Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཕ་དྲན་སྟངས།

Posted on 2011-07-11 By ཁ་བརྡ་ 10 Comments on ཨ་ཕ་དྲན་སྟངས།

ཤར་ཕྱོགས་ཁུག་རྟ།

ང་ལོ་བདུན་ལ་སླེབས་དུས། ངས་གཞི་ནས་རང་གི་ཨ་མར་ངའི་ཨ་ཕ་སུ་རེད་གང་ལ་ཕྱིན་སོང་ཞེས་དྲི་བ་འདོན་མྱོང་། ཨ་མས་ཨ་ཕ་ཐག་རིང་ཐག་རིང་ཞིག་ལ་ཕྱིན་སོང་མགྱོགས་པོ་ཡོང་གི་རེད་ཟེར། ང་རང་སྡེ་འདབས་ཀྱི་བྱིས་པ་ཚོའི་གྲས་ལ་ཉིན་རྒྱུན་རྩེད་མོར་འགྲོ་དུས། ཚེ་རིང་ནི་ང་ཚོས་ཅུང་བརྩི་བཀུར་བྱེད་ས་དེ་ཡིན་ལ། ཁོང་གི་ལག་ནས་ཀ་ར་དཀར་པོ་༼ བྱེ་མ་ཀ་ར་༽དང་ཀོ་རེ་དམར་པོ་༼ བག་ལེབ་མངར་མོ ༽ཉུང་ཙམ་ཐོབ་ཀྱི་ཡོད།
ཁོང་གི་ཨ་ཕ་ང་ཚོའི་ཤང་གི་ཧྲུའུ་ཅི་ཡིན་ལ་ཁོ་ལ་ཞང་སྲིད་གཞུང་གིས་གྲོ་ཞིབ་དང་ཟ་སྣུམ། ད་དུང་གོན་པ་ཁ་ཤས་བཅས་ཟླ་རེར་སྤྲོད་ཀྱི་ཡོད་པ་ངའི་ཨ་མས་ང་ལ་རྒྱུན་དུ་གསུང་གི་ཡོད། དེ་ནི་ངས་ཨ་མར་ཚེ་རིང་ལྟར་ང་ལ་ཀ་ར་དཀར་པོ་དང་ཀོ་རེ་དམར་པོ་དགོས་ཞེས་ཨུ་ཚུགས་རྒྱག་དུས་ཀྱི་གསུང་ལན་རེད། ང་ཚོའི་སྡེ་བའི་ནང་ཚེ་རིང་གི་ཨ་ཕར་ཨ་ཁུ་ཧྲུའུ་ཅི་ཞེས་ཡོངས་གྲགས་ཀྱི་མིང་ཞིག་ཡོད་པས། ང་ཚོས་ཚེ་རིང་གི་རྩེད་གྲོགས་དང་ཁོང་གི་ནང་ལ་ཕྱིན་ནས་ཡང་ཡང་ཟ་མི་ཐུབ་པའི་ཀོ་རེ་དམར་པོ་དང་། ཀ་ར་དཀར་པོ། ཁུ་ལིང་སྔོན་པོའི་རྐང་སྣམ་༼ དོར་མ ༽་སོགས་ལ་ལྟ་རྒྱུ་ནི་ཆེས་ཡ་མཚན་ཞིག་ཏུ་བརྩི་བཞིན་ཡོད།
ཚེ་རིང་གི་ཨ་ཕ་ཧྲུའུ་ཅིས་ནམ་རྒྱུན་ཚ་ཐབ་དྲོན་མོའི་མདུན་དུ་བོད་ལྭ་ཡངས་ལུགས་༼ སྐེད་རག་མ་བཅིངས་པ༽་སུ་གྱོན་ནས་ཨ་མ་སྒྲོལ་མར་སྐད་ཆ་བཤད་པ་དག་མཐོང་དུས། ངས་རང་གི་ཨ་ཕ་ཡང་ཚེ་རིང་གི་ཨ་ཕ་ལྟ་བུ་ཞིག་ཡིན་པར་བསམས་ཏེ། ནང་ལ་སླེབས་མ་ཐག་ཨ་མར་ཨ་ཕ་ག་དུས་ཡོང་གི་རེད་དམ། ཉི་མ་ག་ཚོད་ཀྱི་རྗེས་ནས། ཨ་མ་ངེད་གཉིས་ནས་ཀོ་རེ་དམར་པོ་བཟོས་ཏེ་ཨ་ཕར་སྣེ་ལེན་བྱེད་དགོས་པ་མ་རེད་དམ་ཞེས་དུས། ཨ་མས། ཨོ་རེད་རེད་རེད། ད་ཨ་ཕ་མགྱོགས་པོ་ཡོང་གི་རེད། ཁྱོད་ཀྱིས་མདོ་གདུགས་སྒྲོལ་གསུམ་བློ་ཐོག་ནས་ཆུ་རྒྱུགས་རྒྱུགས་བྱེད་དུས། ངས་ཨ་ཕ་མགྱོགས་པོ་ཤོག་ཟེར་གི་ཡིན།
ངས་ཡི་གེ་མི་ཤེས་ཀྱང་ང་ཚོའི་སྡེ་བའི་ནང་ཁ་བཏོན་སློབ་རྒྱུ་ནི་དཔེ་ཆ་ལ་བརྟེན་མི་དགོས། ལོ་རེ་བཞིན་ས་ག་ཟླ་བའི་ནང་སྨྱུང་གནས་ཚོགས་ཀྱི་ཡོད་ལ། སྨྱུང་གནས་དུས་ཡུན་ནི་བདུན་ཕྲག་གཅིག་ཡིན། རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་མ་ཎི་ཁང་དུ་འཛོམས་ནས་ཞལ་འདོན་རྒྱུན་རིང་བོ་ཞིག་གནང་གི་ཡོད་ལ། ལོ་ན་བཅོ་ལྔ་ཡན་གྱི་ཕོ་མོ་ཐམས་ཅད་ཀྱིས་ཞལ་འདོན་ཆ་ཚང་ངག་ཐོག་ནས་ཤུར་ཤུར་སྐྱོར་ཐུབ་ཀྱི་ཡོད། གལ་སྲིད་རྩ་བ་ནས་མ་ལོབས་པའི་མི་དེ་འདྲ་བྱུང་ན་དེ་དག་ནི་ཇ་མར་འཇོག་གི་རེད། སྐབས་དེ་དུས་གདུགས་དཀར་མི་ཤེས་པའི་ཕོ་གསར་བཞི་ཡོད་པ་དེར་སྡེ་བའི་ཁ་རྒྱུན་ལྟ་བུས་མི་ཤེས་མི་བཞི་ཞེས་ཡོངས་གྲགས་སུ་འབོད་ཀྱི་འདུག
གདུགས་དཀར་ཆོས་ཚོགས་ནི་ང་ཚོའི་སྡེ་བར་ཟླ་བ་རེར་ཉིན་རེ་ཚུགས་པས་གདུགས་དཀར་ཟླ་འདོན་ཟེར་ཞིང་། འདིར་སྐྱེས་པ་གཅིག་པུ་ལས་བུད་མེད་མེད། ངའི་ནང་ལྟ་བུའི་གདུགས་དཀར་ཟླ་འདོན་ལ་འགྲོ་མཁན་མེད་པ་མང་པོ་ཡོད་པས་སྡེ་བའི་ནང་མི་ཚང་དེ་དག་ལ་མོ་ཁྱིམ་ཞེས་འབོད་ཅིང་། དེ་ནི་ཕྱིས་སུ་མ་གཏོགས་དོན་དག་གང་ཡིན་ངས་ཤེས་མ་བྱུང་། ཨ་མས་ནམ་རྒྱུན་རྒན་པོ་དཀོན་མཆོག་དང་མཉམ་ཏུ་ང་རང་ཕྱུག་རྫིར་གཏོང་ཞིང་། གདུགས་དཀར་བསླབས་ཀྱི་ཡོད་པས་ངས་ཟོག་ལུག་རྣམས་ཉིན་གཅིག་ལའང་བོར་གི་མེད། མཚན་མོ་ནང་ལ་སླེབས་དུས་དེ་རིང་གང་བསླབ་པ་དེ་ཨ་མའི་མདུན་དུ་སྐྱོར་གྱིན་ཡོད། དེ་ལྟར་ཟླ་ངོ་གཉིས་ཙམ་གྱི་རྗེས་སུ་ངས་གདུགས་དཀར་ཡོངས་སུ་བློ་འཛིན་ཐུབ་སོང་ལ། དེ་དུས་ང་རང་ཏག་ཏག་ལོ་ན་དགུ་ལ་བུད་འདུག
ངས་གདུགས་དཀར་ཤེས་པ་དང་ཨ་མའི་མདུན་ནས་ཡོངས་སུ་སྐད་ཆེན་པོས་ཚར་གཅིག་སྐྱོར་རྗེས། ལག་པ་བསྟར་བསྟར་བྱས་ཏེ་ཨ་ཕ་སྐད་ཐོངས་ཞེས་བུ་ལོན་ཚ་འདེད་བྱས། ཨ་མས་ད་འགྲིག་སོང་། ངས་ཨ་ཕར་སྐད་བསྐུར་གི་ཡིན། སང་ཉིན་ནས་གདུགས་དཀར་ཟླ་འདོན་ལ་ཁྱོད་ཀྱི་བུ་བཀྲ་ཤིས་འགྲོ་རྒྱུ་རེད། བུ་ཧ་ཅང་ཡག་པོ་འདུག ཨ་ཕ་ཁྱོད་ཀྱིས་ལས་ཀ་ཆ་ཚང་འགྲུབ་རྗེས་ནང་དུ་ཤོག བཀྲ་ཤིས་ཆེན་པོ་ཆགས་འདུག སྟོན་ཁ་སླེབས་དུས་ངེད་མ་བུ་གཉིས་ཀས་འགྲིག་གི་རེད་ཅེས་ཁྱིམ་མཚེས་ཨ་ཅེ་ལྷ་མོ་ལ་སྐད་བསྐུར་གི་ཡིན་ཞེས་ང་ལ་གསུངས་སོང་།
ངས་ཨ་མར། ཨ་ཕའི་ལས་ཀ་ག་རེ་རེད། མི་ཆོག ཨ་ཕ་མགྱོགས་པོ་ཡོང་དགོས། ངས་ཨ་ཕ་དྲན་གི་འདུག་ཞེས་ངུ་འབོད་བྱེད་སྐབས། ཨ་མ་ཅུང་འཛུམ་ཁ་དང་ཡིད་ཆེས་མེད་པའི་རྣམ་འགྱུར་བཅས། ཨ་ཕས་ལས་ཀ་བྱས་ནས་ནང་ལ་དངུལ་ཁྱེར་ཡོང་གི་རེད། གལ་སྲིད་ཁྱོད་ཀྱིས་ཨ་ཕ་སྡོད་དུ་མ་བཅུག་ན་ཨ་ཁུ་ཧྲུའུ་ཅིས་ད་དུང་ང་ཚོའི་སྡེ་དཔོན་བྱས་ནས་འདུག་གི་རེད། ཁྱོད་གདུགས་དཀར་ཟླ་འདོན་ལ་ཞུགས། ཨ་ཕས་ཁྱོད་ལ་རྔན་པ་མང་པོ་ཁྱེར་ཡོང་གི་རེད་ཟེར། ངས་ཀྱང་ཡིན་པར་བསམ་ནས་ཨ་ཕར་རེ་སྒུག་ལ་འགྱུར་བ་ཁྱོན་ནས་བཏང་མ་མྱོང་།
སྟོན་ཁ་སླེབས་དུས་ང་ཚོའི་སྡེ་བ་ནི་ཧ་ཅང་བྲེལ་བ་ཚ་བོ་ཞིག་ཡིན། ས་ཞིང་དེ་འདྲའི་ཆེན་པོ་ཞིག་མེད་ནའང་། མི་རྣམས་ཉིན་མཚན་མེད་པར་བྲེལ་འཚུབ་ཀྱིས་འདུར་གྱིན་ཡོད། སྡེ་བའི་ལུགས་སྲོལ་ལྟར་ལོ་ཏོག་འབྲེགས་མཁན་ནི་བུད་མེད་ཡིན་ལ། ལོ་ཏོག་དུམ་བུ་དུམ་བུ་བྱས་ནས་བསྡམས་བཞག་པ་དེ་ལ་ཤོག་ཟེར་ཞིང་། ཤོག་མཛོ་གཡག་ལ་བཀལ་ནས་ནང་དུ་སྐྱེལ་མཁན་ནི་སྐྱེས་པ་ཚོ་ཡིན། ངེད་ཚང་ལ་མཛོ་གཅིག་ལས་མེད་ལ། དེ་དུས་ང་རང་ལོ་ན་ཕྲ་བས་མཛོ་ལ་ཁལ་འགེལ་ཐུབ་ཀྱི་མེད། ཨ་མས་ཤོག་བཞི་བཅུ་ཙམ་མཛོ་ལ་བཀལ་རྗེས་ངས་ནང་དུ་ཁྲིད་ཐུབ་ཀྱི་ཡོད། ངས་མཛོའི་སྣ་ཐིག་ལ་འཇུས་ནས་འགྲོ་བའི་ལམ་བར་དུ་ཨ་ཕའི་ཕྱོགས་སུ་བསམ་བློ་མང་པོ་གཏོང་གི་ཡོད་ལ། ག་དུས་ཨ་ཕ་མཆོག་ནང་དུ་ཡོང་ངམ་བསམ་གྱི་ཡོད། ང་ཚོའི་སྡེ་འདབས་ནས་ཡར་འགྲོ་དུས་ང་ཚོའི་རྩེད་གྲོགས་ཚང་མས་རང་རང་སར་མཛོ་གཡག་དེད་ནས་ཤོག་སྐྱེལ་བཞིན་ཡོད་ལ། ལམ་སྐབས་ནས་ང་ཚོས་སྡེ་འདབས་ཀྱི་རྩེད་རར་ཡང་ཡང་བལྟ་བཞིན་ཡོད། སྟོན་ཁའི་སྟོན་ལས་དང་དཔྱིད་ཀའི་ཞིང་འདེབས་ཀྱི་སྐབས་སུ་ང་ཚོའི་རྩེད་རའི་ནང་དུ་ཨ་ཁུ་ཧྲུའུ་ཅི་ཚང་གི་ཚེ་རིང་ལས་གཞན་སུ་གཅིག་ཀྱང་རྩེད་མོ་རྩེད་ཁོམ་མེད། ང་ཚོས་མཛོ་གཡག་ཁྲིད་བཞིན་ཁོང་ལ་ཡིད་སྨོན་སྐྱེས་ཀྱི་ཡོད།
ཞིང་འབྲེག་པ་ནི་ཞེད་སྣང་ཚ་བོ་ཞིག་མིན་ན་ཡང་། ཞིང་ཁ་ལོག་རྒྱག་རྒྱུ་ནི་ཧ་ཅང་ཞེད་སྣང་ཅན་ཞིག་ཡིན། ཅི་ལྟར་ཞེ་ན། སྐབས་དེར་ངེད་ཚང་ལ་མཛོ་གཅིག་ལས་མེད་སྟབས། ཞིང་ཁ་སློག་རྒྱུ་ནི་མཛོ་གཅིག་གིས་ཡོང་གི་མེད། མཛོ་གཡག་གང་རུང་གཉིས་ལ་སྐེ་ཤིང་བསྐོན་ཏེ། སྐེ་ཤིང་གི་དཀྱིལ་དུ་གོ་ཡི་ཐག་པ་སྲ་མོ་ཞིག་ཨ་ལོང་གི་ཚུལ་དུ་ཡོད་པ་དེར་གཤོལ་རྒྱབ་ནས་སློག་གི་རེད། ང་ཚོའི་སྡེ་བ་ནི་མོ་ཁྱིམ་མང་བ་ཞིག་ཡིན་པས། བུད་མེད་ཀྱིས་ཞིང་སློག་པ་དེ་སྐྱེས་པ་ནང་བཞིན་ཚགས་ཚུད་པོ་ཞིག་མིན་ཡང་ངའི་ཨ་མ་ལྟ་བུའི་བུད་མེད་དེ་ཚོས་ལག་པས་བརྐོ་བ་དང་ཡང་ན་མཛོ་གཡག་གིས་སློག་ནས་སྟོན་མཇུག་ཞིང་ཁ་ནག་པོ་བཟོ་གི་རེད། ཞིང་ཁ་དེ་འདྲའི་ཆེན་པོ་མེད་ཀྱང་ལག་པ་ཁོ་ནས་བརྐོ་རྒྱུ་ནི་ཕལ་ཆེར་ལོ་ཕྱེད་ཙམ་གྱི་ལས་ཀ་ཡིན། སྟོན་འབྲས་ཡག་པོ་མེད་དུས་ངའི་ཨ་མ་དང་ཁོང་ཚོས་མཛོ་གཡག་ལ་གཅེས་སྐྱོང་བྱས་ནས་སྟོན་མཇུག་ཞིང་ཁ་སློག་རྒྱུར་བེད་སྤྱོད་གཏོང་གི་མི་འདུག གང་ཡིན་ཞེ་ན། སྟོན་འབྲས་བསྡུས་རྗེས་ཤོག་བཅག་གི་རེད་ལ། ཤོག་བཅག་ཚར་དུས་འབྲུ་རིགས་དང་རྩ་རྐྱ་གཉིས་སོ་སོར་བཀར་གི་ཡོད་པ་རེད། སྟོན་འབྲས་ཡག་པོ་མེད་དུས་ཟ་མ་ཕར་ཞོག ཕྱུག་ཟོག་གིས་དགུན་དུས་འཁྱོལ་གྱི་མེད་སྟབས་ཁོང་ཚོས་ལོ་རྗེས་མའི་ཞིང་འདེབས་དང་སྟོན་ལས་ལ་བསམ་ཤེས་བྱེད་ཀྱི་འདུག ཡིན་ནའང་སྟོན་མཇུག་ནས་ནམ་ཟླ་སྐད་ཅིག་གིས་འགྱུར་འགྲོ་ཞིང་། ས་གཞི་འཁྱག་ལ་མ་འབྱར་བར་ཁོང་ཚོར་ཞིང་ཁ་སློག་རྒྱུ་ནི་ཤི་བ་ལས་གསོན་སར་རེ་བའི་སྲོག་གི་སློང་མོ་ཞིག་དང་མཚུངས། ངས་ད་དུང་ས་འཁྱག་ལ་འབྱར་ནས་སློག་མ་ཐུབ་པའི་ཞིང་ཁ་སྐྱ་ལེབ་མ་དེ་ཚོ་ཡིད་ངོས་ནས་ནམ་ཡང་བརྗེད་རྒྱུ་མི་འདུག
སྐབས་དེ་ཐམས་ཅད་དུ་ང་ཚོའི་རྩེད་གྲོགས་ཚོས། ཨ་ཁུ་ཧྲུའུ་ཅི་ཚང་གི་སྡོད་ཁང་རྫིག་པོ་དང་མཛོ་གཡག་མང་པོ། ནམ་རྒྱུན་ཚེ་རིང་གིས་གྱོན་ཡོང་བའི་ཁུ་ལིང་གི་དོར་མ་སྔོན་པོ་དང་རས་ལྷམ་དམར་སེར་སོགས་ལ་ཞེ་དྲག་ཧམ་པ་སྐྱེས་ཀྱི་ཡོད། ང་རང་ལོ་ན་བཅུ་གཅིག་ལ་སོན་ཡང་ཨ་ཕ་ད་དུང་ནང་ལ་སླེབས་མ་སོང་། ང་ཚོའི་རྩེད་གྲོགས་ཚོས་ནང་ཕན་ཚུན་ལ་ཡོང་རྒྱུར་ལྷག་པའི་སོ་སོའི་ཨ་ཕའི་སྐོར་ཤོད་རེས་ཀྱིས་རྨི་ལམ་ཡག་པོ་གཏོང་གི་ཡོད་ལ། མཚམས་རེར་སུ་ལས་སུ་རྫིག་བཤད་དེ་རྒྱག་རེས་ཀྱང་ཤོར་གྱི་ཡོད། འདྲི་མི་འདོད་ཀྱང་ཨ་མ་ལས་གཞན་སུ་ལའང་ཨ་ཕའི་སྐོར་འདྲི་རྒྱུ་མ་དྲན་ལ། ཨ་མའི་རྣ་བར་ཨ་ཕ་འདྲི་བ་ནི་ངའི་རྣ་བར་བྱང་བའི་ཨ་མའི་ཞོགས་པ་སྔ་མོའི་སྒྲོལ་མའི་དབྱངས་རྟ་དང་། ད་དུང་མཇུག་ཏུ་༧རྒྱལ་བ་པཎ་ཆེན་གཉིས་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་སྐྱིད་པའི་ཉི་མ་ཤར་བར་ཤོག་ཅེས་པ་དང་ཀུན་ནས་ལོས་མཚུངས། རེ་ཞིག་ཨ་ཕའི་སྐོར་གྱི་དྲན་སེམས་བག་ལ་ཞ་བའི་སྐབས་དེར་ང་རང་ལོ་ན་བཅོ་ལྔར་སླེབས་ཤིང་ཨ་མའི་སེམས་ལ་རེ་བ་གསར་བ་ཞིག་གི་དྲོད་ཐིག་རྒྱས། སྡེ་བ་ཚོགས་ས་དང་གསང་ཕུད་སར་འགྲོ་དགོས་ཤིང་དོན་དག་གལ་ཆེན་གྱི་སྐབས་སུ། མི་ཚང་རེ་རེའི་ཁྱིམ་བདག་གི་མིང་བཟུང་ནས་གྲངས་ཀ་བརྩི་བཞིན་ཡོད།
ཉིན་ཞིག་སྡེ་བ་ཚོགས་སར་ངའི་མིང་ནས་བོས་ཏེ་བཀྲ་ཤིས་ཚང་ཞེས་བོས་མ་ཐག ངའི་སེམས་ལ་ངའི་ཨ་ཕ་ལས་ཀར་ཕྱིན་ཡང་ཁོང་གི་མཚན་མི་འབོད་པ་ག་རེ་ཡིན་ནམ་བསམ་སྟེ་རྣམ་རྟོག་དང་ཁོང་ཁྲོ་མཉམ་དུ་སྐྱེས་བྱུང་། སྤྱིར་བཏང་ཡུལ་སྲོལ་ལ་ཨ་ཕ་བཞུགས་དུས་བུ་ཡི་མིང་བོས་ཏེ་ཁྱིམ་ལ་སྦྱར་ན་རྣམ་རྟོག་ཏུ་བརྩི་ཞིང་། ནམ་རྒྱུན་རྩེད་མཚར་གྱིས་བོས་ཀྱང་ཡུལ་མིའི་ནང་དུ་འཁོན་རེས་ནས་སེམས་ནད་ཀྱི་སྒང་དུ་འགྲོ་གི་ཡོད། གང་ཡིན་ཞེ་ན། ང་ཚོའི་བོད་མཐའ་མཚམས་པ་ཚོར་ཁྱིམ་རྒྱུད་དང་གདུང་རྒྱུད་ཀྱི་མིང་འབོད་སྲོལ་དེ་ཙམ་མེད་ལ། ཨ་ཕའི་མིང་རྡོ་རྗེ་ཡིན་ན་རྡོ་རྗེ་ཚང་ཞེས་བོས་ན་ཁྱིམ་དེའི་སྤྱི་མིང་ཆགས་ཀྱི་ཡོད། རྡོ་རྗེ་མ་འདས་པར་ཁོང་གི་བུའི་མིང་བོས་ཏེ་ཁྱིམ་ལ་སྦྱར་ན་རྣམ་རྟོག་ཆེན་པོ་བྱེད་པས་རེད། དེའི་ཉིན་ང་ནང་ལ་སླེབས་མ་ཐག་ཨ་མར་སྔར་ལས་དྲི་བ་ཚ་ནན་ཅིག་བཏང་སྐབས། ཨ་མས་ངའི་སྐེ་ལ་འཇུས་ཏེ་མིག་ཆུ་ཤམ་ཤམ་བཞུར་གྱིན་ངུ་བ་ལས་གཞན་ཅི་ཡང་གསུང་གི་མི་འདུག
སྐབས་དེར་ངའི་སེམས་ནི་ནག་ཐོམ་ཐོམ་གཡང་ལ་ལྷུང་བ་ཞིག་དང་འདྲ། ངས་ཨ་མར་ཨ་ཕ་ཅི་ལྟར་བཞུད་པ་རེད་ཞེས་པར། ན་བ་རེད་ཟེར། ག་རེ་ན་བ་རེད་ཞེས་དུས། མ་རེད་ཟེར། ཡིད་ཙམ་བཤུམས་རྗེས། རྒྱ་མིས་བཙོན་ལ་བཅུག་སོང་། ཕྱིར་སླེབས་མ་སོང་། ལོ་བཅུ་དྲུག་ཕྱིན་སོང་། ཨ་ཕས་ཁྱོད་རང་མཐོང་ཐུབ་མེད། འགྲོ་ཁར་ཨ་མའི་གྲོད་ཁོག་ལ་ལག་པས་བྱིལ་བྱིལ་ཙམ་ཡང་བཏང་ཐུབ་མ་སོང་། ག་རེ་བྱས་ནས་རྒྱ་མིས་བཙོན་ལ་བཅུག་སོང་།ཨ་མས་མིག་ཆུ་ཅུང་ཙམ་ཕྱིས་ནས། དེ་ཚོ་བཤད་ན་རྫོགས་ཀྱི་མ་རེད། གཙོ་བོ་ཁྱོད་ལ་ན་མི་ཉན། ཨ་མར་ཁྱེད་རང་གཅིག་པུ་ལས་གཞན་ལྟ་ས་ཆགས་ས་གང་ཡང་མེད། ཁྱེད་རང་གི་རྩེད་གྲོགས་ཚེ་རིང་མིན་པའི་གཞན་པ་ཚང་མའི་ཕ་རྒན་རྣམས་བཙོན་ལ་བཅུག་སོང་། འོ་ན་ཚེ་རིང་གི་ཨ་ཕ། ཁོ་དེ་དུས་ཧུར་བརྩོན་ཅན་རེད། དགོན་པ་གཏོར། གླེགས་བམ་མེ་བསྲེགས་སོགས་བྱས་པ་མ་ཟད། ༧རྒྱལ་བ་པཎ་ཆེན་གྱི་སྐུ་པར་རྐང་འོག་ཏུ་མནན་པ་རེད། ག་རེ་བྱས་ནས་ཁོས་དེ་ལྟར་བྱས་པ་རེད། ཏང་གི་བཀའ་རེད། གུང་ཁྲན་ཏང་གི་བཀའ་རེད།
ཁྱོད་ཀྱི་སྤོ་ལགས་དང་རྨོ་ལགས་གཉིས་ཀ་རྒྱ་གོ་མིན་ཏང་གིས་བསད་པ་རེད། དེ་ནས་རྒྱ་མི་གུང་ཁྲན་ཏང་སླེབས་སོང་། ཁྱོད་ཀྱི་ཨ་ཕ་བཙོན་ནས་ཕྱིར་ལོག་རྒྱུ་མེད་པ་བཟོས་སོང་། ང་ཚོ་རྒྱ་བོད་མཐའ་མཚམས་ཀྱི་མི་རེད། དམྱལ་བ་ཉིས་བརྩེགས་གསུམ་བརྩེགས་མི་ཡུལ་ནས་མངོན་སུམ་དུ་མྱངས་ཡོད། ག་རེ་བྱས་ནས་ཁོ་ཚོས་དེ་ལྟར་བྱས་པ་རེད།
ཨ་མ་ཡར་ལངས་ཏེ་སྒོ་རྭར་ཞིབ་ལྟ་ཞིག་བྱས་རྗེས། ཕྱིར་ནང་དུ་ཡོང་། ཨ་མའི་ལོ་ལོ། ད་ཁྱེད་རང་ཆུང་ཆུང་མ་རེད། ཨ་མས་ད་བར་ཁྱོད་ལ་ཅང་བཤད་མ་མྱོང་། ངས་བཤད་པ་དེ་སེམས་ལ་འཛིན་དགོས་པ་ལས་མི་ལ་བཤད་ན་ཁྱོད་རང་གསོད་ཀྱང་སྲིད། ང་ཚོ་བོད་མི་ཡིན་པ་ལས་རྒྱ་མ་རེད། ཁྱོད་ཀྱི་ཨ་ཕས་རང་གི་མི་རིགས་ཀྱི་ལ་རྒྱ་བསམ་ནས་གནས་སྟངས་དེར་བརྒྱབས་པ་རེད། དེ་མ་གཏོགས་སྐབས་དེ་དུས་རྒྱ་ནག་ལ་ངོ་ལོག་པ་ཡིན་ན་ཁོང་མི་ཡུལ་ན་ད་དུང་ཡོད་རྒྱུ་རེད། ཁྱོད་རང་གི་ཨ་ཕ་འཇིག་རྟེན་དཀར་ངོགས་ན་བཞུགས་སྐབས། ཁོང་གིས་ནམ་རྒྱུན་སྟོད་ཉི་མ་ལྷ་སར་ཕྱག་སྐོར་ལ་འགྲོ་ཐུབ་རྒྱུར། ༧རྒྱལ་བ་ཡིད་བཞིན་ནོར་བུར་གསོལ་བ་འདེབས་ཀི་རེད། ཡིན་ནའང་ཁོང་ཚེ་འདིར་ལྷ་སར་འགྲོ་མ་ཐུབ་ལ། ༧རྒྱལ་མཆོག་ཡིད་བཞིན་ནོར་བུའི་གསེར་ཞལ་མཇལ་རྒྱུ་དེ་བས་ཀྱང་མ་བྱུང་། ཨ་ཕས་སེམས་ཀྱི་རྡོག་ཁྲེས་དེ་ཁུར་ནས་འཇིག་རྟེན་གཞན་དུ་བཞུད་པ་བུ་ཁྱེད་ཀྱིས་སེམས་ལ་དམ་པོར་བཅངས་དགོས་པ་མ་རྒན་ངའི་རེ་བ་ཉག་ཅིག་ཡིན། དེ་ལྟར་བྱོས་དང་ཨ་མས་གང་ཡོང་ཡོང་བྱ་ཆོག ད་ཁྱོད་རང་གྲྭ་སར་འགྲོ་བསམ་ན། སློབ་གྲྭར་ཞུགས་བསམ་ན་ཨ་མར་དགག་བྱ་མེད་ལ། གཙོ་བོ་མི་གྲལ་ནས་འགྲོ་ཐུབ་པའི་བུ་རུས་དུང་ཅན་ཞིག་བྱེད་དགོས་པ་དེ་རང་ཡིན་ཞེས་བཤད་སོང་།
ཉིན་མོ་དེ་ནས་བདག་གི་སེམས་ངོགས་ཀྱི་ཨ་ཕ། ས་མཐར་དེད་པའི་༧རྒྱལ་བ་རིན་པོ་ཆེའི་རིགས་ཞེན་མཛད་འཕྲིན་གྱི་བརྩེ་དུང་ལ་ཐིམས་སོང་། གོམ་པའི་འདེགས་འཇོག་ཀྱང་རྒྱ་གར་ན་བཞུགས་པའི་༧རྒྱལ་བ་རིན་པོ་ཆེའི་ཞལ་འཛུམ་གྱི་དཀྱིལ་འཁོར་དུ་ཆས་ཀྱང་། ཤུལ་ཏུ་ལྷག་འགྲོ་བའམ་དྲན་གདུང་གིས་བཟི་འགྲོ་བ་ནི་མ་ཡུམ་དྲིན་མོ་ཆེ་མིན་ནམ། ཨ་ཕ། ད་ལྟ་ངས་ཁྱེད་རང་དྲན་པ་ནི་༧རྒྱལ་བ་རིན་པོ་ཆེའི་འཁྲིས་ནས་༧རྒྱལ་བ་རིན་པོ་ཆེ་དྲན་པ་དང་གཅིག་མཚུངས་རེད། ཨ་མ་ལགས། མ་བུ་མཉམ་འཛོམས་ཡོང་གི་རེད།

བཙན་བྱོལ་ལོ ༢༠༠༨ ལོའི་ཟླ་༣ ཚེས༡༠ ནས ༡༥་བར་བྲིས།

གྲོགས་པོ་ཞིག་གི་ཁྱིམ་གྱི་དར་རྒུད་སྦི་རག་བཏུང་བཞིན་མཚན་གཅིག་ལ་ཁ་བརྡ་བྱས་རྗེས་བྲིས།

རྩོམ་རིག

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: མཛེས་མ་སྒྲོལ་མ་འདྲ་བོ་ཁྱེད་ཡིན།

Comments (10) on “ཨ་ཕ་དྲན་སྟངས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-11 at 4:05 pm

    ཤར་ཕྱོགས་ཁུག་རྟ་ལེགས།
    ཁྱེད་ཆུང་སྐབས་ཕ་མཆོག་མཇལ་མེད་པ་དང་། དྲིན་ཅན་མ་མཆོག་གི་བྱམས་བརྩེ་ཆེན་པོས་གདུགས་དཀར་སོགས་བློ་འཛིན་བྱེད་དུ་བཅུག་པ་ངོ་མཚར་ཆེ། ངས་ཀྱང་ཆུང་སྐབས་དམིགས་བརྩེ་མ་སོགས་འདོན་པ་རེ་ཟུང་མ་མཆོག་གི་ཞལ་ནས་ཐོས་ཡིད་ལ་འཛིན་ཐུབ་པ་བྱུང་ཡང་། མ་མཆོག་གིས་ཀློག་མི་མཁྱེན། འབྲི་ཀློག་བྱེད་འདོད་ཀྱང་། ཡུལ་ན་སློབ་གྲྭ་མེད། ང་ལོ་དྲུག་བདུན་ཡིན་ཤས་ཆེ། ཉིན་མོ་ཞིག་ལ་བུ་ཆུང་རྣམས་འཛོམས་ཏེ། ངའི་ཨ་ཇོ་རྒན་ཤོས་་དེས་ཕལ་ཆེར་རང་སྟོབས་ཀྱིས་སྦྱངས་ཏེ། ཡི་གེ་འབྲི་ཀློག་མཁྱེན། ཁྱིམ་མཚེས་ཀྱི་བུ་བཅུ་གྲངས་ལ་དང་ལེན་གྱིས་ཀ་ཁ་སློབ་པ་ན་བདག་ཀྱང་དེར་སླེབས། ཉིན་གཅིག་ལས་ལྷག་འགྲོ་བ་མི་དྲན། སྤང་ལེབ་ཅིག་ལ་སྦྱར་པའི་བོད་ཡིག་གི་ཀ་འཕྲེང་དེ་དག་སྤུན་མཆེད་ངག་དབང་རིག་་འཛིན་དང་མཉམ་དུ་སྦྱངས། ཡུལ་ལུང་གི་སྔར་གྱི་རྒྱལ་པོའི་མཁར་ན་གསེར་བྲིས་བཀའ་འགྱུར་སིང་དམག་གིས་གཏོར་ཏེ། ཚང་མེད་པ་་ནས་སུས་འཁྱེར་ཡང་དེ་དུས་འགག་ཆ་མེད། དེ་ནས་ཤོག་བུ་གཅིག་ཁྱེར་ནས། མི་རྒན་པ་མཐོང་ཚད་ལ་དྲིས་ཏེ། ཀློག་སྦྱངས། སོལ་བས་རྩིག་པའི་སྒང་ལ་འབྲི་བ་ཡོད། ངའི་ཁྱིམ་ཚང་ལ་བ་ཕྱུགས་གསུམ་བཞི་ཡོད་པ། ལོ་བརྒྱད་དགུའི་སྐབས་སུ་དེ་དག་འཚོ་བ་འགྲོ་དུས། སྤུན་མཆེད་རྒན་པ་བསྟན་འཛིན་རྡོ་རྗེས་གཡར་པ་ཕྱོགས་བཅུ་མུན་སེལ་ཞེས་པ་ཁྱེར་ནས་ཀློག་སྦྱངས་པ་དྲན། དེ་འདྲ་ཕྲུག་གུ་མང་པོ་བྱེད་ཡོད་འདུག སྔོན་བོད་གཞུང་ཚོང་པ་ཞིག་གིས་ལ་དྭགས་པ་དེ་ཚོས་ཡི་གེ་ཤེས་ཀྱི་འདུག་ཟེར་ན། ཁུངས་ཁེལ་བ་ཞིག་མི་གཅིག་གིས་ཀྱང་མི་ཤེས་འདུག ཤེས་ཀྱི་མི་འདུག་ཟེར་ན་ཚང་མས་ཀྱང་ཁྱབ་པ་ཁྱོ་བེ་ཤེས་ཀྱི་འདུག་ཅེས་བཤད་འདུག དེ་ནས་ང་ལ་དྭགས་ཀླུ་འཁྱིལ་དགོན་པ་ལ་བཙུན་ཆུང་བྱས་དཔེ་ཆ་བློ་ལ་འཛིན་སྐྱིད་པོ་བྱུང་། ཁྱེད་ཀྱི་མ་དྲིན་ཅན་གྱིས་བློ་ལ་འཛིན་དུ་བཅུག་པའི་ལྷ་མོ་གདུགས་དཀར་མོ་དེ་ད་ལྟ་ཡང་བརྗེད་དུ་མ་འཇུག་པར་འདོན་ན་མ་ཡི་དྲིན་ལན་བསབ་པར་འགྱུར་རོ།
    རྒྱལ་བ་ཀུན་གྱིས་མཚན་མཆོགས་གཙུག་ཏོར་ནས།
    ལེགས་པར་འཁྲུངས་པའི་རྨད་བྱང་ལྷ་མོ་ནི།
    གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས།
    ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་ལོ།།

  2. བོན says:
    2011-07-11 at 4:53 pm

    དེ་འདྲ་ངེད་གཉིས་འདྲ་བ་ལ་ང་ཡང་ཨ་ཕ་དང་ཨ་མ་དྲན་ནས་ཐང་ཅིག་མིན། ད་ཡིན་ན་ངེད་གཉིས་དུད་ཆང་གིས་དུས་སྐྱལ་བའི་སྐབས་མིན་པར་ཤེས་དགོས། རེམ་མ།

  3. འཚུབ་དགའ says:
    2011-07-11 at 5:14 pm

    རེད་ཡ་ཁྱེད་ལྟ་བུའི་གདུང་སེམས་སྐྱེ་འོས་པ་ཞིག་མིན་ཀྱང་དེང་སྐབས་སྤྱི་ཚོགས་ཡར་རྒྱས་ལ་ལྟོས་ཏེ་རྒྱལ་ཕྱི་ནང་གང་དུ་འགྲོ་ལམ་བདེ་བས་རྐྱེན་གྱིས་རང་བཞིན་གྱིས་ཕ་མ་མེད་པའི་ས་ཕྱོགས་གང་སར་འཕྱུག་འགྲོ་བ་བཞིན་ཁྱེད་ཀྱིས་དྲན་སྣང་དེས་ཁོ་བོའི་གདུང་བ་རྙིང་པ་དེ་སྐྱར་དུ་བསླངས་སོང།

  4. ལ་སྟོད་བུ། says:
    2011-07-11 at 6:23 pm

    ཨོ་ཁུག་རྟ་ལགས་ཁྱེད་ཆུང་དུས་ཕ་ཡིས་བོར་ཆེ་དུས་མ་དང་ས་ཐག་འགྱངས་དེ་འདྲའི་སེམས་སྐྱོ་བ་ལ།
    ད་ཁྱེད་རང་སེམས་པ་སྐྱོ་མི་དགོས་ཁྱེད་དང་འདྲ་བ་གླིང་འདིར་ནམ་མཁའི་སྐར་མ་བཞིན་དུ་མང། དེ་ཡི་ནང་ནས་ང་ཡང་ཁྱེད་དང་འདྲ་བའི་ཡིད་གཏིང་ནས་ཕམ་པའི་ལོ་རྒྱུས་ཤོད་རྒྱུ་ཡོད། མ་ཟད་ངས་ང་ཡི་ཨ་ཕའི་ཞལ་རས་ཙམ་ཀྱང་མཐོང་བའི་དྲན་པ་མི་འདུག ཡིན་ནའང་མི་རྟག་པའི་ཚིག་བཤད་དེ་ཚོ་ཀློག་ཙམ་བྱེད་དུས་ཅུང་སེམས་པ་ལྷོད་ལ་བབས་ཡོང་གི་འདུག ཁྱེད་རང་ཀྱང་མི་རྟག་པའི་ཚིག་བཤད་དེ་ཚོ་ཡང་ཡང་འདོན་དགོས།
    ཁྱེད་ཤར་ཕྱོགས་ཁུག་རྟ་མ་ཡུམ་མཇལ་དུ་འགྲོ་རྒྱུ་ལས་སླ་མོ་རེད། ཁུག་རྟས་ཚང་བརྩེགས་དུས། ་སའདམ་ལ་བརྩེགས་སྲོལ་ཡོད། ས་དེ་རྒྱ་གར་འཕགས་པའི་ཡུལ་ནས་ཁྱེར་ཡོང་བ་དང། ཆུ་དེ་རྒྱ་ནག་པོའི་ཡུལ་ནས་ཁྱེར་ཡོང་པ་རེད་ཅེས་བཤད་དུས་ཁྱེད་ལ་དཀའ་ཚིགས་དེ་འདྲ་ཡོང་དྭོགས་མེད།
    ༼བོད་ལྭ་ཡངས་ལུགས༽འདི་འབྲི་ནོར་ཡིན་པ་འདྲ། བོད་ལྭ་གཡང་ལུགས་ཞེས་འབྲི་དགོས་པ་མིན་ནམ། ཡང་ན་ཨམ་སྐད་ཡིན་རྒྱུ་རེད། སྐེད་རགས་མེད་ནས་འཇོལ་འཇོལ་གྱི་གོས་དེ་རིགས་གཡང་ལུགས་སུ་གྱོན་པ་ཟེར།

  5. སྐྱུ་རྩི་ནས། says:
    2011-07-12 at 1:33 am

    ཤར་ཕྱོགས་ཁུག་རྟ་ལགས། ཁྱོད་རང་གི་སྒྲུང་དེཀློག་ནས་ང་མིག་ཆུ་ཤོར་སོང་། རང་རེའི་མི་རབས་འདིར་སྐྱོ་གདུང་གི་སྒྲུང་རེ་ཡོད། ངས་དྲན་པ་ཞིག་ལ་ངའི་ཕ་དྲིན་ཅན་རུ་ཁག་གི་དྲུང་ཡིག་རེད། ཉིན་ཞིག་ང་དང་གྲོགས་པོ་ཁ་ཤས་ཆུ་ཁར་རྩེ་མོ་རྩེད་དུ་འགྲོ་སྐབས་མའོ་པར་ལྕགས་ཤོག་སྟེང་དུ་ཡོད་པ་མང་པོ་ཞིག་རྙེད་བྱུང་བར་རེ་རེ་བཞིན་རྡོས་རྡུང་བཞིན་པའི་མུར་རྨོལ་ཧྲུའི་ཅི་ཞེས་པའི་རྒྱ་མོ་འགོ་ཁྲིད་ཅིག་ཡོད་པ་མོས་མཐོང་ནས་ངེད་ཚོ་འཛིན་བཟུང་བྱ་རྩིས་བྱས་ཀྱང་རིར་བྲོས་ཏེ་ཉིན་མོ་རི་ལ་ཡིབ་པ་དང་། མཚན་མོ་ནང་དུ་ཟས་ལེན་དུ་ཡོང་བ་སོགས་བྱས་ནས་བདུན་གཅིག་ཙམ་རྗེས་ངེད་ཚོའི་ཕ་དྲིན་ཆེན་རྣམས་འཛིན་བཟུང་བྱས་ནས་སྡུག་པོ་མང་པོ་བཏང་སོང་། དེའི་དགྲ་ཤ་ལེན་ཆེད་རྨོལ་ཧྲུའི་ཅིའི་མོ་གྲར་མེ་བརྒྱབས་པ་དང་། མོའི་ཁང་པའི་དུ་གུང་ནང་སྐྱག་གཅིང་བཏང་པ་སོགས་བྱས། རྗེས་སུ་མོ་རང་རྒན་ཡོལ་ཞུས་རྗེས་ངའི་ནང་དུ་ཡོང་ནས་རྔན་པ་སྤྲད་པ་སོགས་བྱམས་པོ་བྱ་གི་ཡོད།

  6. ཤར་ཕྱོགས་ཁུག་རྟ། says:
    2011-07-12 at 3:39 am

    དྲ་གྲོགས་རྣམ་པས་གདུང་སེམས་མཉམ་བསྐྱེད་གནང་བ་དགའ་ཡོད།

    སྤྱིར་ན་ང་ཚོའི་མི་རབས་འདིར་འདི་ལྟའི་སྐྱོ་སྒྲུང་རེ་བཤད་རྒྱུ་ཡོད་ལ། ངས་བྲིས་པ་འདི་འང་གྲོགས་དང་མཉམ་དུ་མི་རབས་གཅིག་གཉིས་ཤིག་གི་དར་རྒུད་གླེང་བས་རྐྱེན་བྱས་པ་ཡིན། སྐབས་དེར་ང་ཚོ་ཚང་མས་བོད་ཀྱི་ཁ་སྟབས་འདི་དང་མི་ཐོག་རེ་གཉིས་ལ་བསམ་བློ་བཏང་བཞིན་དངོས་གནས་མིག་ཆུ་ཟེར་བ་དེ་བཏང་བ་ཡིན།

  7. ཤར་ཕྱོགས་ཁུག་རྟ། says:
    2011-07-12 at 3:56 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས།

    མདོ་གདུགས་སྒྲོལ་གསུམ་ནི་ཁྱིམ་པ་མི་ནག་ཅིག་གིས་ཀྱང་མ་མཐར་ཤེས་དགོས་པའི་ཞལ་འདོན་རིགས་ཡིན། མདོ་གདུགས་སྒྲོལ་གསུམ་ཤེས་ན་སྡེ་བའི་ཕོ་གྲལ་དུའང་ཚུད་སོང་བ་འདྲ་ལ། མདོ་གདུགས་སྒྲོལ་གསུམ་ལྟ་བུ་ཤེས་ཕྱིར་རང་གི་ཕ་སྐད་ཤེས་ན་མཆོག་ཏུ་འཛིན་པ་དེ་ངའི་གྲོང་གསེབ་ལ་རང་ཆས་སུ་ཡོད་པའི་རིག་གནས་ཤིག་རེད། ཕྱིས་སུ་ངས་བསམ་བློ་གཏོང་སྐབས་ང་དེ་ལ་དགའ་བོ་བྱུང་། སྐྱེས་བ་ཕོ་རྣམས་ཀྱིས་ཀློག་འབྲི་གཉིས་ཀ་མི་ཐུབ་ཀྱང་ཀློག་མི་ཐུབ་པ་མེད་པ་དེའི་རིན་ཐང་ནི་གཞལ་དུ་མེད་པ་ཞིག་རེད། ངའི་ཨ་མའི་དུས་སྐབས་སུ། རྒྱལ་ཁབ་ཀྱི་ལས་བྱེད་པ་བྱེད་ཆེད་དང་མདོ་གདུགས་སྒྲོལ་གསུམ་གྱི་ཆེད་གཉིས་ལས་ཕྱི་མའི་ཆེད་དུ་མི་རྣམས་བློ་དོགས་གང་ཡང་མེད་པར། དགའ་སྣང་གིས་བོད་ཡིག་སྦྱོང་གི་རེད། ལྷག་པར་ཏུ་ང་ཚོ་མཐའ་མཚམས་པའི་དད་པ་དང་དམ་ཚིག་དེ་དེ་བས་ཀྱང་ཡ་མཚན་པ་ཞིག་རེད། དཔེར་ན་འབྲོག་གི་ཨ་མ་རྒན་མོ་ཚོས་ཞོགས་ཀ་སྔ་མོར་རྩ་ཐང་ནས་ཁ་ལྷ་སའི་ཕྱོགས་ཡིན་ཁུལ་གྱིས་ཕྱག་འཚལ་གྱི་ཡོད་ལ། ལྷ་ས་ནས་ཁྱེར་ཡོང་བའི་ས་ཆུ་རྡོ་གསུམ་ལའང་བྱིན་རླབས་ཡོད་ཤག་གིས་མཆོད་ཁང་ནང་རྟེན་དུ་ཉེར་གྱི་ཡོད། གང་ལྟར་འདི་ཚོའི་སྐོར་ནས་ཡུལ་མིའི་འཚོ་བ་སྐྱེལ་སྟངས་སྐོར་ཞིབ་འབྲི་ཞིག་བྱེད་ཐུབ་ན་དངོས་གནས་ཕན་ས་རེད་བསམས་ཀྱིན་འདུག

  8. ཤར་ཕྱོགས་ཁུག་རྟ། says:
    2011-07-12 at 4:02 am

    ལ་སྟོད་བུ་ལགས། ངེད་གཉིས་ཀྱི་དོན་དག་གཅིག་པ་རེད། གཡང་དང་ཡངས་གང་བྲིས་ན་དགེ་མཚན་ཆེ་མིན་དཔྱོད་རོགས་ཞུ། འདི་ཨ་མདོའི་སྐད་ཡིན། མདོ་དོན་སྐེད་རག་མ་བཅངས་པས་ལུས་ལ་བདེ་སྣང་དང་གུ་ཡངས་ཡིན་པ་དེ་སྟོན་ཐུབ་ན་འགྲིག་གི་རེད་བསམ་སོང་།

  9. ལ་སྟོད་བུ། says:
    2011-07-12 at 7:43 am

    ཨོ་ཤར་ཕྱོགས་ཁུག་རྟ་ལགས་བཀའ་ལན་གནང་བར་ཐུགས་རྗེ་ཆེ།
    སྐེད་རགས་མ་བཅིངས་ནས་གོས་གཡང་ལུགས་སུ་གོན་ན་བདེ་བོ་གང་ནས་ཡོང། དགྲ་གཅིག་བློ་བུར་དུ་སླེབ་ཚེ་དེ་དུས་བདེ་མོ་ཡོད་མེད་ཤེས་ཀྱི་རེད། དེས་མ་ཚད་མཛོ་མོ་ཁེར་རྐྱང་དེ་སྤྱང་ཀི་འམ་ཇག་རྐུན་གྱིས་བཅོམ་པའི་དུས་ངན་ཞིག་བྱུང་ན་དེ་དུས་ལྟད་མོ་སྟོན་མདོག་ཁ་བོ་རེད། གང་ཡིན་ཟེར་ན་སྔོན་དུས་ལོ་ལོན་དེ་ཚོས་གོས་ཕྱུ་བ་དང་སློག་པ་སོགས་ཀྱི་ནང་དུ་གོས་ཐུང་གྱོན་སྲོལ་མེད། དེ་ཡིན་དུས་གཡང་ལུགས་གོས་དེ་བུད་རྒྱུ་ལས་སླ་མོ་རེད།
    ཨ་ལགས་ཀུ་རྩེད་ཞུས་ཡིན།
    ནར་ནར་ལྕེ་ལ་རུས་པ་མེད་དུས།
    འགྲེལ་བཤད་གང་རྒྱབ་རྒྱབ་རེད་པཱ།

  10. ཤར་ཕྱོགས་ཁུག་རྟ། says:
    2011-07-13 at 10:02 am

    སྐྱུ་རྩི་ལགས་ཀྱིས་དངོས་སྒྲུང་དེ་དག་དོན་འདུས་ཤིག་བྲིས་ན་མི་དགའ་འམ། ང་ཚོ་ཚང་མ་དེ་ལྟའི་སྒྲུང་སྐྱོ་བོ་རེ་ཡོད་དག་ཡིག་ཐོག་ཏུ་བཀོད་ཐུབ་ན་དེའང་ཐབས་ཤིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme