན་བྱོལ་གྱི་གཞུང་ཞིག་ཚུགས་ནས་མི་ལོ་ལྔ་བཅུ་ལྷག་འགྲོ་གིན་ཡོད་ལ། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ནི་༸གོང་ས་ཏཱ་ལའི་བླ་མ་རེད། བོད་གཞི་བྱེས་གཉིས་ཀྱིས་༸རྒྱལ་བ་རིན་པོ་ཆེ་གང་དུ་ཡོད་སའི་གཞུང་དེ་བོད་ཀྱི་སྲིད་གཞུང་དངོས་དེ་ཡིན་པའི་ངོས་འཛིན་དང་ཡིད་ཆེས་བྱེད་བཞིན་ཡོད།
འོན་ཀྱང་ད་ལྟ་གཞུང་གི་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་མི་མང་གིས་ཐད་ཁར་འདེམས་ཀྱི་ཡོད་ལ་དེ་ནི་མ་འོངས་པར་ང་ཚོ་བོད་ལ་ལོག་ཐུབ་པ་བྱུང་མཚམས་སོ་སོས་མང་གཙོ་ཚད་ལྡན་ཞིག་ལག་ལེན་ཡོང་བའི་ཆེད་དུ་ད་ལྟ་ནས་ཁ་ཕྱོགས་དེ་ལ་བསྐྱོད་ཟིན་ཡོད། ང་ཚོའི་མང་གཙོའི་གོ་རྟོགས་དང་ལག་ལེན་ལ་མི་ལོ་ལྔ་བཅུའི་སྦྱོང་བརྡར་ཡོད་པས་ད་ཆ་རྩ་བ་ལེགས་པོ་ཞིག་ཚུགས་ཟིན་ཡོད།
ད་ལོ་མི་མང་གིས་ཐད་ཁར་འོས་འདེམས་བྱས་པའི་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་དངོས་གཞིའི་འདེམས་སྐོ་དེ་ཟླ་བ་གསུམ་པར་བྱས་ཡོད། བོད་ནང་ན་ཡོད་པའི་བོད་པ་ལས་གཞན་པའི་འཛམ་བུ་གླིང་གི་ས་ཁུལ་དང་རྒྱལ་ཁབ་དག་གི་བོད་པ་རྣམས་མཉམ་ཞུགས་གནང་བར་མ་ཟད། བོད་ནང་གི་བོད་པ་ཚོས་ཀྱང་ལས་དོན་འདིར་དོ་སྣང་ཆེན་པོ་བྱས་ཡོད། འོན་ཀྱང་ཁོང་ཚོར་རང་དབང་ཡོད་པ་མ་རེད།
བོད་ཀྱིས་འཛམ་གླིང་ལ་ངོམ་རུང་བའི་བྱས་རྗེས་གཅིག་ནི་སངས་རྒྱས་ཆོས་ལུགས་ཀྱི་རིག་གཞུང་འདི་སྤུས་དག་པོ་དང་ཆ་ཚང་ཤོས་ཤིག་རྒྱུན་འཛིན་ཐུབ་ཡོད་པ་དེ་རེད། འོན་ཀྱང་ད་ཆ་ཆོས་དང་རིག་གཞུང་མི་རིགས་གསུམ་ཀའི་སྲོག་རྩ་བོད་ཀྱི་སྐད་ཡིག་ལ་རྒྱ་གཞུང་གིས་དམའ་འབེབས་བྱེད་བཞིན་ཡོད།
བོད་ནང་གི་བོད་པ་ཚོས་རང་གི་སེམས་ཀྱི་ཚོར་བ་ཐད་ཀར་བཤད་ས་མ་རག་སྟབས་གླུ་དང་སྙན་ངག་གི་ལམ་ནས་སེམས་ཀྱི་ཚོར་བ་བརྗོད་ཀྱིན་ཡོད། འོན་ཀྱང་ད་ལྟ་དེ་ཡང་རྒྱ་མིས་ཤེས་ནས་སྔོན་ཡིན་ན་གྲྭ་པ་མང་པོ་བཟུང་བ་ལྟར་ཉིས་སྟོང་བརྒྱད་ནས་ད་བར་མི་སྐྱ་ཤེས་ཡོན་པ་དང་གླུ་པ་སྒྱུ་རྩལ་བ་སོགས་མང་པོ་བཟུང་ཡོད།
བོད་ནང་ལ་ཡར་རྒྱས་སོང་ཡོད་པ་བདེན་པ་རེད། འོན་ཀྱང་དེ་བོད་ནང་གི་ཐོན་ཁུངས་དང་གཏེར་ཁ་རྒྱ་ནག་ཏུ་ཁྱེར་བའི་རིན་པ་དང་བསྡུར་ན་ལྡབ་མང་པོས་དམའ་བ་རེད།
ཁྱད་པར་བོད་ནང་གི་འཛུགས་སྐྲུན་མང་པོ་ཞིག་རྒྱ་མི་བོད་ལ་གནས་སྤོ་བྱས་པ་རྣམས་ལ་སྟབས་བདེ་ཡོང་ཆེད་དང་དམག་མིའི་ཆེད་དུ་རེད་ཅེས་འཛམ་བུ་གླིང་གིས་ཤོད་ཀྱིན་ཡོད་རེད། ད་ལྟ་བོད་ལ་རྒྱ་མི་མང་དུ་འགྲོ་བཞིན་ཡོད་པས་བོད་ཀྱི་རྒྱལ་ས་ལྷ་སར་ཡང་བོད་ལུགས་ཀྱི་ཁང་པ་ཁ་ཤས་ཡོད་པ་དང་གཙུག་ལག་ཁང་གི་སྒོ་འགྲམ་དུ་མཆོད་འཇལ་བ་དང་སྐོར་བ་བྱེད་མཁན་གྱི་བོད་པ་མཐོང་རྒྱུ་ཡོད་པ་ལས་གྲོང་ཁྱེར་དངོས་ནི་རྒྱ་མིའི་གྲོང་ཁྱེར་ལྟ་བུར་ཆགས་ཟིན་འདུག་ཟེར་ནས་ཕྱི་རྒྱལ་ཡུལ་བསྐོར་བ་བོད་ནང་ཕྱིན་པ་མང་པོས་བཤད་ཀྱིན་ཡོད་པ་དང་།
བོད་པ་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་ཡོད་རེད།
བོད་ཀྱི་ཕྱི་ལོགས་ན་ཡོད་པའི་བོད་པ་དག་ལ་རྒྱལ་ཁབ་མེད་པའི་དཀའ་ངལ་ཆེན་པོ་ཡོད། བཀའ་དྲིན་ཅན་གྱི་རྒྱལ་ཁབ་རྒྱ་གར་ནི་ང་ཚོའི་དྲིན་ཆེ་བའི་གནས་ཚང་ཨང་དང་པོ་རེད། དེ་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་ད་བར་རོགས་པ་མང་པོ་བྱས་པ་རེད། ད་ཆ་ཨ་རི་དང་ཡོ་རོབ་ལུང་པར་གཞིས་ཆགས་བཞིན་པའི་བོད་པ་ཇེ་མང་ཡིན། འོན་ཀྱང་ང་ཚོ་ཁ་འཐོར་ཡོད་སྟབས་རང་གི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཐུན་མིན་གྱི་ངོ་རྟགས་རྒྱུན་འཛིན་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། འདི་ལ་སྤྱི་ལོ་༡༩༥༩ལོ་ཏཱ་ལའི་བླ་མ་མཆོག་དང་བོད་པ་མང་པོ་རྒྱ་གར་ལ་འབྱོར་མ་ཐག་འདིའི་ཐད་བོད་པའི་ཕྲུ་གུ་རྣམས་ལ་རྒྱ་གར་དབུས་གཞུང་གིས་ལོགས་སུ་སློབ་གྲྭ་བཙུགས་ཡོད། དེ་ནི་༸ཏཱ་ལའི་བླ་མ་མཆོག་གི་ཕུགས་རྒྱང་རིང་པའི་དགོངས་བཞེད་དང་རྒྱ་གར་གྱི་སྲིད་བློན་འདས་པོ་ནེའུ་རུས་དམིགས་བསལ་བསམ་ཤེས་གནང་བ་གཉིས་ཀྱི་འབྲས་བུ་རེད།
ངའི་རེ་བར་ད་ཆ་ཡོ་རབ་དང་ཨ་རི་སོགས་ཀྱི་གཞུང་གིས་ཀྱང་དེ་དང་འདྲ་བར་ང་ཚོ་བོད་པ་ཚོར་ཐུན་མོང་གི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་སའི་ལྟེ་གནས་དང་བོད་པ་རྣམས་མཉམ་འཛོམས་ཀྱི་འཚོ་བ་སྐྱེལ་སའི་ཁོར་ཡུག་རེ་རོགས་པ་གནང་ན་བསམ་གྱི་འདུག དེ་ནི་ངོ་མ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། མ་གཞི་བོད་ཀྱི་ངོ་རྟགས་དང་རིག་གཞུང་ནི་འཛམ་བུ་གླིང་ལ་ཡང་གལ་ཆེ་བ་ཞིག་རེད།
ད་ཆ་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོན་པོར་ཕེབས་ཟིན་ཀྱང་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་བོད་ཀྱི་རྩ་དོན་བཅས་ཀྱི་རྒྱུན་འཛིན་གྱི་ལས་འགན་དེ་བོད་ཀྱི་གཞོན་སྐྱེས་ཚོས་རྒྱུན་འཐུད་རྒྱུའི་ཐུགས་རེ་གནང་གི་ཡོད་ལ། ང་ཚོ་ཚང་མས་ཀྱང་། ནམ་ཞིག་རང་གི་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་མཐོང་ཐུབ་པའི་རེ་བ་བརྒྱབ་ཡོད། མང་པོ་ཞིག་གིས་ད་དུང་། ང་ཡང་བསྐྱར་མི་ལུས་ལེན་པའི་དུས། ཕ་ཡུལ་བོད་ལ་སྐྱེ་བར་ཤོག ཅེས་གདངས་གཉོམ་པོས་གླུ་ཆུང་ལེན་ཅིང་མཆི་མ་ཁྲུམ་ཁྲུམ་དུ་གཏོང་གིན་ཡོད།
མ་ཟད་ང་ཚོས་ག་དུས་ཡིན་ན་ཡང་། མི་རེ་ངོ་རེ་ལ་ལས་འགན་ཡོད་རེད་བསམ་གྱི་ཡོད་རེད་ལ་ང་ཡང་དེའི་ནང་གི་གཅིག་རེད། ངོ་མ་བོད་ནང་གིས་སྤུན་ཟླ་ཚོས་ཕྱི་ལོགས་ཀྱི་བོད་མི་ཚོར་རེ་བ་ཆེན་པོ་བཅོལ་ཡོད་པ་དེ་བསམ་བློ་ལ་འཁོར་ན་མིག་ཆུ་ཤོར་དགོས་པ་ཞིག་ཡོད། ཉེ་ཆར་ཡང་བོད་ཤར་ཕྱོགས་རྔ་བ་དང་། རྟའུ་སོགས་ནས་གཅིག་རྗེས་གཉིས་མཐུད་དུ་སྐུ་ལུས་ཀྱི་སྡོང་བུ་མེ་རུ་སྒྲོན་ནས་རང་དབང་གི་འཇིག་རྟེན་དུ་སྐྱོད་པའི་ལམ་སྣ་འཁྲིད་བཞིན་པའི་དཔའ་བོ་དག་གིས་གནམ་ས་ཡོངས་སུ་གཡོ་བའི་ཆོ་འཕྲུལ་སྟོན་གྱིན་ཡོད། འདི་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་གི་ཉིན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་གནོང་འགྱོད་མེད་པའི་ཚེ་སྲོག་གི་དབལ་འབར་དབྱིངས་སུ་སྦར་ཏེ་ཞི་བའི་དང་རང་དབང་གི་བདེན་ཚིག་གི་བསྒྲགས་གཏམ་ཡོངས་ཁྱབ་ཏུ་སྤེལ་བ་ནས་ད་བར་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་རླབས་ཆེའི་ཚེ་སྲོག་གི་མཆོད་མེ་དེ་དག་གི་འོད་སྣང་མཚོ་བཞི་གླིང་ལྔ་ཡོངས་སུ་ཁྱབ་ཡོད་པར་མ་ཟ ད། ངས་རྩོམ་ཡིག་འདི་མཇུག་དྲིལ་ལ་ཉེ་བའི་ཆུ་ཚོད་བརྒྱ་མ་ཟིན་ཙམ་གྱི་ཁོངས་འདིར་ཡང་བོད་ཤར་ཕྱོགས་རྔ་བའི་ཡུལ་གྱི་ལྟེ་བའི་གྲོང་ཁྱེར་འབར་ཁམས་ཀྱི་སྨན་ཁང་ཞིག་ཏུ། རང་ལུས་མེ་རུ་སྒྲོན་མཁན་གྱི་དཔའ་བོ་གཞོན་ནུ་ཞིག་གིས་༼ངས་འདི་ལྟར་རང་སྲོག་བོད་དོན་ཆེད་གཏོང་ཐུབ་པ་དེས་རང་ཉིད་འདོད་པ་ཁེངས་པ་བྱུང་ཡོད་ཅིང་། འགྱོད་པ་རྩ་བ་ནས་མེད་༽ཅེས་པའི་རླབས་ཆེ་བའི་ཞལ་ཆེམས་འདི་མི་ཡུལ་དུ་བཞག་ནས་འཇིག་རྟེན་འདིར་ཞལ་གྱེས་ཡོད་དེ། ཁོང་གི་མཚན་ལ་མཁའ་དབྱིངས་ཞེས་འབོད་ཅིང་། ཁོང་ནི་རང་ལོ་བཅོ་བརྒྱད་ལ་སོན་ཙམ་གྱི་གཞོན་ནུ་ཞིག་རེད་འདུག
མདོར་ན་ཁོང་དག་གི་རླབས་ཆེ་བའི་མཛད་པ་དེ་དག་ནི་བསམ་པའི་ཡུལ་ལས་འདས་པར་གྱུར། སྣང་ཚུལ་འདི་དང་དོན་དངོས་འདི། ཚོར་བ་འདི་དང་སྐྱོ་གདུང་འདི་དག་ཇི་བཞིན་བརྗོད་པའི་ནུས་པ་བདག་ལ་གཏན་ནས་མེད། འོན་ཀྱང་སྙིང་ནས་དྲན་ཅིང་བཅོས་མིན་གྱི་གུས་འདུད་ཞུ་བཞིན་ཡོད། ནམ་ཞིག་ཁྱེད་རྣམ་པའི་པའི་བླ་མ་མེད་པའི་གཟི་བརྗིད་དང་ཚེ་སྲོག་གི་སྣང་གིས་ས་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་གསལ་བར་ངེས། ངས་ཁྱེད་ཀྱི་དད་མོས་དང་ཡིད་ཆེས་དེར་གུས་ཡིད་ཆེས་ཞུ་བཞིན་ཡོད།
དེས་ན་ང་ཚོའི་ངོས་ནས་ཀྱང་མ་འོངས་པར་བོད་གཞི་ལུས་སྤུན་ཟླ་རྣམས་ཀྱི་རེ་བཅོལ་དང་༸གོང་ས་ཏཱ་ལའི་བླ་མའི་ཐུགས་རེ་ལྟར་བོད་ལ་ཕན་པའི་ལས་དོན་གང་འགྲུབ་ཅིག་བྱེད་དགོས་སྙམ་པའི་དམ་བཅའ་བཞག་ཡོད། བོད་རྒྱལ་ལོ། །

སྣ་ཚོགས།

Post navigation

Previous Post: རང་ལུས་བཞུ་འབུལ་གྱི་ངོ་རྒོལ་མཚམས་འཇོག་བྱེད་པར་སྐུལ་མ་གནོངས་རོགས།
Next Post: བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ།

Comment (1) on “བོད་ཡང་དག་པར་བརྗོད་པ་ཞེས་བྱ་བའི་མདོའི་གཏམ་གྱི་རྣམ་གྲངས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-10-12 at 7:18 pm

    རང་གཞན་ཀུན་ལ་སེམས་ལ་བསྐུལ་ལྕག་འབྱུང་བ་ཞིག་བྲིས་མཛད་པ་བཀླགས། བོད་རིག་གཞུང་ལ་ཕན་པའི་ཞབས་ཞུ་གཞན་བྱེད་མ་ཐུབ་ན་ཡང་། བོད་ཀྱི་རིག་གཞུང་མཐུན་རྐྱེན་ལ་དམིགས་ བོད་ཀྱི་སྤྱིའི་སྐད་དེ་སྦྱང་དང་སྦྱོང་བཞིན་པ་དང་སློབ་འཁྲིད་བྱེད་བཞིན་པ་ལགས། གཞན་ལ་ཡང་དེ་བཞིན་མཛད་གྲོགས་ཞེས་ཞུའོ། །
    གཤམ་གསལ་ཚིག་གཉིས་ལ་དཔྱད་པ་ཞུ་དགོས་པར་མཐོང་། ལ་དྭགས་གཤམ་ཕྱོགས་སུ་ཡང་། འདི་ལ་འདུ། ཞེས་སོགས་སྨྲ་བ་འདུག དེ་བཞིན་དུ། སྔོན་ཞེས་པར་སྔུན་ཞེས་གཞན་དུ་ཡང་མཐོང་། དཔེར་ན། སྔུན་བསུས་ཏེ། ཞེས་པ་དེ་སྔོན་བསུས་ཏེ། ཞེས་ཡིན་ནམ་སྙམ། རྒྱལ་བ་རིན་པོ་ཆེའི་དབུས་པའི་ ཞེས་པར་རྒྱལ་བ་རིན་པོ་ཆེའི་དབུས་གཙོས་པའི་ཞེས་གསལ་ཀ་མ་བྱེད་ན། དབུས་པ་རྐྱང་རྐྱང་ལ་གོ་བའི་ཉེན་ཀ་་འབྱུང་བར་མངོན།

    ལོ་ངོ་གཅིག་སྟོང་གི་སྔུན་དེར་རྒྱ་ནག་དང་བོད་ཀྱི་རྒྱལ་པོ་གཉིས་སྟོབས་ཤུགས་འདྲ་མཉམ་གྱིས
    ༡༩༥༩ལོར་རྒྱལ་བ་རིན་པོ་ཆེའི་དབུས་པའི་བོད་པ་ཁྲི་ཚོ་མང་པོ་སྐྱབས་བཅོལ་དུ་ཡོང་དགོས་ཐུག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme