Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་སེམས་ཀྱི་མཆོད་པ།

Posted on 2011-07-052011-07-05 By དབང་ཕྱུག་ 4 Comments on འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་སེམས་ཀྱི་མཆོད་པ།

dali

རྡོ་རྗེ་དབང་ཕྱུག

མུན་པས་བྱེར་བའི་གངས་ཀྱི་འཛིན་མའི་ཁམས།།
སྡུག་བསྔལ་འོ་དོད་ནག་པོས་བཟུང་བའི་མུན།།
མཐར་བྱེད་ཉི་མ་བྱེ་བའི་དཔལ་འཛིན་པ།།
གྲུ་འཛིན་གསེར་གྱི་རི་ལ་མངོན་པར་འཆར།།

དེ་ཚེ་སྐྱེ་དགུའི་བསོད་ནམས་ནགས་མའི་ཚལ།།
དགའ་སྤྲོའི་འཛུམ་པ་གྲོལ་བའི་མེ་ཏོག་གི།
བསུང་ཞིམ་བཀྲ་ཤིས་དགེ་བས་ཡོངས་འཁྱུད་པས།།
བོད་ཁམས་རྫོགས་ལྡན་དཔྱིད་ཀྱི་རི་མོས་བཟུང༌།།

ཆབ་འབངས་བདེ་བའི་ཐབས་སྒོར་དཔྱད་པའི་མདོར།།
རང་གཞན་ཀུན་བདེའི་བཀའ་རྩ་བདུད་རྩིའི་ཆབ།།
འབངས་མིའི་སྐྱེད་ཚལ་མ་ཁྱབ་མེད་བརྡལ་བས།།
དགའ་སྤྲོའི་འཛུམ་གྱིས་གྲུ་འཛིན་རི་བོ་འཁྱུད།།

ཆོས་རིག་རྒྱ་མཚོའི་གཏིང་མཐའ་མི་མངོན་པ།།
མཁྱེན་རབ་ཧུབ་ཀྱིས་གཞིབས་ཐེངས་གཅིག་བྱས་ཏེ།།
མཁས་མང་བྱེ་བའི་རལ་བ་སྣུམ་པོའི་རྩེར།།
ངལ་གསོའི་གོམ་པ་ན་ཚོད་ཕྲ་མོས་བཏེགས།།

ཟབ་རྒྱས་ཆོས་མཛོད་གཏན་པ་མེད་པའི་སྒོ།།
གདུལ་བྱའི་མོས་ངོར་གཏད་པའི་མཛད་འཕྲིན་གྱིས།།
ཆོལ་གསུམ་གདགས་སྲིབ་ཟོས་པའི་བཀྲ་ཤིས་དབྱངས།།
ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་ལྷམ།།

བོད་རྒྱ་གཡུལ་འཐབ་འཇིགས་རུང་ལྕགས་ནག་མེ།།
བྱམས་བརྩེའི་ཆར་གྱིས་གཞིལ་ལ་ལེགས་དགོངས་ཏེ།།
ཞི་འགྲིག་གསེར་གྱི་མདུད་པར་བསྣོལ་བ་ལ།།
ཁྱེད་གཅིག་ཁོ་ན་གཉིས་ཀའི་མགོན་དུ་བཞེངས།།

གནས་ལུགས་རྒྱུ་མཚན་རྒྱ་མ་ཡོ་འཁྱོག་ཅན།།
གདུག་རྩུབ་བྱུས་ཀྱི་འགོང་ཁ་དར་བའི་མུན།།
འཇིགས་རུང་སྲིན་པོ་ཁྲོས་འདྲའི་མཚན་མོ་དེར།།
གསེར་གྱི་ཁྲི་ལས་བཙན་བྱོལ་ལམ་བུ་སྙེགས།།

འཛམ་གླིང་ཡང་རྩེར་སྟོང་ཕྲག་ལོ་ངོའི་ཡུན།།
རིག་གཞུང་འོད་དུ་བསྐྱིལ་བའི་ཞིང་ཁམས་དེ།།
དྲག་པོའི་དཔུང་གིས་འཕྲོག་པའི་བདེན་ཚིག་གཏམ།།
ས་ཡི་གོ་ལའི་ཉིན་སྲིབ་མེད་པར་བརྡལ།།

དེ་ཚེ་དྲང་བདེན་གཙིགས་སུ་བྱེད་པ་ཡི།།
ཤར་ནུབ་མི་རིགས་སྣ་ཚོགས་སེམས་པའི་སྣེ།།
བོད་དོན་བདེན་པའི་ཕྱོགས་སུ་ཚུར་བཀུག་པ།།
འགྱེལ་བའི་ནམ་མཁའ་ལངས་པའི་སྐྱ་རེངས་ཉིད།།

གནམ་དང་ས་ལས་རྒྱུས་གཞན་མེད་པའི་ཡུལ།།
དང་པོའི་གོམ་པས་བཅལ་བའི་དུས་ཚིགས་དེར།།
དམངས་གཙོའི་ལམ་ཆེན་བསྟན་པའི་འོད་སྣང་གིས།།
མི་ལོ་སྟོང་གི་ལོ་ཟླའི་ཁ་དོག་བརྗེས།།

འཕྲལ་དང་ཕུགས་ཀྱི་བཅའ་ཁྲིམས་རྩ་ཁྲིམས་ཀྱིས།།
ཞི་བདེའི་འཛུམ་བག་སྲུང་བའི་གཏན་ཚིགས་མེས།།
རྒུད་མུན་ཚང་ཚིང་སྲེག་པའི་ཚུལ་བསམས་ན།།
དེ་དེའི་བཀའ་དྲིན་ས་གཞིས་ཐེག་པ་དཀའ།།

སྐྱ་བོར་སློབ་གྲྭ་ཆོས་པར་དགོན་པ་དང༌།།
སོ་ནམ་བཟོ་རིག་འཚོ་ཚིས་དཔལ་ཡོན་གྱིས།།
ཡར་རྒྱས་ས་བོན་བཏབས་པའི་ལེགས་བྱས་ཀྱིས།།
མགོ་ནག་མགོ་བོ་འདེགས་པའི་སྐབས་འདི་བསྐྲུན།།

ཡངས་པའི་འཇིག་རྟེན་ཞི་དང་བདེ་བ་ཡིས།།
འཚོ་བའི་དགོངས་པ་གསེར་གྱི་ཉི་མའི་འོད།།
ཤར་ནུབ་འཛིན་མར་བརྡལ་བའི་དགེ་མཚན་གྱིས།།
བཀྲ་ཤིས་དབྱངས་བདུན་ཁྱོད་ཀྱི་ཕྱོགས་སུ་བཀུག།

དོན་དྲུག་ལོ་ངོ་ཉིན་མཚན་གཅིག་བཞིན་དུ།།
འགྲོ་རྣམས་བདེ་ཐབས་ཁོ་ནར་གཏད་གཏད་པས།།
ཁྱོད་ནི་རེ་རེའི་སེམས་ན་རེ་རེ་སྟེ།།
འཇིག་རྟེན་མགོན་དུ་གྱུར་པ་ཁྱེད་གཅིག་ཉིད།།

སྙན་ངག

Post navigation

Previous Post: བདག་གི་ཏཱ་ལའི་བླ་མ།
Next Post: ༧གོང་ས་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དོན་དྲུག་འཁོར་བའི་འཁྲུངས་སྐར་ལ་ཕུལ་བ།

Comments (4) on “འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་སེམས་ཀྱི་མཆོད་པ།”

  1. སྤྱན་ཆབ། says:
    2011-07-05 at 6:24 am

    མངར་ཁ་ལྡག་ནས་བུད་སོང་་་་༸སྤྱི་ནོར་༸གོ་ས་ཉི་མ་ཆེན་མོ་ཁྲི་ལོ་ནས་ཁྲི་ལོར་ཤོག

  2. མིག་བརྒྱད་པ། says:
    2011-07-05 at 8:21 am

    ༼ ༧གོང་ས་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དོན་དྲུག་འཁོར་བའི་འཁྲུངས་སྐར་ལ་ཕུལ་བ༽
    མིག་བརྒྱད་པ།
    སྐུ་མཆོག་མི་འགྱུར་འགྲོ་བའི་དོན་དུ་བཞུགས། །གསུང་དབྱངས་མི་འགྱུར་ཟབ་མོའི་གཏམ་གྱིས་མཛེས། །
    ཐུགས་ནི་མི་འགྱུར་འོད་གསལ་ཡངས་བའི་མཁའ། །མཚུངས་མེད་སྐྱབས་མགོན་དད་གསུམ་སྙིམ་པས་མཆོད། །
    ཁམས་དང་མོས་བའི་རྗེས་འགྲོ་བ། །ཐུགས་རྗེའི་རྒྱ་མཚོ་གཡོ་བ་ལས། ། །
    མདོ་སྨད་ས་ཡི་ཐིག་ལེ་རུ། ། །ཁྱོད་སྐུ་ཟླ་བ་གཞོན་ནུ་འཁྲུངས། །
    དབུས་ལྗོངས་ཆོས་ཀྱི་ཞིང་ས་དེར། །དུས་མཐར་ཉེན་པའི་བོད་འབངས་རྣམས། །
    རྨོངས་པའི་ཚ་གདུང་གཞོམ་སླད་དུ། །མི་འཇིགས་སེངྒེའི་ཁྲི་ལ་འཁོད། །
    སྐུ་ན་ཕྲ་བའི་དུས་ཉིད་ནས། །གང་གི་མཛད་བཟང་ཆུ་ཀླུང་འབུམ། །
    འཛམ་གླིང་ཞི་བདེའི་དཔལ་དུ་དྲངས། །འགྲོ་བའི་བདེ་སྡུག་བདག་གིར་བཞེས། །
    ཁྱོད་སྐུ་ཉི་མ་གཞོན་ནུ་ལ། །སྡོམ་གསུམ་ཁྲིམས་ཀྱི་པདྨོ་མཛེས། །
    དམ་པའི་ངང་ཚུལ་མི་གཡོ་བའི། །མཛད་པ་འདི་ནི་རྨད་དུ་བྱུང་། །
    ཕྱི་རབས་མི་ཡི་འདྲེན་བྱེད་དུ། །ཤེས་རིག་མེ་ཏོག་འཛུམ་པའི་ཁ། །
    རིག་རྩལ་འོད་སྟོང་ཟིལ་ཤུགས་ཀྱིས། །ཡོངས་སུ་བཟུང་བ་ཁྱོད་ལས་སུ། །
    དད་ལྡན་ཡོངས་ཀྱི་སྤྱི་གཙུག་ལ། །གང་གི་མཛད་བཟང་ཆ་རེས་ཀྱང་། །
    ཞི་བའི་དཔལ་ཡོན་འབུམ་ཐོབ་པས། །ཀུན་ལ་སྙོམས་པའི་དཔུང་གཉེན་མཆོག །
    ནག་ཕྱོགས་མུན་པའི་སྒྲ་གཅན་གྱིས། །ཐུབ་བསྟན་ནུབ་ཀྱི་རི་རྩེ་ན། །
    ནག་པོའི་ར་རི་འཛིན་གྱུར་བ། །དེ་ཚེ་ལེགས་བཤད་འོད་བརྒྱ་སྤྲྲོས།
    སྟོན་པ་མཆོག་དེ་སྐུ་འཁྲུངས་ནས ། །ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་དུ། །
    འཛམ་གླིང་སྐྱེ་བོ་དུ་མ་ལ། །དབུགས་དབྱུང་མི་འཇིགས་སྤོབས་པ་བྱིན། །
    ལྷ་ས་ལྷ་ཡི་ཞིང་ཁམས་དེར། །ཆོས་མེད་སྨྲ་བའི་བདུད་མཚོན་གྱིས། །
    ཡུམ་བུ་བླ་མཁར་ཐང་ལ་བརྡབས། །ཡར་ཀླུང་གཙང་པོར་ཁྲག་གིས་བརྫིས། །
    དུས་ངན་འཐོར་རླུང་གཡོས་བ་ན། །ཁྱོད་ཐུགས་ཡངས་པའི་མཁའ་ལམ་ནས། །
    མཉེན་གཤིན་བྱམས་པའི་འོད་དཀར་གྱིས། །ཕན་བདེའི་རྩ་ལག་རྨང་ནས་གསོས། །
    འཆི་བར་ཕྱོགས་པའི་མི་རིགས་འདིའི། །རྒྱལ་བསྟན་སྣུམ་ཟད་མར་མེའི་ཚུལ། །
    རེ་བའི་འདུན་པ་ལྷག་ལུས་ཞིག ། གསོ་ཕྱིར་འཕགས་ཡུལ་ཞབས་སོར་བཀོད། །
    འཛམ་གླིང་ཤར་ནུབ་ཡུལ་གྲུ་ནས། །སྐྱེ་བོ་ཁྲི་ཁྲག་དུ་མ་ལ། །
    ཁྱོད་ཀྱི་བདེན་པའི་བཀའ་ལུང་གིས། །སྙིང་ལ་འཆི་མེད་ངལ་གསོ་ཐོབ། །
    སྟོན་མཆོག་སྨྲ་བའི་ཉི་མ་དེའི། །ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས། །
    གདམས་པ་ཀུན་གྱི་ཉིང་ཁུ་རུ། །སྟོན་པའི་བཤེས་གཉེན་སྐྱབས་མགོན་མཆོག །
    གང་དུ་གཞོལ་བ་ཆོས་ཉིད་ཀློང་། །ཀུན་གསལ་མཁྱེན་པའི་མེ་ལོང་བཀྲ། །
    རྟེན་འབྱུང་རིགས་པའི་གྲུ་བཟང་གིས། །རྒྱལ་པའི་དགོངས་པ་ཐང་མར་བརྡལ། །
    སྐྱེས་བུ་གསུམ་གྱི་གདམས་པ་མཆོག །བྱང་ཆུབ་ལམ་གྱི་སྒྲོན་མ་ཡི། །
    བསྟན་པ་འགལ་མེད་ལམ་བཟང་དུ། །འཁྲིད་མཁས་ཡོངས་ཀྱི་བཤེས་གཉེན་རྒྱལ། །
    ས་རྙིང་ཀར་དགེའི་མན་ངག་ཕུལ། །གཞན་དང་མི་མཉམ་དགྱེས་དགུར་སྤྱོད། །
    བགྲང་ཡས་རྒྱལ་པའི་དགོངས་པའི་མཐུལ། །རིས་མེད་བསྟན་པ་སྐྱོང་བའི་མགོན། །
    གང་གི་གསུང་དབྱངས་སྙན་པའི་སྒྲ། །གདུལ་བྱའི་སྐྱེ་འགྲོའི་རྣ་བར་འབབ། །
    ལུས་སེམས་བག་ཕེབས་བདེ་ལ་འགོད། །ཁྱེད་ཀྱི་མཛད་པ་ཀུན་དང་མཐུན། །
    ཡབ་རྗེ་འཇལ་དཔལ་སྙིང་པོ་ཡི། །རིང་ལུགས་ཕྱོགས་མཐར་སྤེལ་བ་དང་། །
    སྟོང་དང་རྟེན་འབྱུང་འགལ་མེད་དུ། །ལེགས་པར་བཀྲལ་བ་ཁྱོད་ཉིད་ཙམ། །
    འཛམ་གླིང་ཤར་ནུབ་བསྐྱོད་པའི་གཏམ། །གཞལ་མེད་གྲོང་དང་གྲོང་ཁྱེར་དུ། །
    འགྲོ་བ་མི་ཡི་རིན་ཐང་ནོར། །སྐྱེ་འགྲོའི་སྙིམ་པའི་སྣོད་དུ་བསྟབས། །
    སྟོན་པའི་ལུང་རྟོགས་དམ་པའི་ཆོས། །ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །
    རྒྱན་དྲུག་མཆོག་གཉིས་སྲོལ་བཟང་མཆོག །མཆོག་གསུམ་རྩ་བ་རབ་ཏུ་གཟིགས། །
    དེ་ལྟ་ན་ཡང་དུས་ཀྱི་མཐར། །སྲོག་གི་གཤེད་མ་འཕུར་མདའ་ཡིས། །
    རང་སྲུང་མུན་པའི་གོ་འཕང་ཅན། །ཡ་མཚན་མིན་པ་ཁྱོད་ཀྱིས་གཟིགས། །
    དེང་རབས་ཚན་རིག་འཕྲུལ་གྱི་ཕོ་ཉ་ལས། །གླིང་བདུན་འཛིན་མའི་དངོས་པོ་མཐའ་དག་ཀུན། །
    ཉིན་བཞིན་མཐོང་བ་སྙོན་འདིང་མི་རིགས་པའི། །ཤེས་རབ་སྣ་རེ་བསྐྲུན་པའང་ཁྱེད་ཀྱི་དྲིན། །
    མུན་ནག་དུས་ཀྱིས་ཟོས་བའི་ཁ་བའི་ལྗོངས། །ཡང་དག་བདེན་པའི་སྒྲོན་མེ་དགུང་དུ་བཏེགས། །
    བརྩེ་ཆེན་ལྷག་བསམ་དཀར་པའི་མཛད་འཕྲིན་འོད། །ནམ་ཡང་གོ་ལ་ཟླུམ་པོའི་ཏོག་ན་འཚེར། །
    ལོ་རྒྱུས་གཙང་པོ་མི་བུ་གདོང་དྲུག་གི ། ཕ་ས་གངས་རིའི་ལྗོངས་ཀྱི་བོད་འབངས་རྣམས། །
    རེ་བའི་མིག་ཟུང་ཁྱེད་ཀྱི་ཕྱོགས་སུ་འཁོར། །བདེན་པའི་སྐྱོ་དབྱངས་རང་གི་སྲོག་ལ་བསྡོས། །
    དྲང་བདེན་རླབས་རིས་བཀྲ་བའི་མཐུ་ནུས་ཀྱིས། །ནོའོ་བྷེལ་ལ་སོགས་རྒྱལ་ཁབ་དུ་མ་ཡིས། །
    མཚར་སྡུག་སྟོང་གི་གཟེངས་རྟགས་ཁྱེད་ལ་ཕུལ། །དཔོན་རིགས་ཆེ་དགུས་བསྟོད་བསྔགས་ཁྱེད་ལ་ལྡིར།།
    མཁྱེན་རབ་ཉི་མའི་འོད་ཀྱིས་བསྐྱངས་པའི་ཐོས་བསམ་སྒོམ་པའི་ལས་ལ་གཞོལ། །
    འཆད་རྩོད་རྩོམ་ལ་ཐོགས་རྡུགས་བྲལ་བས་འདོད་འཇོའི་དབྱངས་ཅན་གློག་གི་གར། །
    མཁྱེན་དཔྱོད་སྣང་བ་མཁའ་རུ་འཁྱིལ་བའི་ཞི་བདེ་གདེངས་ཅན་རོལ་བའི་མཚོ། །
    ལུང་རྟོགས་ཡོན་ཏན་ལྷུན་པོའི་སྤོ་ལ་ཤཱཀྱའི་རྒྱལ་མཚན་མངོན་པར་བསྒྲེངས། །
    མི་ཤེས་རབ་རིབ་རྒྱ་ལས་བྲལ་བའི་ལུགས་གཉིས་མཛད་རྗེས་སྲིད་ན་མཐོ། །
    བྱམས་བརྩེའི་ལྷོ་སྤྲིན་འཁྲིགས་པའི་ཀློང་ནས་ཕན་བདེའི་སྙིང་པོ་ཡི་ག་བཞོས། །
    སྐྱ་ཆད་སྔོ་སྡུག་འཚོ་བའི་ཁྲོད་ནས་བསྟན་སྲིད་རི་བོ་ཁུར་དུ་བླངས། །
    བཙན་པོའི་སྙིང་སྟོབས་ཕྲག་ཏུ་བཞེས་ནས་བསྙེངས་བྲལ་གོ་ཆ་བརྟན་པོར་བཞེས། །
    རྟག་ཏུ་དགེ་བའི་གཉིས་ཕན་ལམ་ནི་རྩོད་རྙོག་འདུམ་འགྲིག་གཏམ་དུ་སྒྲོག།
    གངས་རིའི་བུ་ལ་བསླུ་བ་མེད་པའི་རྒྱ་བོད་སྤུན་ཟླའི་མཛའ་བ་སྤེལ། །
    རིགས་ཀྱི་བླ་སྲོག་འོད་སྟོང་བདག་པོ་ཚུལ་འཆོས་དྲི་མས་མ་བསླད་པར། །
    ཆོལ་གསུམ་བོད་མིའི་ཤེས་རིག་སྣང་བ་མ་རིག་སྦུབས་ལས་བརྡོལ་བའི་གཏམ། །
    དེ་རིང་བདག་གིས་དབྱངས་སུ་གྱེར་ནས་ཕྱག་ན་པདྨོའི་འཁྲུངས་སྐར་བསུ། །
    དེ་ལྟར་མཆོག་གི་མཛད་རྗེས་རི་མོ་བསྐལ་བའི་མཐར་ཡང་རྒྱལ་གྱུར་ཅིག །
    ངག་རིག་སློང་བའི་དགེ་བ་འདིས་ཀྱང་བསོད་ནམས་མེ་ཏོག་འཛུམ་པའི་སྐུ། །
    མགོན་པོ་ཁྱེད་ཀྱི་ཞབས་ཟུང་འཁོར་ལོ་བགྲང་ཡས་སྐྱེ་འགྲོའི་ཁམས་སུ་བརྟན། །
    བཤད་སྒྲུབ་ལས་ཀྱི་ཐུབ་བསྟན་ལྗོན་པ་མི་འགྱུར་དགའ་མགུའི་གཏེར་དུ་རྫོགས། །
    འཁོར་ལོ་གསུམ་གྱི་མཛད་འཕྲིན་དཀར་པོ་ནོར་འཛིན་ཁྱོན་དུ་རྒྱས་གྱུར་ཅིག །

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-05 at 3:22 pm

    ལེགས་པར་བྲིས་སོ།
    ལོ་ངོ་བཅུ་ཕྲག་སྔོན་དུ་བདག་གིས་ཀྱང་བླ་མ་མཆོག་ལ་མཆོད་བརྗོད་ཅིག་བདག་གིས་བརྩམས་པའི་བོད་བརྡ་སྤྲོད་དུ་བྲིས་པ་འདི་ལྟར་ལགས།
    ཆོས་དབྱིངས་ངང་ནས་མཁྱེན་བརྩེ་རང་བཞིན་དགེ་སྦྱོང་མི་ཡི་གཟུགས་སུ་རྣམ་པར་རོལ།
    བསླབ་གསུམ་ལྷ་ལམ་ཡངས་པར་ཐེག་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་རྟ་བདུན་གྱིས།
    བོད་ཀྱི་རིག་གཞུང་སྣང་བྱེད་ནུབ་རིར་སོན་པ་སླར་ཡང་ཤར་རིར་རྣམ་པར་འདྲེན།
    འགྲོ་བའི་བླ་མར་གུས་པས་ཕྱག་འཚལ་ཞབས་བརྟན་སྐྱེ་དགུར་དགེ་བའི་རྒྱལ་མཚན་སྒྲེངས།།

  4. dorwang says:
    2011-07-07 at 2:01 am

    རྣམ་པ་ཚོས། བྲིས་རྩོམ་འདི་བཀླགས་ཤིང་། དགོངས་ཚུལ་གསུང་པར་ཐུགས་རྗེ་ཆེ་ཞུ། རྒན་འཇམ་དཔལ་ལགས་ཁྱེད་རང་གི་དགོངས་ཚུལ་དག་ཞིབ་མཇལ་ཞུ་མུས་སུ་ཡོད། དྲ་ངོས་འདིར་ཡང་ཡང་ཕེབས་བཞིན་པར་གུས་བརྩི་བླ་མེད་དང་བཅས་ཏེ་རྗེས་སུ་ཡི་རང་ཞུ་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (44)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme