Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་རམ་ས་ལའི་ཆབ་སྲིད་གྲོག་མ།

Posted on 2011-09-172011-09-17 By ཁ་བརྡ་ 32 Comments on རྡ་རམ་ས་ལའི་ཆབ་སྲིད་གྲོག་མ།

231124_2025795172788_1481283093_32344177_5764982_n
ཕོ་རོག་དཀར་པོས།
༡༽
ཆར་ཞོད་བབས་ཀྱང་རུང་། རླུང་འཚུབ་གཡུགས་ཀྱང་རུང་། རྡ་སའི་ཆབ་སྲིད་གྲོག་མ་ནི། རྡ་སའི་སྲང་བར་ན་རྒྱུག་ཅིང་འདུར་བའི་ངང་བྲེལ་བྲེལ་འཚབ་འཚུབ་ཏུ་འདུག རིན་གོང་ཆུང་བའི་ལག་འཛིན་ཁ་པར་རྣ་རྩར་གླན་བཞིན་དབྱིན་བོད་སྦྲགས་མའི་སྐད་ཆ་ཞིག་བཤད་ཀྱིན་བཤད་ཀྱིན་ཆར་གདུགས་ཀྱི་འདབས་ནས་ཟགས་བཞིན་པའི་ཆར་ཐིགས་རེ་རེས་རང་གི་རྐང་སྣེ་རློན་བཞིན་དུ་རྡ་སའི་ཁྲོམ་སྲང་བཙན་གྱིས་འཕྲེད་ལ་གཤགས་ནས་འགྲོ་སོང་། ད་དཀོན་མཆོག་མཁྱེན། ཡང་གང་ཞིག་ན་ཅི་ཞིག་འཚོགས་ཀིན་ཡོད་པ་ཡིན་ནམ། ཡང་གང་ཞིག་གི་ཆེད་དུ་ཅི་ཞིག་གི་ཆབ་སྲིད་འཁྲབ་རྒྱུ་ཡིན་ནམ།
༢༽
ཨོ་་་་་་འདི་ལྟར་བཤད་དགོས་སྙམ། རྡ་སའི་རི་གྲོང་ཆུང་ཆུང་ནི་ཆབ་སྲིད་གྲོག་མའི་འཁྲབ་སྟེགས་ཡིན་ཞིང་། གཡོ་སྒྱུའི་རང་བསྟོད་ཁྱབ་བསྒྲགས་ཀྱི་ལས་འགུལ་ནི་ཆབ་སྲིད་གྲོག་མའི་འཁྲབ་གཞུང་རེད། གྲོག་མ་ནི་གྲོག་མ་རང་ཡིན་ཡང་། གྲོག་མ་ཡིན་པར་མ་ཟད་གཡོ་ཐབས་སྣ་མང་ལ་མཁས་འཇོན་གོམས་གསུམ་ལྡན་པའི་ཆབ་སྲིད་གྲོག་མ་ནི། ས་གནས་ཆུང་ཆུང་འདིའི་འཁྲབ་སྟོན་པ་ངོ་མ་ཞིག་ཡིན། ད་དུང་ང་དང་ཁྱོད། མགོ་སེར་དང་མགོ་ནག་སོགས་ཤར་ནུབ་ཀྱི་ཕྱོགས་བཅུ་ནས་དུས་གསུམ་དུ་ཕེབས་ཡོང་བ་ཡོད་ཚད་ཀྱིས་ཆབ་སྲིད་གྲོག་མའི་འཁྲབ་སྟོན་རེ་མཐོང་མ་མྱོང་མཁན་མེད་ཟེར་ནས་བཤད་ཆོག་པར་སྙམ།
གང་ལྟར་འཁྲབ་སྟེགས་འདི་དང་འཁྲབ་གཞུང་། འཁྲབ་མཁན་འདི་གསུམ་ནི་ཆབ་སྲིད་གྲོག་མའི་ཚོང་ཁང་དང་ཚོང་ལས། ཚོང་པ་གསུམ་ཡིན་པས་ནམ་ཞིག་ཆབ་སྲིད་གྲོག་མ་འདི་དག་དང་ཁ་བྲལ་སོང་ན། ཆབ་སྲིད་གྲོག་མ་ནི་ཐལ་རྡུལ་ཁྲོད་ཀྱི་གྲོག་མ་ངོ་མ་རུ་འགྱུར་འགྲོ་ངེས་ཡིན།
༣༽
ཆབ་སྲིད་ནི་ཆབ་སྲིད་རང་ཡིན་ཞིང་། གྲོག་མ་ཡང་གྲོག་མ་རང་ཡིན་ན་ཡང་། ཆབ་སྲིད་གྲོག་མ་ལ་ཐིམ་ཞིང་གྲོག་མས་ཆབ་སྲིད་ཀྱི་འཕག་འཚག་འདི་ལྟར་བརྒྱབས་དུས། ངོ་མ་ཆབ་སྲིད་དང་གྲོག་མ་ཕན་ཚུན་འདྲེས་ཤིང་གྲོག་མ་དང་ཆབ་སྲིད་ངོ་བོ་དབྱེར་མེད་དུ་གྱུར། ཚི་དྲེག་གིས་ཁེབས་པའི་རྒྱབ་ཁུག་ནག་རིལ་རྒྱབ་ལ་ཁུར་ནས་རྐང་མགོའི་བསིལ་ལྷམ་རྙིང་པ་གཉིས་གཅིག་ལས་གཅིག་མགྱོགས་ལ་འགྲན་རྩོད་ལྟ་བུའི་ངང་ཆབ་སྲིད་གྲོག་མ་ཡང་དྲག་ཆར་ནང་རྒྱུག་ཡོང་གིན་འདུག འཚོགས་ཁང་གང་ཞིག་ན། གཏམ་གླེང་ཅི་ཞིག་གི་ཆེད་དུ་ཡིན་ནམ། ཡང་ན་ཁྱིམ་མཚེས་རྒྱ་གར་གྱི་སྤོ་བོ་རྨོ་མོ་སོགས་ལ་ཆབ་སྲིད་ཀྱི་བྱིས་སྒྲུང་རེ་བཤད་པར རྒྱུགས་པ་ལོས་ཡིན་སྙམ། འཕགས་མཆོག་སྤྱན་རས་གཟིགས་མཁྱེན། ཡང་རན་སོང་། དོན་དངོས་མི་ཤེས་པའི་གླེན་པ་སྐོར་ཞིག་ལ་དོན་དངོས་མིན་པའི་གནས་ཚུལ་རྫུན་མ་རེ་ངར་ཤུགས་ཆེན་པོ་དང་སྐད་ཤུགས་དྲག་པོས་ཁྱབ་བསྒྲགས་བྱ་རན་སོང་།
༤༽
ཆབ་སྲིད་གྲོག་མས་ནམ་རྒྱུན་གྱོན་ཆས་གང་ངན་ངན་དང་། གདོང་མདོག་དང་རྣམ་འགྱུར་གང་སྐྱོ་སྐྱོ་སྟོན་པ་འདི་ཡང་ཆབ་སྲིད་ཡིན་ཞིང་། རང་གི་མི་རིགས་དང་རིག་གཞུང་གི་སྐོར་ནས་གཏམ་བཤད་བྱེད་སྐབས་མགྲིན་པ་བརྣངས་ཁུལ་དང་སྐད་ངག་འདར་ཁུལ་བྱེད་པའང་ཆབ་སྲིད་ལོས་ཡིན། ད་དུང་ཆབ་སྲིད་གྲོག་མའི་ཐར་ཐོར་གྱི་ཁ་སྤུ་ཚོའི་རྩེ་མོ་ན་ཡང་ཆབ་སྲིད་ཀྱི་གཡོ་ཇུས་ཀྱི་ངུ་དགོད དང་འུ་ཐུག ལྐོག་ཇུས་སྣ་ཚོགས་ཀྱིས་ཨག་སྐད་ལྷང་ལྷང་འདོན་ཁུལ་བྱེད་བཞིན་ཡོད། འདི་ལྟར་འདི་དག་ཞིབ་ཏུ་བསམ་ཞིང་གཞིགས་ན། ཆབ་སྲིད་གྲོག་མའི་མགོ་སྐྲ་རྩེ་ནས་རྐང་བའི་མཛུབ་རྩེ་བར་ཆབ་སྲིད་ཀྱི་གཡོ་ཇུས་སྐྱུར་མོས་འབར་བཞིན་ཡོད་ཅིང་། ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རང་དོན་སྒྲུབ་པའི་འཕག་འཚག་སྣ་ཚོགས་ཤིག་གཞན་དོན་དང་སྤྱི་དོན་ཡིན་ཁུལ་ངང་ཆབ་སྲིད་འཁྲབ་བཞིན་ཡོད། ངོ་མ། སྙིང་མ་རྗེ། ཆབ་སྲིད་གྲོག་མའི་གཡོ་ཇུས་ཀྱི་ཆབ་སྲིད་འཁྲབ་སྟོན་དག་ཆབ་སྲིད་དུ་མཐོང་མི་ཐུབ་པའི་ཞ་ར་དང་འོན་པ། གླེན་ལྐུགས་ཚོས་ད་དུང་་་་་ད་དུང་འདི་ནས་འདི་ལྟར་ཆབ་སྲིད་གྲོག་མ་ལ་བསྟོད་པ་རེ་བྱེད་ཀྱིན་ཆབ་སྲིད་གྲོག་མ་ནི། གྲོག་མ་ཞིག་མིན་པར་བྱས་རྗེས་ཅན་གྱི་རླབས་ཆེན་མི་སྣ་ཕྱོགས་སྟོན་པ་དང་སྣེ་ཁྲིད་པ་ཞིག་ཏུ་བརྩི་བཀུར་བྱེད་བཞིན་འདུག
༥༽
དེ་རིང་ཡང་བོད་དང་བོད་པའི་ཡོད་ཚད་ལ་ཆ་རྒྱུས་གང་ཡང་མེད་པའི་ཤར་ནུབ་ཀྱི་ཡུལ་སྐོར་པ་སྐོར་ཞིག་གི་ཁྲོད་ན། ཆབ་སྲིད་གྲོག་མ་མེ་འབར་འབར་དང་ཆུ་འཕྱུར་འཕྱུར་བྱེད་ཀྱིན་འདུག མཚམས་རེར་ངས་བསམ་ན། རྡ་སའི་ཆབ་སྲིད་གྲོག་མས་འཁྲབ་བཞིན་པའི་ཆབ་སྲིད་ནི། ཆབ་སྲིད་གྲོག་མ་ཁོ་རང་གི་མི་གཞི་དང་ཚོན་མདོག་ལྟ་བུའི་ཧ་ཅང་གི་ཐེབས་ཆག་སྐྱོ་བོ་ཞིག་ཡིན་པར་འདོད། སྐབས་འཚོལ་ངང་གནས་ཚུལ་རྫུན་མ་རེ་བསྒྲགས་ནས་དུས་རྒྱུན་རང་གི་མི་རིགས་དང་ལོ་རྒྱུས་ནང་ངོ་ཚ་བ་དང་བློ་ཕམ་དགོས་པའི་ལེའུ་རེ་འཁྲབ་བཞིན་རང་ཉིད་རང་གིས་རྡོ་རིང་ཆག་རོ་ཞིག་གི་ངོས་སུ་འབྲི་ཨེ་ཐུབ་ལ་འབད་བཞིན་པ་འདི་རེད་སྙམ།
༦༽
གང་ན་མི་ཚོགས་ཀྱི་འཚངས་ཀ་ཆེ་ན་དེ་རུ་ཆབ་སྲིད་གྲོག་མ་ཡོད་ཅིང་། གང་ལ་མི་རིགས་དང་རིག་གཞུང་གི་བགྲོ་གླེང་ཡོད་ན་དེ་རུ་ཆབ་སྲིད་གྲོག་མ་གྲག་གིན་ཡོད། ཆབ་སྲིད་ལ་ཁ་ཕྱོགས་མེད་པའི་རྡ་སའི་རི་གྲོང་ན་སྐབས་འཚོལ་གྱི་རྒྱལ་དར་ལག་ཏུ་འཕྱར་ནས་ཨག་སྐད་སྣ་ཚོགས་སྒྲོག་པའི་ཆབ་སྲིད་གྲོག་མ་ནི། ནམ་ཡང་ཁོམ་མེད་བྲེལ་བའི་ངང་ཆབ་སྲིད་ཀྱིས་འབར་བཞིན་ཡོད། གླེན་ལྐུགས་ཚོའི་མགོ་ཐོག་ན་འབར་བཞིན་ཡོད་ཅིང་། སྐུ་དྲག་དང་སྐུ་ངོ་ཚོའི་རྐང་འོག་ན་ཉམ་ཐག་ཐག་དང་འཛུམ་དམུལ་དམུལ་ངང་རྒྱུག་གིན་ཡོད་པ་རེད། ངོ་མ་དེ་ལྟར་རེད་འདུག་གོ། །། ༢༠༡༡ ༩ ༡༧

རྩོམ་རིག

Post navigation

Previous Post: རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་།
Next Post: རྡ་རམ་ས་ལའི་ཆབ་སྲིད་གྲོག་མ།

Comments (32) on “རྡ་རམ་ས་ལའི་ཆབ་སྲིད་གྲོག་མ།”

  1. འཇིགས་མེད་གོ་ཆ། says:
    2011-09-18 at 12:58 am

    ཕོ་རོག་དཀར་བོ་ཁྱེད་སྙན་ངག་པ་ཡིན་དྲག་ནས་ཡིན་ས་རེད། ངས་མི་གོ་གི་གོ ཆ་ཚང་གློག་ཡང་། ཆབ་སྲིད་པ་ཡོད་ཚད་རྫིན་མ་རེད་ཟེརབ་བ་གཅིག་པོ་ལས་གང་ཡང་མ་གོ་ཐ། དེ་ལས་གཞན་དོན་ཡོད་དམ།

  2. ཨ་ཁུ་སྟོན་པ། says:
    2011-09-18 at 1:14 am

    ཕོ་རོག་དཀར་པོ་རང་ཉིད་ལ་འཇོན་ཐང་གང་ཡང་མེད་པའི་གཞན་ལ་བཤད་རྒྱུ་མང་པོ་དེ་མཚམས་འཇོགས་བྱེད་ན་དགའ་ཡོང༌། རང་ལ་ཤེས་འཇོན་གཉིས་ཀ་ཡོད་ན་སྤྱི་ཚོགས་ནང་དངོས་སུ་དོན་ནས་བཤད་རོགས། དེ་མིན་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་གང་བྱུང་སྤྱི་ཚོགས་ནང་མ་སྤེལ་རོགས། ང་རང་ཚོ་ཚང་མ་ལས་ཀ་བྱེད་ཀྱིན་བྱེད་ཀྱིན་ཡར་རྒྱས་འགྲོ་ནས་བོད་རང་དབང་རང་བཙན་དེ་སླར་གསོ་བྱེད་དགོས། བོད་མི་ནང་ཁུང་ལ་ཁ་ཞེ་དྲག་མ་བཏང་ན་དགའ། རྒྱ་ནག་གུ་དྲན་ཚོགས་པ་ཚོ་ང་ཚོའི་ལས་ཀ་བྱེད་ཕྱོགས་ལ་བལྟད་ནས་བསྡད་ཡོད། བཤད་རྒྱུ་གང་ཡོད་པ་ཡིན་ཀྱང་དངོས་སུ་ཐད་ཀར་བརྗོད་ནས་འགག་པ་སོགས་གང་རྒྱབ་རྒྱུ་ཡོད་ན་གང་ཡག་ཡིན། བོད་པའི་སྤྱི་ཚོགས་ནང་གཅིག་གི་གཅིག་ལ་ཡར་འདེགས་རྒྱུ་མེད་པའི་རྐང་པ་འཐེན་རྒྱུ་བྱུང་ན་གཅིག་གཅིག་གཉིས་གཉིས་ཡོང་གི་འདུག །དེའི་ཚབ་ཏུ་རྒྱ་ནག་གུང་འདྲེན་ཏང་བྱ་ཕྱོགས་ལ་འགག་པ་གང་མང་མང་རྒྱབ་རོགས་གནང༌། འདི་ཕོ་རོག་དཀར་པོ་མིང་མེད་ཁུངས་མེད་ཁྱེད་ལ་རེ་སྐུལ་ཡིན།
    བོད་རྒྱལ་ལོ། བོད་རང་བཙན་ཆེད་ལས་འགུལ་གང་མང་སྤེལ་རོགས། ཐུགས་རྗེ་ཆེ།།

  3. སྐྱུ་རྩི་ནས། says:
    2011-09-18 at 1:19 am

    དངོས་གནས་རེད། མིས་མགོ་སྐོར་ཡག་ཐག་གཅོད་བཏང་ཡང་ད་དུང་ལྕེ་སྣར་ནས་སྐུ་ངོ་ཞེས་བསྟོད་བཞིན་ཡོད།
    ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཁོ་ནས་ད་ལྟ་བར་དུ་འཚོ་བ་རེད། དེ་མིན་ལྟ་བཟོ་གང་འདུག

  4. yum says:
    2011-09-18 at 1:37 am

    ཕོ་རོག་དཀར་པོ་དངོས་གནས་ཐུགས་རྗེ་བཀའ་དྲིན་ཆེ། །

  5. རང་གྲོལ། says:
    2011-09-18 at 2:07 am

    སྐུ་དྲག་གི་རྒྱུད་པ་མིན་པའི་ཕལ་པའི་བཀའ་བློན་ཞིག་ལ་རེ་བ་བརྒྱབ་རྐྱང་། ད་ཆ་ཁོ་པ་རང་ཚུགས་མ་ཐུབ་པར་རྒྱ་རི་ཚང་གི་དབང་འོག་ཏུ་ཤོར་ཚར་འདུག ཨ་རོགས་ཚོ། ད་ཅི་འདྲ་རས། ལྟད་མོ་ལེའུ་དང་པོ་མགོ་ཚུགས་ཚར་སོང་། གསར་འབྱོར་དང་ཆོས་པ་ཚོ་ཕམ་སོང་། ད་དུང་ཡོད། ད་ལྟ་ལྟད་མོ་མགོ་བཙུགས་པ་ཙམ་ལས་འཁྲུགས་ཆ་དོད་པོ་གཞི་ནས་ཡོང་རྒྱུ་རེད། །

  6. ཤེས་རབ་འོད་སྣང་། says:
    2011-09-18 at 2:24 am

    ཕོ་རོག་དཀར་པོའི་རྩོམ་ལ་འགོ་ནས་འཇུག་བར་བཀླགས་ཡིན་ཀྱང་དམིགས་བསལ་གོ་བ་ཞིག་སྟེར་མ་སོང་། ད་ག་སེ་ཀླན་ཁ་འཚོལ་ཡག་གི་འཆལ་གཏམ་རང་རེད་འདུག། དེའི་ནང་འདི་གཅིག་པུ་གོ་རྒྱུ་ཞིག་འདུག་བསམ་བསམ་གཅིག་ཀྱང་མི་འདུག དགོངས་དག

  7. ཆུ་ཐིགས་སྔོན་མོ། says:
    2011-09-18 at 2:48 am

    ཧཧཧ་་་་ཡག་པོ་བྲིས་འདུག་་་་དེ་རིང་ཡང་གྲོག་པ་དེས་བསིལ་ལྷམ་ཟད་པོ་དེ་འདྲུད་བཞིན་འདྲུད་བཞིན་མགོ་སེར་འགར་ཆབ་སྲིད་ཀྱི་སྐྱོ་གར་ཞིག་འཁྲབ་ཀྱིན་འདུག་་་་་་གྲོག་ཕྲུག་དེས་སྐད་རིགས་གསུམ་ཤར་ཤར་བཤད་ཀྱི་འདུག་་་་གྲོག་མ་ངར་བ་ཞིག་རེད་ད

  8. བཙན་བྱོལ་བ་ says:
    2011-09-18 at 3:25 am

    དྷ་སའི་རི་གྲོང་ཆུང་ཆུང་གི་ནང་དུ། །
    ཡར་རྒྱུག་མར་རྒྱུག་གི་ཁྱུ་མཆོག་འདི་དག །
    ཆབ་སྲིད་འཁྲབ་སྟོན་ཆེད་དུ་ནི་མིན་པར། །
    དོན་དམ་བོད་ཀྱི་རྩ་དོན་གྱི་ཆེད་ཡིན། །

    ཆབ་སྲིད་གྲོག་མ་དོན་དམ་གཅིག་འཚོལ་ན། །
    ཀུན་སློང་ངན་པའི་གཡོ་བ་ལས་བྱུང་བའི།
    རང་དོན་སྤྱི་དོན་མཉམ་བསྲེས་ཀྱི་རྩོམ་བྲིས། །
    རྒྱུན་སྤེལ་ཆབ་སྲིད་དྲ་འབུ་ནི་ཁྱེད་ཀྱི་རིགས། །

  9. ཀ་དག་ཆོས་དབྱིངས། says:
    2011-09-18 at 4:27 am

    སྤྱིར་ན་གྲོག་མ་ཕལ་ཆེར་ཁ་དོག་ནག །
    འོན་ཀྱང་རྡ་སའི་གྲོག་མ་ཁ་དོག་དམར། །
    ལོང་བའི་མིག་འབུར་ལ་ཡང་ལྡང་བཙུམ་བྱེད། །
    བཀོར་ནག་ཕོར་ཆེན་ཁུར་ཅིང་སྟར་གྱིས་འགྲོ། །

  10. ཚ་ཕྲུག་རྒྱལ། says:
    2011-09-18 at 5:32 am

    ཕོ་རོག་ལགས། ཁྱོད་ཀྱིས་གསུངས་བབ་དེས་ཁྱེད་ཀྱང་ཉིད་ཀྱིས་བཤད་པའི་རྡ་སར་ཆབ་སྲིད་གྲོ་མའི་དཀྱིལ་འཁོར་དེ་ལས་གྲོལ་མེད་པར་གསལ་པོ་མཐོང་ཐུབ་ཀྱི་འདུག།

    གལ་སྲིད་དཀྱིལ་འཁོར་དེ་ལས་རྒལ་དགོས་ཚུལ་ཞིག་མཐོང་ཚེ་ཁྱེད་རང་ཉིད་ཀྱི་ངོས་ནས་འགྱུར་བ་ཞིག་གཏོང་ན་མི་ལེགས་སམ། ཧཧཧཧཧཧཧ་་་་་

  11. lobsang says:
    2011-09-18 at 7:07 am

    ཕོ་རོགས་དཀར་པོས་གསུངས་པ་ལ་མངོན་པར་བསྟོད་དོ།།
    དེང་སང་བཙན་བྱོལ་གྱི་ཆབ་སྲིད་པ་ཚོ་ནི་རང་གི་ཁེ་ཕན་དང་མཚན་གྲགས་ཁོ་ན་དོན་གཉེར་མཁན།སྤྱི་དོན་ལྷག་བསམ་ཅན་བརྒྱ་ཆ་གཅིག་གཉིས་ཙམ་ཡིན་པ་མགོ་བོ་བརྒྱན་ལ་འཛུགས་ཕོད་པ་ཅིག་ཡིན་པས།དེ་རིགས་ལ་སྐྱོན་བརྗོད་དང་མང་ཚོགས་ལ་ཉེན་བརྡ་སྤྲད་པ་འོས་འཚམས་ཤིག་ཡིན།དེ་ཚོ་བོད་མི་ཕན་ཚུན་ཕྲག་དོག་དང་རྐང་པ་འཐེན་རེས་ཀྱི་གནད་འགག་ཅིག་མིན།དེ་ཚོ་བཙན་བྱོལ་ཆབ་སྲིད་པ་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་དར་ཆ་དང་འབོད་སྒྲའི་འོག་བོད་ནང་གི་མི་ཚོའི་ཚེ་སྲོག་རྩེད་སྤྱད་བྱས་ཆོག་མིན་གྱི་གནད་འགག་ཅིག་ཡིན་པ་ངེས་པོ་བྱོས།

  12. བསྟན་འཛིན་ཤེས་རབ། says:
    2011-09-18 at 7:28 am

    རྡ་རམ་ས་ལའི་ཆབ་སྲིད་གྲོག་མ། ཧ་ཧ་ཧ་་་ ཁ་བྱང་འདི་མཐོང་བ་ཙམ་གྱིས་སེམས་ཤིག་ལ་ཤོར་ནས་ཡོང་གི། དེ་འདྲའི་ཁ་བྱང་འབྱོར་བོ། དེ་འདྲའི་ཁ་བྱང་མཉེན་མོ།

  13. བསྟན་འཛིན་ཤེས་རབ། says:
    2011-09-18 at 7:39 am

    དེ་འདྲའི་གནད་ལ་ཁེལ་བའི་རྩོམ་ཞིག དེ་འདྲའི་ཟབ་སར་བཟོས་པའི་རྩོམ་ཞིག འོན་ཀྱང་ཡིད་འཕངས་པ་ཞིག་ལ། རྩོམ་འདིའི་རྡོག་འོག་ཏུ་ཤོར་བའི་ལ་ཐོད་དམར་བོ་ཅན་གྱི་མི་དེས་ཕལ་ཆེར་མཐོང་རྒྱུ་མ་རེད། འོ་རེད། མཐོང་རུང་ཡི་གེ་ཤེས་ནི་མ་རེད། ཁྱེད་ཀྱིས་དབྱིན་ཡིག་ཐོག་ནས་བྲིས་ཡོད་ན་ད་ལྟ་རྒྱུ་ཡོད་ནི་རེད། འོ་བཤད་ཉན་ནི་མ་ར།

  14. ཚེ་འབར་ says:
    2011-09-18 at 8:53 am

    ཁྱེད་རང་ཡང་། དེའི་གྲལ་གྱི་གཅིག་ཡིན་པ། སྐུ་ཤོའི་གོན་པ་གྱོན་ནས་བུད་མེད་དང་བུད་མེད་རྣམས་ལ་ལག་ཇུས་དང་བསྟོད་འཐེན་ནས། སོང་དང་འགྲོ་བཞིན་པ་ཡིན་ན།
    ད་རུང་། ཁ་གཞན་ལ་འཁོར་ནས་ཅིག་བྲིས་ཡོད་མདོག་མདོག། ཅིག་ཤེས་ཡོད་མདོག་མདོག་གིས་རྣམ་འགྱུར་འདི་ཡང་ཆབ་སྲིད་འཁྲབ་སྟངས་ཤིག་ཡིན་པ་འདྲ། ད་ནས་བཟུང་། ཁ་རང་ལ་གཏོད་ན་མ་གཏོགས་པའི་ཁྱོད་ཀྱིས་བཤད་ཀྱིན་པ་ཆབ་སྲིད་འཁྲབ་སྟངས་ཀྱི་ཁུངས་སུ་ཁྱེད་རང་མི་འགྲོ་རང་འགྲོ་རེད། ངོ་མ་ཡིན།
    རྡ་སའི་ཆབ་སྲིད་སྐོར་ནས་གླེང་རྒྱུར་འདོད་ཡོད་ན། ཡུན་གྱིས་གླེང་ཆོག བལྟ་ཆོག བསམ་ཆོག སུས་སུ་ལ་ཐེར་འདོན་བྱེད། སུས་སུ་ལ་ཡིན་མདོག་བྱེད། ཕྱི་གསལ་ནང་གསལ་ཡིན་པ། དཔེར་ན། ཁྱེད་རང་གྲྭ་པ་ཞིག་མ་རེད་དམ། ཁྱེད་རང་གིས་ཁས་བླངས་པའི་སྡོམ་ཁྲིམས་མང་པོ་ཞིག་ཡོད་དེ། རྒྱབ་ཏུ་བསྐྱུར་ནས་འདུག་ས་དགོན་པ་མེད། བྲིས་ན་ཆགས་གཏམ་རྐྱང་རྐྱང་ཡིན་པ་སོགས་ནི། དེང་སང་གི་གྲྭ་པ་རྣམ་པའི་ཆབ་སྲིད་འཁྲབ་སྟངས་ཤིག་ཡིན་ནམ།

  15. རྒྱལ་རོང་མཁར་རྫོང་། says:
    2011-09-18 at 10:29 am

    ངོ་མ་སྙན་གང་ཡག་པོ་བྲིས་འདུག ནང་ཏོན་ཡང་འདྲ་བོ་འདྲ་བོ་རེད་ཤག་་་་་་་་་་་

  16. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-09-18 at 6:07 pm

    འཇིག་རྟེན་ན་ཀློག་མི་ཤེས་མཁན་གྱི་མིས་ད་གཟོད་བརྩམས་ཆོས་འཛད་འཇོག་ནི་རེད། ཧ་ཧ་ཧ་ཧ་ཧ་་་ ་་་། ཡང་འཛད་ཡོད་ཀི།

  17. གངས་སྦལ། says:
    2011-09-18 at 6:29 pm

    རེད། ཁོང་གིས་རང་གི་མི་ཚེའི་ལང་ཚོ་ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་གཟད་ཅིང་། བོད་མི་རིགས་ཀྱི་ཆེད་དུ་འཕངས་སེམས་མེད་པར་བཏང་ཡོད་པ་ཁྱེད་ཀྱིས་ཀྱང་ཤེས་ཡོད་ན་འདོད་ཀི། ཁོང་འབྱོར་ལྡན་ཅན་གྱི་རྒྱལ་ཁབ་མང་པོ་ནས་ཕྱིར་རྡ་སའི་རི་གྲོང་དུ་སླེབས་ཐེངས་རེ་རེར་ངས་ཁྱེད་དང་ཁྱེད་ལྟ་བུ་དག་གིས་འགྲན་གྱིས་དོ་ཟློ་ས་ཞིག་གཏན་ནས་མ་ཡིན་པ་ཤེས་ཡོད་ལ། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཁོ་ན་ཡིད་ལ་བཟུང་ནས་རང་གིས་ལྟོ་སྐྱ་གོས་ཧྲིལ་བྱས་ཏེ། རང་ལ་ཡོད་པ་ཚང་མ་ལས་འགུལ་དང་ལས་འགུལ་གྱི་ཆེད་དུ་བཏང་དང་གཏོང་བཞིན་པའི་ལག་ལེན་དེ་ཚོ་དངོས་གནས་རླབས་ཆེན་རེད། ཁོང་གིས་རང་ཉིད་ཀྱི་འགན་འཁྲི་ཁུར་བ་ནང་བཞིན་ཞིག་ཁྱེད་ཀྱིས་ཉི་མ་གཅིག་ལ་ཡང་ཧ་ཅང་ཁག་པོ་རེད་འདོད། དེ་ལྟར་བལྟས་ཡོང་དུས་ཁྱེད་གཉིས་ལ་ཁྱད་པར་ཞིག་ཡོད་པ་ནི།
    ཁྱེད་གྲྭ་པ་ཞིག་ཡིན་པ་དང། རྒྱུན་དུ་བུ་མོ་རྣམས་ལ་ཁ་ངན་སེམས་ངན་བཅིང་ནས་ཡོད་པར་མ་ཟད། དུས་ཚོད་ཡོད་ཚད་བུ་མོ་ཞིག་གིས་ཡིད་དབང་འཕྲོག་ཚུལ་ནས་མཐའ་མར་མི་སྐྱའི་འཚོ་བ་ལ་གདོང་གཏད་མ་ནུས་པར་མུ་མཐུད་གྲྭ་ཆས་གྱོན་ནས་གྲོང་ཉུལ་བཞིན་པ་དང། ལས་ཀ་ཡག་པོའི་རིགས་སུ་གཏོགས་པའི་རྩོམ་ཡིག་རེ་སྤེལ་བ་ཡང་མང་ཆེ་བ་ཁ་སྩོག་ཅིག་ཡིན་པ་དང། ལོ་མང་པོའི་རང་རྩོམ་ཡིག་བྲིས་ནས་རྩོམ་པ་པོ་ཡིན་པར་རློམས་ཀྱང་། ནོར་གླེང་རྩོམ་སྒྲིག་སྡེ་ཚན་དུ་རྒྱུགས་སྤྲོད་སྐབས་དགོས་ངེས་ཀྱི་སྐར་མ་མ་ལོན་པར་ལས་བྱེད་དུ་ཚུད་མེད་པ་དང། ད་དུང་སྒུག་ཐོའི་ནང་བསྡད་ནས་རེ་བ་རེ་བཅིང་བཞིན་ཡོད་པ་ཡིན།
    ཁོང་ནི་ནམ་རྒྱུན་བོད་དོན་གྱི་ལས་འགུལ་ཞིག་གིས་བྲེལ་བྲེལ་དུ་ཡོད་པ་དང། ཕྱི་ནང་གི་རྒྱལ་ཁབ་མང་པོར་སོང་ནས་དང། མི་རིགས་མང་པོར་འགྲོགས་ནས་ལོ་མང་པོའི་གོང་རང་ཉིད་ཀྱིས་དངོས་སུ་མཐོང་ཞིང་མྱངས་པའི་བོད་ནང་གནས་ཚུལ་རྣམས་དང་རྒྱའི་བཙོན་འོག་གི་གནས་སྟངས་སོགས་ནས་དེ་རིང་གི་བར་གྱི་བོད་གནས་མང་པོ་ཞིག་རེ་རེ་བཞིན་དུ་སྐད་དང་ཡི་གེ་གཞན་ཞིག་གིས་ངོ་སྤྲོད་བྱེད་བཞིན་ཡོད་པ་འདི་རེད། དེས་ན་ངས་ནི་ཁྱེད་དང་ཁྱེད་ལྟ་བུ་དག་ལ་རྡ་རམ་ས་ལའི་གྲྭ་པ་གྲོག་མ་ཞེས་པའི་མིང་གིས་བསྙད་ན་འོས་ཤིང་འཚམ་པར་མཐོང་གི་ཡོད་ལགས།

  18. ཚེ་འབར་ says:
    2011-09-18 at 6:35 pm

    ཐེ་བོ་ཤེས་རབ་རྒྱ་མཚོ་ཟེར་བ་འདི་ཡང་།
    དེའི་གྲས་ཀྱི་ཡིན་པ་འདྲ།
    ཆེན་པོ་ཆེན་པོ་ཞིག་བཤད་ནས།
    འཇོན་རྒྱུ་ཅི་ཡང་མེད།
    ནམ་རྒྱུན་བཤད་ཤེས་པ་ཆོག་གི་མ་རེད།
    རང་གི་གནས་སྟངས་ལ་བལྟ་དགོས་ཀི་རེད།
    དེང་སང་གྲྭ་པ་ཁ་ཤས་ཀྱིས་ཅིག་མདོག་མདོག་ཡོད་ཚད་ལ་སྡོམ་བརྒྱབས་ན། འགྲིགས་ཀི་མ་རེད།
    རང་རང་ལ་འགྲོ་ཕྱོགས་རེ་དང་ལངས་ཕྱོགས་རེ་ཡོད་པ་རེད།
    ཁྱེད་རང་ཚོ་ཡིན་ན། ཁྱེད་རང་ཚོ་འགྲོ་སྟངས་ཤིག་ཡོད་པ་མ་བརྗེད་ཅིག
    སྤྱི་ཚོགས་ལ་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་ཡོད་པ་རེད།
    དེའི་གནད་ཤེས་སོང་ན།
    རང་གཞན་རོགས་གསུམ་སོགས་ཚང་མ་བདེ་འཇགས་ཡིན་པ་ལས། རང་མཐོང་རང་གིས་བཞག་པ་ཙམ་གྱིས་འགྲིགས་རྒྱུ་མ་ཡོད་པ་མ་རེད།

  19. ཆུ་ཐིགས་སྔོན་མོ། says:
    2011-09-19 at 2:57 am

    ཨོ་ལེ་་་་ཐེ་བོ་ཤེས་རབ་ཟེར་བ་དེ་ཏག་ཏག་འདི་འདྲ་ཞིག་རེད་་་་ངོ་མ་སྐྱོ་བོ་ཞིག་རེད་ཡ་་་་ཧཧཧཧཧཧཧཧཧཧཧ
    རྒད་པོ་འདི་བུ་ཕྲུག་མང་པོ་ཞིག་གི་ཕར་ཆགས་རུང་་་ད་དུང་འདུག་མ་ཐུབ་པར་གྲོག་མ་འགྲོ་འགྲོ་བྱེད་ཀྱི་འདུག་ཀ་་་ལྟོས་དང་ཧཧཧཧ

  20. ཁ་བའི་རྡུལ་བརྩེགས། says:
    2011-09-19 at 3:16 am

    ཡ་་ཕོ་རོག་དཀར་པོ་ནས་དངོས་ནས་གནད་ལ་ཁེལ་བའི་རྩོམ་ཆོས་ཤིག་སྤེལ་གནང་འདུག དེ་ནི་བསམ་ཤེས་མཁན་ཞིག་ཀློག་ན་ལམ་སྟོན་ཡིན་པ་ཤེས། དེ་ལས་ལྡོག་པའི་ཁེངས་དྲེགས་ཅན་ཞིག་ཀློག་ན་ཁོག་སྟོད་ཁྲག་གིས་རྒྱས་ནས་རིལ་ལ་ཉེན།

  21. སྣྲོན་ངག་ཁྲི་ says:
    2011-09-19 at 3:31 am

    ཕོ་རོག་དཀར་པོ་ཁ་ཁོག་དཀར་ཡང་གཞན་བརྟེན་ལྷ་ལམ་དབྱིངས་སུ་བཞུགས།།
    ཆབས་སྲིད་གྲོག་མ་ཁ་ཁོག་ནག་ཀྱང་གཞན་ཕན་ས་སྟེང་ལས་ལ་གཞོལ།།
    ཕོ་རོག་དཀར་པོ་ཁ་ཁོག་དཀར་བས་ཕྲག་དོག་སྐད་ངན་མཁའ་རུ་འདོན།།
    ཆབ་སྲིད་གྲོག་མ་རང་གི་འཇོན་ཚོད་ཆོས་དང་སྲིད་ཀྱི་བྱ་བར་བརྩོན།།
    གདོད་མའི་སངས་རྒྱས་འཁོས་འདས་གང་ལའང་མེད།།
    མཐར་ཐུག་སེམས་ཅན་སྲིད་ཞིའི་ཁྱོན་ན་མེད།།
    དེ་ཕྱིར་ཆོས་སྲིད་འདྲེས་མའི་གླིང་ཆེན་ནས།།
    སྐྱོན་རྣམས་རིམ་གྱིས་སྤོང་ལ་འབད་དེ་རྨད།།

  22. ཕོ་རོག་དཀར་པོས། says:
    2011-09-19 at 3:42 am

    ཡཡཡ་་་་་འདིར་ཕེབས་པ་ཚང་མར་དགའ་བསུ་ཡོད།་་་་ཡིན་ན་ཡང་ང་ལ་ཆ་རྒྱུས་ཡོད་པའི་ངའི་གྲོགས་ངན་ཨ་ཧ་མ་ཚེ་འབར་དང་གངས་སྦལ་གཉིས་ནི།་་་མདོར་ན་ཕྲག་དོག་ཅན་ཀྱི་སྐྱེ་བོ་ལ།།དགའ་བའི་ངོ་བོ་གཞན་གྱི་རྒུད་པ་ཉིད།།་་་ཟེར་བའི་དགེ་ཆོས་ཀྱི་ཚིག་དུམ་འདི་ཕུལ་བ་ཡིན་ཞིང་།་་་་་མི་ཚེ་ཕྲག་དོག་གིས་སྐྱེལ་བཞིན་སྙིང་ནང་ལ་ཚེར་མ་སྐྱེས་ནས་ཡོད་པའི་གྲོགས་ངན་འདི་ཚོའི་ནང་ཆ་སྔ་མོ་ནས་ཁོ་བོས་མཐོངས་ཤིང་ཞེན་པ་ལོག་ནས་ཡོད་པས།་་་་་འདི་ནས་སྙིང་རྗེའི་ཡུལ་དུ་བཞག་ནས་ཡོད་དོ།་་་་་ཧཧཧཧཧཧཧཧཧཧཧཧཧ་་་་་ངོ་མ་་་་་ངོ་མ་་་་ད་དུང་མུ་མཐུད་ཡིན་ད་་་ཧཧཧཧཧཧཧཧཧཧཧཧཧཧཧ

  23. ཚེ་འབར་ says:
    2011-09-19 at 5:34 am

    གཞན་ལ་བཤད་སྤྱད་ཀྱི་ཁ་ཡོད་ན། རང་ལ་བལྟ་སའི་མེ་ལོང་ཡོད་ན་ཡག་གི་རེད་མ་གཏོགས། ཁ་གཞན་ཐོག་ལ་བསྐོར་དོན་རང་ཐོག་ནས་ནོར་ན། ཆབ་སྲིད་ནང་གི་ཆབ་སྲིད་པ་ཐེབས་ཆག་ཅིག་མ་ཡིན་ནམ། ངོ་མ་ཡིན་དཱ།
    གཞན་སུ་ཡང་ཁྱེད་ཀྱི་གྲོགས་པོ་ཡིན་མིན་སོགས་མི་ཤེས། ང་ཁྱེད་ཀྱི་གྲོགས་པོ་ཞིག་གཏན་ཞིག་ནས་མིན། དེའི་དབང་གིས་གྲོགས་ངན་ཟེར་བ་སུ་ཞིག་ལ་འཇུག་གི་ཡོད་མེད་མི་ཤེས་ཨཱ།
    སྙིང་རྗེའི་ཡུལ་དུ་འཇོག་ཐུབ་མཁན་ཞིག་ཡིན་ན། ཁ་རོག་གེར་སྡོད་ཤོག་ཨཱ། ཡ་ལན་ཡོད་ཚར་བའི་རྗེས་སུ། རང་སྐྱོན་ན་ཕོག་ཚར་བ་རེད།
    ད་དུང་། ཐེ་བོ་ཤེས་རབ་རྒྱ་མཚོ་ཟེར་བ་འདི། གྲྭ་པ་ཞིག་ཡིན་ཚོད་འདུག ཁོ་ལ་བུ་ཕྲུག་མེད་པ་འདྲ།

  24. སྣྲོན་ངག་ཁྲི་ says:
    2011-09-19 at 7:22 am

    ཆོས་སྲིད་གནས་ལ་ཕོ་རོག་དཀར་པོ་དང་།།
    ཆོས་སྲིད་ཁུར་དུ་ལེན་པའི་གྲོག་མ་གཉིས།།
    གྲུབ་དང་མ་འགྲུབ་བྱ་བ་མང་ན་ཡང་།།
    དོན་དང་ཀུན་སློང་ཟུང་གིས་རྣམ་པར་དབྱེ།།
    ཕོ་རོག་དཀར་པོ་ཁ་དན་ཚིག་གནས་ན།།
    ངེས་པ་དོན་གྱི་ཕོ་རོག་དཀར་པོ་སྟེ།།
    རང་ལ་གྲུབ་འབྲས་སྟོན་རྒྱུ་མེད་བཞིན་དུ།།
    གཞན་གྱི་བྱ་བར་འཕྱ་བ་བླུན་པོའི་གཤིས།།

  25. འཇིགས་མེད་བློ་གྲོས། says:
    2011-09-19 at 12:40 pm

    ཕོ་རོག་དཀར་བོ་འམ་འུག་རྒན་སྐྱ་བོ་ལ་གྲོས་སུ་འདེབས་པ།

    རང་མིང་ཙམ་ཡང་དངོས་སུ་བརྗོད་མི་ཐུབ་པར་ཅི་ཞིག་གི་ཕག་ཏུ་སྦས་ནས་སྐད་ཆ་བཤད་ཚུལ་ལ་བལྟས་ན་ཁྱོད་ཡ་མ་གཟུགས་ཕོ་རོག་དཀར་བོ་ཞིག་གམ་ཡང་ན་འུག་རྒན་སྐྱ་བོ་ཞིག་ཡིན་པ་ཐག་གིས་ཆོད། སྐལ་དུ་ཐོབ་པའི་དགོན་པ་གང་རུང་ནས་གཞུང་ལུགས་ཐོས་བསམ་གྱིས་ཁུངས་མ་འཁྱོལ་བར་རྡ་སའི་རི་ངོགས་དག་ན་ཁྱི་ལྟར་འཁྱམས་ཤིང་། ཁ་རྒྱབ་གསོ་ཕྱིར་ནོར་གླིང་ཉམས་ཞིབ་སྡེ་ཚན་དུ་ཡིག་ཚད་མ་འཕྲོད་པའི་ཕོ་རོག་དཀར་བོའམ་འུག་རྒན་སྐྱ་བོ་ཁྱེད་ཀྱིས་གསོན་དང་།

    བོད་རྒྱ་དབྱིན་གསུམ་བཤད་ལ་ཐོགས་པ་མེད་ཅིང་རྒྱལ་སྤྱིའི་རྩོམ་རིག་སྡིངས་ཆའི་ཐོག་ནས་(Outlook-Picador Award for Non-Fiction in 2001)བཞེས་མཁན། ད་དུང་ལྷོ་ཤར་ཨེ་ཤ་ཡའི་རྩོམ་པ་པོའི་འཐུས་མི(South Asia Literary Org) ཉིས་སྟོང་ལོ་ནས་བཟུང་རྒྱལ་སྤྱིའི་ངོས་འཛིན་ཐོབ་པའི་སྙན་ངག་རིག་པའི་བྱ་འགུལ་(KATHA Asia International Utsav 2006)ས་གནས་འཐུབ་ཚབ་མི་སྣ།ཨ་ཧྤི་རི་གར་བསྡུས་པའི་སྙན་ངག་དང་བཅོས་བསྒྱུར་བའི་(Peotry Africa-2005)ཆེད་འབོད་སྐུ་མགྲོན་བོད་རང་དབང་འཐབ་རྩོད་པ་བསྟན་འཛིན་བཙོན་འགྲུས་ཀྱི་སྤུ་རྩེ་ཙམ་ལ་ཡང་འགྲན་དུ་གཞལ་དུ་མེད་དོ།།

    གལ་ཏེ་རང་མིང་ཙམ་ཡང་དངོས་སུ་བརྗོད་མི་ཐུབ་པའི་ཁྱེད་རང་ཡང་རྡ་སའི་སྲང་ལམ་ཀྱག་ཀྱོག་ཏག་ན་དོན་མེད་དུ་ཟུག་སྐད་རྒྱག་བཞིན་པའི་ཁྱི་སྡོམ་དེ་དག་གམ་ནོར་གླིང་ར་སྐོར་དུ་རྣམ་ཤེས་ཐིམ་པའི་འུག་རྒན་སྐྱ་བོ་དེ་དག་གི་རྣམ་ཤེས་མིན་ཚེ། རང་ཉིད་ངོས་འཛིན་ཡོད་པའི་ཐོག་ནས་གནས་ལུགས་དང་རྒྱུ་མཚན། བདེན་དཔང་བཅས་རེ་རེ་བཞིན་སྨྲོས་ཤིག་དང་། ཁོ་བོ་ནི་རིང་མོ་ཤིག་ནས་ཁྱེད་དང་ཁྱེད་འདྲ་བར་ཐ་ན་དཔྱད་བརྗོད་འབྲི་བའི་གཞི་རིམ་གྱི་རྨང་གཞི་ཙམ་ཡང་མེད་པ་དག་གི་གཉེན་པོར་བཞེངས་ནས་ཡོད་དོ།།

    གལ་སྲིད་ཁྱེད་རང་ཡང་བདེན་པ་དང་ཤེས་རབ་ཀྱི་མིག་ཟུང་ལ་ཅུང་ཟད་ཡིད་ཆེས་མཁན་ཞིག་ཡིན་ཚེ། ཐོག་མར་གཤམ་གྱི་རྩོམ་ཡིག་དེ་དག་ཐོག་མར་ཐེངས་གཅིག་བཀླགས་རྗེས་བགྲོ་གླེང་གི་དཀྱུས་ལ་ཕེབས་རོགས་ཞུ།

    ༡)http://www.hindustantimes.com/specials/coverage/jiabaovisit/An-open-letter-to-Wen-Jiabao/editorials/SP-Article10-638878.aspx

    2) http://www.outlookindia.com/article.aspx?211067

    (ཕོ་རོག་ཁྱེད་ཀྱིས་རང་ཉིད་སྐྱེས་ནས་ད་བར་དུ་བྲིས་ཤིང་བཤུས་པ་ཡོད་ཚད་བསྡོམས་ནའང་ཁོང་གི་རྩོམ་ཡིག་གཅིག་གི་ཟིལ་ཤུགས་ལ་ཡང་འགྲན་པར་མི་ཕོད་དོ།)

    གུས་པ་བདག་ནི་ལྡི་ལི་གཙུག་ལག་སློབ་གླིང་གི་ཞིབ་འཇུག་སློབ་མ་ཞིག་ཡིན་ལ། གལ་ཏེ་ཁྱེད་ཀྱིས་བདག་གནས་ལུགས་བསྐྱུར་ནས་ཕྱོགས་ཞེན་གྱི་སྤྲེལ་ལད་འཁྲབ་མཁན་ཞིག་ཏུ་འདོད་ན་བདག་ནི་བསྟན་འཛིན་བརྩོན་འགྲུས་དང་ཁོང་གི་རྩོམ་ཡིགཁོང་གི་འཐབ་རྩོད་ཀྱི་རྐང་རྗེས་རེ་རེར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པ་ལས།ཁོང་སྒེར་དང་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད་པ་ཤེས་པར་གྱིས་ཕོ་རོག་ལགས།

  26. ཆུ་ཐིགས་སྔོན་མོ། says:
    2011-09-19 at 4:11 pm

    ཕོ་རོག་དཀར་པོས་རྡ་སའི་ཆབ་སྲིད་གྲོག་མ་བསྟན་འཛིན་བརྩོན་འགྲུས་དང་ཐེ་བོ་ཤེས་རབ་རྒྱ་མཚོ་གཉིས་ཡིན་ཞེས་བཤད་མི་འདུག་་་་་དྲ་གྲོགས་འགས་འོར་ཚོད་ཀྱི་སྐད་ཆ་བཤད་འདུག་པས་་་་་་མངོན་སུམ་དུ་མ་བསྙོན་་་་འདི་ལྟར་བསྙོན་ནས་བཤད་ན་རྩོམ་ཡིག་ཡག་པོ་གཅིག་ཀྱང་འགོད་རྒྱུ་རེག་ཁག་པོ་རེད། རྩོམ་པ་པོ་ཁོང་གིས་རྡ་སའི་ཆབ་སྲིད་པ་ཚོའི་སྤྱི་བབ་ཅིག་བཤད་པ་ལས་སྐྱེ་བོ་སྒེར་ཞིག་དམིགས་སུ་བཟུང་ནས་སྐྱོན་བརྗོད་བཤད་ཀྱི་མེད་པ་གོང་གི་རྩོམ་ཡིག་འདི་ཞིབ་ཀློག་བྱས་ན་ཐང་གསལ་རེད། དེར་བརྟེན་དྲ་གྲོགས་ཚོས་མི་སྒེར་གྱི་མིང་བཟུང་སྟེ་མ་ཤེས་ཤེས་ཁུལ་བྱས་ན་ཕན་པ་ལས་གནོད་པ་ཅིག་ལས་མེད་པ་གསལ་བོ་རྟོགས་དགོས་ཀྱི་འདུག་སྙམ།

  27. བཙན་བྱོལ་བ་ says:
    2011-09-19 at 7:09 pm

    ཁ་བརྡ་དྲ་རྒྱ་འདིའི་ནང་དུ་མཆན་འདེབས་པ་མང་དག་གཅིག་ནི་བསྟན་འཛིན་བརྩོན་འགྲུས་ལ་འགྲམ་ཆུ་ལྡང་ནས་འགྲན་ཟླ་མི་བཟོད་པར་གྱུར་པ་ན་ཅི་བྱ་གཏོལ་མེད་དུ་གྱུར་ནས་དགག་རྩོམ་དང་དགག་མཆན་འདྲ་སྤེལ་ནས་དུས་འདའ་བར་བྱེད། སྙིང་རྗེ་ཡ། སྤྱིར་བཏང་ང་ཚོ་ཚང་མ་དམངས་གཙོ་རང་དབང་ལུང་པའི་ནང་དུ་གནས་ཡོད་པས་སྐྱོན་བརྗོད་དང་སྨྲ་བརྗོད་རང་དབང་ལོས་ཡོད། འོན་ཀྱང་། སྐྱོན་བརྗོད་བྱེད་ན་ཡང་བྱེད་སྟངས་བྱེད་ཤེས་པ་དགོས། ཁོ་བོ་ལ་མཚོན་ན་བཙན་བྱོལ་ནང་ནས་གང་ཟག་སྒེར་གཅིག་ངོས་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་ཕྱག་ལས་མུ་མཐུད་གནང་མཁན་ནི་འཇམ་དབྱངས་ནོར་བུ་དང་བསྟན་འཛིན་བརྩོན་འགྲུས་སོགས་རེད་འདུག་སྙམ། ཁོང་ཚོས་ཕྱི་རྒྱལ་དང་རྒྱ་གར་གྱི་ཚགས་པར་དང་དྲ་རྒྱ་ཁག་ཏུ་བོད་པའི་གནས་སྟངས་དང་གཞིས་ལུས་བོད་མིའི་དཀའ་སྡུག་ཁག་རྩོམ་གཅིག་སྤེལ་བ་དང་ང་ཚོ་བོད་རིགས་བརྒྱ་ཕྲག་ཁ་ཤས་ཤིག་གིས་རྒྱལ་ས་དྷི་ལཱི་རུ་འཛོམས་ནས་རྔམས་སྟོན་ཁྲོམ་སྐོར་གཉིས་ཁྱབ་ཆེ་ཆུང་བསྡུར་ན་གནམ་ས་ཁྱད་པར་ཤོར་གྱི་ཡོད། དེ་ཙམ་གྱིས་ད་གས་འགྲིག་གི་ཡོད། ད་དུང་དེ་ཙམ་དུ་མ་ཟད། དུས་ནས་དུས་སུ་མི་ཚོགས་ཛྷཁག་ཏུ་གཏམ་བཤད་སྤེལ་བ་སོགས་ནི་གྲངས་ཀྱིས་མི་ལང་། བྱས་ཙང་། ད་ལྟ་ཁོང་ཚོ་ལ་སྐྱོན་བརྗོད་མཁན་གྱི་བོད་རིགས་འདི་དག་ནི་ཁོང་ཚོའི་རྩོམ་ཡིག་ཁག་དང་འཇམ་དབྱངས་ནོར་བུའི་སྒེར་གཉེར་གྱི་དྲ་རྒྱ་ཁག་མ་མཐོང་བའི་སྐྱོན་ཡིན། ཡང་ན་མཐོང་བཞིན་དུ་མ་དགའ་བར་འཁྱོག་བཤད་བྱེད་པ་ཞིག་ལས་མི་འདའ། བྱས་ཙང་། ཁོང་ཚོ་རྣམས་ཁྱེད་ཚོ་འདྲ་བོ་འགའ་ཤས་ཤིག་གིས་སྐྱོན་བརྗོད་བྱེད་པ་འདིས་སེམས་ཤུགས་ཆག་མཁན་དེ་འདྲ་མ་རེད། རང་ལུགས་ཡོད་མཁན་ཞིག་རེད་མ་གཏོགས་མིས་གང་བཤད་ལ་བལྟ་ནས་འཁྲབ་མཁན་དེ་འདྲ་མ་རེད།

  28. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-09-20 at 3:43 pm

    ཡ་ཨ་རོགས་གྲོགས་པོ་ཚོ། ངས་བསམ་ན་ང་ལའང་རང་གི་ཚོད་ཀྱིས་བསམ་ཚུལ་འདོན་པའི་ཐོབ་ཐང་ཡོད་པ་རེད། འོན་ཀྱང་། ཁྱེད་ཅག་གིས་ག་རེ་བཤད་ཀྱང་ཆོག ང་ལ་ཁྱད་པར་གང་ཡང་མེད། དོན་མེད་ང་ལ་གཤེ་ཞིང་སྤྱོས་ནས་སྡིགས་མཁན་ཚོར་ངས་སེམས་གཏིང་ནས་ཐུགས་རྗེ་ཆེ། ཁྱེད་ཅག་གི་སྐུ་དྲིན་ལས་ང་མི་གཞན་ལ་དེ་ལྟར་སྡིགས་མི་ཉན་པ་ཤེས་སོང་། ང་ལ་མཚོན་ན། དེའི་ཡན་གྱི་ཐོབ་བྱ་ཞིག་མེད།

  29. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-09-20 at 4:45 pm

    ཡ་ཨ་རོགས་གྲོགས་པོ་ཚོ། ངས་བསམ་ན་ང་ལའང་རང་གི་ཚོད་ཀྱིས་བསམ་ཚུལ་འདོན་པའི་ཐོབ་ཐང་ཡོད་པ་རེད། འོན་ཀྱང་། ཁྱེད་ཅག་གིས་ག་རེ་བཤད་ཀྱང་ཆོག ང་ལ་ཁྱད་པར་གང་ཡང་མེད། དོན་མེད་ང་ལ་གཤེ་ཞིང་སྤྱོས་ནས་སྡིགས་མཁན་ཚོར་ངས་སེམས་གཏིང་ནས་ཐུགས་རྗེ་ཆེ། ཁྱེད་ཅག་གི་སྐུ་དྲིན་ལས་ངས་མི་གཞན་ལ་དེ་ལྟར་སྡིགས་མི་ཉན་པ་ཤེས་སོང་། ང་ལ་མཚོན་ན། དེའི་ཡན་གྱི་ཐོབ་བྱ་ཞིག་མེད།

  30. འཇིགས་མེད་བློ་གྲོས། says:
    2011-09-21 at 10:53 am

    ཕོ་རོག་དཀར་བོའི་མིང་ཅན་གྱི་འུག་རྒན་སྐྱ་བོ་ལགས།

    གལ་ཏེ་ཁྱེད་ཀྱང་མཚན་མོ་མ་གཏོགས་མི་མཐོང་བའི་འུག་པའི་རྣམ་ཤེས་ཤིག་དང་རང་ཉིད་མ་གཏོགས་མི་ཐོས་པའི་ཕོ་རོག་འོན་པ་ཞིག་མིན་ཚེ་གོང་དུ་བདག་གིས་བདག་གིས་གླེང་སློང་བ་དེར་ཞིབ་ཚགས་པོས་བཀླགས་རྗེས་ལན་ཞིག་ཡོད་པར་མཁྱེན། དེ་ནས་བདག་གིས་ཕོ་རོག་དཀར་བོ་ཁྱེད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་རང་དབང་རྩོམ་པ་བོ་དང་འཐབ་རྩོད་མཁན་བསྟན་འཛིན་བརྩོན་འགྲུས་གཉིས་མཉམ་དུ་ཕན་ཚུན་གཤིབས་བསྡུར་གྱིས་གླེང་ཆོག

    རང་ལ་ཤེས་འཇོན་ནུས་གསུམ་གང་ཡང་མེད་པར་གཞན་ལ་བསྡིགས་མཛུབ་སྟོན་མཁན་ཁྱེད་ལ་གནས་ལུགས་ཀྱིས་ཕོངས་བ་མིན་ན་ཕེབས་ཤོག བོད་ཡིག་གི་འབྲི་ཀློག་རང་འགོ་ཐོན་ཐུབ་མ་ཐུབ་ཤིག་བྱས་ནས་རང་ཉིད་ཀྱི་གོང་ན་གནམ་ལས་མེད་འདོད་མཁན་གྱི་ཁྲོན་པའི་སྦལ་ཕྲུག་ཁྱེད་ཀྱི་འདས་མ་ད་གསུམ་ཡོད་ཚད་ངས་ཞོབ་འཇུག་གི་ཡིག་ཚགས་སུ་ལེགས་པར་ཉར་ནས་ཡོད་དོ།།

  31. སྣྲོན་ངག་ཁྲི། says:
    2011-09-21 at 4:50 pm

    ཕོ་རོག་དཀར་་པོ་རང་རིགས་བརྩེ་བདེན་ན། །

    ཐན་སྐད་སྤངས་ནས་རང་གཟུགས་མངོན་པར་བྱ། །

    འཇིགས་མེད་བློ་གྲོས་ཞིབ་འཇུག་བྱེད་བདེན་ན། །

    སྒྲོ་བཏགས་སྤངས་ཏེ་གཟུ་བོའི་བློ་ཡིས་དཔྱོད། །

  32. བོད་ཀྱི་བུ། says:
    2011-09-21 at 8:17 pm

    དྲ་མཆན་པ་རྣམས་ཀྱིས་མ་ཤེས་ཤེས་ཁུལ་བྱས་ནས་རྩོམ་ཡིག་དེའི་བརྗོད་དོན་ཧྲིལ་གྱིས་བསྟན་འཛིན་བརྩོན་འགྲུས་ཡིན་པར་ཐག་གཅོད་ལུགས་འདི་ཅི་འདྲའི་གཟུར་གནས་མིན་ཞིང་རྩོམ་ཡིག་ལ་རོལ་མྱོང་བྱེད་མུ་ཤེས་པའི་ངན་མཚང་ཕྱིར་མངོན་པ་ཞིག་རད་ཨང་། འོ་ན། རྩོམ་ཡིག་འདིའི་བརྗོད་དོན་ལྷ་བཟང་ཚེ་རིང་དང་ཀླུ་མཁར་བྱམས། དགའ་ལྡན་བག་བྲོ། ཟླ་བ་ཚེ་རིང་། ཡབ་ཆེན་སོགས་རེད་ཟེར་ན་མ་འགྲིག་པ་ག་རེ་ཡོད་པ་རེད། མཐའ་གཅིག་ཏུ་བསྟན་བརྩོན་ལ་གཟས་དགོས་དོན་ཅི་རེད། དེ་ནི་མཆན་མཁན་རྣམས་ཀྱི་ཀུན་སློང་མ་དག་པ་རང་ལས་རྩོམ་ཡིག་གི་སྐྱོན་མ་རེད། རྩོམ་ཡིག་འདིའི་མགོ་ནས་མཇུག་བར་དུ་བསྟན་བརྩོན་ཁོ་ན་ལ་མ་གཏོགས་གོ་ཡུལ་མེད་པའི་ཚིག་ཅིག་སྟོན་རྒྱུ་ཡོད་ན་རྒྱུ་མཚན་དང་བཅས་སྟོན་དགོས་པ་ལས་སྤྱི་ཁྱབ་ཅིག་བྱེ་བྲག་ཅིག་ལ་བཙན་སྦྱོར་བྱེད་པ་ནི་གཡག་སྣ་ཁུ་ཚུར་རང་རེད། དམིགས་བསལ་གྱིས་འཇིགས་མེད་མིང་ཅན་དང་བཙན་བྱོལ་མིང་ཅན་གཉིས་ཀྱི་ཁ་མཆུ་འཛུགས་སྟངས་ལ་ལྟོས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme