Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲོང་བཙན་ཁང་ཚན་གྱི་འཐེན་ཐུག

Posted on 2011-07-082011-07-09 By ཁ་བརྡ་ 17 Comments on སྲོང་བཙན་ཁང་ཚན་གྱི་འཐེན་ཐུག

རིག་འབྱུང་དོན་འགྲུབ་བཀྲ་ཤིས།

སུ་ཇ་སློབ་གྲ་དང་ཁ་བྲལ་ནས་ལོ་མང་ཕྱིན། ལོ་མང་ཕྱིན་པའི་རྗེས་སུ་ཡང་། མ་ཡུམ་སློབ་གྲ་དང་དེའི་འཚོ་བ་རྣམས་བརྗེད་དཀའ་བར་གྱུར། སྐབས་དེའི་འཚོ་བ་རྣམས་ད་ལྟ་ཡང་དྲན་པའི་ངོས་སུ་གསལ་ལེར་འདུག དེ་ཡང་། ངེད་རང་སྲོང་བཙན་ཁང་ཚན་ན་ཡོད་པའི་སྐབས་ཤིག་ཡིན། དགུན་གནང་གཏོང་ལ་ཉེ་བའི་སྐབས་སུ། ངེད་ཚོའི་ཉལ་ཁང་གིས་འཐེན་ཐུག་ཞིག་སྐོལ་རྒྱུའི་འཆར་གཞི་འཐེན། སློབ་གྲའི་སྒྲིག་སྲོལ་ལྟར་ན། ཉལ་ཁང་སོ་སོས་འཐེན་ཐུག་སོགས་སྐོལ་ན་ཁྲིམས་འགལ་རེད། འོན་ཀྱང་། སློབ་ཕྲུག་ཚོས་ཁྲིམས་འགལ་གྱི་ལས་ཀ་མང་པོ་བྱེད་གི་ཡོད།

དེ་ཡང་ཁུ་སིམ་སིམ་ངང་བྱེད་གི་ཡོད་། གཙོ་བོ་སྒྲིག་ཁྲིམས་ལག་བསྟར་ཚོགས་ཆུང་གིས་མ་མཁྱེན་པ་བྱེད་གི་ཡོད། མཚན་མོ་དེར། རང་སྦྱོང་གྲོལ་རྗེས་ང་ཚོ་ཉལ་ཁང་དུ་འཛོམས།

ཉལ་གྲོགས་ཚང་མས་འཐེན་ཐུག་སྐོལ་རྒྱུ་ཡིན་པ་ཤེས་གི་ཡོད། འོན་ཀྱང་། སོ་སོའི་ལས་ཀ་ག་རེ་ཡིན་པ་ཧ་གོ་གི་མེད། རྒན་བདག་ཕུན་ཚོགས་ཀྱིས་ལས་བགོ་བྱས། འཐེན་ཐུག་སྐོལ་རྒྱུ་དེ་ལས་ཀ་མང་པོ་མ་རེད། གྲོ་ཕྱེ་བརྫི་མཁན་དང་འཐེན་ཐུག་འཐེན་མཁན། འབུད་ཤིང་རྐུན་མ་རྒྱག་གི་འགྲོ་མཁན། དེ་ནས་སྒྲིག་ཁྲིམས་ལག་བསྟར་ཚོགས་ཆུང་ཡོང་གི་ཡོད་མེད་ལ་ལྐོག་ལྟ་བྱེད་མཁན་བཅས་རེད། དུས་ཚོད་བཅུ་བ་ཙམ་ལ་རྒྱ་བཟའ་ཁང་ཚན་གྱི་སྒང་ནས་ཉལ་བརྡ་བརྒྱབ་སོང་། ང་ཚོས་ཉལ་ཁང་གི་གློག་གཟིམས། རྒན་བདག་ཕུན་ཚོགས་དང་ཉལ་གྲོགས་གཞན་པ་འགས་ཉལ་ཁང་ནང་དུ་གྲོ་ཕྱེ་བརྫི་འགོ་ཚུགས།

ཤ་དང་ཚལ་སོགས་སྔོན་ཚུན་ནས་གཏུབ་ཚར་ཡོད། ང་ཚོ་ཁ་ཤས་ཤིག་གིས་ཉལ་ཁང་བར་འཁྱམ་གྱི་གློག་སྒྲོན་འོག་དེར་དེབ་ཀློག་ཁུལ་བྱས། དོན་དངོས་སུ། ང་ཚོས་ཕྱི་རོལ་ན་སྒྲིག་ཁྲིམས་ལག་བསྟར་གྱི་དགེ་རྒན་ཡོང་གི་ཡོད་མེད་ལ་བལྟ་གི་ཡོད་། གལ་སྲིད་ཡོང་གི་ཡོད་ན། ནང་ལ་བརྡ་སྤྲོད་རྒྱུ་དེ་ང་ཚོའི་འོས་འགན་རེད། སྟབས་ཡག་ནས། སྒྲིག་སྲོལ་ལག་བསྟར་གི་དགེ་རྒན་དེ་འདྲ་ང་ཚོའི་ཉལ་ཁང་གི་མདུན་ལ་སླེབས་མ་སོང་། དུས་ཚོད་བཅུ་གཅིག་དང་ཕྱེད་ཙམ་ལ་སླེབས་སོང་། ང་ཚོས་སློབ་གྲའི་ཁོར་ཡུག་ཁུ་སིམ་མེར་ཆགས་རྒྱུར་སྒུག་ཡོད། ཆུ་ཚོད་བཅུ་གཉིས་ཡོལ། ཁྲི་སོང་ཁང་ཚན་དང་ཁྲི་རལ་ཁང་ཚན་སོགས་ཀྱི་མདུན་ན། སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་རེ་གཉིས་མ་གཏོགས་མི་འདུག ང་ཚོའི་བློ་སེམས་ཇེ་བདེར་ཕྱིན།

ང་ཚོ་ཁ་ཤས་ཤིག་སྲོང་བཙན་ཁང་ཚན་གྱི་རྒྱབ་ཏུ་ཕྱིན་ནས། རྡོའི་བརྩིགས་པ་དེའི་འགྲམ་ལ་ཐབ་རྡོ་བཙུགས། སྔོན་ཚུན་ནས་གྲ་སྒྲིག་བྱས་པའི་བུད་ཤིང་རྣམས་དེ་ལ་སྤུངས། ཐབ་རྡོའི་སྒང་ལ་བ་མ་དེ་བཞག བ་མའི་འོག་ལ་མེ་བཏང་། བ་མའི་ནང་ལ་སྣུམ་བྱུགས། ཤ་དང་ཚལ་ཁྱེར་ཡོང་ནས་སྣུམ་གྱི་ནང་ལ་བསྲེགས། དེ་ནས་འཐེན་ཐུག་འཐེན་འགོ་ཚུགས།

ཉལ་གྲོགས་ཁ་ཤས་ཀྱིས་ད་དུང་ཡང་དགེ་རྒན་སོགས་ཡོང་གི་ཡོད་མེད་ལ་ལྐོག་ན་བལྟ་རྟོག་བྱེད་གི་ཡོད། འཐེན་ཐུག་འཐེན་ཚར། བ་མ་དེ་ག་ལེར་ཉལ་ཁང་ནང་ལ་འཁྱེར། ཉལ་ཁང་གི་སྒེའུ་ཁུང་ཚང་མ་ཀམ་པ་ལིས་གཡོགས་ནས་ཕྱི་ནས་ནང་མི་མཐོང་བ་བཟོས། ཕྱི་ལོག་ནས་བལྟས་ན་ནང་དུ་གཉིད་ཉལ་ཚར་ཡོད་པའི་བཟོ་དེ་བསྟན། ཕོར་བ་རྣམས་ཐང་ལ་བསྒྲིགས། ང་ཚོ་ཚང་མ་གདན་གྱི་སྟེང་དུ་བསྡད།

ང་ཚོས་སྐད་ཅོར་སོགས་མ་བརྒྱབ་པར་ཁུ་སིམ་མེར་བསྡད། རྒན་བདག་ཕུན་ཚོགས་དང་ཉལ་གྲོགས་རྒན་པ་འགས། འཐེན་ཐུག་བླུགས་འགོ་ཚུགས། ང་ཚོས་འཐེན་ཐུག་འཐུང་། ཕོར་བ་གཅིག་འཐུང་། གཉིས་འཐུང་། གསུམ་འཐུང་། ང་ཚོ་ཚང་མའི་གདོང་ན་རྔུལ་ནག་བཞུར་གིན་འདུག འཐེན་ཐུག་གི་བྲོ་བ་དེས་ལུས་སེམས་གཉིས་ལ་དྲོད་བསླངས། ཉིན་རྟག་པར། འདི་འདྲ་ཞིག་འཐུང་རྒྱུ་ཡོད་ན་བསམ་པའི་ཚོར་བ་ཞིག་སྐྱེས། ང་ཚོས་སྐད་ཆ་རྣམས་ཁུ་སིམ་མེར་བཤད། འཐེན་ཐུག་འཐུང་ཚར། ང་ཚོ་ཉལ་འགོ་ཚུགས། ངའི་སེམས་ལ་ལོ་རྗེས་མའི་འཐེན་ཐུག་དེ་འཁོར་།

རྩོམ་རིག

Post navigation

Previous Post: ཞི་བའི་གདོང་ལེན་པ་བཞི་ལ་རྗེམ་སུ་ལོ་སོན་གཟེངས་རྟགས་(James Lawson Award)ཐོབ་པ།
Next Post: ད་ལྟའི་གདན་སའི་གནས་བབ་ལ་དཔྱད་པ།

Comments (17) on “སྲོང་བཙན་ཁང་ཚན་གྱི་འཐེན་ཐུག”

  1. སྐྱུ་རྩི་ནས། says:
    2011-07-09 at 1:12 am

    ཐེན་ཐུག་མ་འཐུང་པར་ལོ་ངོ་བཅུ་ཙམ་འགྲོ་སོང་། ད་དུང་ག་དུས་འཐུང་རྒྱུ་ཡོང་ངམ་ཅི་མི་ཤེས།

  2. ཨ་རིག་དགེ་མཐོང་། says:
    2011-07-09 at 3:35 am

    འཐེན་ཐུག་བསོར་མོ་འཐུང་ཟིག ད་ལྟ་ཨ་རི་ནས་དྲན་གི་ཡོད་དུས་ཚོར་བ་ཟེར་ནོ་དེ་རེད་མོ།
    སྐུ་ཉིད་ཀྱི་སློབ་སྦྱོང་དེ་མཇུག་ཡག་པོ་ཞིག་སྐྱོང་རྒྱུའི་རེ་བ་ཆེ།

  3. རང་བཙན་ལྡེའུ་ says:
    2011-07-09 at 10:22 am

    ང་ཚོ་གསྡེ་སྲིད་ཁང་མཚན་གྱི་མོག་ཐུག་དེ་དང་འདྲ་ལེ་ལ་ དུས་རྒྱུན་སློབ་གྲའི་ཁ་ལག་ཡང་ན་འབྲས་དང་རྡ་ལི་འམ་ དེ་མིན་ཀྲིང་མོག་དང་རྡ་ལི་དེ་གཉིས་ལ་སློབ་ཕྲུག་ཚོས་ཞེན་པ་ལོག་གི་ཡོད་ཀྱང་ བྲོད་པ་སྟོག་དུས་མི་བཟའ་ཀ་མེད་རེད་ དབྱར་དུས་ཉིན་མ་སྐྱིད་པོ་ཤར་བའི་ཉིན་གཅིག་ང་ཚོ་སྡེ་སྲིད་ཁང་མཚན་གྱི་ཉལ་ཁང་གསུམ་པའི་སློབ་ཕྲུག་རྣམས་ནས་ ཁང་མཚན་དགེ་རྒན་ལ་ཀེམ་ཀྲི་ཕོལ་ཞེས་པའི་མ་སུ་རིའི་ཆུ་གཡང་སྐད་གྲགས་ཆེ་བ་དེར་ཁྲུས་རྒྱགས་ཏུ་འགྲོ་མཆོག་པའི་མཆོག་ཅན་ཞུས་ ཁང་མཚན་རྒན་ལགས་ནས་མཆོག་ཅན་ཐོབ་ རྨོ་བོ་རླ་ཤ་དཀར་པོའི་སར་ནས་གླང་ཤ་ཀི་ལོ་གཉིས་ཉོས་ པིར་ཏི་ལ་ལ་ཚོང་ཁང་ནས་བྲོ་ཞིབ་དཀར་པོ་ཀི་ལོ་གཉིས་དང་ བཙོང་རྡོག་གཉིས་ རྒོག་པ་གཅིག་ ཀྲུ་མ་ཀྲུ་ སྨན་སྣ་ སྔོ་ཚོས་སོགས་ཉོས་ མ་བྱན་ཨེ་ལགས་ལ་མཆོག་ཅན་ཞུས་ནས་སློབ་གྲའི་ཐབས་ཚང་ནང་གླང་ཤ་དང་བཙོང་ རྒོག་པ་ བསོད་ནམས་དཔལ་འཛོམས་བཅས་ཚ་བསླུགས་ནས་མཉམ་དུ་བརྩབས་ཏེ་མོག་ཤ་གྲ་སྒྲིག་བྱས་ ངས་མོག་ཤ་བརྗེན་པ་དེར་ཚ་བྲོ་ མ་བྲོ་ལྟས་ མ་བྱན་ལགས་སྒེར་གྱི་ཧ་ཡང་འབྲིང་བ་གཉིས་གཡར་ མོག་ཤ་བརྩབ་ཚར་བ་དེ་ཆུ་ཤོག་ཞིག་གི་ནང་དུ་སླུག་སྟེ་དེ་ཧ་ཡང་གཅིག་གི་ནང་དུ་འཁྱེར་ ངས་ཧ་ཡང་གཉིས་པོའོ་ནང་གི་མོག་ཤ་དེ་དང་ རང་གི་སྒྲིག་ཆས་དང་ གྱོན་གོས་འཁྲུ་རྒྱུ་དེ་དག་རྒྱབ་ལ་འཁྱེར་ བསྟན་འཛིན་གྱིས་བྲོ་ཞིབ་དང་ ཐ་ལེ་ ཐུར་མ་ ཁོ་རང་གི་ ཁྲུས་ཆས་སོགད་འཁྱིེར་ སློབ་ཕྲུག་རྒན་པ་རྣམས་ནས་ ཆུང་བ་ཚོས་གྱོན་གོས་འཁྲུ་རྒྱུ་ཡོད་པ་དག་བགོ་ཤ་རྒྱབས་ཏེ་འཁྱེར་རོགས་བྱས་ནས་ཉལ་ཁང་གསུམ་པའི་ཕྲུ་གུ་རྣམས་ཧ་ཅང་དགའ་ཞིང་སྐྱིད་པའི་ངང་ནས་ཉིན་གཅིག་གི་གླིང་ཀ་གཏོང་དུ་ཐོན་ ལམ་དུ་ཚང་མ་སྣང་བ་སྐྱིད་པའི་སྐད་སྒྲའི་སྒྲོགས་ རི་སྒང་ནས་ཆུ་འགྲམ་དུ་མར་ཐུར་ལ་བབས་སྐབས་བློ་བཟང་གི་རྐང་པ་རྡོ་ལ་ཁར་ནས་ཁུར་བོའི་མཉམ་ཐུར་ལ་སྦབ་རིལ་ཤོར་ སྟབས་ཡག་ནས་བློ་བཟང་ལ་སྐྱོན་ཆེ་བ་མ་བྱུང་ ཕྲུ་གུ་འགའ་ཤས་ལ་སེམས་འཕྲལ་དང་འཇིགས་སྣང་སྐྱེས་ ཚང་མའི་བློ་བཟང་ལ་རོགས་པ་དང་སེམས་གསོ་བྱས་ནས་ན་སྐྱོན་ཡོད་མེད་དྲི་རྩད་བྱས་ བློ་བཟང་ངོ་གདོང་སྐྱུར་མོའི་ངང་བློ་ཁོག་ཆེ་མདོག་དང་ཤུགས་ཆེ་མདོག་ངང་གང་ཡང་སྐྱོན་མིན་འདུག་ཟེར་ རྗེས་སུ་ཚང་མ་བློ་བདེ་ཞིང་རྒད་མོའོ་ངང་ཆུ་ཁར་ཐུར་དུ་བབས་ ཆུ་ཚོད་ཕྱེད་ཙམ་རྗེས་ ཀེམ་ཀྲི་ཕོལ་ འབྲིང་བའི་ཆུ་ཁར་སླེབ་ ཉི་མ་དྲོ་ཞིང་ ཆུ་གཙང་ལ་ཕྲུ་གུ་ཚང་མ་སྣང་བ་ཧ་ཅང་སྐྱིད་པའི་ངང་ཆུ་ཁ་གཡས་གཡོན་གང་སར་ཕ་བོང་ཆེན་པོའི་སྟེང་རང་རང་གི་གྱོན་གོས་དག་འཁྲུ་འགོ་ཚུགས་ འགའ་ཞིག་གི་ཡིད་ཚེ་ལག་ནས་ཤོར་ཏེ་ཆུ་ལ་འཁྱེར་ ཡིད་ཚེ་གཡར་རེས་བྱས་ ལ་ལས་སྐྱིད་སྣང་གིས་རྒྱ་གར་ཧིན་རྡིའི་གཞས་གཏོང་བཞིན་གློག་སྙན་འཁྲབ་པའི་ལས་འདོས་བྱས་ ཕྲུ་གུ་རྒན་པ་རྣམས་ནས་ཆུང་བ་རྣམས་ཀྱིས་གྱོན་གོས་འཁྲུ་རོགས་བྱས་ གྱོན་ཆས་ཆ་ཚང་ཁྲུས་ཟིན་རྗེས་ཉི་མར་སྐམ་སྟེ་ཆུ་ནང་སྐྱལ་དང་ཆུ་རྩེད་རྩེ་འགོ་འཚུགས་ ང་ཚོ་རྒན་པ་འགན་འཁུར་བ་འགའ་ཞིག་གིས་མོག་ཐུག་བཟོ་གྲ་སྒྲིགས་ ནོར་བུས་ཆུ་རྡོ་ཏིང་ཁུང་ཞིག་གི་ནང་བྲོ་ཞིབ་བླུགས་ནས་བརྗི་རྒྱབས་ དེ་ནས་ནོར་བུ་དང་ བསྟན་འཛིན་གྱིས་པག་ཚད་བཟོས་ བསོད་ནམས་དང་བསྟན་བཀྲིས་ ཉི་མ་གསུན་ནས་ བྲོ་ཞིབ་ལེབ་ལེབ་བཟོས་ བསྟན་བློ་གསལ་དང་ བསྟན་བསོད་ ང་ཚོ་གསུམ་ནས་མོག་མོག་བཟོས་ ལྷག་བསམ་དང་ དབྱིངས་གསལ་ ཕུན་ཚོགས་གསུམ་བུད་ཤིང་ཚོལ་དུ་སོང་ བཀྲིས་ནས་ཐབ་རྡོ་བཙུགས་རྗེས་མེ་གཏོང་ཁར་ཙག་ཁྲ་མེད་པ་ཤེས་ བསྟན་རིག་གསལ་ཀེམ་ཀྲི་ཕོལ་ཆེ་བའི་ལམ་དུ་ཙག་ཁྲ་ཐབས་ཤེས་བྱེད་དུ་ཕྱིན་ རྒྱ་གར་ཡུལ་འཁོར་སྤྲོ་ཆམ་པ་སར་ནས་ཙག་ཁྲ་ཐོབ་ བཀྲིས་ནས་ཤ་དང་སྔོ་ཚལ་བསྔོས་བའི་དྲི་ཞིམ་ཕྱོགས་བཅུར་ཁྱབས་ནས་སྣ་ཁུག་ལ་ཟུག་རྒྱབས་ཏེ་ཕྲུ་གུ་མང་པོ་བྲོད་པ་མགྱོགས་སུ་ལྟོག ཚང་མ་མོག་ཐུག་ལ་རྔམས་ནས་སྒུགས་ ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རྗེས་མོག་ཐུག་འཐུང་རེན་ མི་རེར་མོག་མོག་ཆེན་པོ་ཅོ་ལྔ་རེ་བཟོས་ བྲོ་ཞིབ་ལྷག་མ་འཐེན་འཐུག་ཐེན་ བཀྲིས་ནས་མོག་ཐུག་དང་འཐེན་ཐུག་འདྲེས་མ་བསླུགས་ ཉལ་ཁང་གསུམ་པའི་ཕྲུ་གུ་ཚོས་དེ་ཉིན་རྒྱགས་ཚད་བཟས་ཏེ་ ཧ་ཡུ་ཟེར་ཞིང་ཨུག་རིང་འཐེན་དགོས་བྱུང་ ལོ་གཅིག་ནང་དེ་རིང་ལས་སྐྱིད་པ་མ་བྱུང་ཟེར་ ཉལ་ཁང་གི་སློབ་ཕྲུག་ཆུང་ཆུང་ཚོའི་ནམ་རྒྱུན་ཡ་ང་བའི་ངོ་གདོང་དེ་ནས་དེ་ཉིན་སྐྱིད་སྣང་གི་འཚོར་བ་ཤིན་དུ་ཆེན་པོ་ཞིག་མངོན་པ་དེར་ ང་ཆོ་འགན་འཁུར་བ་སློབ་གྲོགས་རྒན་པ་ཚོའི་ཡིད་ལ་བདེ་བ་དང་ དགའ་བའི་སྤྲོ་བ་ཆེན་པོ་ཐོབ་།།

  4. བསོད་ནམས་བཀྲ་ཤིས says:
    2011-07-09 at 2:42 pm

    རིག་འབྱུང་གིས་བཞེངས་འདུག འཐེན་ཐུག་འཐེན་མི་ཆོག་ན་རང་དབང་ལ་རྡོག་རུལ་མ་རེད་དམ།

  5. རབ་དགའ། says:
    2011-07-09 at 2:56 pm

    འཐེན་ཐུག་འདིའི་ཁུངས་རྒྱ་ཁ་ཆེ་དེ་ཚོ་ཡིན་ས་རེད་། ཨ་མདོའི་ཁུལ་ལ་འཐེན་ཐུག་འདི་དར་ཁྱབ་ཆེན་པོ་ཡོད་པས་མ་ཟད་འདི་བཙོང་ས་མང་ཆེ་བ་ཡང་རྒྱ་ཁ་ཆེའི་ཟ་ཁང་རེད་འདུག་ལ་ང་ཚོ་དབུས་ཀྱི་ཕྱོགས་ལ་འཐེན་ཐུག་དར་ཁྱབ་ཆེན་པོ་མེད་། བཙན་བྱོལ་ནབ་ལ་འཐེན་ཐུག་བཟོ་མཁན་ཨ་མདོ་བ་ཡིན་པས་འཐེན་ཐུག་འདི་བོད་རང་གི་ཁ་ལག་རེད་མི་འདུག

  6. ཁྱི་ཕྲུག says:
    2011-07-09 at 6:33 pm

    སྒྲིག་གཞི་ལག་བསྟར་ཚོགས་ཆུང་གིས་མ་འཇུས་པ་དེ་ངོ་མ་སྟབས་ཡག་འདུག    རིག་འབྱུང་ཞེད་སྣང་ངོགས་ཀྱི་འཐེན་ཐུག་གི་བྲོ་བ་དེ་ངོ་མ་བརྗེད་ཐབས་མི་འདུག་ཡ་   ད་དུང་གཅིག་གིས་འབུད་ཤིང་ས་ཆ་ཞིག་ལ་སྤུངས་བཞག་དེས་གཅིག་གིས་ཁུ་སིམ་མེར་རྐུ་འགྲོ་བ་དེ་ཡང་ད་དུང་རྩོམ་ནང་ལ་བླུགས་ཐུབ་ན་ཡག་པོ་ཞེ་དྲག་ཡོང་།

  7. ཁྱི་ཕྲུག says:
    2011-07-09 at 6:33 pm

    སྒྲིག་གཞི་ལག་བསྟར་ཚོགས་ཆུང་གིས་མ་འཇུས་པ་དེ་ངོ་མ་སྟབས་ཡག་འདུག    རིག་འབྱུང་ཞེད་སྣང་ངོགས་ཀྱི་འཐེན་ཐུག་གི་བྲོ་བ་དེ་ངོ་མ་བརྗེད་ཐབས་མི་འདུག་ཡ་   ད་དུང་གཅིག་གིས་འབུད་ཤིང་ས་ཆ་ཞིག་ལ་སྤུངས་བཞག་དེས་གཅིག་གིས་ཁུ་སིམ་མེར་རྐུ་འགྲོ་བ་དེ་ཡང་ད་དུང་རྩོམ་ནང་ལ་བླུགས་ཐུབ་ན་ཡག་པོ་ཞེ་དྲག་ཡོངྲ་།

  8. བརྩོན་རྒྱམ། says:
    2011-07-10 at 4:30 am

    གྲ་སྒྲིག་ལྡན་པའི་ངང་ནས་འཐེན་ཐུག་ཞིབ་པོ་འཐོང་ཞིག་གོ་དེ་བྲོ་བ་ཞིམ་ནས་མ་བརྗེད་པ་ཡིན་གྱི་མ་རེད་དེ་དུས་ཞེད་སྣང་སྐྱེས་པས་མ་བརྗེད་པ་ཡིན་གྱི་རེད།

  9. ལ་སྟོད་བུ། says:
    2011-07-10 at 7:59 am

    ཨོ་ཡ་ཁྱེད་རྣམས་ཀྱིས་ཡོད་དུས་གཏོར་མ་བཏངས།
    མེད་དུས་གཏོར་གཞོང་ཁ་སྦུབ།
    ཟེར་བ་དེ་བྱས་འདུག་གཱ།
    གོས་སླག་དེ་ཚོ་ཕྲུགུ་ཆུང་བ་དེ་ཚོས་དཀྲུས་ཡོད་མདོག་ཁ་བོ་རེད། དེ་གསང་བ་ཡིན་རྒྱུ་རེད། སློབ་གྲྭ་མང་ཆེ་བར་དེ་ག་ནང་བཞིན་བྱེད་ལུགས་ཡོད། མོག་ཐུག་དེ་ཡི་ནང་དུ་མོག་མོག་ཆེན་པོ་ཡོད་ཟེར། ཨ་མོག་ཐུག་ནི་མོག་མོག་ཆུང་ཆུང་བྱས་པ་ཞིག་རེད། མོག་མོག་ཆེན་པོ་ཟེར་དུས་ཡ་ཆ་ཆེ།
    མ་གཞི་ནས་མོག་མོག་དང་མོག་ཐུག་ཟེར་བ་དེ་ཚོ་རྒྱ་ཟས་རེད། ཙམ་པ་ཞིག་མ་ཟོས་པ་དེ་བྱུང་མི་འདུག

  10. གསང་གྲོལ། says:
    2011-07-10 at 8:21 am

    སུ་ཇུའི་འཚོ་བ་བྲོ་བ་ཅན་གྱི་ཟུར་ཞིག་བཞེངས་འདུག་མོད་ད་རུང་ཞིབ་ཚགས་རེ་མི་འདུག གྲ་སྒྲིག་གློ་རྡེག་ཏུ་བརྩམས་ཡོད་པ་དེ་ཅུང་འགྲིག་མི་འདུག དང་པོ་ཐབ་ཀ་གཡར་དགོས་བ་རེད། དེ་སྦི་རེའི་སྒང་ནས་གླ་དགོས། གཉིས་བ་གླང་ཤ་དེའང་སྦི་རིའི་སྒང་ནས་ཉོ་དགོས། འཐེན་ཐུག་གི་མ་རྩ་གླང་ཤ་ཡིན་ལ་སློབ་གྲའི་ཟ་མའི་ནང་ཤ་མང་པོ་མེད་ཙང་གསར་འབྱོར་བ་ཚོའི་ངོ་མདངས་ཤོར་ཡོད། དེ་ནས་སྔོ་ཚོད་རིགས་ཉོ་དགོས་བ་བཤད་མ་དགོས། འོ་རེད་འཐེན་ཐུག་སྐོལ་རྒྱུའི་ཐག་བཅད་རྗེས་དངུལ་བསྡུ་དགོས་བ་དེ་ཆེས་ཐོག་མ་རེད། ཕལ་ཆེར་མི་རེ་ནས་ཧིན་སྒོེར་ལྔ་རེ་ཡིན། ཧིན་སྒོར་ལྔ་མེད་མཁན་མང་པོ་ཡོད་ལ་ཡར་མར་ལ་གཡར་ཏུ་འགྲོ་དགོས། འཐེན་ཐུག་སྐོལ་སྐབས་སྒོ་དང་སྒེའུ་ཁང་ཚང་མ་ཀམ་པ་ལི་ཡིས་བཏུམས་དགོས། འདི་ཚོ་གླེང་མི་འདུག་ག

  11. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-07-10 at 5:12 pm

    གསང་གྲོལ་ལ་ལན་ཐུང་ཐུང་ཞིག་ཕུལ་གི་ཡིན།
    འདི་ཞིབ་ཚགས་པོ་ཞིག་ཡོང་མི་འདུག་ཟེར་བ་དེ་བདེན་པ་རེད་། ཚང་མ་ངས་བྲིས་མེད་། འོན་ཀྱང་། ངེད་ཚོའི་ཉལ་ཁང་གི་ལས་སྟངས་དེ་ཉལ་ཁང་གཞན་པ་དང་མི་འདྲ་ན་ཐང་། ངེད་ཚོར་ཐབ་ཡོད་ཡོད་པ་རེད་། ངེད་ཚོའི་ཉལ་ཁང་ལ་ཐབ་ཆུང་ཆུང་ཞིག་ཡོད་། ལོ་གསར་ལ་མ་གཏོགས་ཐབ་ཆེན་པོ་དེ་འདྲ་གཡར་གི་ཡོད་མ་རེད་། ཤ་དེ་སྦིར་སྒང་ནས་ཉོ་བ་སོགས་བདེན་པ་རེད་།
    ཁྱེད་ཀྱང་སུ་ཇའི་སློབ་ཟུར་ཞིག་ཡིན་ན། འདིའི་རིགས་ཁ་སྐོང་བྱས་དང་ཡག་པོ་འདུག

    གོང་གི་ཕྱིར་དྲན་འདི་དང་འབྲེལ་ནས་སྒྲུང་མང་པོ་བཤད་རྒྱུ་ཡོད་།
    དཔེར་ན། དགུན་གནང་གཏོང་གྲབས་ཡོད་པའི་མཚན་གཅིག་གི་དགོང་མོར་། ངེད་ཚོའི་ཉལ་ཁང་གིས་འཐེན་ཐུག་བཟོས། འཐེན་ཐུག་འཐུང་ཚར་རྗེས་གཉིད་ཀྱི་ཞིང་ཁམས་འགྲིམས།
    སྣོད་ཆས་སོགས་མ་འཁྲུས་པར་བཞག གློ་བུར་དུ་མཚན་དཀྱིལ་ཞིག་ལ་རྒན་ཉི་མ་ཚེ་རིང་གིས་སྣེ་འཁྲིད་པའི་སྒྲིག་ཁྲིམས་ལག་སྟར་ཚོགས་ཆུང་དེ་ང་ཚོའི་ཉལ་ཁང་དུ་སླེབས། ཉལ་ཁང་གི་གློག་སྦར། “ཐུག་པ་འཐུང་མཁན་དང་བཟོ་མཁན་ཚང་མ་ཡར་ལོངས་”ཟེར། ང་ཚོ་ཡར་ལངས། འོན་ཀྱང་། ཁང་ཚན་རྒན་བདག་དང་ལོ་རྗེས་མའི་སློབ་གྲའི་རྒན་བདག་གཉིས་འབྲེལ་བ་མེད་པའི་ཟོལ་གྱིས་གཉིད་ཁུག་ནས་བསྡད་། གཞན་ཉལ་གྲོགས་ཚང་མའི་རྐུབ་ཀྱི་སྒང་ལ་གོ་བའི་ཐག་ཐུང་ཞིག་གིས་བརྒྱད་རེ་གྲབས། འོན་ཀྱང་། འཐེན་ཐུག་གི་བྲོ་བ་དེའི་རྐྱེན་གྱིས་ཡིན་ནམ། གང་ལྟར་རྐུབ་ན་བ་དང་ཚ་བའི་ཚོར་སྣང་མ་བྱུང་། འདི་ལྟ་བུའི་ཕྱིར་དྲན་མང་ནི་རེད་། རྗེས་ཕྱོགས་ཁོམ་པ་ཡོད་དུས་ཤིག་ལ་བྲིས་ཆོག

  12. ཨ་རིག་དགེ་མཐོང་། says:
    2011-07-10 at 9:24 pm

    ད་འབྲི་རྒྱུ་ཇེ་མང་རེད། སློབ་གཉེར་ལ་མི་གནོད་པའི་སྒོ་ནས་དེའི་རིགས་བྲིས་ན་དོན་སྙིང་འདུག་ལགས།

  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-07-11 at 12:28 am

    ཨ་དགེ་བཀའ་དྲིན་ཆེ། སེམས་ལ་ཉར་ཡོད་།

    ད་ཡང་སྒྲུང་གཞན་པ་ཞིག་སེམས་ལ་འཁོར་སོང་། ང་ལ་ནི་མཚམས་ལན་རེར་། སྔོན་ཆད་ཀྱི་དོན་དག་དེ་ཚོ་མ་གཏོགས་འབྲི་འདོད་མེད་པའི་ཚོར་བ་ཞིག་ཡོང་གི་འདུག

    དེ་ཡང་དགུན་གནང་གི་སྐབས་ཤིག་ཡིན། ངེད་ཚོའི་ཉལ་ཁང་དུ་ཉལ་གྲོགས་བཅུ་ཙམ་མ་གཏོགས་ལྷག་མེད་། གཞན་པ་ཚང་མ་དགུན་གནང་ལ་ཕྱིན་སོང་། དགུན་གནང་གི་སྐབས་སུ། མཚན་མོའི་རང་སྦྱོང་དེ་སོ་སོའི་ཉལ་ཁང་ནང་ལ་ཡིན། རང་སྦྱོང་ལ་ལྟ་རྟོག་བྱེད་མཁན་སྒྲིག་བསྟར་ལམ་སྟོན་ཚོགས་ཆུང་ཡིན་པ་ཡོད་།
    དགུན་གནང་གི་སྐབས་སུ་ཅུང་ཙམ་གུ་ཡངས་བ་ཡོད་། དེར་བརྟེན། ངེད་ཚོས་མཚན་མོའི་རང་སྦྱོང་གི་སྐབས་སུ་ཡང་། ཁུ་སིམ་མེར་ཇ་སོགས་སྐོལ་གི་ཡོད་།

    ངེད་ཚོའི་ཉལ་ཁང་གི་རྒན་བདག་ཕུན་ཚོགས་ཡིན། ཉིན་ཞིག ཕུན་ཚོགས་ཀྱིས་གློག་ཐབ་ཆུང་ཆུང་ཞིག་གཡར་ནས་སླེབས་སོང་། རང་སྦྱོང་གི་སྐབས་སུ་ང་ཚོས་ཇ་སྐོལ་བ་ཡིན། ཇ་འཐུང་ཞོར་དང་དེབ་ཀློག་ཞོར་བྱས་ནས་བསྡད་ཡོད་པའི་སྐབས་ཤིག་ལ། རྒན་ལྷུན་གྲུབ་རྣམ་རྒྱལ་གློ་བུར་དུ་ཉལ་ཁང་ལ་འཛུལ་སླེབས་སོང་། རྒན་བདག་ཕུན་ཚོགས་ཀྱིས་མགྱོགས་པོར་གློག་ཐབ་དེ་ཉལ་ཁྲིའི་འོག་ལ་བཀབ་སོང་། འོན་ཀྱང་། རྒན་ལགས་ཀྱིས་དེ་མཐོང་སོང་། “ཁྱེད་ཚོས་ཇ་སྐོལ་གི་ཡོད་དམ། གཞུང་གི་གློག་བེད་སྤྱོད་གཏོང་གི་ཡོད་དམ།” རྒན་ལགས་ཀྱིས་དེ་སྐད་དྲིས།

    “མིན། རྒན་ལགས། ང་ཚོས་ཇ་སྐོལ་གི་མེད་། གློག་ཐབ་འདི་ངའི་གྲོགས་པོ་ཞིག་ནས་གུང་གསེང་ལ་འགྲོ་ཁར་ང་ལ་བཅོལ་བ་རེད་། ” ཕུན་ཚོགས་ཀྱིས་སྒམ་མདོག་གིས་ལན་དེ་ལྟར་སྤྲད་། ” རྫུན་མ་མ་བཤད་། གློག་ཐབ་དེ་ཚ་བོ་རེད་འདུག་ག ཁྱེད་ཚོའི་ཉལ་ཁང་ནང་གི་དྲོད་གྲང་ལ་བལྟོས་དང་།” “རྒན་ལགས། མ་རེད་། དངོས་གནས་མ་རེད་། གློག་ཐབ་ཚ་བོ་མ་རེད་།” ཕུན་ཚོགས་ཀྱིས་དེ་སྐད་ཟེར་བཞིན་གློག་ཐབ་ཚ་བོ་དེར་ལག་པ་འཆང་། ང་ཚོར་དགོད་རྒྱུ་ནོན་མི་ཐུབ་པ་ཞིག་སླེབས། རྒན་ལགས་ཅི་བྱ་གཏོལ་མེད་དུ་གྱུར་།
    ” སང་ཉིན་ནས་གློག་ཐབ་འདི་ཉལ་ཁང་ལ་མ་ཉར།” རྒན་ལགས་ཀྱིས་དེ་སྐད་ཟེར་བཞིན་བུད་སོང་།
    ཉལ་གྲོགས་ཚང་མ་གད་མོ་བགད་། རྒན་བདག་ཕུན་ཚོགས་ཀྱང་གད་མོ་བགད་།

    ང་ཚོ་ཕུན་ཚོགས་ཀྱི་ལྟ་སྤྱོད་དེར་ཡ་མཚར་། དེའི་རྗེས་ནས་བཟུང་། ངེད་ཚོས་སྒྲུང་དེ་ཕུན་ཚོགས་ཀྱི་མདུན་ནས་ཡང་ཡང་བཤད་མྱོང་། ཕུན་ཚོགས་འདི་། ཉལ་ཁང་གི་ཆེད་དུ་མཆོངས་ལབ་ན་མཆོངས་མཁན་ཞིག་ཡིན། སྒྲུང་འདི་འདི་ནས་འཇོག་གི་ཡིན།

  14. མིག་བརྒྱད་པ། says:
    2011-07-11 at 3:12 am

    མ་གཞི་ནས་རྩོམ་འབྲི་སྟངས་ཡག་པོ་རེད། ཡིན་ཡང་སློབ་གྲྭའི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་ནི་ཡ་རབས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད། ཁྱོད་ཚོས་ཁག་གཡར་ས་ཞིག་བཙལ་ནས་དེ་ལ་སྐྱོན་བརྗོད་བྱེད་འདོད་པ་ཤུགས་ཀྱིས་གོ་ཡོང་གི བསམ་བློ་གུ་དོག་པ་དང་ཡང་ན་ཁྱོད་ཚོ་ལ་ཁ་ལག་འདང་ངེས་ཤིག་མ་སྤྲད་པ་རེད།

  15. དོ་རི་བས། says:
    2011-07-12 at 12:41 pm

    ཉིད་ཀྱི་བརྩམས་ཆོས་ལས་ས་མཐའི་དཀའ་སྡུག་གི་འཚོ་བ་དང་མཛེས་སྡུག་གི་ཕྱིར་དྲན་དག་ཡིད་ལ་ལྦ་ལེར་དྲན་ཞིང་། དྲན་གྱིན་དྲན་གྱིན། ཆུང་དུས་ཀྱི་དགོད་སླ་ལ་ངུ་རྐྱེན་པའི་དྭངས་གཙང་གི་འཚོ་བ་དག་ཀྱང་།
    ཁོ་བོའི་དྲན་པའི་མེ་ལོང་གི་མིག་མཐའི་སྐྱིབས་སུ་ཐིགས་པ་རེ་རེ་བཞིན། ཟླ་བ་མག་མོག་གི་མཐའ་རུ་འཚང་བའི་སྐར་འོད་ནང་བཞིན་སེམས་པའི་མཐིལ་དུ་འགྲིལ་ནས་འོངས།

  16. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-07-12 at 11:04 pm

    མིག་བརྒྱད་པའི་བསམ་ཚུལ་དེར་ངེད་ལ་གསལ་བཤད་མེད་། ངས་བྲིས་བ་རེད་། ཁྱེད་ཀྱིས་བཀླགས་པ་རེད་།
    གང་ལྟར་། འབྲི་མཁན་དང་ཀློག་མཁན་གཉིས་ཀྱི་བསམ་ཚུལ་གཅིག་པ་ཡོང་དཀའ་རྒྱུ་རེད་།
    དོ་རི་བ་ཁྱོའི་ཡིག་རྩ་བརྟན་པོ་འདུག ངས་ཁྱོད་མི་ཤེས་གི་ ཁྱོད་ཕ་ཡུལ་ནས་གསར་དུ་འབྱོར་བ་ཞིག་ཡིན་ནི་མིན་ན།

  17. དོ་རི་བ། says:
    2011-07-13 at 2:35 pm

    གྲོགས་རིག་འབྱུང་ལགས། ང་རང་ཕ་ཡུལ་གྱི་གྲོགས་པོ་ཞིག་ཡིན།
    རྗེས་སུ་ངོ་ཤེས་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme