Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

Posted on 2011-07-232011-07-23 By དབང་ཕྱུག་ 21 Comments on བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

242624_204937956215383_100000975411126_496306_4825214_o

ཚྭ་རུ་མ་ཐབས་མཁས་ཀྱིས། རྡ་ས།

༼རང་རེའི་རྒྱལ་རྟགས་ངོས་གསར་དུ་བྲིས་པའི་ཚིག་རྐང་ལས་འཕྲོས་པའི་རང་གི་བསམ་ཚུལ་ཁ་བརྡ་བྱས་པ།༽

རང་རེའི་བོད་གཞིས་བྱེས་གཉིས་གཞན་གྱི་བཙན་གནོན་འོག་དང་། གཞན་ཡུལ་དུ་བཙན་བྱོལ་དུ་ཡོད་པའི་དེང་སྐབས་ཀྱི་གནས་བབ་ཡ་ང་བའི་ངང་ཡོད་པ་བདེན་པ་རེད། བོད་ནང་དུ་རང་རེའི་ཕ་ས་ཕ་ཡུལ་གྱི་ས་སྟེང་ས་འོག་ཡོད་ཚད་སྔོག་འདོན་དང་། གཅོད་གཏུབ་ཀྱིས་ཕྱི་ནང་བསློགས་ཤིང་རྩད་མེད་བཟོས་དང་བཟོ་བཞིན་པའང་བདེན་པ་རེད། འུ་ཅག་གི་ཕ་མ་སྤུན་ཟླ་ཐམས་ཅད་ལ་ལུས་འགྲོ་འདུག་གི་རང་དབང་། ངག་སྨྲ་བརྗོད་ཀྱི་རང་དབང་། ཡིད་དད་གུས་ཀྱི་རང་དབང་སོགས་རང་དབང་ཡོད་ཚད་གཞན་དབང་འོག་ཚུད་ནས་ཆུ་ཚོད་ཉེར་བཞིའི་རིང་འཛེམས་དོགས། འཇིགས་སྐྲག་ངང་ལུས་བཙོན་དུ་ཚུད་ཅིང་སེམས་དམྱལ་བར་ལྷུང་ནས་ཡོད་པ་ཡང་ཧ་ཅང་བདེན་པ་རེད། འདི་ལྟར་རང་རེའི་ཕ་སའི་རི་ཆུ་ནགས་གསུམ་གྱིས་རྒྱལ་སྤྱིའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞུ་འབོད་སྒྲོག་བཞིན་པ་དང་། རང་རེའི་ཕ་མ་སྤུན་ཟླ་ཚོས་སྐྱོ་གདུང་དང་མིག་ཆུའི་ཀློང་ནས་རེ་སྒུག་གི་ཉིན་ཞག་མཛུབ་རྩེར་བགྲང་བཞིན་སྐྱོབ་པའི་ཡིད་ཆེས་ཀྱི་མིག་ཟུང་བྱེས་སུ་ཅེར་ནས་ཡོད་པ་ཤིན་ཏུ་བདེན་པ་རེད། རང་རེའི་བོད་བྱེས་སུྋརྒྱལ་དབང་མཆོག་དང་ྋཁོང་གི་མཚན་བྱང་ཏཱ་ལའི་བླ་མ་ཞེས་པའི་ཡིག་འབྲུ་བཞི་ཁོ་ནའི་ཐུགས་རྗེ་བཀྲིན་ལས་ཅི་ཡང་མེད་པའི་གཞན་ཡུལ་དུ་གཞུང་སྲིད་མང་གཙོའི་སྒྲིག་འཛུགས་ཀྱི་མ་ལག་ཡོད་ཚད་འཐུས་ཚང་ཕུགས་བརྟན་ཡུན་གནས་ཤིག་གསར་བཙུགས་བྱུང་བ་དང་། སློབ་གྲྭ་དང་ཆོས་སྡེ། ཆོས་ཚོགས་ཁག་སོགས་མདོར་ན་ད་སྐབས་བོད་བྱེས་སུ་བོད་ལ་གང་ཡོད་ཐམས་ཅད་ྋགོང་ས་མཆོག་དང་ཁོང་གི་བཀའ་དྲིན་ལ་མ་འབྲེལ་པ་ཅི་ཡང་མེད་པ་འདི་ཡང་བདེན་པ་ཡིན་ཞིང་། ྋགོང་ས་མཆོག་གིས་སྔོན་ནས་ད་ལྟའི་བར་ཕ་མས་བུ་ལ་འདོམས་པ་ཇི་བཞིན་ཆོས་སྲིད་ལུགས་ཟུང་གི་ལམ་སྟོན་བཀའ་སློབ་གྲངས་མེད་གནངས་ཤིང་། ལྷག་པར་བདེན་པ་དང་འཚེ་བ་མེད་པ། ཡང་དག་པ་གཞིར་བཞག་པའི་ཚད་ལྡན་མང་གཙོའི་སྒྲིག་འཛུགས་ཤིག་སྔར་མེད་གསར་བསྐྲུན་མཛད་ནས། དོན་མཐུན་གྱི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་ཆེད་ད་ཆར་ྋཁོང་དང་ཁོང་གི་མཚན་གནས་རྗེས་འབྲེལ་བླ་བྲང་དང་བཅས་པས་བོད་ཀྱི་དབུ་ཁྲིད་དང་། གཞུང་ས་འཛིན་པའི་ལེའུ་མཇུག་རྫོགས་བྱས་ཏེ་ྋཁོང་གི་ཡོད་ཚད་རང་རེའི་བོད་དང་བོད་ཀྱི་མ་འོངས་པའི་ཆེད་དུ་འུ་ཅག་ཚོའི་ལག་ཏུ་གནངས་ཟིན་པ་ཧ་ཅང་བདེན་པ་རེད། སྔར་ནས་ད་ལྟའི་བར་འུ་ཅག་བཙན་བྱོལ་དཔོན་རིགས་སྐུ་ངོ་ཚོས་ྋགོང་ས་མཆོག་ལ་ཁ་ནས་གསོལ་བ་འདེབས་བཞིན་གདོང་ན་མིག་ཆུ་ཤམ་ཡང་། ཁོག་ཏུ་ཆོལ་ཁ་ཆོས་བརྒྱུད། ལུང་ཚན་ཚོགས་སྡེ་སོགས་ཀྱི་ཕྱོགས་རིས་ལར་ཞེན་གྱི་ན་ཚ་རྙིང་པ་ཁོ་ན་འཕྱུར་ནས། ནང་ཁུལ་འཐེན་འཁྱེར་དང་རྩོད་རྙོག་ངང་བོད་ཀྱི་རྩ་དོན་ཐོག་ཆིག་སྒྲིལ་མེད་པ། གཞུང་ལ་ལྷག་བསམ་མེད་པ། མང་ཚོགས་ལ་ཤ་ཚ་མེད་པ། ལས་ཀ་ལ་གྲུབ་འབྲས་མེད་པའི་ངང་མི་རིགས་ཤིག་གི་ཆགས་འཇིག་མཚམས་ཀྱི་མི་ལོ་ལྔ་བཅུ་འཐུས་ཤོར་དུ་བཏངས་པ་ཤིན་ཏུ་བདེན་པ་རེད། ད་དུང་མང་ཚོགས་ཀྱིས་མང་གཙོའི་འོས་འདེམས་བརྒྱུད་ནས་བསྐོས་པའི་སྤྱི་འཐུས་གྲོས་ཚོགས་ནང་དགོས་པའི་རང་རེའི་རྩ་དོན་ཐོག་བགྲོ་གླེང་མ་བྱས་པར་མི་དགོས་པའི་སྐུ་དྲག་ཁྱིམ་ཆེན་ཚོ་ཕྱོགས་ཁག་གྱེས་ནས་རྩོད་གླེང་བྱུང་བ་དང་། སྤྱི་དོན་སྒྲུབ་སའི་གཞུང་གི་རྐུབ་སྟེགས་དེ་སྒེར་དོན་སྒྲུབ་ཡུལ་གྱི་གནམ་གྲུའི་འབབ་ཐང་བྱས་ནས་བསྐྱོད་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད་པའང་བདེན་པ་རེད། རང་རེའི་གཞིས་སྡོད་བོད་མི་ཡོད་ཚད་ཀྱི་རེ་བ་བྱེས་སུ་བྱས་ཤིང་། བྱེས་སྡོད་བཙན་བྱོལ་པ་ཀུན་གྱི་སེམས་པ་ནུབ་ཕྱོགས་དང་དཔལ་འབྱོར་གཅིག་པུར་ཤོར་ནས་དེའི་ཆེད་དུ་ཡོད་ཚད་ཀྱི་ཡོད་ཚད་བློས་གཏོང་དང་ངལ་རྩོལ་ངང་རྒྱུག་གིན་ཡོད་པ་ཡང་ཤིན་ཏུ་བདེན་པ་རེད། ད་དུང་གཞིས་སྡོད་སྤུན་ཟླ་དག་གིས་དྲག་གནོན་འོག་རང་རིགས་དང་། རང་རྒྱལ་གྱི་དོན་དུ་རང་སྲོག་གཏོང་སྐབས་བཙན་བྱོལ་ནང་གི་སྐབས་འཚོལ་པ་དང་། ཚོགས་ཁག་འགས་ཕ་སའི་ཛ་དྲག་གི་གནས་ཚུལ་དག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱ་ཁུལ་ངང་ཚོང་བསྒྱུར་གྱིས་ཚོགས་པ་དང་མི་སྒེར་གྱི་མིང་གྲགས་དང་། ཁེ་བཟང་ཡོང་ཐབས་ཁོ་ན་རུ་བེད་སྤྱོད་བྱས་དང་བྱེད་མུས་སུ་ཡོད་པ་ཡང་བདེན་པ་རེད། མདོར་ན་གཞིས་སྡོད་སྤུན་ཟླ་དག་གིས་ཡོད་ཚད་རང་གི་རིག་གཞུང་དང་སྐད་ཡིག མི་རིགས་སྲུང་སྐྱོབ་ཀྱི་ཆེད་དུ་བློས་གཏོང་བྱེད་ཀྱིན་ཡོད་ཅིང་། བྱེས་སྡོད་བཙན་བྱོལ་པ་ཚོས་རང་རེའི་ཐུན་མིན་རིག་གཞུང་དང་ལ་རྒྱ་སོགས་ཡོད་ཚད་སྒོར་མོ་དང་ནུབ་གླིང་དུ་འགྲོ་ཆེད་འཚོང་གིན་ཡོད་པ་ཡང་ཧ་ཅང་བདེན་པ་རེད། འདི་ལྟར་ཕ་སའི་སྤུན་ཟླ་ཚོས་ལུས་སེམས་ཀྱིས་དཀའ་སྡུག་ཚད་མེད་བཟོད་མེད་ངང་མྱོང་གིན་ཡོད་པ་མྱོང་བ་མངོན་སུམ་གྱི་བདེན་པ་རེད་ལ། ང་ཚོ་བཙན་བྱོལ་བོད་པ་ཚོས་ྋགོང་ས་མཆོག་གི་བཀའ་དགོངས་ལ་རྩིས་མེད་དང་། དྲང་ངེས་སུ་འགྲེལ་བཞིན་མི་ལོ་ལྔ་བཅུའི་རིང་ནང་ཁུལ་ཆོལ་ཁ་དང་ཆོས་བརྒྱུད་བར་ཕྱོགས་རིས་བྱས་ཤིང་། ཚོགས་ཁག་དང་གསར་འབྱོར་རྙིང་འབྱོར་བར་འགལ་ཟླའི་བསམ་སྤྱོད་སྤེལ་ནས། ནང་ཁུལ་ཆིག་སྒྲིལ་མེད་པར་ཐམས་ཅད་དཔལ་འབྱོར་འཚོལ་སྒྲུབ་ཀྱི་འཁྲབ་སྟོན་ཁོ་ནར འབད་པ་ལས་བོད་དང་བོད་པའི་ཡོད་ཚད་ཡལ་བཞིན་པ་དང་། འཆི་བཞིན་པའི་རྩ་དོན་ཐོག་རང་རང་གི་ནུས་ཤུགས་ངོ་མ་དང་འཇོན་ཐང་དོན་ལྡན་པ་ཞིག་སྤྲུགས་པ་དང་། སྤྲུག་གིན་མེད་པ་མཐོང་བ་མངོན་སུམ་གྱི་བདེན་པ་རེད། བདེན་པ་འདི་དག་བདེན་པ་ཡིན་པ་ངོ་ཤེས་པའི་ངང་ཁ་སང་གི་ང་ཚོའི་ནོར་འཁྲུལ་བྱུང་བ་དང་། འཐུས་ཤོར་བཏང་བ་དྲན་པར་བྱས་ཏེ། དེ་རིང་ནས་རང་རེའི་བོད་ཀྱི་རྩ་དོན་དང་། རིག་གཞུང་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་མཐུན་པར་མཐུན་འབྲེལ་ངང་སང་ཉིན་གྱི་བོད་དང་། བོད་ཀྱི་ཉི་མ་གསར་པ་ཞིག་འཆར་པར་ང་ཚོས་ངོ་ལྐོགས་མེད་པར་འབད་བརྩོན་གྱིས་འཕག་འཚག་རྒྱག་དགོས་པ་ནི། ད་ལྟའི་འུ་ཅག་བོད་ཀྱི་ཛ་དྲག་གནས་བབ་ཀྱིས་སྤྲོད་བཞིན་པའི་བདེན་པ་ཞིག་རེད། དེས་ན་ྋགོིང་ས་མཆོག་གིས་གནངས་ཟིན་པའི་ཚད་ལྡན་མང་གཙོའི་སྒྲིག་འཛུགས་གསར་པ་དང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་བཀའ་ཁྲི་གསར་པ། གྲོས་ཚོགས་ཀྱི་འཐུས་མི་གསར་པ་དང་བོད་ཀྱི་ལོ་རྒྱུས་ནང་གི་དཀྱོགས་མཚམས་གསར་པའམ་སྒྱུར་བཅོས་གསར་པའི་དུས་སྐབས་གསར་པ་འདི་ནས་ང་ཚོས་གསར་དུ་འགོ་བཙུགས་ཏེ། རང་རེའི་བོད་དང་བོད་ཀྱི་ཡོད་ཚད་སླར་གསོ་དང་། འཆམ་མཐུན་གྱི་རླབས་ཆེན་གྱི་ལས་གཞི་གསར་པ་ཞིག་སྤེལ་དགོས་པ་དང་། སྤེལ་བའི་དུས་ལ་སླེབས་ནས་ཡོད་པ་ཤིན་ཏུ་བདེན་པ་རེད། དེས་ན་ང་ཚོའི་རྒྱལ་རྟགས་ངོས་སུ་གསར་དུ་བྲིས་པའི་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་ལྟར་ང་ཚོའི་གཞིས་སྡོད་སྤུན་ཟླ་ཚོའི་ལུས་སེམས་ཀྱིས་མནར་གཅོད་མྱོང་བཞིན་ཁྲག་དང་། མིག་ཆུ་བཞུར་བའི་ཁྲོད་ཁུ་ཚུར་འཕྱར་བའི་རྒྱལ་གཅེས་དཔའ་ངར་གྱི་བདེན་པ་དང་། བཙན་བྱོལ་བོད་མི་ཚོས་དངོས་ཡོད་དྲང་བདེན་གྱི་བོད་ཀྱི་གནས་ཚུལ་ངོ་མ་གསལ་བསྒྲགས་བྱེད་བཞིན་པའི་ཉེན་སྐྱོབ་འབོད་པའི་བདེན་པ། ྋགོང་ས་མཆོག་གིས་འཇིག་རྟེན་མི་སྡེ་ཡོངས་དང་ལྷག་པར་བོད་རྒྱའི་བར་འཚེ་མེད་ཞི་བདེའི་ངང་བོད་བོད་ཡུལ་ན་སྐྱིད་པ། རྒྱ་རྒྱ་ཡུལ་ན་སྐྱིད་པའི་དོན་དམ་གྱི་འཆམ་མཐུན་ཐག་གཅོད་ཅིག་གནང་བར་སྔར་ནས་བརྩོན་བཞིན་པའི་རླབས་ཆེན་གྱི་བདེན་པ་དང་། ང་ཚོ་གཞིས་བྱེས་བོད་མི་ཡོད་ཚད་ཀྱི་རེ་སྒུག་དང་རྨི་ལམ་གྱི་གཞིས་བྱེས་ལྷན་འཛོམས་དང་། རང་ཡུལ་རང་སྐྱོང་བྱ་བའི་བདེན་པ་སོགས་བདེན་པ་ཡོད་ཚད་ཀྱི་ཆེད་དུ་ང་ཚོའི་དེ་རིང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་པ་འདི་ནས། ངེས་པར་དུ་ང་ཚོའི་ལུས་ངག་ཡིད་གསུམ་གྱིས་འགུལ་སྐྱོད་གསར་པ་གནད་དུ་སྨིན་ཞིང་བོད་ཀྱི་རྩ་དོན་ཐོག་ཏུ་འབབ་པ་ཞིག་བྱས་ནས། ང་ཚོས་ང་ཚོ་བོད་ལ་ཡོད་པའི་བདེན་པ་ཉིད་རྣམ་པར་རྒྱལ་བར་བྱ་དགོས། དེ་ལྟར་བྱུང་ན་ང་ཚོས་ང་ཚོའི་རྒྱལ་རྟགས་ངོས་སུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་དོན་མཐུན་ཞིག་བྲིས་པ་ཡིན་པར་མ་ཟད་། འཛམ་གླིང་རྒྱལ་སྤྱིའི་མཐོང་བ་མངོན་སུམ་གྱི་མིག་ལམ་དུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་བྲིས་པ་ཡང་ཡིན་པས། རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་གངས་སེང་ཁ་སྤྲོད་ཀྱི་རྒྱལ་དར་རླུང་གིས་སྐྱོད་བཞིན་བདེན་པ་ཉིད་རྣམ་པར་རྒྱལ་བར་གྱུར་ཞེས་རང་རེའི་བོད་མི་ཡོད་ཚད་ཀྱི་སེམས་ཀྱི་ཟབ་ས་ཞིག་ལས་ཐོན་པའི་ཀུ་སྒྲ་ཆེན་པོ་ཞིག་མཉམ་དུ་བསྒྲགས་པའང་ཡིན་ནོ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
༢༠༡༡ ༧ ༢༣

སྣ་ཚོགས།

Post navigation

Previous Post: ངེས་པར་དུ་བཀླག་དགོས་པའི་དཔེ་དེབ་ཅིག
Next Post: སེམས་ཤོར་སའི་ཐུགས་རྗེ་ཆེན་པོ།

Comments (21) on “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”

  1. པདྨ་གེ་སར says:
    2011-07-23 at 6:57 pm

    ཁ་ཁོག་མཚུངས་པའི་བདེན་པ་ཉིད་རྒྱལ་བར་གྱུར་ཅིག །

  2. མིག་བརྒྱད་པ། says:
    2011-07-23 at 7:38 pm

    ལྷག་བསམ་དང་སེམས་ཤུགས་ཡོད་པའི་བོད་པ་ཟེར་ན་དེ་འདྲ་དགོས། གྲིས་མི་ཆོད་པའི་སྙིང་སྟོབས་ཟེར་ན་དེ་འདྲ་དགོས། དཀའ་ངལ་གྱི་མདུན་དུ་གཞོམ་གཞིག་བྲལ་བའི་སྤོབས་པ་ཟེར་ན་དེ་འདྲ་དགོས། བདེན་པའི་ཆེད་དུ་སྲོག་གཏོང་བ་ཟེར་ན་དེ་འདྲ་དགོས། མངོན་པར་བསྟོད་དོ།། བུ་རྒོད་པོ། ཨ་ཕའི་བུ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-23 at 7:52 pm

    བོད་བོད་ཡུལ་ན་སྐྱིད་པ། རྒྱ་རྒྱ་ཡུལ་ན་སྐྱིད་པའིདཏམ་པའི་བདེན་པས་རྒྱ་རིགས་དེ་དག་ལ་དཔལ་འབྱོར་རང་རང་ལ་ཉེར་མཁོར་ལྡངས་པ་ཡོད་པ་དེ་རྣམས་རྒྱ་ཡུལ་ལ་ལོག་འགྲོ་བ་འདུག་ཅེས་པ་བདེན་པ་ཡིན་ནམ། སྤྱིར་བཏང་རང་རེའི་ཡུལ་མིའི་གྲངས་ཀ་ཉུང་བ་དང་། ལས་ཀ་བྱེད་དགོས་པ་མང་བས། ལ་དྭགས་ལྟ་བུ་ལ་རྒྱ་གར་རྒྱ་ཐང་པ་དང་། བལ་ཡུལ་སོགས་ནས་དབྱར་དུས་སུ་ལས་བྱེད་པ་མང་དུ་འོངས་ནས། རྒྱ་ཐང་པ་མང་ཆེ་བ་རང་གནས་སུ་ལོག་ཀྱང་། བལ་ཡུལ་པ་དེ་དག་མང་པོ་ལ་དྭགས་སུ་གཞིས་ཆགས་པ་མང་དུ་འདུག་ཅེས་དང་། ད་ལོ་ནི་ལོ་སྔོན་མའི་ཆུ་ལོག་གི་འཇིགས་པས་རྒྱ་ཐང་པ་མང་པོ་འོངས་མེད་པས་ལས་བྱེད་མཁན་རྙེད་པ་ལ་དཀའ་བ་ཡོད་ཚུལ་ཐོས།

  4. གཡུ་བྲག་པ says:
    2011-07-24 at 1:25 am

    བདེན་པའི་དོན་དུ་བདེན་དོན་སྒྲོགས་པའི་དཔའ་རྒོད་ཁྱེད་ཀྱིས་བཤད་པ་ཐམས་ཅད་བདེན་པར་གྱུར་ཅིག

  5. གར་ཞྭ་པ། says:
    2011-07-24 at 4:01 am

    མིང་དེ་ཡག་མིན་གསལ་པོ་ཞིག་མི་ཤེས་མོད། དགའ་ལྡན་ཕོ་བྲང་ཞེས་པ་དེ་རྣ་ལམ་དང་མིག་ལམ་ནས་བརླགས་སོང་ན་ལྷོད་དང་ངེ་བ་ཞིག་རེད།

  6. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-07-24 at 6:03 am

    བཤད་པ་འགྲིག་གི། གང་བཤད་གནད་ལ་ཁེལ་འདུག བསམ་གཞིགས་བྱེད་ཤེས་ན། འདིའི་ཐོག་ནས་གོམ་པ་སྤོ་སྟངས་གསར་པ་ཞིག་རྙེད་ཀྱིན་འདུག ཨོ་རེད། ཁྱོད་འདི་སྙན་ངག་པ་གྲགས་ཅན་ཞིག་ནས་གློ་བུར་དུ་དཔྱད་བརྗོད་པ་ཞིག་ལ་ཇི་ལྟར་ཆགས་སོང་བ་རེད། ཧ་ཧ་ཧ་ཧ།

  7. མངའ་རིས་ཕྲིན་ལས། says:
    2011-07-24 at 7:19 am

    ཚཱ་རུ་མའི་གཏམ་སྙན་པོ་དབྱར་རྔའི་སྒྲ་དབྱངས་དེས། བོད་ཞེན་ཆེ་བའི་རྨ་བྱ་ང་ཡང་སྦྲུམ་པར་བྱས། མི་ལོ་ལྔ་བཅུའི་རིང་གཞིས་བྱེས་གཉིས་ཀྱི་འབོད་སྒྲ་དག་དོན་ལ་སྨིན་ཏེ་བདེན་པར་རྒྱལ། ༧གོང་ས་༧མཆོག་གི་དགོངས་གཞི་དང་མཐུན་པར་རྒྱལ་རྟགས་ལེགས་བཅོས་ལ་བསྔགས་བརྗོད་ཞུ། བཙན་བྱོལ་བོད་གཞུང་ཞེས་པ་མི་འགྱུར་བའི་རེ་བ་ཡོད། གཞུང་མེད་ཚེ་རྒྱལ་རྟགས་མིང་སྙན་པོ་དང་མདངས་རྫིག་པོའི་ཅི་ལ་ཕན། ལོ་རྒྱུས་ཀྱི་རང་བཞིན་ལྡན་ལ་ཚེ་སྲོག་གི་འགྲོ་གྲོན་གྲངས་མེད་བཏང་བའང་བོད་རྒྱལ་ཁབ་ཁོ་ནའི་ཆེད་དུ་ཡིན་པས་བོད་གཞུང་བོད་དུ་གནས་མ་ཐུབ་ཀྱང་བོད་གཞུང་ཕྱི་ལ་གནས་དགོས་པ་གལ་ཆེ་བས་བོད་ཞེན་དང་ལ་རྒྱ་ཅན་ཚང་མའི་བོད་གཞུང་ཞེས་པའི་མིང་ཕྱིར་བསྡུ་མི་དགོས་པའི་ཐབས་ལ་འབད་དགོས་སོ། །

  8. ལྷ་མཚོ says:
    2011-07-24 at 9:20 am

    ཐམས་མཁས་ལགས།
    ཁྱེད་རང་གི་རྩོམ་གྱིས་ང་ཡི་ཡིད་དབང་འཕྲོག་སོང། མུ་མཐུད་ནས་མཐོང་རྒྱུའི་རེ་བ་ཡོད།

  9. ཀརྡོ་རབ་འབྱམས་པ་ says:
    2011-07-24 at 9:57 am

    ཐུགས་རྗེ་བཀྲིན་ཞེས་པའི་བཀའ་དྲིན་ཞེས་ཡོད་བཞིན་དུ་ཀྲིན་དང་ནོར་དྭོགས་ཡོད་ས་འདི་བཞིན་བེད་སྤྱོད་མེད་ན་མི་ལེགས་སམ།

  10. སྟག་སྨྱོན། says:
    2011-07-24 at 12:35 pm

    བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་རྒྱ་གར་གྱི་བཀའ་ཁྲོལ་མེད་པར་དཔེ་བཤུ་བྱས་པ་ནམ་ཞིག་ཁྲིམས་འགལ་ཆགས་སྲིད་དམ།

  11. ལུང་རྟོགས། says:
    2011-07-24 at 1:55 pm

    ཡག་པོ་ཞྀག་བྲིས་འདུག རྒྱབ་སྐྱོར་ཡོད།

  12. དོམ་ཁྲ། says:
    2011-07-24 at 3:10 pm

    རེད་རེད་རེད་དུས་རབ་ཀྱི་རྐྱོག་མཚམས་བསམ་བློའི་རྐྱོག་མཚམས་མི་རབ་ཀྱི་རྐྱོག་མཚམས་དེ་ན་ལོ་རྒྱུས་ཀྱི་རྐྱོག་མཚམས་ཞིག་ཆག་སོང་། བརྒྱད་ཅུ་པས་གཉའ་ནས་མནན་བདུན་བཅུ་པས་འོག་ནས་བཏེགས་ཏེ་དབུ་སྐྲ་དུང་ལྟར་དཀར་བ་ལ་གཉེར་མ་དགུ་བཅུ་ཐམ་པས་ཁེང་། ལག་པ་འཁར་བ་ལ་བརྟེན་དགོས་མཁན་ཕྱོགས་མཛིན་དང་རྙིང་ཞེན་ཅན་གྱི་གང་ཟག་ཡོད་ཚད་ཕྱིར་ཕུད་བཏང་དགོས་ཞེས་འུར་འུར་ཟིང་ཟིང་བྱས་སོང་ལ་ཕར་ཆེ་སྔར་དང་མི་འདྲ་བའི་འདི་ལོའི་བཀའ་ཤག་དང་སྤྱི་མཐུས་སོགས་ལ་ང་ཚོས་རེ་བ་གསར་པ་ཞིག་གམ་གྲུབ་འབྲས་གསར་པ་ཞིག་རྒུག་རྒྱུ་ཡོད་ཚོད་རེད། འོན་ཀྱང་(བདེན་པ་ཉིད་རྒྱལ་གྱུར་ཅིག་)ཅེས་པའི་ཡི་གེ་འདི་བོད་རྒྱལ་ཁབ་ཆེན་པོའི་མིང་རེད་ཟེར་མཁན་གང་མང་ཐོས། དེ་དངོས་གནས་ཡིན་ན་ནི་ང་ལ་བསམ་ཚུལ་ཡོད། ལོ་ངོ་བརྒྱ་སྟོང་གི་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་ཅེས་དང་བོད་དང་བོད་ཆེན་པོ་ཞེས་པ་སོགས་ཀྱི་ལོ་རྒྱུས་རིང་པོ་དེ་འདི་ལོ་སྨོན་ཚིག་ཤིག་གིས་བསུབས་སོང་ཟེར་ན་གཞིས་ལུས་ཚོའི་བསམ་བློའི་ནང་ཅི་ཞིག་ཡོད་ན་གཞོན་ནུ་ཚོགས་པའི་བསམ་བློ་དེ་ལ་ཡང་མ་རེད་ཞུ་རྒྱུ་མི་འདུག།

  13. གངས་སྦལ། says:
    2011-07-24 at 5:20 pm

    ཁ་ནས་བདེན་བདེན་ལྟ་བུར་བཤད་པ་མང་ཡང་དོན་ལ་རང་ཉིད་ནས་འགོ་བརྩོམ་དགོས་པ་ནམ་ཡིན་རུང་མི་རེ་རེའི་སེམས་ནས་བརྗེད་མི་ཉན་པ་ཙམ་མ་ཡིན་པར། ལག་ལེན་དུ་ཁེལ་དགོས་ཀི་མ་གཏོགས། འདི་ལྟར་བཤད་ཤེས་མཁན་མང་ཡང་བསྒྲུབ་ཐུབ་མཁན་ཧ་ཅང་དཀོན་པོ་རེད། དོན་དངོས་སུ་འདི་བཤད་མི་ཤེས་མཁན་དག་གིས་འདི་ལྟར་བསྒྲུབ་ནས་འགྲོ་གི་ཡོད་པ་རེད། འོན་ཀྱང་བཤད་མཁན་དག་ནི་ནམ་ཡིན་རུང་ལས་དོན་དང་རྒྱང་བཀྱེད་ནས་ཡོད་པ་རེད། ཁོང་ཚོས་ནམ་ཡིན་རུང་རང་གི་ལྟོ་རྒྱབ་ཀྱི་ཆེད་དང་། ཁ་མཆུ་ཞིག་གི་ཆེད། དེ་ལས་གཞན་གློ་བུར་བའི་ཚོར་བ་ཞིག་གིས་དེད་ནས་འདི་ལྟར་བཤད་ཀི་རེད་ལ། དེ་མིན་སེམས་གཏིང་ནས་འགན་ཁུར་ཞིག་དང་དུ་བླངས་ནས་འདི་ལྟར་བཤད་མཁན་ཉུང་ཞིང་མེད་པ་ལྟར་སྣང་ངོ་། དེས་ན་དེ་རིང་གི་ཡི་གེ་པ་འདི་ཡང་ནམ་རྒྱུན་ཅི་ཞིག་གི་ཆེད་དུ་གང་ཞིག་ཏུ་མདུར་གྱིན་ཡོད་པ་དྲན་ན། སྐད་ཆ་འདི་དག་ཁོ་གཏན་ནས་མི་མཛའ་ནི་ཞིག་མ་རེད་དམ།

  14. གསེར་འབྲུག་སྡེར་ལྔ་ says:
    2011-07-24 at 10:22 pm

    རེད་རེད་། ལོ་རྒྱུས་བྱུང་རབས་ལ་ངོས་འཛིན་བྱས་ན་བོད་འདི་རང་བཙན་གཙང་མ་ཡིན་པ་ཡང་བདེན་པ་བདེན་ཐུབ་རེད་། ལོ་རྒྱུས་རྙོགས་འཛིང་ཅན་ལ་ངོས་འཛིན་གནང་མཁན་ཚོས་ལོ་རྒྱུས་ལ་གཞི་མི་བཅོལ་བ་ཡང་བདེན་པ་རེད། བོད་མི་རིགས་ཀྱི་འཐབ་རྩོད་ངོ་བོ་ཅི་ཆ་མེད་པ་ཡང་བདེན་པ་རེད་། ཀྲུང་ནན་ཧེའེ་ཡི་རྫུན་རྐྱལ་རི་ལྟ་བུ་དེ་ཡང་ག་ལེར་བདེན་པར་འགྱུར་ཉེན་ཡོད་པ་ཡང་བདེན་པ་རེད་། མཐར་(བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་)ཅེས་སྨོན་ལམ་རྒྱག་རྒྱུ་མ་གཏོགས་ཅང་ལྷག་མེད་། བདེན་པའི་འོད་སྣང་ནི་ཇེ་ཆུང་ནས་ཇེ་ཆུང་རེད་ལ། སྣེ་གདོང་རྒྱལ་པོའི་ནོར་བུ་ཇི་བཞིན་ནོར་གཅིན་བཏང་ནས་བྲོས་མི་འགྲོ་བའི་རེ་བ་ཞུ་བཞིན་ཡོད་ལགས།

  15. ཀརྨ་ཡེ་ཤེས། says:
    2011-07-24 at 11:10 pm

    ངོ་མ་གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོའི་གཏོང་བཞིན་པའི་གཞས་འདི་བཙན་བྱོལ་བོད་གཞུང་གི་སྤྱི་མཐུས་ཀྱི་གྲོས་ཚོགས་ནང་དུ་ཐེངས་གཅིག་གཏོང་སྙིང་འདོད་ཀི Tibetan song 2011 – The Unity by Sherten, Tsewang lhamo, Choegyal, Tsekyi

  16. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-07-25 at 2:31 am

    ཨ་རོགས། ངས་གཅིག་བཤད་སྙིང་བྲོ་སོང་། བརྩམས་ཆོས་བཀླག་དགོས། རྩོམ་པ་པོ་བཀླགས་ན་དེ་ནི་འབྲེལ་བ་མེད་པ་ཞིག་རེད། འུ་ཅག་ལ་མིག་ལྟར་གཅེས་མཁན་གྱི་སྟོན་པ་དེས་རྟོན་བཞི་ཟེར་བའི་གདམས་ངག་རླབས་པོ་ཆེ་ཞིག་གསུངས་ནས་ཡོད་ཡ།

  17. སྐྱབས་བཅོལ་བ། says:
    2011-07-25 at 3:29 am

    གྲོགས་པོ་ཚོ། བརྩམ་ཆོས་དང་རྩོམ་ཡིག་ཁ་ཁ་སོ་སོ་རེད། རྩོམ་ཡིག་བྲིས་ཚད་བརྩམ་ཆོས་མ་རེད། ཆོས་ཞེས་པ་་་་་་
    བཞི་བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚེ་བར། །་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །
    ཞེས་པ་ནང་བཞིན་རེདལགས། ཆོས་ལུགས་གང་ཞིག་གི་ཆོས་གཞུང་ངམ། ནང་པ་ལ་མཚོན་བསླབ་པ་གསུམ་བརྗོད་བྱར་བྱས་ནས་སྟོན་པའི་བསྟན་བཅོས་སམ་དགོངས་འགྲེལ་སོགས་ལ་ཆོས་ཞེས་པའི་ཐ་སྙད་འཇུག
    དེང་སང་ཨ་མདོའི་ཕོ་གསར་ཚོས་མི་ཞིག་གིས་རྩོམ་ཉོག་བྲིས་ཚད་ལ་བརྩམ་ཆོས་ཟེར་གི་འདུག ཁག་ཡོད་མ་རེད། དར་དམར་འོག་གི་པུའུ་རེད། མཐོང་རྒྱ་ཆུང་ཆུང་རེད། ངག་འཁྱལ་དང་། ཕྲ་མ། ཚིག་རྩུབ་ལས་གྲུབ་པའི་རྩོམ་ཉོག་དེ་ཚོ་ལ་བརྩམ་ཆོས་སམ་ཆོས་ཞེས་པའི་ཐ་སྙད་བཏགས་ན་འགྲིག་གི་མ་རེད།

  18. ལྷ་མཚོ says:
    2011-07-25 at 1:28 pm

    ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ནས་གསུངས་པ་དེ་བདེན་པར་མཐོང།

  19. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-07-25 at 3:39 pm

    ཡ། འོ་ན། སྐྱབས་བཅོལ་བ་ཁྱོད་ཆོས་ཅན། བསླབ་པ་གསུམ་བརྗོད་བྱར་བྱས་ནས་སྟོན་པའི་བསྟན་བཅོས་སམ་དགོངས་འགྲེལ་ཡིན་པར་ཐལ། ཆོས་ཡིན་པའི་ཕྱིར། ཧ་ཧ་ཧ་ཧ་་་་་

  20. སྐྱབས་བཅོལ་བ། says:
    2011-07-26 at 1:47 am

    ཐེ་བོ་ཤེས་རབ་ལགས། རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་ལས་གྲུབ་པའི་རྩོམ་ཉོག་དེ་འདྲ་དེ་ཆོས་ཅན། ཁྱོད་ཆོས་མ་ཡིན་པར་ཐལ། འཆོས་སྐྱོབས་ཀྱི་ཡོན་ཏན་མི་ལྡན་པའི་ཕྱིར།
    མ་བག་མར་ལེན་གཞུང་ལུགས་དེ་ཆོས་ཅན། ཁྱེད་ལྟར་ན་ཆོས་ཡིན་པར་ཐལ་ལོ། །

  21. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-07-26 at 9:21 am

    སྐྱབས་བཅོལ་བ་ལགས། ཆོས་ཡིན་ན་འཆོས་སྐྱོབས་ཀྱི་ཡོན་ཏན་ལྡན་དགོས་པར་ཐལ། ཧ་ཧ། ངེད་གཉིས་ཀྱི་རྩོད་པ་འདི་ངོ་མ་སྐྱིད་པོ་ཟིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme