Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞུང་ཞེས་པའི་ཐ་སྙད་ལ་དཔྱད་པ་དམུས་ལོང་མིག་སྟེར།

Posted on 2011-06-142011-06-14 By dhatsenpa 27 Comments on གཞུང་ཞེས་པའི་ཐ་སྙད་ལ་དཔྱད་པ་དམུས་ལོང་མིག་སྟེར།

མགོན་པོ་ཕྱག་གཉིས་པ།

མགོན་པོ་ཕྱག་གཉིས་འ་ཞའི་སྨན་པའི་ཕྱག།
གསེར་གྱི་ཐུར་མ་ལྡན་པ་གཡོ་བ་ཡིས།།
དམུས་ལོང་དཀོན་བཀྲའི་མིག་ཟུང་ཕྱེ་ནས་ཡོད།།
དངོས་དོན་སྟག་མོའི་རི་ཡི་གཉན་ལ་གཟིགས།།

ཉེ་ཆར་སྤྱི་འཐུས་སྐབས་བཅུ་བཞི་བའི་ཚོགས་དུས་མཐའ་མའི་གྲོས་ཚོགས་སུ། བོད་གཞུང་ཞེས་པའི་ཐ་སྙད་དེ་ཁྲིམས་མཐུན་མིན་པའི་རྣམ་རྟོག་ཟོས་ཤིང་། ཐ་སྙད་དེ་ཙམ་ལ་བསྟེན་ནས་འབྱུང་འགྱུར་བོད་གཞུང་སྒོ་རྒྱག་དགོས་ཐུག་སྲིད་པ་སོགས་གཞིར་བཞག་ནས་བོད་གཞུང་ཞེས་པ་དེ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་གནང་བ་ཀུན་ཤེས་རེད། འདི་ལྟར་བལྟས་ཡོང་ན། ཁྲིམས་མཐུན་གྱི་མིང་དང་ཞེད་པ་དང་རྣམ་རྟོག་ཟ་མི་དགོས་པའི་མིང་དེ་ཕལ་ཆེར་སྔོན་མ་ནས་ད་བར་དབྱིན་ཡིག་ཐོག་བྲིས་ཡོང་བའི་ Central Tibetan Administration (CTA) of His Holiness the Dalai Lama ཟེར་བ་འདི་ཡིན་པ་འདྲ། འདིའི་ཐོག་བཙན་བྱོལ་བོད་གཞུང་དེབ་སྐྱེལ་བྱས་ཡོད་པ་འདྲ། དེ་ཡིན་ན། འདི་ནས་མར་དབྱིན་ཚིག་འདི་དག་དང་ཆེས་མཐུན་ཤོས་དང་འཚམས་ཤོས་ཀྱི་བོད་ཚིག་ཅིག་བཙལ་བ་ཡིན་ན། རྙེད་དོན་ནི་སྔར་བཞིན་བོད་གཞུང་ཞེས་པའི་ཚིག་འདིར་རང་འཇགས་འབབ་ཀྱི་འདུག

༡ བོད་ཚིག་གཞུང་ཞེས་པ་དང་ དབྱིན་ཚིག་ Central གཉིས་ལ་གོ་དོན་འདྲ་མཚུངས་ཀྱི་ཆ་ཡོད་པ།

གཞུང་ཞེས་པའི་ཐ་སྙད་འདིའི་གོ་དོན་དང་འཇུག་ཚུལ་ཅི་ཡོད་ཚིག་མཛོད་ཁག་ཁ་ཕྱེ་ནས་བལྟས་ཤིང་རང་སྐད་ལའང་བསམ་བློ་ཞིག་བཏང་སྟེ་དཔྱད་པ་ཡིན་ན། འདི་ལ་འཇུག་ཡུལ་མ་འདྲ་བ་བརྒྱད་དགུ་ཞིག་འདུག རྒྱལ་ཁབ་ཅིག་གི་སྲིད་གཞུང་ལ་གོ་བ་དེ་དེའི་ནང་གི་འཇུག་ཡུལ་གཅིག་རེད། ཆེ་ས་རྒྱལ་ཁབ་ཀྱི་གཞུང་ནས་ཆུང་ས་སྡེ་གཞུང་དང་ཚོགས་པ་གཞུང་ལ་འཇུག་པའི་སྐབས་མཆིས།
དབྱིན་ཚིག་Central ཞེས་པ་འདིའི་དོན་དཀྱིལ་དང་དབུས་ལ་འཇུག་པ་དང་། བོད་ཚིག་གཞུང་ཟེར་བ་འདི་འང་དཀྱིལ་དང་དབུས་ལ་འཇུག་པའི་སྐབས་ཡོད་པ་གཉིས་མཚུངས་། ཡང་། དབྱིན་ཚིག་འདིའི་མ་ཡིག center ཞེས་པ་འདི་སྐབས་རེར་ཚོགས་པ་སོགས་ཚུགས་ཡུལ་ལྟེ་གནས་དང་ཚོགས་པའི་ལས་འགུལ་ཁག་ལ་འགན་འཁྱེར་མཁན་དང་འཛིན་སྐྱོང་བྱེད་མཁན་ལ་ཡང་གོ་བའི་སྐབས་འདུག བོད་ཚིག་གཞུང་ཞེས་པ་འདི་ཡང་། སྤྱི་དང་སྤྱི་བར་འགན་འཁྱེར་མཁན་གཉིས་ཀར་གོ་བའི་སྐབས་ཡོད་པས་དབྱིན་ཚིག་Central ལ་ལྟོས་ཏེ་བཤད་ནའང་བོད་གཞུང་ཞེས་པ་ལན་ཤོས་སུ་མཐོང་།

༢ བོད་ཚིག་གཞུང་ཞེས་པ་དང་དབྱིན་ཚིག་Administration གཉིས་ལའང་གོ་དོན་འདྲ་མཚུངས་ཀྱི་ཆ་ཡོད་པ།

ང་ཚོས་ཉེ་ཆར་གསར་བཅོས་བྱས་པའི་ཚིག་སྒྲིག་འཛུགས་ཟེར་བ་འདི་དང་ Administration གཉིས་བསྡུར་དེ་ཅིག་བལྟས་པ་ཡིན་ན། བོད་ཚིག་གིས་སྒྲིག་འཛུགས་ཙམ་ལས་མི་སྟོན་པ་དང་། དབྱིན་ཚིག་གིས་སྒྲིག་འཛུགས་གང་ཞིག་གི་འཛིན་སྐྱོང་གི་གོ་དོན་སྟོན་པས་དེ་གཉིས་ལ་མགོ་དང་གཟུགས་པོའི་ཁྱད་པར་མཆིས། དེས་ན་བོད་ཚིག་གཞུང་ཞེས་པ་འདི། སྤྱིའི་ཚོགས་པའམ་སྒྲིག་འཛུགས་ལ་གོ་བ་མ་ཟད་དེ་ལ་འཛིན་སྐྱོང་བྱེད་མཁན་གཉིས་ཆའི་གོ་དོན་ཡོད་པས་Administration ལ་ལྟོས་ཏེ་བཤད་ནའང་བོད་གཞུང་ཞེས་པ་ལན་ཤོས་སུ་མཐོང་།
༣ ད་མདོར་དེད་ན། གཞུང་ཞེས་པའི་གོ་དོན་རྒྱ་ཆེ་ཞིང་གཏིང་ཟབ་དང་ལྡན་པའི་ཚིག་འདི། བོད་གཞུང་དེ་རྒྱལ་ཁབ་ཅིག་གི་གཞུང་ལ་ངོས་འཛིན་མཁན་ཚོའི་བློ་ངོ་དང་མཐུན་པ་བཤད་མ་དགོས་ཀྱང་། བོད་གཞུང་དེ་སྒྲིག་འཛུགས་ཤིག་གི་རྣམ་པར་ལྟ་མཁན་ཚོ་ལ་བཤད་ནའང་། བོད་མིའི་ཚོགས་པའང་སྒྲིག་འཛུགས་ཀྱི་གཞུང་དེ་ལ་གོ་ཆོག་པས་རྣམ་རྟོག་ཟ་དགོས་དོན་མི་འདུག གཞུང་ཞེས་པའི་ཐ་སྙད་འདི་འགྱིག་ཐག་ཅིག་བཞིན་འཐེན་ནས་རིང་དུ་གཏོང་ཆོག་པ་དང་ལྷོད་ནས་ཐུང་དུའང་གཏོང་ཆོག་པའི་ཐ་སྙད་ཅིག་རེད།

ལས་ཀྱི་དབང་གིས་ནུབ་གླིང་གྲོང་སྒོ་འཁྱམས།།
གཡོག་ལས་བྱས་ནས་ཁོམ་དུས་མ་ཡོད་ཀྱང་།།
རིག་པའི་གཏམ་ལ་དགའ་བའི་སེམས་པ་འདིས།།
ཆང་དྲི་ཁ་བའི་ཕྱག་གཉིས་སྡོད་མ་བཅུག།

ཟུར་ལྟའི་དཔྱད་གཞི།
༡བོད་རྒྱ་ཚིག་མཛོད་ཆེན་མོ
༢ དག་གསརཞ
༣ ཨོཀཁི་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་གློག་འཕྲིན་ཚིག་མཛོད།
༤ ཁོ་བྷེལ་ཌི་ཞེས་པའི་དབྱིན་ཡིག་ཚིག་མཛོད།
༥ ཧྥིར་ཌི་རིག་ཁི་སི་ཏི་རོ་ཊར་གྱིས་བྲིས་གནང་བའི་དབྱིན་འབྲུག་ཚིག་མཛོད། ༡༨༢༦
༦ ཨ་ལེག་ཟན་ཌར་ཁོ་སོ་མ་དྷི་ཁོ་རོ་ཡི་དབྱིན་བོད་ཚིག་མཛོད། ༡༨༣༤
༧ ཧེན་རིག་ཨུ་གུ་སུ་ཡི་དབྱིན་བོད་ཚིག་མཛོད། ༡༨༨༡
༨ ས་ར་ཐི་ཅན་དི་ར་དྷ་སི་ཡི་དབྱིན་བོད་ཚིག་མཛོད། ༡༩༠༢
༩ ཟླ་བ་བསམ་འགྲུབ་ཀྱི་དབྱིན་བོད་ཚིག་མཛོད། ༡༩༡༩
༡༠ ཆར་ལེ་སི་ཨལ་ཧྥི་རེ་སྦེལ གྱི་དབྱིན་བོད་ཁ་སྐད་ཚིག་མཛོད། ༡༢༠

གསར་འགྱུར།

Post navigation

Previous Post: མོན་གྷོ་འདོད་རྒུ་གླིང་དུ་ཚོགས་པའི་སྐབས་དང་བོའི་བོད་ཀྱི་གདངས་སྙན་ངག་གྱེར་འདོན་འགྲན་ཚོགས།
Next Post: རྒྱ་མི་དང་མཉམ་ལས་མི་བྱེད་པའི་ལས་འགུལ།

Comments (27) on “གཞུང་ཞེས་པའི་ཐ་སྙད་ལ་དཔྱད་པ་དམུས་ལོང་མིག་སྟེར།”

  1. མགོན་པོ་ཕྱག་གཉིས་པ། says:
    2011-06-14 at 10:36 pm

    རྩོམ་མཇུག་གི ༡༢༠ ནོར། ༡༩༢༠ ཞེས་བཅོ་བར་བྱ།

  2. གཙུག་ལག་སློབ་དཔོན་ says:
    2011-06-15 at 12:10 am

    བཙན་བྱོལ་
    བོད་གཞུང་གི་ས་གའི་མཆོད་འབུལ་མ་ཚར་བ་དེ། བོད་མིའི་སྒྲིག་འཛུག་གི་ཕུལ་ཐུབ་པར་ཤོག
    བོད་གཞུང་གིས་བྱས་མ་ཐུབ་པ་དེ། སྒྲིག་འཛུག་གིས་བྱེད་ཐུབ་པར་ཤོག
    བོད་གཞུང་གིས་མ་འཇོན་པ་དེ། བོད་མིའི་སྒྲིག་འཛུག་གིས་བསྒྲུབ་ཐུབ་པར་ཤོག
    གཞུང་གི་ལས་ཀ་ལྷག་མ་དེ། བདེན་པ་ཉིད་རྒྱལ་ནས་མ་ལྷག་པར་གྱུར་ཅིག
    འདི་རིང་ས་ག་ཟླ་བ་ཚེས་པ་བཅོ་ལྔའི་ངའི་སྨོན་ཚིག་ཏུ་དགེའོ། །

  3. yeshe says:
    2011-06-15 at 12:20 am

    བོད་ལ་རྒྱུགས་ཆེ་བའི་ཧིན་རྡུའི་ལོ་རྒྱུས་ནང་གི་ཆུ་བོ་གངྒྰས་སྡིག་པ་འཁྲུད་པ་ལྟ་བུའི་ཚིག་དེའི་ཚབ་བྱེད་ཐུབ་པའི་དེ་རིང་གི་མགོན་ཕྱག་གི་བོད་རང་གི་ལོ་རྒྱུས་ཁྲོད་ཀྱི་འ་ཞས་སྨན་པས་དམུས་ལོང་དཀོན་བཀྲའི་མིག་ཕྱེས་པའི་དཔེ་འཇོག་དེ་འབྲི་སྟངས་གསར་པ་ཞིག་རེད།

  4. འདོད་ལྷ་ཁམས་པ། says:
    2011-06-15 at 12:54 am

    མི་རྒས་གིན་རྒས་གིན་ས་མཐར་ལྷུང་། །
    ས་ཐག་རིང་ཡུལ་ནས་རང་སྐད་བརྗེད། །
    གཞུང་ཞེས་པའི་ཚིག་གི་གོ་དོན་ཡང་། །
    སྤྱི་ཙམ་ལ་འཇུག་པ་མ་ཤེས་ཟིག །

    གཞུང་ཟེར་བའི་གོ་དོན་གང་ཟེར་ན། །
    ཡུལ་གཞན་ལ་གྱར་པའི་བོད་མི་རྣམས། །
    ཕྱོགས་གཅིག་ཏུ་བསྡུས་པའི་སྤྱི་མིང་ལ། །
    ཚིག་གཞན་དུ་བོད་གཞུང་འབོད་པ་རེད། །

    མི་བརྒྱ་ལ་བརྒྱ་ཡི་གཞུང་ཞིག་ཡོད། །
    མི་བཅུ་ལ་བཅུ་ཡི་གཞུང་ཡང་ཡོད། །
    གཞུང་ཞེས་པ་སྤྱི་ཡི་མིང་ཙམ་ལས། །
    གཞུང་ཟེར་པ་རྒྱལ་ཁབ་ག་ལ་ཡིན། །

    དོན་འདི་ལ་དཔྱད་པ་མ་བྱས་པར། །
    ཚིག་ཙམ་ལ་ཞེན་པ་ཆེ་དྲགས་ནས། །
    ཚིག་རྩུབ་པོ་སྟ་རེ་རྣོན་པོ་དེ། །
    ཚེ་ཕྱི་མར་འཁུར་དགོས་ཡི་རེ་སྐྱོ། །

  5. མགོན་པོ་ཕྱག་གཉིས་པ། says:
    2011-06-15 at 1:41 am

    གཞུང་ཟེར་བ་སྤྱི་བའི་མིང་རེད་ལ།།
    ༡ སྤྱིའམ་ཐུན་མོང་། སྡེ་གཞུང་། སྤྱི་གཞུང་། གཞུང་སྒེར། གཞུང་ལམ།
    ༢ རྒྱལ་ཁབ་ཀྱི་སྲིད་གཞུང་། བོད་གཞུང་། རྒྱ་གཞུང་།
    ༣ དཀྱིལ་ལམ་དབུས། དང་གཞུང་། བྲང་གཞུང་།
    ༤ སྲིད། འཕྲེད་གཞུང་།
    ༥ རིག་གནས་གང་རུང་གི་སྤྱི་བྱེའི་རྣམ་གཞག་སྟོན་པའི་བསྟན་བཅོས་ཀྱི་རིགས། ཆོས་གཞུང་། སྨན་གཞུང་། རྩིས་གཞུང་།
    ༦ བསྟན་བཅོས་སོགས་ཀྱི་རྩ་བའི་ཚིག་དོན་ལ་འཇུག་པ། གཞུང་དོན་དཀའ་འགྲེལ།
    ༧ ངང་རྒྱུད་དམ་གཤིས་ཀ གཞུང་བཟང་། གཞུང་དྲང་།
    ༨ གཙོ་བོའམ་སྙིང་བོ། གཞུང་ཤིང་། གཞུང་རྟ།

    གཞུང་འབྲུ་ཡི་འཇུག་ཡུལ་བརྒྱད་པོ་འདི།།
    མ་བརྟག་ན་འདྲ་བོ་འདྲ་བོ་ཡོད།།
    བརྟག་དང་ན་མི་གཅིག་ཁ་ཁ་ཡིན།།
    དེད་ཕྱིན་ན་ཕ་ཁུངས་མ་ཁུངས་གཅིག།
    འདི་ཐ་སྙད་ཀུན་གྱི་འཕེལ་རིམ་རེད།།
    མི་འདྲ་ངོས་འཛིན་བྱ་རྒྱུ་སླ་མོ་རེད།།
    འདྲ་འདྲ་དབྱེ་བ་དགར་རྒྱུ་དཀའ་མོ་རེད།།
    དཀའ་དཀའི་དོན་ལ་དབྱེ་བ་ཕྱེ་ཐུབ་པའི།།
    རིག་པ་ཁབ་མིག་སྐུད་པ་བརྒྱུས་འདྲ་དགོས།།

  6. འདོད་ལྷ་ཁམས་པ། says:
    2011-06-15 at 2:38 am

    ཚིག་གཅིག་ལ་འཇུག་ཡུལ་བརྒྱད་ཡོད་ཀྱང་། །
    དེ་ཀུན་གྱི་སྤྱི་དོན་གཅིག་ལ་ཐུག །
    ཤིང་གཅིག་ལ་ཡལ་ག་བརྒྱད་ལྡན་ཡང་། །
    དེ་ཀུན་གྱི་སྡོང་བུ་གཅིག་ནས་མཆེད། །

    ཆུ་རྨ་ཆུ་རྒྱ་མཚོར་འདྲེས་ན་ཡང་། །
    ཆུ་རྨ་ཆུའི་མགོ་ཁུངས་གངས་ལ་ཐུག །
    གཞུང་ཞེས་པ་འཇུག་ཡུལ་མང་ན་ཡང་། །
    གཞུང་ཞེས་པའི་དངོས་དོན་སྤྱི་ལ་འཇུག །

    གནས་གཅིག་ཏུ་འདུས་པའི་མི་རྣམས་ལ། །
    ལས་སྐྱིད་སྡུག་འཚོ་བ་མཉམ་གཅིག་ཏུ། །
    སྒྲུབ་བདེ་བའི་སྒྲིག་གཞི་དམ་པོ་ཞིག །
    འཛུགས་འདོད་ན་ཐུན་མོང་ཆིག་སྒྲིལ་གྱིས། །

    ས་གནས་མཆོག་ཕ་ཡུལ་དགྲ་ལག་ནས། །
    ཚུར་ལེན་འདོད་སྙིང་ལ་གནས་ཡོད་ན། །
    ཡུལ་གཞན་དུ་འཁྱམ་པའི་བོད་མི་རྣམས། །
    གཞི་གཅིག་ཏུ་སྒྲིག་འཛུགས་བརྟན་པོ་དགོས། །

    ཕྱོགས་ཀུན་ལ་ཐོར་བའི་བོད་མི་རྣམས། །
    ཕྱོགས་གཅིག་ཏུ་བསྡུ་བའི་ཐབས་དགོས་ན། །
    ཡུལ་གོ་རིམ་ལྡན་པའི་མང་ཚོགས་ལ། །
    གཞི་རྩ་བ་བརྟན་པའི་སྒྲིག་འཛུགས་དགོས། །

  7. ལྷ་མོ་སྐྱབས says:
    2011-06-15 at 5:23 am

    བོད་གཞུང་ཟེར་བ་དེ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཟེར་བ་དེའི་ཚིག་སྡུད་ཡིན། དེ་བས་ད་ལྟ་གཞོན་ནུ་ཚོགས་པ་སོགས་ཀྱིས་སྔར་གྱི་རྒྱལ་ཁབ་ཀྱི་དབུས་གཞུང་གི་གོ་དོན་དེ་རང་འཇགས་ལ་ཡོང་རྒྱུ་གལ་ཆེ་ཚུལ་བཤད་ཀྱིན་ཡོད་པ་དང། སྒྱུར་བཅོས་གཏོང་མཁན་གྱི་ངོས་ནས་གོ་དོན་དེ་ད་མུར་འཇོག་མི་འོས་ཚུལ་མཐོང་བའི་ལྟ་བ་འགལ་ཟླ་གཉིས་ཡིན་པ་ཤེས་ན་གཞུང་ཞེས་པར་གོ་དོན་གཞན་པ་གང་དག་ཡོད་མིན་བཤད་པས་གོ་ཆོད་དམ།

  8. ཀིརྟི་སྐྱབས། says:
    2011-06-15 at 5:53 am

    ༜བཙན་བྱོལ་བོད་གཞུང་ཞེས་པའི་གཞུང་འདི་བོད་སྲིད་གཞུང་ཞེས་པའི་དོན་རེད། དེ་ནི་རྒྱལ་ཁབ་ཀྱི་ངོ་བོ་ལྡན་པའི་དོན་དུ་གོ་ དབྱིན་སྐད་དུ་ government དང། རྒྱ་སྐད་དུ་ 政府 ཟེར། government དང་ 政府 ནི་རྒྱལ་ཁབ་ཅིག་ལ་མ་གཏོགས་ཡོད་པ་མ་རེད། འོན་ཀྱང་བོད་མི་ཚོའི་ཁ་ལ་བོད་སྲིད་གཞུང་ཞེས་པ་བརྗོད་མ་བདེ་བར་བོད་གཞུང་ཞེས་པའི་འབོད་སྲོལ་འདི་ཆགས་པ་རེད། རྒྱ་ནག་གཞུང། རྒྱ་གར་གཞུང་ཟེར་བ་དང་འདྲ། དེས་ན། རྒྱ་གར་གཞུང་གི་འོག་ཏུ་བོད་གཞུང་ཞེས་རྒྱལ་ཁབ་ཅིག་གི་རྣམ་པ་བསྟན་ཚེ་རྒྱ་གར་གཞུང་ལ་མི་བདེ་བ་ལོས་ཡོད། རང་གཞན་གཉིས་ཀ་ལ་ཁག་མི་འདུག འོན་ཀྱང་ད་ལྟ་བོད་གཞུང་ཞེས་པའི་མིང་འདི་བསྒྱུར་ན་མི་འགྲིག་ཟེར་བ་ནི་འཕྱིས་དྲགས་པའི་སྐད་ཆ་ཞིག་རེད།

  9. བཟོད་པ་ལྷ་རྩེ་ says:
    2011-06-15 at 11:34 am

    དྲྭ་གྲོགས་ཀིརྟི་སྐྱབས་ནས་༼ད་ལྟ་བོད་གཞུང་ཞེས་པའི་མིང་འདི་བསྒྱུར་ན་མི་འགྲིག་ཟེར་བ་ནི་འཕྱིས་དྲགས་པའི་སྐད་ཆ་ཞིག་རེད།༽ཟེར་དེ་འདྲ་རང་དག་ཨ་ཡིན་ཟེར་སྙིང་དྲོ་སོང་། མིང་བསྒྱུར་མ་བྱས་གོང་བོད་མི་མང་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཞུགས་པ་ཐོག་བསྒྱུར་བ་བཏང་ན་འགྲིག་གི་མེད་པའི་རྒྱུ་མཚན་སོགས་གསལ་སྟོན་བྱས་ནས་མང་མོས་ཀྱི་རྒྱལ་ཁ་ཐོབ་པ་གསལ་པོ་གསལ་རྐྱང་ཡིན།

    བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་གཞོན་ནུས་གཙོས་ཚོགས་པ་ཁག་དང་བོད་འབངས་མི་སེར་ཕལ་བ་དག་གི་བཀའ་བཤག་དང་སྤྱི་མཐུས་ལ་བཞུ་སྙན་ཆར་པ་འབབ་པ་བཞིན་འཕུལ་ནས་ཐུགས་བྲོས་མ་གནང་བ་ཟླ་ཤས་དུས་ཚོད་སྒོར་ཀྱང་བགྲོ་གླེང་ཡག་པོ་ཞིག་གནང་ནས་ཐག་གཅོད་ཡག་པོ་ཡོང་བ་གནང་རོགས་བཞེས་རེ་བསྐུལ་བླ་ན་མེད་པ་ཞིག་གནང་ཡོད་པ་བདེན་པ་ཡིན།

    བཀའ་སྤྱི་གཉིས་ནས་ཚབ་ཚུབ་ངང་ཉིན་གསུམ་ཚོགས་འདུ་ཞིག་ཚོགས། ཚོགས་འདུའི་ནང་ཟབ་མདོང་གི་བཞེད་སྣང་དང་ཉེ་ཁ་ཆེ་རབས་ཀྱི་གཏམ་བཤད་ཚོུད་གཅིག་གཉིས་གནང་ནས་ཐག་གཅོད་བྱས་པ་ཡང་གསལ་པོ་གསལ་རྐྱང་རེད།

    དེ་དག་ལ་བསམ་ན་ད་དུང་ང་ཚོ་བཙན་འབྱོལ་ནང་མང་གཙོ་ཡོད་ཟེར་བ་གཞན་ལ་འགྲེལ་བཤད་རྒྱག་ཤེས་ཡས་གང་འདུག་གམ།

    དེ་ན་དེ་སྔའི་བཀའ་སྤྱི་གཉིས་དང་༸སྤྱི་ནོར་༸གོང་ས་མཆོག་གི་གཏན་ལ་ཕབ་པའི་བཙའ་ཁྲིམས་དང་རྩ་ཁྲིམས་སོགས་ལ་བསྒྱུར་བ་བཏང་ཆོག་གི་ཡོད་ན། ད་ལོའི་བཀའ་སྤྱི་གཉིས་ཀྱི་ཏན་འབེབས་བྱས་པ་རྣམས་ལ་བསྒྱུར་གཏོང་མི་ཆོག་པའི་གནས་ལུགས་ཤིག་གང་དུ་ཡོད་དམ།

  10. བཟོད་པ་ལྷ་རྩེ་ says:
    2011-06-15 at 11:36 am

    དྲྭ་གྲོགས་ཀིརྟི་སྐྱབས་ནས་༼ད་ལྟ་བོད་གཞུང་ཞེས་པའི་མིང་འདི་བསྒྱུར་ན་མི་འགྲིག་ཟེར་བ་ནི་འཕྱིས་དྲགས་པའི་སྐད་ཆ་ཞིག་རེད།༽ཟེར་དེ་འདྲ་རང་དག་ཨ་ཡིན་ཟེར་སྙིང་དྲོ་སོང་། མིང་བསྒྱུར་མ་བྱས་གོང་བོད་མི་མང་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཞུགས་ཐོག་བསྒྱུར་བ་བཏང་ན་འགྲིག་གི་མེད་པའི་རྒྱུ་མཚན་སོགས་གསལ་སྟོན་བྱས་ནས་མང་མོས་ཀྱི་རྒྱལ་ཁ་ཐོབ་པ་གསལ་པོ་གསལ་རྐྱང་ཡིན།

    བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་གཞོན་ནུས་གཙོས་ཚོགས་པ་ཁག་དང་བོད་འབངས་མི་སེར་ཕལ་བ་དག་གི་བཀའ་བཤག་དང་སྤྱི་མཐུས་ལ་བཞུ་སྙན་ཆར་པ་འབབ་པ་བཞིན་འཕུལ་ནས་ཐུགས་བྲོས་མ་གནང་བ་ཟླ་ཤས་དུས་ཚོད་སྒོར་ཀྱང་བགྲོ་གླེང་ཡག་པོ་ཞིག་གནང་ནས་ཐག་གཅོད་ཡག་པོ་ཡོང་བ་གནང་རོགས་བཞེས་རེ་བསྐུལ་བླ་ན་མེད་པ་ཞིག་གནང་ཡོད་པ་བདེན་པ་ཡིན།

    བཀའ་སྤྱི་གཉིས་ནས་ཚབ་ཚུབ་ངང་ཉིན་གསུམ་ཚོགས་འདུ་ཞིག་ཚོགས། ཚོགས་འདུའི་ནང་ཟབ་མདོང་གི་བཞེད་སྣང་དང་ཉེ་ཁ་ཆེ་རབས་ཀྱི་གཏམ་བཤད་ཚོུད་གཅིག་གཉིས་གནང་ནས་ཐག་གཅོད་བྱས་པ་ཡང་གསལ་པོ་གསལ་རྐྱང་རེད།

    དེ་དག་ལ་བསམ་ན་ད་དུང་ང་ཚོ་བཙན་འབྱོལ་ནང་མང་གཙོ་ཡོད་ཟེར་བ་གཞན་ལ་འགྲེལ་བཤད་རྒྱག་ཤེས་ཡས་གང་འདུག་གམ།

    དེ་ན་དེ་སྔའི་བཀའ་སྤྱི་གཉིས་དང་༸སྤྱི་ནོར་༸གོང་ས་མཆོག་གི་གཏན་ལ་ཕབ་པའི་བཙའ་ཁྲིམས་དང་རྩ་ཁྲིམས་སོགས་ལ་བསྒྱུར་བ་བཏང་ཆོག་གི་ཡོད་ན། ད་ལོའི་བཀའ་སྤྱི་གཉིས་ཀྱི་ཏན་འབེབས་བྱས་པ་རྣམས་ལ་བསྒྱུར་གཏོང་མི་ཆོག་པའི་གནས་ལུགས་ཤིག་གང་དུ་ཡོད་དམ།

  11. མགོན་པོ་ཕྱག་གཉིས་པ། says:
    2011-06-15 at 12:26 pm

    ལྷ་མོ་སྐྱབས་ལགས། བོད་གཞུང་དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཚིག་སྡུད་ཡིན་དུ་ཆུག་ཀྱང་། ད་ལྟ་དགའ་ལྡན་ཕོ་བྲང་གི་མིང་དེ་ཕྱིར་བསྡུ་གནང་ཟིན་པས་བོད་གཞུང་དེ་ཡང་སྔར་བཞིན་དགའ་ལྡན་ཕོ་བྲང་ལ་གོ་མི་དགོས་པ་འདྲ། བོད་གཞུང་ཞེས་པའི་ཡིག་འབྲུ་འདི་གཉིས་ལ་བཅའ་ཁྲིམས་ནང་འགྲེལ་བཤད་ཅིག་མེད་པ་དེ་སྲིད་དུ་ག་རེ་བྱས་ནས་འགྲེལ་ཆོག་ཆོག་ཅིག་ཡིན་པས་འདི་ཁྲིམས་མཐུན་མིན་པའི་ཚིག་ཅིག་ལ་ངོས་འཛིན་གནང་བ་དེ་རྦད་དེ་ནོར་བ་རེད། ཆེས་ཆེས་ནོར་བ་རེད།
    བོད་མིའི་སྒྲིག་འཛུགས་ལ་མཚོན་ནའང་། ཚིག་འདི་ད་རུང་སྔར་བཞིན་བེད་སྤྱོད་གཏོང་ཆོག་པར་འདོད། གཏོང་རོགས་གནང་། ག་རེ་རེད་ཟེར་ན། བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་ལ་གོ་ཆོག་པས་སོ།
    བོད་ནང་གི་གསར་སྐྱེས་གཞོན་ནུ་ཚོར་མཚོན་ན། བོད་གཞུང་དང་བོད་མིའི་དམག་ཞེས་པའི་ཚིག་འདི་ཚོ་གོ་མ་ཐག ང་ཚོ་བོད་ལའང་གཞུང་ཞིག་ཡོད་པ་རེད་དམ། དམག་མི་ཡོད་པ་རེད་དམ་སྙམ་ནས་སེམས་ཤུགས་དང་བོད་ཞེན། མཚར་སྣང་དང་ཤེས་འདོད་མ་འདྲ་བ་ཞིག་ཡོང་གི་ཡོད་པ་གསལ་བོ་རེད། སྒྲིག་འཛུགས་ཟེར་བའི་ཀོ་གྱོང་སྐམ་པོ་འདིར་དེ་འདྲའི་ནུས་པ་ཡོད་མ་རེད།

  12. མགོན་པོ་ཕྱག་གཉིས་པ། says:
    2011-06-15 at 12:57 pm

    འདོད་ལྷ་ཁམས་པ་ལགས།
    ཁྱེད་རང་གིས་གསུངས་པ་བཞིན་མིང་གཅིག་ལ་འཇུག་ཡུལ་མང་པོ་ཡོད་ནའང་དེའི་ཁུངས་དེ་གཅིག་ལ་ཐུག་ཡོད་པ་དེ་ལྟར་རེད། ཡིན་ནའང་། གཞུང་གི་དང་པོའི་ཁུངས་དེ་ངས་ཀྱང་དང་པོར་སྤྱི་ཡི་དོན་ཅན་འདི་མིན་ནམ་བསམས་མྱོང་ཡང་། ད་ལྟ་བསམས་ན་དེ་ལ་ཐེ་ཚོམ་སྐྱེ་གི་འདུག། བརྟག་དགོས་ཀྱི་འདུག
    གཞུང་འདི་གཙོ་བོའམ་ཤུགས་ཆེ་བའི་དོན་ལ་འཇུག་པའི་སྐབས་འདུག་སྙམ།
    ཐང་གཞུང་། ཆུ་གཞུང་། སྒལ་གཞུང་། གཞུང་ཤིང་། གཞུང་ལམ། ཆོས་གཞུང་། རིག་གཞུང་སོགས་ཀྱི་དོན་ཁ་ཁ་ཡིན་ནའང་། འདི་ཚོ་ཚང་མར་གཙོ་བོ་དང་ཤུགས་ཆེ་བའི་དོན་ཞིག་ཏན་ཏན་འདུག་སྙམ། གཞུང་སྒེར་ལ་མཚོན་ན། གཞུང་དེ་སྤྱི་པའི་དོན་ཡིན་ནའང་། སྤྱི་པ་འདིའང་གཙོ་ཆེ་བའམ་ཤུགས་ཆེ་བ། ཁྱབ་ཆེ་བ་ཞིག་ལ་འབྲེལ་འདུག
    དེས་ན་མིང་འདི་དང་པོ། ལུང་པའི་གཞུང་། ཆུ་བོའི་གཞུང་ཟེར་བའི་སེམས་མེད་ཡུལ་ལྗོངས་ཀྱི་མིང་ནས་མཆེད་དེ། རིམ་པས་ཆོས་དང་རིག་པའི་གཞུང་། མིའི་སྤྱི་ཚོགས་སོགས་ཀྱི་སྟེང་ཕར་སྦྱར་ཕྱིན་པ་མིན་ནམ་སྙམ་པ་ཞིག་འདུག

  13. མགོན་པོ་ཕྱག་གཉིས་པ། says:
    2011-06-15 at 2:02 pm

    གཞུང་ཞེས་ཚིག་གྲོགས་མ་སྦྱར་བ་ཀློག་པ་ཡིན་ན་ཁྱེད་རང་གི་སེམས་ངོར་དང་པོར་ག་རེ་འཆར་གྱི་འདུག མིང་རྐྱང་འདིས་དོན་ག་རེ་སྟོན་གྱི་འདུག ཆོས་སློབ་མཁན་ཞིག་ཡིན་ན་གཞུང་ཆེན་པོ། ཆོས་ཀྱི་གཞུང་ཟེར་བ་དེ་འཆར་སྲིད། ཡང་ན་སྤྱི་གཞུང་འདི་སེམས་ལ་འཆར་སྲིད།
    རང་བྱུང་ཁམས་སུ་རང་བྱུང་དང་འབྲེལ་འདྲིས་ཀྱིས་འཚོ་བ་རོལ་བཞིན་པའི་ཞིང་འབྲོག་མི་མང་ལ་མཚོན་ན། ཁོང་ཚོའི་སེམས་ངོར་དང་བོར་འཆར་བ་དེ་གོང་གསལ་གྱི་འདི་དག་ཡིན་མི་སྲིད། དེ་ནི་གཞུང་ཞེས་དོན་གཅིག་མ་གཏོགས་ཡོད་མ་རེད། དེ་ནི་ས་ཆ་དམའ་ས་དང་བདེ་ས་ལ་གོ་བའི་གཞུང་དེ་རེད། ཟོག་ལུག་རི་ཁ་ནས་མར་གཞུང་ལ་བབ་འདུག ང་ལུང་པའི་གཞུང་དེད་ནས་ཡར་སོང་བ་ཡིན། ཞེས་པའི་གཞུང་འདི་ཁོ་ན་རེད། དེས་ན་རང་བྱུང་གི་གཞུང་འདི་གཞུང་ཞེས་པའི་འཇུག་ཡུལ་མང་པོ་ཅན་འདིའི་རྩ་བ་ཡིན་དགོས་པ་འདུག་ཀྱང་། གཞུང་གི་ཁུངས་དང་རྩ་བར་གྱུར་པའི་འཇུག་ཡུལ་འདི་ང་ཚོའི་ཚིག་མཛོད་གཅིག་གི་ནང་ཡང་སླེབས་མི་འདུག
    མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་ལ་ལྟོས་ཏེ་བརྗོད་ནའང་། རིག་པ་དང་ཆོས་ཀྱི་གཞུང་། སྲིད་ཀྱི་གཞུང་འདི་ཚོ་ཤེས་རིག་འཕེལ་རྗེས་གང་འཚམས་ཕྱིན་པའི་རྗེས་སུ་བྱུང་བ་ཞེ་ཅིག་རེད་ལ་དེས་ན་དེ་དག་ལ་སྦྱར་བའི་ཐ་སྙད་དེ་ཚོའང་དེ་ལས་མ་འདས།
    གཞུང་དོན་བཀྲོལ་བའི་གཞུང་ཆུ་ཆུང་ཆུང་འདི།། གཞུང་སེམས་བཟང་བོའི་ལུང་གཞུང་བརྒྱུད་ནས་བབས།།
    མ་ཤེས་སྐོམ་པས་མནར་བའི་གཞུང་སྒེར་ཀུན།། ཐེ་ཚོམ་རྣམ་རྟོག་མ་ཟ་སྐོམ་དུ་སྤྱོད།།
    གཞུང་ཆེན་སྦྱངས་ཀྱང་གཞུང་གི་དོན་མ་ཤེས།། གཞུང་ཞབས་ཡིན་ཡང་གཞུང་དོན་མ་ཁྲོལ་བར།།
    བོད་གཞུང་ཆུ་བོའི་གཞུང་དུ་སྐུར་མཁན་ལ།། གཞུང་འགྲེལ་མ་བཅོལ་ཨ་ར་ཁོ་བོས་བཞར།།

  14. སྦྲ་ནག་གཡག་སྙིང says:
    2011-06-15 at 10:05 pm

    ཨ་ལ་ལ། མགོན་ཕྱག་འདི་ཆེས་མྱི་གཞུང་ལུགས་ཅན་ཞིག་རེད།

    གཞུང་ཞབས་ལ་ད་ཅི་ཟེར་བ་ཡིན་ནམ། སྒྲིག་ཞབས་ཟེར་བ་ཡིན་ནམ། དེ་ཡིན་དུས་གོང་གི་གསར་འགྱུར་༼གངས་སྐྱིད་དུ་གཞུང་ཞབས་བུད་མེད་ལས་བྱེད་ཀྱི་སྤོ་ལོ་འགྲན་བསྡུར་༽ཞེས་པ་དེ་་་ ད་མི་བཤད་་་

  15. ལྷ་མོ་སྐྱབས says:
    2011-06-16 at 7:02 am

    གྲོགས་མཆོག ཡིད་དུ་ཆུག་ཟེར་བ་ཅི། ཡིན་ཡིན་པ་རེད། བོད་གཞུང་དང་རྒྱ་གཞུང། དབྱིན་གཞུང་སོགས་ད་བར་དུ་ལབ་ཀྱིན་པ་འདི་དག་གི་གོ་དོན་གཅིག་མཚུངས་མ་རེད་དམ།
    ད་བོད་གཞུང་ལ་འགྲེལ་བཤད་གསར་བ་ཞིག་བརྒྱབ་ནས་ཐ་སྙད་མགོ་གཉིས་མ་ཞིག་གིས་་ཉོག་གྲ་བཟོས་ནས་ཅི་བྱེད།། དེ་རིང་གི་གནས་ཚུལ་སང་ཉིན་བོད་ལ་སླེབས་ཀྱིན་པ་ཚང་མས་ཤེས། ད་མ་ཡིན་ཡིན་མདོག་འདྲ་བོ་ཞིག་བྱེད་ས་ཡང་མེད། བོད་མི་དམངས་ཀྱི་སེམས་ཤུགས་ཆག་ན་འདྲ་བསམ་ཤེས་ཐུབ་ན་འདྲ། གང་ལྟར་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱེད་པ་འདི་ང་ཚོའི་གཞུང་གི་རྩ་དོན་གཅིག་རེད།
    མ་གཞི་ནས་ད་དེ་ཚོ་བཤད་ནས་ཆོ་མེད། དེ་ལས་བོད་གཞུང་སྔར་བཞིན་དགོས་གལ་ཆེ་ན་སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམས་ལ་རག་ལས་པས་དེའི་ཐད་ལ་ཐབས་ཤེས་བྱས་ན་འགྲིགས། བདེ་མོ།

  16. མགོན་པོ་ཕྱག་གཉིས་པ། says:
    2011-06-16 at 2:19 pm

    ཨ་རོགས། ཐ་སྙད་ཕལ་ཆེ་བ་མགོ་གཉིས་ལས་ལྷག་པ་མ་ཚད་མགོ་བཅུ་བཅོ་ལྔ་ཅན་ཡང་ཡོད་པ་རེད། དེ་ཚོ་ལ་མིང་གཅིག་དོན་དུ་མ་ལ་འཇུག་པ་ཟེར་གྱི་ཡོད་པ་རེད། བོད་གཞུང་བརྗེ་བོ་བརྒྱབ་པ་མ་ཟད་ད་རུང་ཐ་སྙད་ཉེས་མེད་ཅིག་ལ་མགོ་གཉིས་མ་ཟེར་ནས་དམར་ཤོག་གི་སྐད་ཆ་མ་བཤད་ཨ།
    མི་སྒེར་བ་ཞིག་གིས་རང་གི་བསམ་ཚུལ་བརྗོད་ན། ཁྱེད་རང་གིས་དེ་རྙོག་དྲ་ཞིག་ལ་རྩི་གི་ཡོད་དམ།
    ད་ད་ཡིན། བགྲོ་གླེང་དུ་ཕེབས་པ་དང་བསམ་ཚུལ་བརྗོད་པར་དགའ་ཡོད།

  17. འདོད་ལྷ་ཁམས་པ། says:
    2011-06-16 at 3:36 pm

    ཀ་ཡེ་ཁ་བརྡའི་གྲོགས་དམ་ཕྱག་གཉིས་པ། །
    ཁ་ལོ་ནང་དུ་བསྐོར་ནས་ཐུགས་བསམ་བཞེས། །
    ག་ས་གང་ན་གཞུང་དོན་མ་རྟོགས་པར། །
    ང་མཁས་ང་ཡིན་ཟེར་མཁན་ཇེ་མང་རེད། །

    འཇུག་ཡུལ་རབ་མང་གཞུང་ཚིག་ཡིག་འབྲུ་འདི། །
    མིང་མཐའ་སྦྱར་ན་ཚིག་གྲོགས་མཐའ་ཡས་བས། །
    ཞིབ་ཏུ་མ་བརྟག་ཚིག་རྡོག་རེ་གཉིས་ཀྱིས། །
    སྐུ་ཉིད་ཐེ་ཚོམ་སྐྱེས་པ་ཁག་མེད་ཀི །

    ཨཨཨཨཨཨཨཨ་་དུས་ཚོད་ཀྱིས་འགྲོ་རན་སོང་བས་ལས་ཀ་ནས་བསླར་ལོག་རྗེས་་་་སྐད་ཆ་འཕྲོད་མཐུད་ཀི་ཡིན་་་་་མཇལ་ཡོང་

  18. འདོད་ལྷ་ཁམས་པ། says:
    2011-06-17 at 3:08 am

    ཀྱེ་ཀྱེ་བློ་ལྡན་མགོན་པོ་ཕྱག་གཉིསཔ། །
    ཁྱེད་ཀྱི་ཐུགས་ལ་གཞུང་ཚིག་ཡི་གེ་འདི། །
    སྤྱི་ལས་ཤུགས་དང་གཙོ་བོ་གཉིས་ལ་འཇུག །
    སྐད་ཆ་འདི་ཡིས་བགད་མོས་གྲོད་ཁོག་གཟེད། །

    ཤུགས་ཆེ་བ་དང་གཙོ་བོ་གཉིས་ལ་ནི། །
    འཇུག་པའི་སྐབས་ཤིག་ཡེ་ནས་ཡོད་མ་ཡིན། །
    གཙོ་བོ་ཕལ་བའི་ལྡོག་ཟླ་དཔེ་བཞིན་དུ། །
    གཞུང་གི་ཚིག་དང་འབྲེལ་མེད་དོན་གཞན་ནོ། །

    ད་དུང་དེ་ལ་དཔེ་མཚོན་དྲངས་པ་རྣམས། །
    ཐང་གཞུང་ཆུ་གཞུང་སྒལ་གཞུང་གཞུང་ཤིང་དང་། །
    གཞུང་ལམ་ཆོས་གཞུང་རིག་གཞུང་ལ་སོགས་པ། །
    གཙོ་བོའི་དོན་ལ་འཇུག་འདོད་ཤིན་ཏུ་འཁྲུལ། །

    ཐང་གཞུང་ཆུ་གཞུང་སྒལ་གཞུང་ལ་སོགས་པ། །
    སྐབས་འདིར་དབུས་དང་དཀྱིལ་ལ་འཇུག་པ་ཡིན། །
    ཐང་དང་ཆུ་དང་སྤང་དང་སྒལ་སོགས་ལ། །
    དཀྱིལ་དང་གཞུང་གཉིས་གང་ཡང་རུང་བ་ཡིན། །

    འོན་ཀྱང་མི་དང་མི་ཚོགས་གྲངས་མང་བའི། །
    གྲོང་དང་གྲོང་འཁྱེར་སྡེ་བ་ཡན་ཆད་དུ། །
    གནས་པའི་མཉམ་འདུས་མི་ཡི་རིགས་ལ་ནི། །
    གཞུང་དང་སྤྱི་ལས་དབུས་དང་དཀྱིལ་མི་རུང་། །

    དཔེར་ན་བོད་གཞུང་རྒྱ་གཞུང་དབྱིན་གཞུང་ལ། །
    བོད་དཀྱིལ་རྒྱ་དཀྱིལ་དབྱིན་དཀྱིལ་ཟེར་བ་བཞིན། །
    སྲོག་མེད་ས་ཆུ་ཤིང་ལ་སོག་པ་ནི། །
    སྐབས་འགར་གང་ཟག་དང་ནི་སྦྱོར་ཚུལ་ལྡོག །

  19. གཙུག་ལག་སློབ་དཔོན་ says:
    2011-06-17 at 4:08 am

    གཞུང་ཚིག་དང་སྦྱར་བའི་སྙན་ངག་འདི་སྙན་པོ་འདུག གཞུང་དོན་བཀྲོལ་བའི་གཞུང་ཆུ་ཆུང་ཆུང་འདི།། གཞུང་སེམས་བཟང་བོའི་ལུང་གཞུང་བརྒྱུད་ནས་བབས།།མ་ཤེས་སྐོམ་པས་མནར་བའི་གཞུང་སྒེར་ཀུན།། ཐེ་ཚོམ་རྣམ་རྟོག་མ་ཟ་སྐོམ་དུ་སྤྱོད།།གཞུང་ཆེན་སྦྱངས་ཀྱང་གཞུང་གི་དོན་མ་ཤེས།། གཞུང་ཞབས་ཡིན་ཡང་གཞུང་དོན་མ་ཁྲོལ་བར།།བོད་གཞུང་ཆུ་བོའི་གཞུང་དུ་སྐུར་མཁན་ལ།། གཞུང་འགྲེལ་མ་བཅོལ་ཨ་ར་ཁོ་བོས་བཞར། །མགོན་ཕྱག་ལགས་སུ་ཐུགས་རྗེ་ཆེ་ཞེས་ཞུ།

  20. ལྷ་མོ་སྐྱབས says:
    2011-06-17 at 8:09 am

    ད་བར་བོད་གཞུང་མགོ་གཅིག་ཡིན། མགོ་གཉིས་བཟོས་ན་གཞན་དག་འཁྲུལ། འཁྲུལ་བར་གྱུར་ན་ཉོག་གྲ་ཡིན།
    ཁྱོད་བཤད་ཉོག་གྲ་ག་ལ་ཡིན།
    གཞུང་ཞབས་ལས་བྱེད་སྲི་ཞུ་གསུམ། དོན་གཅིག་མིང་གི་རྣམ་གྲངས་ཏེ། གང་ཞིག་སྤྱད་ཀྱང་འོས་པ་ཡིན། གཞུང་ཙམ་སྲིད་གཞུང་ག་ལ་ཡིན།
    ཡང་ཡང་མཇལ་བར་སྤྲོ།

  21. ལྷ་མོ་སྐྱབས། says:
    2011-06-17 at 8:22 am

    ད་བར་བོད་གཞུང་མགོ་གཅིག་ཡིན། མགོ་གཉིས་བཟོས་ན་གཞན་དག་འཁྲུལ། འཁྲུལ་བར་གྱུར་ན་ཉོག་གྲ་ཡིན། ཁྱོད་བཤད་ཉོག་གྲ་ག་ལ་ཡིན།
    གཞུང་ཞབས་སྲི་ཞུ་ལས་བྱེད་གསུམ། དོན་གཅིག་མིང་གི་རྣམ་གྲངས་ཏེ།
    གང་ཞིག་སྤྱད་ཀྱང་འོས་པ་ཡིན། གཞུང་ཙམ་སྲིད་གཞུང་ག་ལ་ཡིན།

    མགོན་པོ་ཕྱག་གཉིས་མི་ཡིན། བར་ཐག་རིང་བས་མི་སླེབས།
    དེ་བས་ཁྱོད་ལ་མི་སྐྲག རྒྱལ་ཁ་གཅིག་ཀྱང་མི་སྟེར། ཧ་ཧ་ཧ་་

  22. དྲི་མེད་ལྷག་བསམ། says:
    2011-06-17 at 9:42 am

    རྒན་མགོན་པོའི་གསུང་ལ་རྒྱུ་མཚན་འདུག་སྙམ། ཚིག་གི་རྩ་བ་རི་གཞུང་། ལུང་གཞུང་མིན་ན། ཆོས་ཀྱི་གཞུང་ཆེན་པོ་ལ་ལེའུ་དང་། ས་བཅད་དང་སོགས་ཅི་ལྟར་བཏགས་པ་ཡིན། ལངས་ཕྱོགས་མེད་པར་ཁ་བརྡ་ཞིག་ཞོར་ཏུ་ཤོར་སོང་།

  23. མགོན་པོ་ཕྱག་གཉིས་པ། says:
    2011-06-18 at 12:42 am

    གཞུང་ཞེས་པའི་ཐ་སྙད་འདི་ལས་འཕྲོས་ཏེ་བགྲོ་གླེང་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག མུ་མཐུད་གཞུང་གི་དོན་ལ་ཁ་བརྡ་བྱ་བར་སྤྲོ། ངས་གོང་གསལ་གྱི་ཚིག་མཛོད་ཚང་མ་ཀློག་པ་མ་ཟད་དེ་ཚོའི་ནང་གི་འགྲེལ་བ་བྱེད་སྟངས་ཞིབ་ཚགས་པོས་བསམ་བློ་གཏོང་ཁུལ་བྱས་པའི་ཁུལ་ཡིན།
    ད་འདི་ནས་བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་གསར་གཉིས་ཀྱི་ནང་གི གཞུང་དེར་འཇུག་ཡུལ་དུ་མ་ཞིག་བྲིས་ཡོད་པ་ལས་དཀྱིལ་དང་དབུས་ལ་འཇུག་པའི་དཔེ་མཚོན་འགའ་ཤས་དྲངས་འདུག་པ་དེར་རྒྱུ་མཚན་བགྲངས་ཏེ་དོགས་སེལ་འགའ་ཞུ་གི་ཡིན།
    དག་གསར་ནང་། དཀྱིལ་དང་དབུས་ལ་འཇུག་པའི་དཔེ་མཚོན་དུ། ཆུའི་གཞུང་། སྒལ་གཞུང་། དབྱར་གཞུང་། དགུན་གཞུང་། གྲལ་གཞུང་ཞེས་པ་ལྟ་བུ་ཞེས་གསལ། བོད་རྒྱ་ཚིག་མཛོད་ནང་། མཚོ་གཞུང་། གཙང་བོའི་གཞུང་། ལྕེ་གཞུང་ཞེས་གསལ། དེ་ལྟར་ན། ཆུའི་གཞུང་ཟེར་ན་ཆུ་དཀྱིལ་ཁོ་ན་ལ་གོ་དགོས་པ་དང་། སྒལ་གཞུང་ཟེར་ནའང་སྒལ་དཀྱིལ་ཁོ་ན་ལ་གོ་དགོས་པ་རེད། དེ་བཞིན་གཙང་བོའི་གཞུང་ཟེར་ནའང་དེ་བཞིན་ནོ། མཚོ་གཞུང་། དབྱར་གཞུང་། དགུན་གཞུང་གསུམ་ལ་མཚོན་ན་དཀྱིལ་ལ་འཇུག་ཟེར་ནའང་འགལ་ཆ་ཡོད་པ་མཐོང་གི་མི་འདུག་ཀྱང་། ཆུའི་གཞུང་དང་། སྒལ་གཞུང་། གཙང་བོའི་གཞུང་ལ་མཚོན་ན་དཀྱིལ་གྱི་གོ་དོན་ལས་ལྗིད་ཁོག་ཚ་བ་ཡོད་པ་གསལ་བོར་མཐོང་གི་འདུག ཡང་། བོད་རྒྱ་ཚིག་མཛོད་ཆེན་མོར། སྲིད་དམ་དཀྱུས་ལ་འཇུག་པའི་དཔེ་མཚོན་དུ། འཕྲེད་གཞུང་། འཕྲེད་གཞུང་། ཆུ་གཞུང་། གཞུང་རིང་ཞེས་བཀོད་འདུག གཙང་བོའི་གཞུང་ཟེར་ན་དཀྱིལ་ལ་འཇུག་ཚུལ་བཤད་པ་དང་། ཆུ་གཞུང་ཟེར་ན་སྲིད་ལ་འཇུག་པར་བཤད་པ་དེ་ཅུང་ཁྱད་མཚར་བོ་དང་བློ་ངོར་འགྲོ་དཀའ་བ་ཞིག་རེད།
    ད་ང་རང་གི་ལྟ་ཚུལ་ག་རེ་རེད་ཟེར་ན། ཆུ་གཞུང་། གཙང་བོའི་གཞུང་། སྒལ་གཞུང་། ལུང་གཞུང་། གཞུང་ཤིང་། ད་རུང་གཞུང་རྟ་སོགས་ལ་དཀྱིལ་ཁོ་ནར་འགྲེལ་ན་མ་འདང་ས་ཞིག་འདུག སྒལ་གཞུང་ཟེར་ན་སྒལ་བའི་དཀྱིལ་ཁོ་ན་མ་རེད། ལུང་གཞུང་། ཆུ་གཞུང་སོགས་ཀྱང་དེ་ལྟར་རེད། སྲིད་ཁོ་ནར་བཤད་ནའང་མ་འགྲིགས་པ་ཞིག་སྙམ། དངོས་པོ་གང་ཞིག་ཆུའི་མཐའ་ནས་མར་ཁྱེར་ཕྱིན་ན་དེ་ལ་ཆུ་བོའི་གཞུང་དུ་ཁྱེར་མི་ཟེར་བ་ལྟ་བུའོ།
    དེས་ན། འདིའི་སྐབས་ཀྱི་གཞུང་དེ་ལ་ཆ་རྐྱེན་ག་རེ་ཚང་དགོས་ཀྱི་འདུག་ཟེར་ན། ༡ མཚམས་མམ་རྒྱུན་མ་ཆད་པའི་དངོས་པོ་སྣ་རིང་བོ་ཅན་ཞིག་ཡིན་དགོས་ཀྱི་འདུག སྣ་རིང་བོ་དེ་སྲིད་དང་གཅིག་པ་མིན་པ་རེད། སྲིད་དེ་དངོས་པོ་ཕྲ་ལ་རིང་བ། ཡང་ན་གྲུ་བཞི་དེ་འདྲ་ལའང་འཇུག་ཀྱང་གཞུང་ནི་དེ་ལྟར་མ་ཡིན་ནོ། དེས་ན་དཀྱིལ་ཟེར་ན་སྐྱོན་ག་རེ་ཡོད་པ་རེད་ཟེར་ན། སྣ་རིང་བོ་དེའི་དཀྱིལ་ཁོ་ན་ལ་མ་གཏོགས་གོ་མི་ཐུབ་པས་སོ། གཞུང་གི་དོན་ནི་མགོ་ནས་མར་ཚང་མར་གོ་དགོས་པ་རེད། ༢ གཞན་ད་རུང་། གཙོ་ཆེ་བའམ་ཤུགས་ཆེ་བའི་དོན་ཞིག་ཀྱང་ཡོད་པ་རེད།
    ད་རུང་གསལ་བོ་མ་བྱུང་ན། གཞུང་ཤིང་ལྟ་བུར་མཚོན་ན་སྣ་རིང་བོའམ་དཀྱུས་རིང་བོ་ཞིག་ཡིན་པ་མ་ཟད་ཤིང་དེ་གཙོ་བོའམ་དཀྱིལ་སྙིང་སྲོག་ཤིང་ལྟ་བུ་ཞིག་ཡིན་དགོས་པ་རེད།
    ཆུ་གཞུང་ཟེར་ནའང་། མཚམས་མམ་རྒྱུན་མ་ཆད་པར་མར་འགྲོ་བའི་ཆུ་བོའི་གཙོ་ཤུགས་དེ་ལ་གོ་དགོས་པ་རེད། གོང་དུ་བཤད་པ་ལྟར་། ཆུ་མཐའ་ལ་ཆུ་གཞུང་མི་ཟེར་ལ་ཆུ་དཀྱིལ་ཁོ་ན་ལའང་ཆུ་གཞུང་མི་ཟེར་།
    དེ་བཞིན་དུ་ལུང་གཞུང་ཟེར་ནའང་དེ་ལྟར་རོ། སྒལ་གཞུང་ཟེར་ནའང་། ཡར་སྟོད་སྒལ་ནས་མར་ཚང་ར་ལ་མ་ཐུག་བར་རྒྱུན་བསྲིངས་པའི་སྒལ་བའི་གཞུང་རྒྱུད་གཙོ་བོ་དེ་ལ་ཟེར་གྱི་ཡོད་པ་རེད།
    ཡང་ངས་གསལ་བཤད་བྱེད་དགོས་པ་ཞིག། སྲིད་ལ་མི་འཇུག དཀྱིལ་ལ་མི་འཇུག་ཟེར་གི་མེད། སྲིད་ལ་འཇུག་པ་དང་དཀྱིལ་ལ་འཇུག་པ་སྤྱི་ལ་འཇུག་པ་སོགས་གོང་གསལ་གྱི་མཆན་ཞིག་ཏུ་རེ་རེ་བཞིན་དཔེ་མཚོན་བཀོད་ཡོད་པས་དེར་ལྟ་བར་བྱ། དཔེ་མཚོན་བཀོད་པ་དེ་ཚོ་ཡང་ཞིབ་ཚགས་ཀྱིས་དཔྱད་ན་རྩོད་གཞི་ཅན་ཡོད་སྲིད།
    འདོད་ལྷ་ཁམས་པ་ཨུ་ཚུགས་ཆེ་བ་དང་།། མགོན་པོ་ཕྱག་གཉིས་བཟོད་བསྲན་ཆུང་བ་ཡིས།། ཐ་སྙད་ཆུང་ཙག་འདི་འདྲའི་དོན་ལའང་།། བཤད་པ་ཡང་དང་ཡང་དུ་བྱེད་དགོས་བྱུང་།།
    ཆུང་བ་ཆུང་བའི་དོན་དག་འདི་འདྲར་ཡང་།། བསམ་བློ་ཡང་ཡང་གཏོང་ཁུལ་བྱས་པ་ཡིན།། ནོར་བ་ཡིན་ན་རང་གི་བླུན་རྟགས་རེད།། བདེན་པར་མཐོང་ན་རང་ཉིད་དགའ་ནི་ཡིན།།

  24. དྲི་མེད་ལྷག་བསམ། says:
    2011-06-18 at 1:06 am

    རྒན་མགོན་པོ་ཚེ་རིང་དང་། ལྷ་མོ་སྐྱབས་གཉིས་ཕ་ཡུལ་གཅིག་པ། ཆུང་ནས་མཉམ་འདྲེས། གྲོགས་པོ་སྙིང་འདྲ་བའི་ནང་ལ་འདི་དྲའི་འདོད་པ་མི་མཐུནན་པ་ཡོད་ན་གཞན་བཤད་ཅི་དགོས། ཤིན་ཏུ་ལེགས། བློ་སྒོ་འབྱེད་པའི་དཔྱད་པ་མང་པོ་འདུག མུ་མཐུད་དེ་གསུངས་རོགས། །

  25. མགོན་པོ་ཕྱག་གཉིས་པ། says:
    2011-06-18 at 2:32 am

    ལྷ་མོ་སྐྱབས།
    གཞུང་ཞབས་ཟེར་ན་གཞུང་ལ་ཞབས་ཞུ་བྱེད་པའི་དོན་ཅནརེད། གཞུང་གི་ལས་བྱེད་རེད། དེ་ནམ་ཡིན་ན་གཞུང་དང་འབྲེལ་བསྡད་ཡོད་པ་ཞིག་རེད།
    སྲི་ཞུ་ཟེར་ན་ཡིན་གཅིག་མིན་གཅིག་གཞུང་ཞིག་དང་འབྲེལ་བ་མེད་ནའང་ཆོག་པ་རེད། དེར་མ་ཟད་ཚིག་འདིའི་ནང་ད་རུང་བཀུར་བསྟི་བྱེད་པའི་དོན་ཐལ་བ་ཞིག་ཀྱང་ཡོད་པ་རེད།
    ལས་བྱེད་ཟེར་ན་གཞུང་དང་མ་འབྲེལ་ཡང་ཆོག་ལ། འདིའི་ནང་བཀུར་བསྟིའི་དོན་ཟུར་ཙམ་ཡང་མེད་པ་རེད། འདི་ཚོ་ཚང་མ་དོན་གཅིག་མིང་གི་རྣམ་གྲངས་སྐབས་འགའ་རེར་ཡིན་པ་འདྲ་བོ་ཡོད་ནའང་མི་འདྲ་ཚུལ་བཤད་ན་དེ་མོ་ཙིག་རེད།
    དོན་གཅིག་མིང་གི་རྣམ་གྲངས་ཡིན་ནའང་།། མིང་གི་རྣམ་པ་གྲུབ་སྟངས་ཁ་ཁ་ཡིན།། འདོ་རིགས་རྟ་བོའི་སྐྱེ་གཟུགས་གཅིག་ནའང་།། རྨིག་པའི་འཁོར་ཕྱོགས་མི་གཅིག་ཁ་ཁ་ཡིན།། ཁྱེད་དང་འུ་གཉིས་འདི་རུ་རྩོད་ནའང་།། རྩོད་པར་གཞི་རྩ་ཡོད་མེད་ཁ་ཁ་ཡིན།། ཁ་བརྡའི་ནང་དུ་ཡོང་བ་འདྲ་ནའང་།། ཁ་ཤུགས་ཆེ་ཆུང་མི་གཅིག་ཁ་ཁ་ཡིན།།

  26. འདོད་ལྷ་ཁམས་པ། says:
    2011-06-19 at 3:30 pm

    ཨ་ལེ་ཨ་ལེ་གཞུང་ཚིག་ཡིག་འབྲུའི་ཆེད། །
    ཉིན་མཚན་དུ་མར་མགོན་པོ་ཕྱག་གཉིས་ཀྱིས། །
    བོད་རྒྱ་ཚིག་མཛོད་དག་ཡིག་གསར་བསྒྲིགས་སོགས། །
    འབད་པས་སྦྱངས་པ་ཅི་འདྲའི་དགའ་བ་ལའང། །

    འོན་ཀྱང་སྦྱངས་འབྲས་བརྒྱ་ཆ་ལོན་ཙམ་རེད། །
    དཔེར་ན་གཞུང་ཚིག་ཡིག་འབྲུ་འདི་ཡི་དོན། །
    འཇུལ་ཡུལ་སྣ་ཚོགས་ཤིན་ཏུ་མང་ན་ཡང་། །
    ངོས་འཛིན་མནར་མནར་སྣེ་རིང་ཙམ་ལ་བྱེད། །

    ཆུ་བོ་ལ་ལ་མནར་མནར་སྣེ་རིང་ཡང་། །
    ཆུ་བོ་ཐམས་ཅད་མནར་མནར་སྣེ་རིང་མིན། །
    ངོས་འཛིན་འདི་ནི་ཧ་ཅང་མ་བརྟག་པའི། །
    ཕྱི་རོལ་རྣམ་པ་ཙམ་ཞིག་མཐོང་བའི་བློ། །

    འདི་ལ་དཔེ་མཚོན་མང་ན་ཡང་། །
    སྐབས་སུ་དཔེ་མཚོན་རེ་གཉིས་འགོད། །

    མཚོ་སྔོན་པོ་ཚ་མཚོའི་གཞུང་ན། །
    ཚ་ཞིམ་པོ་འབད་མེ་ལྷུན་གྲུབ། །
    མཐའ་ཡས་པའི་སྤང་གཞུང་དཀྱིལ་ན། །
    ཁྲ་ལམ་མེར་མེ་ཏོག་བཞད་འདུག །

    ཐང་ཆེན་པོ་ན་གཞུང་ཁུག་ན། །
    རྟ་ནོར་ལུག་གཡང་ལ་འཁོར་འདུག །
    དགུང་མཐོན་པོ་ཨ་སྔོན་གཞུང་ན། །
    འཇའ་ཁ་མདོག་སྣ་་ལྔ་ཤར་འདུག ། ང་ཚོའི་ཕ་ཡུལ་ན་འདི་འདྲའི་གླུ་ཚིག་ཡོད།
    ན་གཞུང་། སྤང་གཞུང་། ཨ་སྔོན་གཞུང་སོགས་མནར་མནར་མིན།

    ད་དུང་།
    གཞུང་ལམ། ལམ་གཞུང་།
    ཆུ་གཞུང་། གཞུང་ཆུ།
    གཞུང་སྲིད། སྲིད་གཞུང་། འདི་འདྲ་བ་དག་ནི་དཀྱིལ་དང་སྤྱི་སོ་སོར་གོ་བ་ལེན་དགོས་པའི་འཇུག་ཚུལ་དག་ལའང་བསམ་བློ་རེ་བཏང་ན་བློ་སྐྱེད་འཕར་མ་རེ་ཡོང་མི་སྲིད་པ་མིན་ཡ།

  27. མགོན་པོ་ཕྱག་གཉིས་པ། says:
    2011-06-19 at 3:58 pm

    མཚོ་གཞུང་། ཐང་གཞུང་། དང་གཞུང་། ཀླད་གཞུང་འདི་ཚོ་དཀྱིལ་ལ་འཇུག་པའི་དོན་ཡིན་པ་འདྲ།
    ༡ གཙང་བོའི་གཞུང་། ཆུ་བོའི་གཞུང་ལ་ཁྱེར། ལུང་གཞུང་བརྒྱུད་ནས་ཡར་ཕྱིན། ད་རུང་གཞུང་ཤིང་། གཞུང་རྟ་སོགས་ནི་སྣའམ་དཀྱུས་ལ་རིང་བ་གང་ཞིག་ལ་གཙོ་བོ་དང་དཀྱིལ་སྙིང་། གཙོ་ཤུགས་ཆེ་བ་སྟོན་པའི་དོན་ཅན་ལ་འཇུག་པ་རེད།
    ༢ ལ་དང་རི་ལ་ལྟོས་ཏེ་བརྗོད་པའི་གཞུང་དེ་ས་དམའ་ས་དང་བདེ་ས་ལ་འཇུག་པའི་དོན་རེད།
    དོན་ཚན་འདི་གཉིས་བོད་ཀྱི་ཚིག་མཛོད་ཁག་ན་མི་འདུག་ཀྱང་ངས་ཁ་གསབ་ཏུ་བཀོད་པ་ཡིན།
    ཁྱེད་རང་ཁག་མེད་དབྱེ་བ་གསལ་བོ་ཕྱེ་མི་ཐུབ་པ། བོད་རྒྱ་ཚིག་མཚོད་དང་དག་གསར་ནང་ཡང་། སྲིད་ལ་འཇུག་པ་དང་དཀྱིལ་ལ་འཇུག་པའི་དཔེ་མཚོན་དེ་དག་འདྲེས་མར་བཀོད་པ་དང་། དོགས་གཞི་ཅན་དེ་འདྲ་ཡང་འགའ་རེ་ཡོད་པ་གོང་དུ་དོགས་སློང་གི་ཚུལ་དུ་ཉུང་ཤས་ཤིག་བཀོད་པ་ལྟར་རེད། རྩ་བའི་ཚིག་མཛོད་དེ་གཉིས་འཇུག་ཡུལ་མང་ཤོས་རེད།
    ལམ་གཞུང་དང་གཞུང་ལམ་གཉིས་ཁ་ཁ་ཡིན་པ་འདྲ། གཞུང་ལམ་གྱི་གཞུང་འདི་ནི་གཞུང་ན་ཡོད་པའི་ལམ་དང་ལམ་གཞུང་གི་གཞུང་ནི་དེ་ལྟར་མིན་པའོ། ད་འགྲོ་དགོས་སོང་། དགོང་མོ་མཇལ་ཡོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme