Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་ཆོས་ལ་འཛམ་གླིང་མི་མང་གིས་དད་མོས་འཕེལ་བའི་རྒྱུ་མཚན་ཆེན་པོ་བརྒྱད།

Posted on 2011-07-312011-07-31 By ཁ་བརྡ་ 13 Comments on ནང་ཆོས་ལ་འཛམ་གླིང་མི་མང་གིས་དད་མོས་འཕེལ་བའི་རྒྱུ་མཚན་ཆེན་པོ་བརྒྱད།

སེར་ཤུལ་རིན་ཆེན་དོན་གྲུབ།

ནང་ཆོས་ནི་ཆོས་ལུགས་བྱེ་བྲག་པ་ཞིག་དང་ནང་སེམས་ནས་བཅོས་སྒྱུར་གྱི་འགོ་བཙུགས་ཏེ་འཚོ་བ་ཞི་འཇམ་དང་སྤྱི་ཚོགས་བདེ་འཇགས་སོགས་ཡོང་བར་རོགས་འདེགས་དང་ལམ་སྟོན་གནང་མཁན་གྱི་གདམས་ངག་ཅིག་ཡིན། དེ་ལས་རྒྱ་ཆེ་ཙམ་བཤད་ན་ནང་ཆོས་ནི་སེམས་རྒྱུད་མ་རུང་བར་བྱེད་པའི་ལས་དང་ཉོན་མོངས་ཀྱི་ངོ་སྤྲོད་བྱས་ཏེ་མ་རུང་བ་དང་མ་ཞི་བར་བྱེད་པའི་སེམས་ངན་དེ་ཚོའི་ལྡོག་ཕྱོགས་ཀྱི་གཉེན་པོ་གོམས་པ་ལས་རང་ཉིད་མ་རུང་བའི་སེམས་ངན་དེ་ཚོ་ལས་རྣམ་པར་རྒྱལ་ནས་དོན་དམ་གྱི་བདེ་སྐྱིད་ལ་རོལ་བའི་ཐབས་ལམ་ཞིག་ཡིན། དེ་ལས་ཀྱང་རྒྱ་ཆེ་ས་ནས་བཤད་ན་ནང་ཆོས་ནི་རང་ལས་གཞན་གཙོ་བོར་བཟུང་སྟེ་གཞན་སེམས་ཐམས་ཅད་ཀྱི་ཆེད་དུ་རང་ཉིད་བློས་གཏོང་གིས་སྦྱོར་བ་བརྩམས་ཤིང་སེམས་ཅན་ཡོངས་ལ་ཕན་བདེ་འབའ་ཞིག་གི་ཀུན་སྤྱོད་ཉམས་སུ་བསྟར་བ་ལས་མཐར་རང་ཉིད་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་ཀྱི་ཞིང་སར་སྐྱེལ་བའི་དེད་དཔོན་ཆེན་པོ་ཞིག་ཡིན། མིའི་རིགས་ཀྱི་འཚོ་བའི་ནང་དུ་བདེ་སྐྱིད་དགོས་ཤིང་དེའི་སྒྲུབ་ཐབས་ལོག་པར་སོང་བའི་དབང་ལས་སྡུག་བསྔལ་དང་ཞི་བདེའི་ཚོར་བ་ཉམ་དམས་སུ་ཕྱིན་ཞིང་དཔལ་འབྱོར་དང་སྙན་གྲགས་སོགས་རྒྱུན་འབྱམས་སུ་བདེ་བའི་རྒྱུར་བརྩི་བའི་རྐྱེན་གང་མང་ཞིག་གིས་བདེ་བ་ངོ་མ་ཞིག་མ་ཐོབ་པའི་དུས་སྐབས་དེར་རྣམ་དཔྱོད་དང་ཤེས་རབ་ཀྱི་ནུས་པ་གང་འཚམ་ཡོད་མཁན་གྱི་སྐྱེ་བོ་ཚོ་ནང་ཆོས་ཀྱི་ཁྱད་འཕགས་ཡོན་ཏན་ལ་དང་བ་འཕེལ་ཞིང་དོ་སྣང་སླེབས་ཀྱི་ཡོད། ཁོང་ཚོས་དེ་དག་ལ་དོ་སྣང་བྱས་ཤིང་ཉམས་ལེན་ལ་གཞོལ་སྐབས་ཁོང་ཚོར་དེ་སྔོན་མ་རྙེད་པའི་དྲི་བ་གང་མང་ཞིག་གི་དྲིས་ལན་རྙེད་ཀྱི་ཡོད་པ་མ་ཟད་ཁོང་ཚོའི་འགྲན་རྩོད་རང་བཞིན་གྱི་འཁྲུག་ཆ་དོད་པའི་བསམ་བློ་དོག་པོ་དེ་ཡང་གནས་སྐབས་རིང་རྒྱ་བསྐྱེད་དང་ལྷོད་ཤིག་ཤིག་གི་ཚོར་ཤེས་ཡོང་གི་ཡོད། དེ་དག་ལ་རྟེན་ནས་དེང་སྐབས་འཛམ་གླིང་ཤར་ནུབ་ཀུན་ཏུ་བོད་བརྒྱུད་ནང་ཆོས་ལ་དོ་སྣང་དང་དགའ་ཞེན་བྱེད་མཁན་ཆེས་མང་དུ་འགྲོ་ཡི་ཡོད་པ་འདི་ནི་བོད་མི་རིགས་དགའ་བ་དང་སྙིང་སྟོབས་སྐྱེ་བའི་གཞི་རུ་ཅིའི་མི་འགྱུར། གཤམ་དུ་འཛམ་གླིང་ཐོག་བོད་བརྒྱུད་ནང་ཆོས་ལ་དོ་སྣང་དང་དད་མོས་བྱེད་མཁན་མང་དུ་འགྲོ་བའི་རྒྱུ་མཚན་འགའ་ཞིག་དགོད་པར་བྱའོ།།
༡) ཡེ་ཤུ་སོགས་ཆོས་ལུགས་གཞན་གྱི་ཆོས་གཞུང་དུ་གསལ་ཁ་མེད་པའི་སྐྱེ་བ་སྔ་མ་གང་ནས་ཡོང་བ་དང་སྐྱེ་བ་ཕྱི་མ་གང་དུ་འགྲོ་བ་སོགས་ཀྱི་སྐོར་ནང་ཆོས་ཀྱི་གཞུང་དུ་གསལ་བོར་ཡོད་པ་དང་དེ་ཡང་རྒྱུ་མཚན་དང་འགྲེལ་བཤད་མང་པོ་ཡོད་པ།
༢) ཆོས་གང་ཞིག་ཡིན་ཡང་རང་གི་ཆ་ཤས་སམ་གདག་གཞི། ཡང་ན་རྒྱུ་རྐྱེན་རང་རུང་ལ་རྟེན་ནས་འབྱུང་བ་ལས་ཚུགས་ཐུབ་རང་སྐྱ་བའི་བྱ་དངོས་ཤིག་གཏན་ནས་མེད་པའི་རྒྱུ་མཚན་རྟེན་འབྲེལ་རིགས་པའི་རྣམ་བཞག་ལ་གཏུགས་པའི་ཁྱད་འཕགས་ལྟ་གྲུབ་ཀྱི་སྐོར་ཡོད་པ།
༣) འགྲོ་བ་མི་རྣམས་ནི་རང་རང་གི་ཁམས་དང་མོས་པ་མི་འདྲ་ཞིང་དེའི་དབང་གིས་རང་གི་དགའ་ཕྱོགས་དང་དམིགས་ཡུལ་ཡང་མི་འདྲ་བ་ཡིན། ནང་ཆོས་ལ་རང་དང་འཚམ་པའི་ཉམ་ལེན་བྱེད་སྟངས་དང་གདམ་ག་མང་པོ་ཡོད་པ་འདི་ནང་ཆོས་ལ་དད་མོས་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ཆགས་ཡོད། དཔེར་ན། ལྟ་གྲུབ་ཀྱི་ཐོག་ནས་བྲེ་བྲག་སྨྲ་བ་དང་། མདོ་སྡེ་བ། སེམས་ཙམ་པ། རང་རྒྱུད་པ། ཐལ་འགྱུར་བ་བཅས་ལ་རང་རང་གི་བློ་ཁ་དང་འཚམ་པའི་ལྟ་གྲུབ་ཡོད་ཅིང་དེ་གང་ལ་རང་ཉིད་མོས་པ་དེར་ཉམས་ལེན་དང་སྒོམ་སྒྲུབ་བྱེད་ཆོག སྤྱོད་པ་དང་ཐབས་ཀྱི་ཆ་ནས་གཞན་དོན་ཁོ་ནའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐེག་ཆེན་གྱི་སྤྱོད་པ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་སོགས་དང་། ཚེ་གཅིག་དེ་ཉིད་ལ་སངས་རྒྱས་ཀྱི་སར་བགྲོད་ཐབས་ཁྱད་པར་ཅན་གསང་སྔགས་བླ་མེད་ཀྱི་སྤྱོད་ཕྱོགས། རང་ཉིད་གཅིག་པུ་སྡུག་བསྔལ་ལས་གྲོལ་བའི་ཐབས་ཞི་བ་དོན་གཉེར་དང་ངེས་འབྱུང་གི་བསམ་པ་སོགས་དང་། རང་ཉིད་ཚེ་འདི་དང་སྤྱི་ཚོགས་འདིར་སེམས་ཞི་བདེ་བག་ཕེབས་ངང་གནས་པ་ལ་མཐུན་རྐྱེན་སྐྲུན་མཁན་ཀྱི་བཟོད་པ་དང། བྱམས་སྙིང་རྗེ། ལས་འབྲས། ལྟོས་གྲུབ། ཆོག་ཤེས་སོགས་ཀྱི་བློ་སྦྱོང་གི་སྐོར་ཧ་ཅང་མང་ངོ་།།
༤) ནང་ཆོས་ཀྱི་ནང་དུ་ཡོད་པའི་ཉམས་ལེན་དང་ནང་སེམས་ལ་བཅོས་སྒྱུར་གཏོང་བྱེད་ཀྱི་ཐབས་ལམ་དེ་དག་གིས་འཛམ་གླིང་ཞི་བདེ་དང་མི་སྒེར་གྱི་སེམས་ཀྱི་བདེ་བ་འཐོབ་པ་ལ་ཕན་ཐོགས་ཡོད་པ་མངོན་གསལ་འགྱུར་བཞིན་ཡོད། དེང་སང་སྤྲོ་སྐྱིད་ཁང་དང་། སྨན་ཁང་། འབྱོར་ལྡན་ཚོ་ངལ་གསོའི་ས་ཚིགས་དག་ཏུ་སེམས་ཁམས་ཚན་རིག་པ་དང་། སེམས་ཁམས་སྨན་པ་སོགས་གཏན་སྡོད་བྱེད་ཀྱི་ཡོད་ཅིང་ཁོང་ཚོའི་རྩར་ཡོང་མཁན་གྱི་སེམས་ནད་ཅན་ནི་ཧ་ཅང་མང་། དོན་དངོས་ཀྱི་ཐོག་ཁོང་ཚོའི་སེམས་ཁམས་སློབ་སྟོན་པ་དེ་ཚོའི་ཡོན་ཚད་ནི་ནང་ཆོས་ཀྱི་སེམས་ཀྱི་སློབ་སྟོན་གྱི་ཟུར་ཆ་ཙམ་ཡང་ཟིན་མེད།
༥) འཛམ་གླིང་ཆུང་དུ་སོང་བ་དང་བསྟུན་ཆོས་ལུགས་ཚང་མར་རང་གི་དགེ་མཚན་ངོམ་པའི་སྐལ་བ་ཐོབ་པ་དང་། ༸གོང་ས་སྐྱབས་༸མགོན་ཏཱ་ལའི་བླ་མ་མཆོག་གིས་བླ་མེད་མཁྱེན་ཡོན་གྱིས་ནང་ཆོས་འདི་དགོན་པའི་རིག་གནས་ཙམ་མ་ཡིན་པར་འགྲོ་བ་མི་ཡོངས་ལ་ཞི་བདེ་དང་བྱམས་བརྩེ་སྦྱིན་བའི་ཆོས་ལུགས་ཤིག་ཏུ་འགྲེལ་སྟངས་འདིས་དེང་སྐབས་ནང་ཆོས་དེ་གྲྭ་བ་ཚོས་དོ་སྣང་བྱ་ས་དང་སྦྱང་བྱ་ཙམ་ཞིག་ལས་མི་སྐྱའི་སྤྱི་ཚོགས་ལ་འབྲེལ་བ་དང་དགོ་མཁོ་དེ་ཙམ་མེད་པའི་ཚོར་བ་དེ་ག་ལེ་ག་ལེར་ཡལ་ནས་མང་ཚོགས་ནང་ལ་ནང་ཆོས་འདི་མི་ཚེའི་བདེ་སྐྱིད་སྒྲུབ་ཐབས་ཤིག་ཏུའང་མཐོང་བཞིན་པ།
༦) ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་ནང་ཆོས་དེ་མི་ཚེའི་བདེ་སྐྱིད་ཀྱི་ཆེད་དུ་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་བཞིན་ཡོད་ཅིང་འདིའི་རིགས་ནི་རྣམ་དཔྱོད་གང་འཚམ་ཡོད་ཅིང་བརྟག་དཔྱད་ལ་དགའ་བའི་དཔྱོད་ཤེས་ཅན་ཚོ་ཡིན།
༧) ནང་ཆོས་ཀྱི་ནང་དུ་ཡོད་པའི་དཔྱད་འཇོག་གི་སྒོམ་དེ་ཚོ་ནུབ་ཕྱོགས་པའི་ཆོས་ཀྱི་ནང་དུ་དེ་ཙམ་མེད་པ་དང་། སྒོམ་དེ་དག་གིས་གནས་སྐབས་གནས་སྐབས་ཀྱི་སེམས་ནད་ཞི་བ་དང་། སེམས་རྒྱ་བསྐྱེད་པ། དུས་ཡུན་ཧ་ཅང་རིང་པོ་མི་འགོར་བར་གུ་ཡངས་ཀྱི་བསམ་བློ་རྙེད་ཅིང་ནང་མི་འཆམ་མཐུན་སོགས་ལ་ཕན་ཐོགས་ངེས་ཅན་ཡོད་པ།
༨) བདེ་བ་ནི་ཕྱི་དངོས་པོ་དང་། མཚན་སྙན་གྲགས། ཐོབ་གོ་ས་ཁོ་ནས་ཐོབ་པ་ཞིག་མིན་པར་ནང་སེམས་ནས་ཡོང་གི་ཡོད་པའི་གནས་ལུགས་དེ་དེ་སྔོན་གོ་ཐོས་ཉུང་ཞིང་གསར་གཏོད་ཀྱི་འགྲེལ་སྟངས་ཤིག་ཏུ་མཐོང་སྟེ་ཨ་གསར་ལ་དགའ་བའི་རང་གཤིས་དེས་སྐུལ་དེད་འོག་འཛམ་གླིང་ཤར་ནུབ་ཀྱི་མི་མང་བོར་འགུལ་སྐྱོད་ཀྱི་བསམ་བློ་སྐྱེ་བཞིན་པ་བཅས་སོ།།
གོང་དུ་བཤད་པའི་རྒྱུ་མཚན་འདི་དག་ནི་དེང་གི་དུས་སུ་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་མང་པོས་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་དད་མོས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་འགའ་ཞིག་ཡིན། འདིའི་ནང་དུ་མ་བརྟག་མ་དཔྱད་པའི་དད་པ་དང་སྲོལ་རྒྱུན་གྱི་གོམས་སྲོལ་གྱིས་ནང་ཆོས་ཀྱི་རྗེས་སུ་འཇུག་པའི་བསམ་ཕྱོགས་སོགས་ཚུད་མེད། རྒྱུ་མཚན་ནི་རང་གིས་རང་བསྟོད་མི་དགོས་པར་གཞན་གྱིས་བསྟོད་ན་ཆོག་པའི་གནས་ལུགས་འདི་བདེན་པར་བཟུང་བ་ཡིན། བསམ་བློ་དང་དཔྱོད་ཤེས་ཀྱི་ནུས་པ་མི་དམན་པའི་ཤར་ནུབ་ཀྱི་སྐྱེ་བོ་འདི་ཚོས་ནང་ཆོས་ལ་འདི་ལྟར་ཆེ་བསྟོད་དང་ཡི་རང་རྒྱུན་མ་ཆད་པར་བྱེད་བཞིན་པའི་སྐབས་འདིར་ང་ཚོ་བོད་ཀྱི་མཁས་པ་དང་བསམ་བློ་བ་ཡིན་བསམ་མཁན་འགའ་རེས་ནང་ཆོས་འདི་ཁྱིམ་པའི་སྤྱི་ཚོགས་ལ་ཕན་ཐོགས་མེད་པའི་ལྟ་ཚུལ་གྱི་ཐོག་ནས་རྒོལ་རྡུང་བྱེད་པ་ནི་ཅི་འདྲའི་ཡ་མཚར་བ་དང་བརྗོད་མི་ཤེས་པ་ཞིག་རེད་ཨང་།།

༢༠༡༡/༧/༣༠
འབྲེལ་ཡུལ། ཁ་པར་ཨང་། 00-91-9980654163

སྣ་ཚོགས།

Post navigation

Previous Post: སྙན་ངག་གི་ལམ་དུ་དྲངས་པའི་རྟོགས་བརྗོད་སྤྲིན་གྱི་མེ་ཏོག
Next Post: རོགས་ཐང་གངས་རྩེ་ནས་ཡུལ་སྐོར་བས་མིག་ཆུ་བཏང་བ།

Comments (13) on “ནང་ཆོས་ལ་འཛམ་གླིང་མི་མང་གིས་དད་མོས་འཕེལ་བའི་རྒྱུ་མཚན་ཆེན་པོ་བརྒྱད།”

  1. མིག་བརྒྱད་པ། says:
    2011-07-31 at 6:22 pm

    མངོན་པར་བསྟོད་དོ། དེ་ག་རང་རེད། ཁྱད་ཆོས་དེ་ཚོ་དེང་སང་གི་ཚན་རིག་པ་ཚོས་དངོས་པོའི་གནས་ཚུལ་དང་མཐུན་པར་ཁས་ལེན་ཡོད་པས་ད་དུང་དེ་ལས་མང་བ་ཡོད། །

  2. ཐབས་མཁས་ says:
    2011-07-31 at 7:48 pm

    ཡག་པོ་བྲིས་འདུག་་་འོན་ཀྱང་རང་བསྟོད་ཆེ་མི་ཉན་སྙམ་། དྲི་བ་ཞིག་ཡོད་པ་ནི་་་་
    ་དེ་འདྲའི་ངོ་ཚར་ཅན་གྱི་རིག་གནས་དེ་ཇི་ཙམ་ཞིག་གནས་ཐུབ་བམ།

  3. ཐབས་མཁས་ says:
    2011-07-31 at 7:50 pm

    རང་རེའི་སྤྱི་ཚོགས་ནང་་་་་་་་་་་དོན་སྙིང་དང་ལྡན་པ་ཞིག་གི་ངོ་བོར་་་་་་་

  4. མིག་བརྒྱད་པ། says:
    2011-07-31 at 8:37 pm

    ནང་ཆོས་ཀྱི་རིན་ཐང་དེ་ཚོ་དཔེ་ཆའི་གཞུང་ན་ཡོད་པ་ལས་རང་རང་གི་རྒྱུད་ན་ཡོད་པ་ཞིག་ཡིན་ན་ཅི་འདྲའི་དགའ་བ་ལ། རྩ་བ་ཡི་གེ་ཙམ་ལ་བློ་གཏོད་པའི་མཚན་ཉིད་སྨྲ་བ་དག་ལ། དགག་བཞག་སྤོང་གསུམ་གྱི་རྣམ་བཞག་ཡག་པོ་ཞིག་ཤེས་ནས་བཟུང་ཡིད་ཚིམ་ནས་བསྡད་ཡོད་པ་འདི་གཅིག་བུས་མི་འགྲིག་པར་རང་རྒྱུད་དང་སྦྱར་ནས་སྦྱང་ལུགས་ཤིག་ཡོད་པ་བཀའ་གདམས་གོང་མ་དག་གིས་ཡང་ཡང་གསུངས། ཚན་རིག་ནི་ཤེས་བྱ་ཙམ་རེད། ནང་ཆོས་ནི་ཤེས་བྱ་ཙམ་མིན་པར་མི་ཚེའི་མྱོང་བ་དང་སྦྱར་ནས་ཉམས་ལེན་ལ་ཁེལ་ཐུབ་པ་ཞིག་དང་བྱུང་ན་ད་གཟོད་ནང་ཆོས་ཀྱི་ཁྱད་པར་འཕགས་ཆོས་ཅུང་ཟད་རེ་རྟོགས་ཐུབ་པའི་རེ་བ་ཡོད། མི་རྟག་རྒྱུད་ལ་མ་སྐྱེས་ན།།གསང་བ་འདུས་བ་མི་ཟབ་ཏེ།།མི་རྟག་རྒྱུད་ལ་སྐྱེས་པ་ན།།སྐྱབས་འགྲོ་ཚིག་གསུམ་ཟབ་པ་ཡིན།།ཞེས་དང་། ལམ་རིམ་ལས་ཀྱང་། ཆོས་དེ་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གི གང་ཟག་དེ་ཐེག་པ་ཆེན་པོ་བར་ཚུད་པ་གལ་ཆེ། གསུངས་པ་ལྟར་ནང་ཆོས་ཀྱི་གོ་རྟོགས་ཟབ་མོ་ཡོང་བ་ལ་བློ་སྦྱོང་གི་རིམ་པ་དེ་ཚོ་མཐོ་རུ་འདེགས་དགོས་པ་དང་དེ་ལྟར་སོང་ན་རིམ་པས་ནང་ཆོས་ཀྱི་བྲོ་བ་དང་ཁྱད་ནུས་མྱོང་ཐུབ་ངེས་རེད།

  5. ར་མདའ་ནས། says:
    2011-08-01 at 12:13 am

    རིན་ཆེན་དོན་འགྲུབ་ལགས། ག་དུས་ཡིན་ཀྱང་འདི་ལྟར་སྤྱི་དོན་ལ་བསམ་གཞིགས་བྱེད་ཕྱོགས་ཁྱད་པར་བ་ཞིག་རེད། ཐུགས་རྗེ་ཆེ། འོན་ཀྱང་འུ་ཚང་ལ་མཆུ་ཏོ་གཏོར་མས་ཚོས་བསྡད་མཁན་ཁ་སྐྱག་མང་ནི་རེད། དེའི་ཕྱིར་དགེ་བ་འཕེལ་ཕྱོགས་ནས་དེ་ཙམ་མ་གླེང་ཀྱང་། ཕན་ས་ཞིག་ལ་ནམ་ཡུན་རུང་ཕན་འགྲོ་རྒྱུ་རེད། ཕྲན་ལྟ་བུ་ ཆོས་ཆེད་སྦྱོང་མ་མྱོང་རུང་། ཕ་མ་རྒྱུད་པའི་ཆོས་ལུགས་ལ་དུང་ཞེན་ཟབ་པ། སྐྱབས་འགྲོའི་གོ་དོན་མི་ངེས་ཀྱང་། རང་དོན་ཞིག་གི་ཆེད་དུ་བློས་གཏོང་མི་ཕོད་མཁན། འུ་ཐུག་དུས་དད་པ་ཡིན་མིན་མི་ཤེས་ཀྱང་། མཆོད་མཇལ་མཆོད་བཤམས་བྱེད་སྤྲོ་བ། རང་དོན་ཁོ་ནའི་ཆེད་དགའ་ཕྱོགས་ཀློག་གྲངས་མང་རུང་། གོ་དོན་དེ་ཙམ་མ་ལོན་པའི་སྐྱོན་ཡིན་ལས་ཆེ། སེམས་པ་འདི་ལ་ངེས་བ་ཞིག་མེད་ཐ། ཕ་ཡུལ་ན་ཡོད་དུས་མི་སྐྱིད་པ་དང་མི་འདོད་པའི་བློ་འདིས་དཀྲུགས། མི་ཡུལ་ནས་འཚོ་དུས་དེ་ཉིད་དྲན་ཅིང་བསམ་པས་དོགས་ཀྱི་བློ་ཡིས་འཁྲུལ་སོང་། འཆི་རྒྱུ་བསམ་ན་འདར་འདར། སྐྱེས་ཡོང་སྙམ་ནས་རིག་རིག་བྱེད་མཁན་གུས་བོ་ལ། སྐྱེ་བ་སྔ་མ་གང་ནས་ཡོང་བ་དང་སྐྱེ་བ་ཕྱི་མ་གང་དུ་འགྲོ་བ་སོགས་ཀྱི་སྐོར་ནང་ཆོས་ཀྱི་གཞུང་དུ་གསལ་བོ་ཡོད་ན་ཕན་སེམས་རེ་བསྐྱེད་ནས་དྲ་ཐོག་འདིར་

  6. ར་མདའ་ནས། says:
    2011-08-01 at 12:24 am

    དགོངས་འགལ་མེད་པ་ཞུ། ལག་རྡེབས་ཤོར་ནས་མཆན་མ་ཚར་གོང་ཡར་བཅུག་སོང་། རིན་ཆེན་དོན་འགྲུབ་ལགས། གུ་རེ་ཞིག་རྩེད་བསམ་སོང་མོད། ད་བྱུང་མ་སོང་། ཡག་པོ་བྲིས་འདུག

  7. སྨྱུག་རིང་། says:
    2011-08-01 at 6:33 am

    ད་ལྟ་ནང་པའི་བསྟན་པ་ལ་སྙིང་པོར་མཐོང་མཁན་རྣམས་ནི་ཕྱིའི་དཔལ་འབྱོར་ལ་ཡར་རྒྱས་ཀྱི་ཚད་ལོན་པ་ཤ་སྟག་རེད་ཀྱང་། ནང་པའི་བསྟན་པ་ལ་སྙིང་པོ་མེད་པར་མཐོང་མཁན་ཚོ་ནི་ཕྱིའི་དཔལ་ཡོན་གྱིས་ཕོངས་ཏེ་སྡུག་ལ་སྦྱར་བའི་གང་ཟག་ཁོ་ན་སྟེ། ཉིན་རེ་ནས་ཉིན་རེ་བཞིན་གཞན་གྱི་ཕུན་ཚོགས་ལ་འགྲམ་ཆུ་ལྡང་བཞིན། ཡབ་མེས་ཚོས་གཅེས་འཛིན་བྱས་པའི་གྲུབ་མཐའ་དེ་ལ་འཁང་ར་སྒྲོག་མཁན་གྱི་སྡེ་ཞིག་ཏུ་འགྱུར་བཞིན་པ་མངོན་སུམ་རེད།

  8. ཆོས་འགྲུབ། says:
    2011-08-01 at 1:46 pm

    གྲོགས་མཆོག་རིན་ཆེན་དོན་གྲུབ་ནས་ཡག་པོ་བྲིས་གནང་འདུག དེ་རང་རེད། ནང་ཆོས་ནི་ཁྱད་ཆོས་དུ་མས་ཕྱུགས་པའི་རིག་གནས་བླ་མེད་ཞིག་རེད། འོན་ཀྱང་ནང་ཆོས་ཀྱི་གོ་དོན་མ་རྟོག་པ་དང་ནང་ཆོས་ལ་མི་མོས་པ་དག་གིས་ནང་ཆོས་ལ་སྐྱོན་འདོགས་རེ་བྱེད་པ་དང་། ལོག་བཤད་རེ་བྱེད་པ། ནང་ཆོས་ལ་སྦྱང་བ་མི་དམན་པ་ཡོད་པར་རློམ་མཁན་དག་གི་བཤད་སྒྲོས་གཙང་སེང་ངེ་བ་ཞིག་གིས་བཤད་པའི་ན་ཡམ་རེ་བྱེད་པ་དང་། ཡ་མཚན་ཅན་གྱི་ཐ་སྙད་དག་ཤགས་འགྱེད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་པ་ལས། མྱོང་རྟོགས་ཀྱི་སྲང་ལ་གཞལ་ན་ལྐོག་ནས་ལྐོག་ཏུ་གྱུར་པས་སྨོན་པ་གཏོང་ས་ཤིག་ལས་མེད་པ་འདི་ཚོ་བསམ་ན། དགའ་བ་དང་སྙིང་སྟོབས་ཡོང་གཞི་མེད་པ་ལྟ་བུ་རེད། འོན་ཀྱང་མི་རིགས་གཞན་པས་ནང་ཆོས་ལ་དོ་སྣང་དང་གདེང་འཇོགས་བྱས་ན་དེས་ཀྱང་དགའ་འོས་པ་ཞིག་ལོས་ཡིན།

  9. ཇ་མ་ says:
    2011-08-01 at 2:45 pm

    ནང་པ་སངས་རྒྱས་པའི་ཆོས་ནི་སྐྱབས་སུ་མཆི། འོན་ཀྱང་ནང་ཆོས་སྒྲུབ་མཁན་གྱི་བོད་པ་ཚོས་ནང་ཆོས་འདི་ཚོང་རྫས་ཀྱི་འདུ་ཤེས་མི་འདུག་པ་མ་ཡིན་ནམ།

  10. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2011-08-01 at 7:15 pm

    དྲ་གྲོགས་ཚོ་ཕེབས་ཏེ་དགག་སྒྲུབ་ཀྱི་ཕྱོགས་གཉིས་ནས་་རང་རང་གི་བསམ་ཚུལ་གསུང་བར་དགའ་བསུ་ཞུ།

  11. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-08-02 at 6:52 am

    ནང་པ་སངས་རྒྱས་པའི་ཆོས་ཞེས་པ་འདི་ཡག་པོ་ཡིན་པ་བདེན་རུང་། ང་ཚོས་ནང་ཆོས་བྱེད་སྟངས་འདི་ནི་ཡག་པོ་ཞིག་གཏན་ནས་མ་ཡིན་པ་མངོན་གསལ་དོད་པོ་རེད།

  12. གངས་སེང་ says:
    2011-09-21 at 1:37 pm

    ནང་ཆོས་ནི་འགྲོ་བའི་མཐུན་པ་བླ་ན་མ་མཆིས་པ་ཞིག་ཡིན་ཡང་བོད་ཀྱི་ནང་ཆོས་དེ་ལ་དཔྱད་གཞིའི་གནས་ཞིག་འདུག གང་ཡིན་ཟེར་ན་དེ་ནི་རྒྱ་གར་དང་། རྒྱ་ནག ཉི་ཧོང་། སེང་ག་པོར། ཐེ་ཧན། འབར་མ་སོགས་ཀྱི་ནང་ཆོས་དང་གཏན་ནས་མི་འདྲ་བ་ཞིག་འདུག དེའི་སྐོར་དྲ་གྲོགས་རྣམ་པས་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་དང་། བོད་ཀྱི་གྲྭ་བཙུན་རྣམས་ཀྱིས་ཀྱང་སྟོན་པ་བཅོམ་ལྡན་འདས་ཀྱི་ན་བཟའ་དང་རྩ་བ་ནས་མ་འདྲ་བའི་དུག་སློག་ཅིག་གྱོན་གྱི་འདུག་པས་དེའི་སྐོར་གསལ་བཤད་ཅིག་ཞུ་འདོད་བྱུང་།

  13. གངས་སེང་ says:
    2011-09-21 at 1:54 pm

    དགོངས་དག ང་ཡི་མཆན་བུ་ལ་ཆད་ལྷག་ཤོར་བཞག ༼ནང་ཆོས་ནི་འགྲོ་བའི་སེམས་ཁམས་དང་མཐུན་པའི་༽ཞེས་ཀློག་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme