Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

Posted on 2011-07-04 By དབང་ཕྱུག་ 3 Comments on ༄༅། །༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

ཐེ་བོ་དཀོན་མཆོག་ཤེས་རབ་ནས་ཕུལ།

༼༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༦ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་གུས་འདུད་དང་བཅས་བཀྲ་ཤིས་བདེ་ལེགས་འབུམ་ཕྲག་ཞུ་བ་དང་ཆབས་ཅིག མགོན་པོ་གང་གི་མཛད་བཟང་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་ཆེད་དུ་འབུལ་ལམ་ཞུ་རྒྱུ་ཡིན།༽

༄༅། །༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ།
གང་ཞིག་ཆོས་གཅིག་ལག་ཏུ་མཆིས་གྱུར་ན།།
དེ་ཡིས་ཆོས་ཀུན་ལག་ཏུ་མཆིས་སོ་ཞེས།།
གསུང་རབ་ཀུན་ལས་ཡང་ཡང་བསྔགས་པ་ཡི།།
ཐུགས་རྗེའི་ཡིད་བཞིན་ནོར་བུ་དེ་ལ་བསྟོད།།

གང་གི་རང་མདངས་མ་འགགས་ཡིད་འོང་མཚན་དཔེའི་བཞིན་ལག་སྐུར།།
ཤར་བས་གསང་གསུམ་འཕྲིན་ལས་གྲིབ་བསིལ་སྣུམ་པོར་སྐྱེ་དགུ་རྣམས། །
ཀུན་ནས་ངལ་བསོས་ཞི་བདེའི་འབྲས་བཟང་སྤྱོད་ལ་འགོད་མཛད་པ།།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡོངས་འདུའི་ལྗོན་བཟང་གང་དེར་འདུད།།

ཡིད་འོང་གཟུགས་སྐུའི་ཉིན་ བྱེད་ནི།།
གངས་ལྗོངས་བསོད་ནམས་ཤར་རིའི་རྩེར།།
འཛེགས་པས་ཕན་བདེའི་པད་ཚལ་འབུམ། །
རྣམ་པར་ གྲོལ་བའི་མགོ་ལྕོག་ལྡེམ། །

མདོ་སྔགས་གཞུང་ལུགས་གང་གཱའི་ཀླུང་། །
མཁྱེན་རབ་དྲང་སྲོང་ཧུབ་གཅིག་གིས། །
འཐུངས་པས་ཁྱོད་ཐུགས་ཆུ་གཏེར་ཆེར། །
མན་ངག་རླབས་ཕྲེང་གཡོ་བས་མཛེས། །

རིས་མེད་ཐུབ་བསྟན་དལ་འགྲོ་མ། །
ཐུགས་ཀྱི་ཡོལ་གོར་ལེགས་བསྐྱིལ་པས། །
ཚད་མའི་ཉམས་རྟོགས་རྩེར་སྨིན་པས། །
རྒྱལ་བསྟན་ཡོངས་ ཀྱི་བདག་པོར་བཞེངས། །

ཟབ་ཡངས་མཁྱེན་བརྩེའི་མུ་ཁྱུད་དང་། །
ཐབས་མཁས་མཛད་པའི་རྩིབས་སྟོང་ཅན། །
ཕྱག་ཏུ་བཞེས་པས་གླིང་བཞིའི་ཁྱོན། །
རྫོགས་ལྡན་གསར་བའི་གཟི་དཔལ་ངོམ། །

ལུགས་གཉིས་གཙུག་ལག་ལུས་ཕྲ་མར། །
ལུང་རིགས་མེ་ཏོག་རྒྱན་སྤྲས་ཏེ། །
ཁྱོད་གསུང་གསལ་བྱེད་མེ་ལོང་ལ། །
རྣམ་པར་བཀྲ་བའི་དགའ་སྟོན་རྫོགས། །

གཞི་ལམ་འབྲས་བུའི་བརྒྱུད་རིམ་ཁྲོད། །
རྟེན་འབྱུང་འཕྲུལ་གྱི་དྲ་བའི་ རྒྱས། །
ཡོངས་འཁྱུད་ཆོས་སྲིིད་ཟུང་འབྲེལ་དུ། །
ལུང་རིགས་བྱེ་བའིཀློང་ན་གསལ། །

ཐུབ་གསུང་བཀའ་ཡི་ཆུ་ གཏེར་ཆེར། །
གབ་པའི་མང་གཙོ་རིན་ཆེན་ནོར། །
ཁྱོད་གསུང་མན་ངག་དེད་དཔོན་མཆོག །
ཁོ་ནའི་དྲིན་གྱིས་ གསལ་བར་མཛད། །

བདེ་གཤེགས་བཀའ་ཡི་དགོངས་པའི་བཅུད། །
ཡང་དག་མང་གཙོ་རིང་ལུགས་འདིར། །
ཐབས་མཁས་མཛད་པས་བོད་འབངས་རྣམས། །
རིམ་གྱིས་དྲངས་ལ་སུས་མི་བསྔགས། །

འཇིག་རྟེན་མང་གཙོ་ ཕལ་མོ་ཆེ། །
ཁྲག་གི་རྒྱ་མཚོ་བསྐྱིལ་ནས་ཐོབ། །
གངས་ལྗོངས་རང་དབང་མང་གཙོ་ནི། །
མ་ཞུས་མ་བསྐུལ་བླ་ ནས་གནང་། །

གངས་ལྗོངས་རང་དབང་ནམ་མཁའི་ནོར། །
འདྲེན་བྱེད་འཚེ་མེད་ཞི་བ་དང་། །
གཉིས་ སྨན་དབུ་མའི་ལམ་ཉིད་ལས། །
གཉིས་པ་མེད་པར་ཁྱོད་ཀྱིས་དགོངས། །

ཕྱི་ནང་ལྟ་གྲུབ་རྒྱུ་སྐར་ཕྲེང་། །
ཁྱོད་ཐུགས་ཡིད་བཞིན་དྭངས་པའི་མཚོར། །
བཟུང་བས་དྲན་དབང་ངང་མོའི་ཁྱུས། །
བསྟོད་བསྔགས་ མགྲིན་པའི་རྫ་རྔ་འཁྲོལ། །

ཀུན་ཕན་ནང་བསྟན་ཉིན་མོར་བྱེད། །
ཚན་རྩལ་པདྨའི་ལྡུམ་ར་ཟུང་། །
རྟེན་འབྱུང་རིགས་པའི་ཟེར་བརྒྱ་ཡིས། །
གཉེན་སྡེབ་ཁྱོད་གསུང་ངོ་མཚར་ཕུལ། །

སྣ་ཚོགས་ཆོས་ལུགས་དགོངས་པའི་ཀླུང་། །
བྱམས་བརྩེའི་རླབས་ཀྱིས་སྒེག་བཞིན་དུ། །
ཞི་བདེའི་རྒྱ་མཚོར་གཞོལ་བ་ཉིད། །
གཟིགས་ནས་མཛའ་ མཐུན་གསེར་ཟམ་བསྐྲུན། །

ཀུན་སྙོམས་མཛད་འཕྲིན་ཉི་ཟླའི་འོད། །
རིགས་རུས་ཆོས་ལུགས་དབུལ་ཕྱུག་དང་། །
རྒྱལ་མཚམས་མེད་པར་ཡོངས་ཁྱབ་པས། །
ཀུན་ཀྱིས་བཀུར་འོས་གཙུག་གི་ནོར། །

བགྲང་ཡས་སྲོག་ལྡན་སྐྱོང་ བའིཡུམ། །
ཉམས་ཉེས་གྱུར་པ་མ་བཟོད་ནས། །
ཐུགས་སྟོབས་ཁྱབ་འཇུག་དཔུང་བ་ཡིས། །
སྲུང་ཞིང་སྐྱོབ་པའི་ སྒྲ་ཆེན་བསྒྲགས། །

འདོད་རྔམ་བདུད་ཀྱིས་རབ་བསླུས་པའི། །
བླུན་པོས་རང་ཉིད་འཚོ་གནས་གཞི། །
ཡུམ་ཆེན་ ཀུན་བཟོད་ནོར་འཛིན་མ། །
རྣམ་པར་བཅོམ་པས་རང་གཞན་ཕུང་། །

འཕྲལ་ཕུགས་ལེགས་ཉེས་ཀུན་མཁྱེན་ པའི། །
ཁྱོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ནི། །
བདེ་ལེགས་ཀུན་ཀྱི་རྩ་བ་ཞེས། །
སྔོན་མེད་གསུང་གི་བདུད་རྩི་སྙིལ། །

འཇིག་རྟེན་དཀའ་རྙོག་ཇི་སྙེད་པ། །
དེ་ཀུན་ཞི་མོལ་ཐབས་ལམ་ནས། །
ཡོངས་སེལ་སྔོན་མེད་ལེགས་བཤད་ནོར། །
ཁྱོད་ཀྱི་དགོངས་པའི་ཀློང་ལས་འཁྲུངས། །

རྨོངས་པའི་ཡང་བྲན་གྱུར་པ་འགས། །
རང་རིགས་རྒྱལ་ཁབ་ སོགས་དོན་དུ། །
ཆགས་སྡང་གཡོ་ཇུས་ཁོ་ན་ཡིས། །
འཁྲུག་རྩོད་ཞི་བདེའི་ཆེད་དུ་འདོད། །

ཁྱོད་ཀྱིས་བྱམས་ བརྩེའིམཚོན་རྣོན་གྱིས། །
ཁོང་ཁྲོའི་དཔུང་བཅས་རྣམ་བཅོམ་སྟེ། །
འཚེ་མེད་ཞི་བའི་ལམ་ཁོ་ནས། །
ཞི་བདེའི་དཔལ་ཡོན་བཞད་པར་གསུངས། །

དེ་ཕྱིར་ཆེ་དགུ་མཐའ་དག་གིས། །
གཟེངས་བསྟོད་གསེར་གྱི་མེ་ཏོག་སྟོང་། །
འབུལ་བཞིན་ཞི་བདེའི་དེད་དཔོན་ཆེར། །
ཁྱོད་ཉིད་ཁོ་ན་མངའ་གསོལ་མཛད། །

མཁྱེན་རབ་སྤྲིན་གྱི་རྒྱ་མཚོ་ནས། །
ཐུགས་རྗེ་བདུད་རྩིའི་གྲུ་ཆར་འབུམ། །
གང་འདུལ་འགྲོ་ཁམས་དབྱིག་འཛིན་མར། །
རྟག་ཏུ་འཇོ་ མཛད་བླ་མ་རྒྱལ། །

གང་སྐུ་མཐོང་བས་དུ་ཁའི་བཅིངས་ལས་གྲོལ། །
གང་གསུང་ཐོས་པས་སྒྲིབ་གཉིས་མུན་ ལས་གྲོལ། །
གང་ཐུགས་དྲན་པས་དད་པའི་འདབ་མ་གྲོལ། །
གསང་གསུམ་རྒྱན་གྱི་འཁོར་ལོར་གུས་ཕྱག་འཚལ། །

དེ་ལྟར་༧རྒྱལ་དབང་ལྷ་མིའི་རྣམ་འདྲེན་མཆོག །
ཅུང་ཟད་བསྟོད་པའི་ལེགས་བྱས་གང་ཐོབ་དེས། །
སྐྱེ་བའི་ཕྲེང་བར་གང་གི་གསུང་རབ་ལ། །
ཐོས་བསམ་སྒོམ་པས་ཉམས་སུ་ལེན་པར་ཤོག །

འཇིག་རྟེན་ཡོངས་ཀྱི་ཕན་བདེ་མ་ལུས་པ། །
གང་ལས་འབྱུང་བའི་བསམ་འཕེལ་ཡིད་བཞིན་ནོར། །
འཇིག་རྟེན་དབང་ཕྱུག་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་བརྟན་ཅིང་བཞེད་དོན་འགྲུབ་གྱུར་ཅིག །

མགོན་པོ་གང་གི་བཀའ་བཞིན་དུ། །
ཚུལ་བཞིན་སྒྲུབ་པའི་གང་ཟག་རྣམས། །
དམག་ཟོར་རྒྱལ་མོ་ལ་སོགས་པས། །
གཡེལ་མེད་རྟག་ཏུ་གྲོགས་བྱེད་ཤོག །

ཅེས་ཁམས་གསུམ་འགྲོ་བའི་བླ་མ་༧སྐྱབས་མགོན་༧རྒྱལ་བའི་དབང་པོ། ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཐུན་མོང་བའི་མཛད་པ་འགའ་ཞིག་ལ་བསྟོད་ཅིང་བསྔགས་པ། བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ནི། མགོན་པོ་གང་གི་གསང་གསུམ་རྣམ་ཐར་རྒྱ་མཚོར་མི་ཕྱེད་པའི་དད་པ་ཐོབ་པ། གསུང་ལས་སྐྱེས་པ་མཐའ་དག་གི་གྲལ་མཐར་ཚུད་པའི་སྐལ་བཟང་ཅན། དཀོན་མཆོག་ཤེས་རབ་བམ་དབྱངས་ཅན་རིག་པའི་འདོད་འཇོར་འབོད་པས། བོད་ལྕགས་མོ་ཡོས་ས་ག་ཟླ་བའི་ཚེས་བཅུའི་ཉིན་མི་ཕྱེད་པའི་དད་པས་ཀུན་ནས་བསླངས་ཏེ་སྦྱར་བ་དགེའོ། ། ། །

སྙན་ངག

Post navigation

Previous Post: རང་ཉིད་ཀྱིས་བྲིས་པའི་བྱིས་པའི་དེབ་ཆུང་ངོ་སྤྲོད།
Next Post: མང་གཙོའི་སྤྱི་ཚོགས་ནང་དུ་རྒྱུ་མཚན་ལྡན་པའི་ཁ་དེ་དུས་ནམ་ཡང་བཙུམ་ཐབས་མེད།

Comments (3) on “༄༅། །༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །”

  1. རྩམ་དགའ། says:
    2011-07-05 at 2:16 am

    དབྱངས་ཅན་ལྷ་མོ་མགྲིན་པར་རོལ་བ་ཡི། །
    རིག་པའི་འདོད་འཇོའི་ངག་གི་འཕྲུལ་འཁོར་ལས། །
    འཁྲུངས་པའི་སྙན་ཚིག་དུང་གི་སྒྲ་དབྱངས་འདིས། །
    ཡིད་དབང་མི་འཕྲོག་དཔྱོད་ལྡན་སུ་ཞིག་མཆིས། །

  2. མིག་བརྒྱད་པ། says:
    2011-07-05 at 1:09 pm

    ༼ ༧གོང་ས་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དོན་དྲུག་འཁོར་བའི་འཁྲུངས་སྐར་ལ་ཕུལ་བ༽
    སྐུ་མཆོག་མི་འགྱུར་འགྲོ་བའི་དོན་དུ་བཞུགས།།གསུང་དབྱངས་མི་འགྱུར་ཟབ་མོའི་གཏམ་གྱིས་མཛེས།།
    ཐུགས་ནི་མི་འགྱུར་འོད་གསལ་ཡངས་བའི་མཁའ།།མཚུངས་མེད་སྐྱབས་མགོན་དད་གསུམ་སྙིམ་པས་མཆོད།།
    ཁམས་དང་མོས་བའི་རྗེས་འགྲོ་བ། །ཐུགས་རྗེའི་རྒྱ་མཚོ་གཡོ་བ་ལས། ། །
    མདོ་སྨད་ས་ཡི་ཐིག་ལེ་རུ། ། །ཁྱོད་སྐུ་ཟླ་བ་གཞོན་ནུ་འཁྲུངས། །
    དབུས་ལྗོངས་ཆོས་ཀྱི་ཞིང་ས་དེར། །དུས་མཐར་ཉེན་པའི་བོད་འབངས་རྣམས། །
    རྨོངས་པའི་ཚ་གདུང་གཞོམ་སླད་དུ། །མི་འཇིགས་སེངྒེའི་ཁྲི་ལ་འཁོད། །
    སྐུ་ན་ཕྲ་བའི་དུས་ཉིད་ནས། །གང་གི་མཛད་བཟང་ཆུ་ཀླུང་འབུམ། །
    འཛམ་གླིང་ཞི་བདེའི་དཔལ་དུ་དྲངས། །འགྲོ་བའི་བདེ་སྡུག་བདག་གིར་བཞེས། །
    ཁྱོད་སྐུ་ཉི་མ་གཞོན་ནུ་ལ། །སྡོམ་གསུམ་ཁྲིམས་ཀྱི་པདྨོ་མཛེས། །
    དམ་པའི་ངང་ཚུལ་མི་གཡོ་བའི། །མཛད་པ་འདི་ནི་རྨད་དུ་བྱུང་། །
    ཕྱི་རབས་མི་ཡི་འདྲེན་བྱེད་དུ། །ཤེས་རིག་མེ་ཏོག་འཛུམ་པའི་ཁ། །
    རིག་རྩལ་འོད་སྟོང་ཟིལ་ཤུགས་ཀྱིས། །ཡོངས་སུ་བཟུང་བ་ཁྱོད་ལས་སུ། །
    དད་ལྡན་ཡོངས་ཀྱི་སྤྱི་གཙུག་ལ། །གང་གི་མཛད་བཟང་ཆ་རེས་ཀྱང་། །
    ཞི་བའི་དཔལ་ཡོན་འབུམ་ཐོབ་པས། །ཀུན་ལ་སྙོམས་པའི་དཔུང་གཉེན་མཆོག །
    ནག་ཕྱོགས་མུན་པའི་སྒྲ་གཅན་གྱིས། །ཐུབ་བསྟན་ནུབ་ཀྱི་རི་རྩེ་ན། །
    ནག་པོའི་ར་རི་འཛིན་གྱུར་བ། །དེ་ཚེ་ལེགས་བཤད་འོད་བརྒྱ་སྤྲྲོས།
    སྟོན་པ་མཆོག་དེ་སྐུ་འཁྲུངས་ནས ། །ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་དུ། །
    འཛམ་གླིང་སྐྱེ་བོ་དུ་མ་ལ། །དབུགས་དབྱུང་མི་འཇིགས་སྤོབས་པ་བྱིན། །
    ལྷ་ས་ལྷ་ཡི་ཞིང་ཁམས་དེར། །ཆོས་མེད་སྨྲ་བའི་བདུད་མཚོན་གྱིས། །
    ཡུམ་བུ་བླ་མཁར་ཐང་ལ་བརྡབས། །ཡར་ཀླུང་གཙང་པོར་ཁྲག་གིས་བརྫིས། །
    དུས་ངན་འཐོར་རླུང་གཡོས་བ་ན། །ཁྱོད་ཐུགས་ཡངས་པའི་མཁའ་ལམ་ནས། །
    མཉེན་གཤིན་བྱམས་པའི་འོད་དཀར་གྱིས། །ཕན་བདེའི་རྩ་ལག་རྨང་ནས་གསོས། །
    འཆི་བར་ཕྱོགས་པའི་མི་རིགས་འདིའི། །རྒྱལ་བསྟན་སྣུམ་ཟད་མར་མེའི་ཚུལ། །
    རེ་བའི་འདུན་པ་ལྷག་ལུས་ཞིག ། གསོ་ཕྱིར་འཕགས་ཡུལ་ཞབས་སོར་བཀོད། །
    འཛམ་གླིང་ཤར་ནུབ་ཡུལ་གྲུ་ནས། །སྐྱེ་བོ་ཁྲི་ཁྲག་དུ་མ་ལ། །
    ཁྱོད་ཀྱི་བདེན་པའི་བཀའ་ལུང་གིས། །སྙིང་ལ་འཆི་མེད་ངལ་གསོ་ཐོབ། །
    སྟོན་མཆོག་སྨྲ་བའི་ཉི་མ་དེའི། །ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས། །
    གདམས་པ་ཀུན་གྱི་ཉིང་ཁུ་རུ། །སྟོན་པའི་བཤེས་གཉེན་སྐྱབས་མགོན་མཆོག །
    གང་དུ་གཞོལ་བ་ཆོས་ཉིད་ཀློང་། །ཀུན་གསལ་མཁྱེན་པའི་མེ་ལོང་བཀྲ། །
    རྟེན་འབྱུང་རིགས་པའི་གྲུ་བཟང་གིས། །རྒྱལ་པའི་དགོངས་པ་ཐང་མར་བརྡལ། །
    སྐྱེས་བུ་གསུམ་གྱི་གདམས་པ་མཆོག །བྱང་ཆུབ་ལམ་གྱི་སྒྲོན་མ་ཡི། །
    བསྟན་པ་འགལ་མེད་ལམ་བཟང་དུ། །འཁྲིད་མཁས་ཡོངས་ཀྱི་བཤེས་གཉེན་རྒྱལ། །
    ས་རྙིང་ཀར་དགེའི་མན་ངག་ཕུལ། །གཞན་དང་མི་མཉམ་དགྱེས་དགུར་སྤྱོད། །
    བགྲང་ཡས་རྒྱལ་པའི་དགོངས་པའི་མཐུལ། །རིས་མེད་བསྟན་པ་སྐྱོང་བའི་མགོན། །
    གང་གི་གསུང་དབྱངས་སྙན་པའི་སྒྲ། །གདུལ་བྱའི་སྐྱེ་འགྲོའི་རྣ་བར་འབབ། །
    ལུས་སེམས་བག་ཕེབས་བདེ་ལ་འགོད། །ཁྱེད་ཀྱི་མཛད་པ་ཀུན་དང་མཐུན། །
    ཡབ་རྗེ་འཇལ་དཔལ་སྙིང་པོ་ཡི། །རིང་ལུགས་ཕྱོགས་མཐར་སྤེལ་བ་དང་། །
    སྟོང་དང་རྟེན་འབྱུང་འགལ་མེད་དུ། །ལེགས་པར་བཀྲལ་བ་ཁྱོད་ཉིད་ཙམ། །
    འཛམ་གླིང་ཤར་ནུབ་བསྐྱོད་པའི་གཏམ། །གཞལ་མེད་གྲོང་དང་གྲོང་ཁྱེར་དུ། །
    འགྲོ་བ་མི་ཡི་རིན་ཐང་ནོར། །སྐྱེ་འགྲོའི་སྙིམ་པའི་སྣོད་དུ་བསྟབས། །
    སྟོན་པའི་ལུང་རྟོགས་དམ་པའི་ཆོས། །ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །
    རྒྱན་དྲུག་མཆོག་གཉིས་སྲོལ་བཟང་མཆོག །མཆོག་གསུམ་རྩ་བ་རབ་ཏུ་གཟིགས། །
    དེ་ལྟ་ན་ཡང་དུས་ཀྱི་མཐར། །སྲོག་གི་གཤེད་མ་འཕུར་མདའ་ཡིས། །
    རང་སྲུང་མུན་པའི་གོ་འཕང་ཅན། །ཡ་མཚན་མིན་པ་ཁྱོད་ཀྱིས་གཟིགས། །
    དེང་རབས་ཚན་རིག་འཕྲུལ་གྱི་ཕོ་ཉ་ལས། །གླིང་བདུན་འཛིན་མའི་དངོས་པོ་མཐའ་དག་ཀུན། །
    ཉིན་བཞིན་མཐོང་བ་སྙོན་འདིང་མི་རིགས་པའི། །ཤེས་རབ་སྣ་རེ་བསྐྲུན་པའང་ཁྱེད་ཀྱི་དྲིན། །
    མུན་ནག་དུས་ཀྱིས་ཟོས་བའི་ཁ་བའི་ལྗོངས། །ཡང་དག་བདེན་པའི་སྒྲོན་མེ་དགུང་དུ་བཏེགས། །
    བརྩེ་ཆེན་ལྷག་བསམ་དཀར་པའི་མཛད་འཕྲིན་འོད། །ནམ་ཡང་གོ་ལ་ཟླུམ་པོའི་ཏོག་ན་འཚེར། །
    ལོ་རྒྱུས་གཙང་པོ་མི་བུ་གདོང་དྲུག་གི ། ཕ་ས་གངས་རིའི་ལྗོངས་ཀྱི་བོད་འབངས་རྣམས། །
    རེ་བའི་མིག་ཟུང་ཁྱེད་ཀྱི་ཕྱོགས་སུ་འཁོར། །བདེན་པའི་སྐྱོ་དབྱངས་རང་གི་སྲོག་ལ་བསྡོས། །
    ནོའོ་བྷེལ་ལ་སོགས་རྒྱལ་ཁབ་དུ་མ་ཡིས། །དྲང་བདེན་རླབས་རིས་བཀྲ་བའི་མཐུ་ནུས་ཀྱི། ། མཚར་སྡུག་སྟོང་གི་གཟེངས་རྟགས་ཁྱེད་ལ་ཕུལ། །དཔོན་རིགས་ཆེ་དགུས་བསྟོད་བསྔགས་ཁྱེད་ལ་ལྡིར།།
    མཁྱེན་རབ་ཉི་མའི་འོད་ཀྱིས་བསྐྱངས་པའི་ཐོས་བསམ་སྒོམ་པའི་ལས་ལ་གཞོལ། །
    འཆད་རྩོད་རྩོམ་ལ་ཐོགས་རྡུགས་བྲལ་བས་འདོད་འཇོའི་དབྱངས་ཅན་གློག་གི་གར། །
    མཁྱེན་དཔྱོད་སྣང་བ་མཁའ་རུ་འཁྱིལ་བའི་ཞི་བདེ་གདེངས་ཅན་རོལ་བའི་མཚོ། །
    ལུང་རྟོགས་ཡོན་ཏན་ལྷུན་པོའི་སྤོ་ལ་ཤཱཀྱའི་རྒྱལ་མཚན་མངོན་པར་བསྒྲེངས། །
    མི་ཤེས་རབ་རིབ་རྒྱ་ལས་བྲལ་བའི་ལུགས་གཉིས་མཛད་རྗེས་སྲིད་ན་མཐོ། །
    བྱམས་བརྩེའི་ལྷོ་སྤྲིན་འཁྲིགས་པའི་ཀློང་ནས་ཕན་བདེའི་སྙིང་པོ་ཡི་ག་བཞོས། །
    སྐྱ་ཆད་སྔོ་སྡུག་འཚོ་བའི་ཁྲོད་ནས་བསྟན་སྲིད་རི་བོ་ཁུར་དུ་བླངས། །
    བཙན་པོའི་སྙིང་སྟོབས་ཕྲག་ཏུ་བཞེས་ནས་བསྙེངས་བྲལ་གོ་ཆ་བརྟན་པོར་བཞེས། །
    རྟག་ཏུ་དགེ་བའི་གཉིས་ཕན་ལམ་ནི་རྩོད་རྙོག་འདུམ་འགྲིག་གཏམ་དུ་སྒྲོག།
    གངས་རིའི་བུ་ལ་བསླུ་བ་མེད་པའི་རྒྱ་བོད་སྤུན་ཟླའི་མཛའ་བ་སྤེལ། །
    རིགས་ཀྱི་བླ་སྲོག་འོད་སྟོང་བདག་པོ་ཚུལ་འཆོས་དྲི་མས་མ་བསླད་པར། །
    ཆོལ་གསུམ་བོད་མིའི་ཤེས་རིག་སྣང་བ་མ་རིག་སྦུབས་ལས་བརྡོལ་བའི་གཏམ། །
    དེ་རིང་བདག་གིས་དབྱངས་སུ་གྱེར་ནས་ཕྱག་ན་པདྨོའི་འཁྲུངས་སྐར་བསུ། །
    དེ་ལྟར་མཆོག་གི་མཛད་རྗེས་རི་མོ་བསྐལ་བའི་མཐར་ཡང་རྒྱལ་གྱུར་ཅིག །
    ངག་རིག་སློང་བའི་དགེ་བ་འདིས་ཀྱང་བསོད་ནམས་མེ་ཏོག་འཛུམ་པའི་སྐུ། །
    མགོན་པོ་ཁྱེད་ཀྱི་ཞབས་ཟུང་འཁོར་ལོ་བགྲང་ཡས་སྐྱེ་འགྲོའི་ཁམས་སུ་བརྟན། །
    བཤད་སྒྲུབ་ལས་ཀྱི་ཐུབ་བསྟན་ལྗོན་པ་མི་འགྱུར་དགའ་མགུའི་གཏེར་དུ་རྫོགས། །
    འཁོར་ལོ་གསུམ་གྱི་མཛད་འཕྲིན་དཀར་པོ་ནོར་འཛིན་ཁྱོན་དུ་རྒྱས་གྱུར་ཅིག །

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-05 at 3:53 pm

    ལེགས་པར་བྲིས་རྩོམ་མཛད་པར་རྗེས་ཡི་རངས། དུ་ཁ་ཞེས་པའི་བར་དེར་རྣམ་བཅད་བཟོ་ཐུབ་ན་བཟོ་ཐུབ་པར་མཛོད། ཕྱག་ན་པད་མའི་བྱིན་རླབས་ཀྱིས་བདག་སོགས་འགྲོ་བ་རྣམས་སྡུག་ལས་བྲལ་ཏེ། བདེ་བ་ལ་གནས་པར་གྱུར་ཅིག
    ལོ་ངོ་བཅུ་ཕྲག་སྔོན་དུ་བདག་གིས་བླ་མ་མཆོག་ལ་མཆོད་བརྗོད་ཅིག་བདག་གིས་བརྩམས་པའི་བོད་བརྡ་སྤྲོད་དུ་བྲིས་པ་འདི་ལྟར་ལགས།
    ཆོས་དབྱིངས་ངང་ནས་མཁྱེན་བརྩེ་རང་བཞིན་དགེ་སྦྱོང་མི་ཡི་གཟུགས་སུ་རྣམ་པར་རོལ།
    བསླབ་གསུམ་ལྷ་ལམ་ཡངས་པར་ཐེག་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་རྟ་བདུན་གྱིས།
    བོད་ཀྱི་རིག་གཞུང་སྣང་བྱེད་ནུབ་རིར་སོན་པ་སླར་ཡང་ཤར་རིར་རྣམ་པར་འདྲེན།
    འགྲོ་བའི་བླ་མར་གུས་པས་ཕྱག་འཚལ་ཞབས་བརྟན་སྐྱེ་དགུར་དགེ་བའི་རྒྱལ་མཚན་སྒྲེངས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (45)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme