Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Posted on 2011-06-11 By ཁ་བརྡ་ 8 Comments on གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

བོད། ལྷ་ཀླུ་གཉན་གསུམ།

བཅུ་གཉིས།

མཛའ་མོས་རེ་སྐུལ་ལྟར། ངས་རང་གི་ལས་ཀ་བྱེད་སའི་མ་བྱན་ཆེན་མོ་ལ། དེ་རིང་ང་ཆུ་ཚོད་གཉིས་དང་ཕྱེད་ཀ་ཐོན་སོང་ན་འགྲིག་གི་རེད་དམ། ང་རང་ལྷོ་ཕྱོགས་སུ་གུང་གསེང་ལ་འགྲོ་བཞིན་ཡོད། སྔ་བོ་མ་སོང་ན་ས་རུབ་ན་ལམ་ཁ་ནས་མཛའ་མོ་ལ་ཕྲུ་གུ་འཁོར་ཡོད་དུས་དཀའ་ངལ་འདུག་ཞེས་བཤད་པ་དེར། ཁོ་རང་གིས་ཀྱང་འགྲིག་གི་རེད་ཅེས་ལན་སྤྲད་སོང་། དེ་ནས་བར་གསེང་གི་གོ་སྐབས་ཤིག་ལ་སྤྱིན་བདག་ལ་ངས་མ་བྱན་ཆེན་མོ་དགོངས་པ་ཞུས་ཟིན་པ་ཡིན། དེ་རིང་ང་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་ནས་ལས་ཀ་ནས་དགོངས་པ་སྤྲོད་རོགས་གནོང་ཞེས་བཤད་དུས། ཁོས་ཀྱང་འགྲིག་གི་རེད་ཟེར།

མཛའ་མོ་ལ་ལས་ཀའི་ཁ་པར་བེད་སྤྱད་དེ་འདི་ལྟར་བཤད་པ་ཡིན། ང་རང་ལས་ཀ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་ཕྱི་ལ་ཐོན་ཐུབ་ཀྱི་ཡོད། ང་ཚོ་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་ནས་ལྷོ་ཕྱོགས་སུ་ལམ་དུ་ཆས་ན་འགྲིག་གི་འདུག མཛའ་མོས་ང་ལ་བཀའ་དྲིན་ཆེ། བཟང་གི་ཟེར་ནས་ལན་སྤྲད་སོང་། ང་རང་གིས་རྒྱུན་ལྡན་ལྟར་ལས་ཀ་བྱེད་ཀྱིན་པའི་བར་ནས། སེམས་ནང་དུ་རང་ཉིད་ནི་བོད་མི་ཞིག་ཡིན་པ་དང་། ནང་བ་ཞིག་ཡིན་པར་རློམ་མཁན་གྱི་འཁྲིས་ཤིག་ཡིན་དུས། དམིགས་བསལ་གྱིས་རྒྱུ་མཚན་ཆུང་ཆུང་ཞིག་ལ་བཟོད་བསྒོམ་བྱེད་མ་ཐུབ་པ་ཅི་ཡོད། དངོས་ནས་འགྲིག་མི་འདུག མཛའ་མོའི་མ་རྒན་ལ་ང་རང་གིས་དགོངས་དག་ཞུ་དགོས་ཀྱི་འདུག དངོས་ནས་ང་རང་གིས་ཁོང་ཁྲོ་དེ་ཡིས་ཁྱེད་རང་ལ་གུས་བརྩི་མ་བྱས་པ་དེར་དགོངས་དག་ཟེར་ནས་ཞུ་འདོད་ཆེན་པོའི་སྐོར་ལ་བསམ་བློ་ཤུགས་ཆེན་པོ་སླེབས་སོང་། གང་ལྟར། ཉིན་གཉིས་ཀྱི་རྗེས་སུ་ཕྱིར་གུང་གསེང་ནས་འབྱོར་བ་ཡིན་ན་མ་གཏོགས། བཤད་ས་མེད་ཀི གཅིག་བྱས་ན་ཁ་པར་ནང་ནས་བཤད་ན། མ་རེད། མ་རེད། བྲེལ་བ་བྱེད་དགོས་ཀྱི་མི་འདུག

ང་རང་ཆུ་ཚོད་གཉིས་དང་སྐར་མ་བཅོ་ལྔའི་སྟེང་ནས་ལས་ཀ་ནས་གོན་པ་བརྗེ་ནས་ཕྱི་ལ་བུད། སྤྱི་སྤྱོད་རླངས་འཁོར་སྒུག་ས་དེ་ནས་མཛའ་མོ་དང་བུ་མོ་གཉིས་ལ་སྒུག་ནས་བསྡད། དུས་ཚོད་ནི་མི་བསྡོད་པར་འགྲོ་བཞིན་པ་ནི་ཆོས་ཉིད་ཡིན་དུས། བལྟས་བལྟས་རིག་རིག་ལ། ངས་དེ་ནས་མོ་རང་ལ་ཆུ་ཚོད་ཕྱེད་ཀ་ལྷག་ལ་སྒུག་པ་ཡིན། ང་རང་གིས་ཕར་ཁ་པར་རྒྱགས་འདོད་ཀྱང་། ཉིན་འགའི་སྔོན་ནས་བཟུང་། ང་རང་གིས་ཁ་པར་ནང་གི་སྒོར་མོ་རྫོགས་ཚར་བ་ཡིན། སླར་ཡང་སྒོར་མོ་མ་བླུགས་པར་ལུས་པ་རེད། མོ་རང་གིས་ཁ་པར་འབྱོར་སོང་། ངེད་གཉིས་ད་ལྟ་རང་ནང་ནས་ལམ་དུ་ཆས་བཞིན་ཡོད། ཁྱེད་རང་གང་དུ་ཡོད་ཟེར།

ང་ཚོ་རྒྱལ་ཁབ་འདིའི་ལྷོ་ཕྱོགས་སུ་ལམ་དུ་ཆས་པ་ཡིན། གུང་གསེང་འདི་ནི་རྒྱལ་ཁབ་འདིའི་དབྱར་འགོ་ཚེས་པའི་དུས་སྟོན་ཞིག་ཡིན་ལ། དམིགས་བསལ་གྱིས་ཟ་མ་འོ་མའི་རིགས་མང་དུ་བཟོས་ནས་ཟ་བ་དང་། ཤིང་ཏོག་རིགས་ཁ་ཤས་ཤིག་གི་གསོལ་སྟོན་ཡང་བྱེད་སྲོལ་འདུག ད་དུང་། ཆུ་རྩེད་ཀྱི་དུས་ཤིག་ལ་ཡང་ངེས་འཛིན་བྱེད་ཀྱི་ཡོད་འདུག ངས་མི་ཁ་ཤས་ཤིག་ལ་སྐད་ཆ་དྲིས་ན་ཡང་། ཁོང་ཚོས་དུས་སྟོན་འདི་ནི་ཕྱུ་རའི་རིགས་མང་བོ་ཞིག་ཟ་བའི་དུས་སྟོན་ཞིག་ཡིན་པར་བཤད་ཀྱང་། དོན་མཐུན་གྱི་ལན་ཞིག་ནི་སུ་ལ་ཡང་མི་འདུག་མོད། སྲོལ་རྒྱུན་འདི་བྱུང་སྟངས་ནི་རྗོ་ཤུ་ཆོས་ལུགས་དང་འབྲེལ་འདྲིས་ཟབ་བའི་སྲོལ་རྒྱུན་ཞིག་རེད་འདུག

མོ་རང་གིས་མགྲོན་ཁང་བརྫིག་ཤོས་ཀྱི་གྲངས་ནས། གོང་ཚད་འབྲིང་ལ་འགྲོ་བའི་མགྲོན་ཁང་ཞིག་དྲ་བ་བརྒྱུད་དེ་ཐོ་འགོད་བྱས་ཡོད་ཟེར་ནས་ང་རང་ལ་ལམ་སྐབས་ནས་བཤད། ངས་ག་དུས་ཡིན་ཡང་མོ་རང་གིས་བསམ་ཐོག་ལ་མང་བོ་ཞིག་འཇོག་གི་ཡོད་པ་ལས། རང་གིས་འདོད་ཕྱོགས་འདི་ཡིན་ཟེར་ནས་རྩོད་ལེན་བྱེད་མྱོང་མེད། ཕྱོགས་གཞན་ཞིག་ནས་ང་རང་གིས་དུས་རྒྱུན་དུ་སྒོར་མོ་ཉུང་ཉུང་རེ་གསོག་ཐུབ་པ་ཡིན་ན། རྒྱང་རིང་གི་ཕ་མ་དང་ཉེ་དུ། མཚམས་རེར་གྲོགས་པོ་དག་ལ་ཕན་རེ་ཐོག་ན་སྙམ་གྱི་ཡོད་ཀྱང་། བསམ་ཐོག་དུ་འགྲོ་བ་ནི་དངོས་ནས་ཁག་པོ་འདུག མོ་རང་ནི་འགྲུལ་བཞུད་དང་སྤྲོ་འཁྱམ་ལ་དགའ་བའི་གྲངས་ཤིག་ཡིན་དུས། ངས་དེ་ལ་རྒྱུན་དུ་རྩོད་པ་བྱས་ནས་བསྡོད་འདོད་མེད་པ་དེ་ནི་རང་གི་བུ་མོ་དང་འབྱུང་འགྱུར་གྱི་བུ་དེ་དག་གི་ཆེད་དུ་ཡིན་ཟེར་ན་ཆོག་པ་ཡིན།

ང་རང་གིས་རླངས་འཁོར་གཏོང་མི་ཤེས་པ་ཡིན་དུས། མོ་རང་ལ་ཕྲུ་གུ་ཆགས་ནས་ཟླ་ངོ་བདུན་འགྲོ་གྲབས་ཡོད་དུས། གྲོད་ཁོག་ཡང་ཆེན་པོ་ཆགས་ཡོད་པ་རེད། དཀའ་ལས་ཡོད་རྒྱུ་རེད་སྙམ་ན་ཡང་། སྤྲོ་འཁྱམ་ཟེར་བ་དེ་ནི་མོ་རང་ལ་མཚོན་ན་ཆེས་དགའ་ཤོས་ཀྱི་གོམ་གཤིས་ཤིག་ཡིན་དུས། རྒྱལ་ཁབ་འདིའི་ནང་གི་ཆེས་ལམ་ཐག་རིང་ཤོས་ཀྱི་གྲངས་ཤིག་ལ་འགྲོ་བའི་ལྷོ་ཕྱོགས་སུ་ངེད་གསུམ་འགྲོ་བཞིན་ཡོད་པ་ཡིན་དུས། ལམ་བར་དུ་དུས་རྒྱུན་ཡིན་ན་ངལ་གསོ་ཐེངས་གཉིས་གསུམ་རེ་གསོ་བཞིན་ཡོད། ད་རེབས་ངས་ལམ་བར་དུ་ཆུ་ཚོད་བཞིའི་རིང་དུ་མ་ཎི་གསོག་སྒྲུབ་ཀྱིས་ཕྱིན་པ་ཡིན་ལ། བུ་མོ་ཐར་མ་མཚོ་ཆུ་ཚོད་གསུམ་ལྷག་གི་རིང་དུ་གཉིད་དུ་གཡུར། མོ་རང་གིས་གླུ་གཞས་ལ་ཉན་ཞོར་དུ་ལམ་བར་དུ་གཅིན་པ་ཐེངས་ཤིག་མ་གཏོགས་གཏོང་དུ་འགྲོ་མ་སོང་། མཚོ་ཤི་བོའི་འགྲམ་རྒྱུད་དེ། ཨོ་རེད། དབྱིན་སྐད་དུ་མཚོ་འདིའི་མིང་ལ་མཚོ་ཤི་བོ་ཟེར་བ་དང་། ཁོང་ཚོའི་སྐད་དུ་མཚོ་འདིའི་མིང་ལ་ཚ་མཚོ་ཟེར་གྱི་འདུག དོན་དངོས་ཐོག་ཚ་མཚོ་རེད།

བཤད་ཚུལ་གཞན་ཞིག་ནི། འདི་ནི་འཛམ་གླིང་འདིའི་སྟེང་གི་ས་ཆ་ཆེས་དམའ་ཤོས་དེ་ཡིན་པར་གླེང་གི་འདུག ཚ་མཚོ་འདིའི་འགྲམ་དུ་ལོ་ལྟར་རྒྱལ་ཁབ་གཞན་དག་གི་སྐུ་མགྲོན་ནི་ཆེས་མང་བོ་ཞིག་ལྟ་སྐོར་དུ་ཡོང་མཁན་ཡོད་པ་རེད། ང་རང་ཚ་མཚོ་འདིས་འགྲམ་ནས་ཐེངས་མང་བོ་ཞིག་ལ་ཡར་མར་དུ་འགྲོ་མྱོང་བ་ཡིན། ལམ་ཁ་འདི་མིག་བཙུམ་ནས་སོང་ན་ངའི་ཡིད་ལ་ཤར་ཐུབ་པ་ཞིག་ཆགས་ཡོད། ཆུ་ཚོད་བཞི་ཏག་ཏག་གི་རྗེས་སུ་མཚོ་དམར་པོའི་འགྲམ་གྱི་ངེད་གསུམ་གྱི་མགྲོན་ཁང་གི་ནང་དུ་འབྱོར་དུས། ས་རུབ་གྲབས་འདུག ཐོ་འགོད་བྱས་ཚར་ནས་ངའི་ལག་པར་དངུལ་སྤྲད་པའི་བྱུང་འཛིན་འབྱོར་དུས། ངས་གཅིག་བལྟས་དུས། ཞག་གཅིག་ལ་ཨ་སྒོར་བརྒྱ་དང་སུམ་བཅུ་རེད་འདུག ངས་བསམ་བློ་གཞན་ཞིག་གཏོང་ཞོར་དུ། ཅ་ལག་དག་འཁུར་ནས་གློག་སྐས་ཀྱི་ཨང་གྲངས་སྟེང་ནས་མནན་པ་ཡིན།

བཅུ་གསུམ།

མགྲོན་ཁང་གི་ནང་དུ་སླེབས་ནས་སྒེའུ་ཁུངས་ལས་ཕྱི་རོལ་ལ་བལྟས་དུས། དངོས་ནས་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་མཐོང་ཐུབ་ཀྱི་འདུག་ལ། མཛེས་ལྗོངས་དེ་ནི་དངོས་ནས་ཧ་ལས་པ་ཞིག་འདུག་པ་མ་ཟད། སྒེའུ་ཁུངས་ལས་མཐོང་བའི་མཛེས་ལྗོངས་ནི། མགྲོན་ཁང་གི་བཟོ་བཀོད་དང་མཚོ་དམར་བོའི་བརྗིད་ཉམས་ཤིག་རེད་ལ། མཚོ་དམར་པོའི་འགྲམ་གྱི་རྒྱལ་ཁབ་གཞན་དག་གི་སྣང་བརྙན་རེད། མཚོ་དམར་པོ་འདི་ལ་ལོ་རྒྱུས་རང་བཞིན་གྱི་ཕྱུགས་པོ་ཡིན་པ་མ་ཟད། མི་རིགས་འདིའི་འདི་ལ་ཧ་ཅང་གི་བརྩི་མཐོང་ཡོད་འདུག རྒྱལ་ཁབ་གཞན་དག་ནི། ཨེས་རྗབ། རྗོར་རྡན། སོ་སྒྲི་ཨ་རབ་སྤེས་ཡ། ཚུར་ཕྱོགས་ནི་ཨེས་སུ་རལ་ཡིན།

ས་རུབ་ལ་ཉེ་ན་ཡང་། མཛའ་མོས་རེ་འདོད་ལྟར། ང་ཚོ་གསུམ་མཚོ་དམར་པོའི་འགྲམ་དུ་སོང་ནས་རྒྱ་མཚོའི་རླབས་སྒྲ་ལ་ཉན་ཞོར་དུ་བུ་མོ་ཆུ་རྩེད་བྱེད་དུ་བཅུགས་ནས་ཅུང་ཙམ་བསྡད་པ་ཡིན། ཕྱིར་མགྲོན་ཁང་དུ་ཡོང་ཞོར་ལ་དགོང་ཟས་ཤིག་སྡེབ་ཚོང་ཁྲོམ་ར་ནས་ཉོས། མགྲོན་ཁང་བརྫིག་པོ་ཞིག་གི་ནང་དུ་བསྡད་ནས། ངེད་གསུམ་གྱིས་ཚོང་རྭ་ནས་ཉོས་པའི་བག་ལེབ་དང་སྐྱུར་ཚལ། ཞོ། ཤིང་ཏོག་ཁུ་སོགས་ཀྱིས་དགོང་ཟས་བྱས། བུ་མོ་ནི་རྒྱུན་ལྡན་ཡིན་ན། ཆུ་ཚོད་བརྒྱད་པ་ཡོལ་ནས་གཉིད་ཀྱི་ཡོད་ཀྱང་། དེ་ནུབ་ནི་ཁང་བ་གསར་བ་ཡིན་པ་དང་ལམ་བར་དུ་ཆུ་ཚོད་གསུམ་ལྷག་རིང་གཉིད་སྟབས། ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་མ་གཏོགས་གཉིད་མ་སོང་།

ཞོགས་ཟས་ནི་ཧ་ཅང་གྲྭ་རྒྱས་པོ་ཞིག་འདུག་པ་མ་ཟད། རང་གིས་ག་ཚོད་ཟ་ཐུབ་པ་ཡིན་ན་དེ་ཟོས་ན་འགྲིག་གི་ཡོད། ཞོགས་པ་ཆུ་ཚོད་བདུན་པ་ནས་བཅུ་གཉིས་བར་དུ་མགྲོན་ཁང་གི་སྤྱི་ཟས་ཁང་སྒོ་ཕྱེ་ནས་བཞག་ཡོད་པ་རེད། ཞོགས་ཟས་ལ་རིན་པ་སྤྲོད་མི་དགོས་པ་དེ་ནི་ས་ཁུལ་འདི་དག་གི་མགྲོན་ཁང་མང་ཤོས་ཀྱི་འགྲོ་སྟངས་ཤིག་ཆགས་ཡོད་པ་ཡིན། ང་ཚོས་ཞོགས་ཟས་ཟོས་ཚར་དུས་ཆུ་ཚོད་དགུ་བ་རེད། ཆུ་ཚོད་གཅིག་གི་རིང་དུ་ཞོགས་ཟས་ཟ་སར་བསྡད། ཞོགས་ཟས་ཀྱི་རྗེས་སུ་བུ་མོ་ཐར་མ་མཚོ་དང་མཛའ་མོ་ངེད་གསུམ་ཆུ་རྐྱལ་རྭ་བར་ཕྱིན་པ་ཡིན། ཆུ་རྐྱལ་བ་རྭ་བ་དེ་ནི་མགྲོན་ཁང་རང་ལ་བདག་པ་ཞིག་རེད། མགྲོན་ཁང་གི་མི་མ་གཏོགས་ཕྱི་ནས་ཡོང་མི་ཆོག་པ་འདྲ། འོན་ཀྱང་། མགྲོན་པོ་བསྡོད་མཁན་ལ་གྲོགས་པོ་ཡོད་ན་སྐད་བཏང་ན་ཡང་འགྲིག་གི་འདུག བུ་མོ་ལ་ཆུ་རྩེད་བྱེད་རོགས་བྱས་ནས་ཆུ་ཚོད་ཁ་ཤས་རིང་དུ་དེ་ནས་བསྡད། མགྲོན་ཁང་དེ་དག་ལ་ཁྱད་ཆོས་ཤིག་ཡོད་པ་ནི། བྱིས་པ་དག་ལ་བྱིས་པའི་ཆུ་རྐྱལ་ས་དང་། བྱིས་པ་དག་རྩེད་མོ་རྩེད་སའི་ཁང་བ། མགྲོན་ཁང་གི་ལྡེ་མིག་ཡང་སྔོན་ཐོན་གྱི་ལྡེ་མིག་ཡིན། ལྡེ་མིན་ནི་ཤོག་བྱང་ཞིག་གི་སྟེང་དུ་གསང་བའི་ཨང་གྲངས་ཤིག་ཡོད་ལ། ཨང་གྲངས་དེ་ནི་མགྲོན་ཁང་ནང་དུ་བསྡོད་མཁན་གྱི་མི་དེ་ཡི་ཆུ་ཚོད་ག་ཚོད་རིང་དུ་ཐོ་བརྒྱབས་ཡོད་པ་དེ་ཡི་རིང་དུ་བསྡོད་ཀྱི་ཡོད།

ཕྱི་དྲོ་ནི་མཛའ་མོའི་གྲོགས་མོ་ཡག་ཤོས་ཝན་ཟེར་བའི་བཟའ་མི་བཀང་བོའི་དབྱར་འགོའི་དུས་སྟོན་ལ་རོལ་གྱིན་པ་དེར་ངེད་གསུམ་སྐད་བཏང་བ་ལྟར། ངེད་གསུམ་ཡང་དེ་རུ་ཆུ་ཚོད་བདུན་པའི་རྒྱབ་དུ་སོང་། ཝན་ལ་བུ་མོ་གཉིས་དང་བུ་གཅིག་ཡོད། བུ་སྐྱེ་ནས་ལོ་གཅིག་ད་དུང་སོང་མེད། བུ་མོ་གཅིག་ནི་ལོ་བཅུ་གསུམ་དང་གཞན་དེ་ནི་བཅུ་གཅིག་ཡིན། ཁྱིམ་ཚང་འདི་ནི་དཔལ་འབྱོར་དྲག་ཤོས་ཀྱི་གྲངས་ཤིག་ཡིན། ནང་གི་འབྱོར་བ་དང་ཁང་བ་ནི་དངོས་ནས་ཧ་ལས་པ་ཞིག་ཡོད་ལ། བུ་མོ་རེ་རེ་ཡི་ལག་དུ་ལག་ཁྱེར་ཁ་པར་ཡང་བརྫིག་པོ་རེ་བཟུང་ཡོད། ནང་དུ་གློག་ཀླད་དང་ལག་ཁྱེར་གློག་ཀླད་བཅས་ཡོད་པ་དེ་དག་གི་ཁྲོད་དུ་བུ་མོ་ཆེ་ཆུང་གཉིས་ཀྱིས་ནམ་རྒྱུྣན་དུ་དུས་ཚོད་བསྐྱལ་བཞིན་ཡོད། དུས་ཚོད་མང་ཤོས་བསྐྱེལ་ས་དེ་ནི་གདོང་དེབ་ཡིན་ལ། བུ་མོ་ཆེ་བ་ནི་འདྲ་དཔར་རྒྱགས་པར་ཧ་ལས་པ་དགའ་བོ་ཡོད། བུ་མོ་ཆུང་བ་ནི་ཅུང་རྩུབ་མོ་ཞིག་ཡིན། དུས་རྒྱུན་དུ་སྔོ་ཚལ་རིགས་གཏན་ནས་མི་ཟ་བ་དང་། ཤ་དང་བག་ལེབ་རྐྱང་བ་ཟོས་ནས་འཚར་ལོངས་བྱུང་བ་ཡིན།

ངེད་གསུམ་ཁོང་ཚོའི་ནང་དུ་འབྱོར་དུས། ཝན་གྱིས་ཉིན་བཀང་བོར་ཟ་མ་ཟོས་ནས་མ་ཁོམ་པར་བསྡད་འདུག་ལ། བུ་མོ་ཆུང་བ་ཡིས་གསར་དུ་གོན་པ་བརྗེ་ནས་སླེབས་སོང་། ཁྱོ་ག་ལས་ཀ་ནས་འབྱོར་ཙམ་ཡིན་པ་དང་ལག་པར་བུ་ཆུང་ཆུང་དེ་བཟུང་ནས་བསྡད་འདུག བུ་མོ་ཆེ་བ་ནི་ཐོག་ཁང་དུ་ཡག་ལས་བྱེད་བཞིན་པའི་སྒང་རེད་འདུག མཚམས་རེར་འོག་ཁང་དུ་སྐད་རེ་བརྒྱབས་ནས་ཕ་མ་གཉིས་ཀྱིས་གང་རུང་ལ་འབོད། ངེད་གསུམ་དེ་རུ་འབྱོར་ནས་ཅུང་ཙམ་རྗེས་སུ་ང་དང་རྒན་པོ་གཉིས་ཀྱིས་སྒོ་ཕྱི་ཁྱམས་ན་ཐ་མག་རེ་འཐེན་ནས་ཁ་བརྡ་ཞིག་བྱས་ནས་བསྡད་ཡོད་པའི་སྐབས་དེར། ཝན་གྱི་ཕ་མ་གཉིས་ཀྱིས་ལག་པར་ཡང་མངར་ཟས་སྣ་ཁ་མ་འདྲ་བ་གསུམ་འཁུར་ནས་སླེབས་སོང་། ངས་དེ་མཐོང་མ་ཐག ཁོ་གཉིས་ཀྱིས་སྔོན་དུ་སོང་ནས་ལག་ནང་གི་མངར་ཟས་དེ་དག་བླངས་ནས་ནང་དུ་འཁུར་བ་ཡིན།

ཝན་གྱིས་ཟ་མ་ཚང་མ་གྲྭ་སྒྲིག་ཟིན་པ་མ་ཟད། ནང་མི་ཚང་མས་དགོང་ཟས་ཟ་བར་སྒུག་ནས་ཡོད། བུ་མོ་ཆེ་བ་ད་དུང་སྒང་ནས་མར་སྐད་རེ་བརྒྱབས་དེ་འོག་ཁང་དུ་སླེབས་མ་སོང་། སྐབས་དེ་འདྲ་ཞིག་ཝན་གྱིས་ཁྱོ་ག་ཡིས་ང་ཚོས་ཟ མོ་རང་ལ་སྒུག་དགོས་པ་མ་རེད་ཅེས་བཤད། ཚང་མ་ཅོག་རྩེ་འགྲམ་དུ་བསྡད། ཟ་མ་ཚང་མ་ང་རང་ལ་རན་པ་རྐྱང་རྐྱང་ཡིན་དུས། ཝན་དང་ཝན་གྱི་ཕ་རྒན་གཉིས་ཀྱིས། ང་ལ་དོ་ནུབ་ཟ་མ་ཚང་མ་ཁྱེད་རང་ལ་འཚམ་པ་རྐྱང་རྐྱང་ཡིན་དུས། ག་རེ་ཟ་འདོད་ཡོད་པ་དེ་དག་ཟས་ན་འགྲིག་གི་རེད་ཅེས་བཤད་སོང་། དེ་དུས་ངས་ཝན་ལ་ཀུ་རེ་ཞིག་དང་བཅས་དེས་ན་ཟ་མ་ཚང་མ་ང་རང་གིས་འཁུར་ནས་ཕྱི་ལ་བུད་འགྲོ དེ་དུས་མོ་རང་དགོད་ཙམ་ཞིག་བྱས་སོང་།

ངས་ཞོགས་ཟས་མ་གཏོགས་གང་ཡང་ཟོས་མེད་པ་ཡིན་དུས། གྲོད་ཁོག་དངོས་ནས་ལྟོགས་པའི་ཚོར་བ་ཤུགས་ཆེ་སྟབས། ཟ་མ་གང་བཟོས་ཡོད་པ་དེ་དག་ཚང་མའི་ནང་དུ་ལག་པ་བསྲིངས་པ་ཡིན། ཟ་ཚོད་མ་ཟིན་པར་མངར་ཟས་ཟ་བའི་དུས་སུ་ཟ་ས་མེད་པ་ལྟ་བུ་ཞིག་འདུག་པའི་ཚོར་བ་སླེབས་ན་ཡང་། བཙན་གྱིས་ཟོས་པ་ཡིན། ངས་ནམ་ཡང་རང་གི་ཕོར་བའི་ནང་དུ་ཟས་ལྷག་འཇོག་སྲོལ་མེད་པ་ཡིན། གཅིག་བྱས་ན་དྲིན་ཆེན་ཕ་མ་དང་དགེ་རྒན་དག་གི་བསླབ་བྱ་སྙིང་ལ་ཟུག་པ་ཡིན་ན་ཐང་།

ང་རང་གིས་ཁོང་ཚོའི་ནང་དུ་ག་དུས་སླེབས་ན་ཡང་རོགས་པ་མ་བྱས་པར་བསྡོད་ཀྱི་མེད་པ་ཡིན་དུས། ཟས་ཚར་བ་དང་སྡེར་མ་དང་སྣོད་ཆས་རིགས་ཚང་མ་གཙང་མ་བཟོས་ནས་གློག་དཀྲུས་སྒམ་ནང་དུ་བཞག་པ་ཡིན།

ཕྱིར་མགྲོན་ཁང་དུ་ཡོང་བའི་ལམ་ཁར་མཛའ་མོས་ང་རང་ལ་བོད་པའི་སྐྱེ་བ་ཚང་མ་ཝན་གྱི་ཁྱོ་ག་འདྲ་བ་ཏག་ཏག་ཡིན་ནམ་ཟེར། དེ་དུས་ངས་མོ་རང་ལ་བོད་ནང་གི་སྲོལ་རྒྱུན་གྱི་འགྲོ་སྟངས་དང་། ཞིང་བ་དང་འབྲོག་པའི་འཚོ་བའི་བར་གྱི་སྐྱེ་བ་དང་བུད་མེད་ཀྱི་ལས་ཀ་དག་ངོ་སྤྲོད་བྱས་པ་ཡིན། ཝན་གྱི་ཁྱོ་ག་ནི་ནམ་ཡང་རང་གི་ཕོར་བ་ཙམ་ཡང་མི་དཀྲུ་བར་བསྡོད་མཁན་གྱི་སྐྱེ་བ་ཞིག་ཡིན། མཚམས་རེར་དམིགས་བསལ་གྱི་ཟ་མ་རེ་བཟོ་བ་ཡིན། དེ་ནི་སྐྱེ་བ་ཁོ་ནའི་འཇོན་པར་ཡིད་ཆེས་བྱེད་པའི་ཁོང་ཚོའི་སྲོལ་རྒྱུན་ཞིག་ཆགས་ཡོད།

ཕྱིར་མགྲོན་ཁང་དུ་འབྱོར་ནས་བརྙན་འཕྲིན་ཞིག་ལ་བལྟ་འདོད་ཀྱིས་ག་ཚོད་ཅེར་ཁུལ་བྱས་ཀྱང་། ཉིན་བཀང་བོར་ཆུ་རྐྱལ་རྭ་བ་དང་མཚོ་དམར་པོའི་འགྲམ་དུ་བསྡད་སྟབས། ཐང་ཆད་པ་དང་ཟ་རྒྱུ་མང་དྲགས་པ་གང་ཡིན་མི་ཤེས། གཉིད་དུ་ཤོར་འདུག གཉིད་ལས་སད་དུས་སུ་བུ་མོ་དང་མཛའ་མོ་གཉིས་ཀ་ཡར་བླངས་པ་མ་ཟད། གོན་པ་ཡང་གོན་ཚར་ནས་ཞོགས་ཟས་ཟ་བར་གྲྭ་སྒྲིག་ཟིན་འདུག མཛའ་མོས་ང་རང་ལ་ཁྱེད་རང་ངེད་གཉིས་མཉམ་དུ་འགྲོ་རྒྱུ་ཡིན་ནམ། ཅུང་ཙམ་རྗེས་སུ་ཡོང་གི་ཡིན་ནམ་ཟེར། ངས་ཉལ་སའི་ནང་ནས་མགོ་ཡར་བཀྱགས་དེ། ང་ཁྱེད་གཉིས་མཉམ་དུ་ཡོང་ཆོག་ཞེས་བཤད་དུས། མོ་རང་གིས་ངེད་གཉིས་ཀྱིས་འོག་ནས་སྒུག་འདུག་ཟེར།

སྣ་ཚོགས།

Post navigation

Previous Post: སེམས་པ་འདི་ཁྱོད་ལ་ཉན་ཡོད།
Next Post: བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཚོལ་སྟངས་ཤིག

Comments (8) on “གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།”

  1. ཟླ་བ་ཆོས་འཛོམས། says:
    2011-06-11 at 3:02 am

    ཡག་གི་ཡ།

  2. རྔ་བ་གཉན་རྒོད་ says:
    2011-06-11 at 4:52 am

    ངོ་མ་བཤད་དཀའ་བའི་ཚོར་བ་ཞིག་སྟེར་གི་ཡ་་་་་ཕྱི་ཡུལ་ནས་འདི་ལྟར་བོད་མི་རིགས་ཀྱི་རིག་གཞུང་དང་རུས་རྐང་མ་དོར་བའི་མི་བུ་ལར་ཞེན་ཅན་དག་ལ་གུས་འདུད་ཞུ་

  3. འདོད་ལྷ་ཁམས་པ། says:
    2011-06-11 at 10:18 am

    ཧྲ་གི ཧྲ་གི
    མཚམས་མཚམས་ལ་བཟའ་འཁོན་ལངས་ན་ཡང་། །
    མཚམས་མཚམས་ལ་དགའ་བའི་དཔལ་ལ་རོལ། །
    མཚམས་མཚམས་ལ་ལས་ཀས་ངལ་ན་ཡང་། །
    མཚམས་མཚམས་ལ་སྤྲོ་བའི་གསེང་ལ་རྒྱུ། ། འདི་ནི་་་་་་་

    རེད། ཁྱོད་ལ་ནི། འགྲོ་དུས་་་འདུག་དུས་་་ ཉལ་དུས་་་་་ད་དུང་་་་་་་་་་་ཧྲ་གི་་་ངོ་མ་ཧྲ་གི

  4. pematenzin says:
    2011-06-11 at 11:31 am

    དངོས་གནས་ཡག་པོ་བྲིས་འདུག། མུ་མཐུད་འབྲི་རོགས་ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཀྱི་འཚོ་བའི་བསྐོར་་འདི་་ལྟར་བྲིས་ན་ཤིན་ཏུ་ལེགས།

  5. ཞོལ་ཕྲུག says:
    2011-06-11 at 12:03 pm

    ཝན་གྱི་བུ་མོ་ཆུང་བ་དེ་ཅུང་རྒྱགས་པ་ཡོད་ཀྱི་རེད། མོ་རང་ཤ་དང་བག་ལེབ་འོག་འཚར་ལོངས་བྱུང་འདུག
    ཚང་མ་བཀླགས་ཟིན། སྙན་པོ་དང་ཚོར་སྣང་མངོན་པོ་འདུག ཐུགས་རྗེ་ཆེ།

  6. སྙེ་ལྷའི་ཐུགས་སྲས། says:
    2011-06-11 at 5:32 pm

    སྙན་པོ་བྱུང་ཐུགས་རྗེ་ཆེ། མུ་མཐུད་ནས་འབྲི་རོགས།

  7. རྨ་ཆུ་སྐལ་བཟང་། says:
    2011-06-11 at 11:37 pm

    ལྷ་ཀླུ་གཉན་གསུམ་བོད་ཀྱི་གདོང་རྒྱུད་རེད།
    ཐ་མ་མཚོ་མོ་ཀླུ་ཡི་རིགས་རྒྱུད་རེད།
    མ་འོངས་སྲས་བོ་ལྷ་ཡི་རིགས་རྒྱུད་རེད།
    བོད་ཀྱི་མནའ་མ་ཕ་ཡུལ་གང་ནས་རེད།

  8. ཚོགས་ཆེན་ says:
    2011-06-12 at 11:54 am

    བོད་ཀྱི་མནའ་མའི་ཕ་ཡུལ་ཨི་རྫི་རལ་ནས་ཡིན་པ་གསལ་པོ་གསུངས་འདུག་ག ཨ་ལ་ལ་དཔེའི་སྙན་པོ་འདུག ཐུགས་རྗེ་ཆེ་ཚང་མ་བཀླགས་ཟིན་ནོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme