Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ༼ཚན་པ་དང་པོ༽

Posted on 2011-06-09 By དགེ་རབ་ 20 Comments on གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ༼ཚན་པ་དང་པོ༽

སྙན་བཟང་གཡུང་དྲུང་ཚེ་རིང༌།
—————————-
གཅིག

ཕྱི་ལོ་༡༩༩༥ལོའི་དབྱར་ཁ་ཞིག་ལ། སྦིར་སློབ་གྲྭའི་ཡིག་ཚང་གིས་ང་ཚོ་སློབ་མ་སྐོར་ཞིག་ཟ་ཁང་ཁམས་ཚན་ཞེས་པ་ནས་གཉའ་ཁྲི་ཁམས་ཚན་དང༌། སྲོང་བཙན། ཁྲི་སྲོང༌། ཐོན་མི་ཁམས་ཚན་རེ་རེར་སྤོར་ཆོག་པ་གནང༌། ངའི་ཁམས་ཚན་ནི་ཐོན་མི་ཁམས་ཚན་དུ་གྱུར། ང་ཐོན་མི་ཁམས་ཚན་དུ་སླེབས་རྗེས། ཉལ་ཁང་འདིའི་སློབ་མ་ཉི་ཤུའི་ཁྲོད་ཀྱི་བརྩོན་འགྲུས་དང་ཤེས་རབ་ཆེ་བ་ནི་ཚེ་ལོ་རྒྱལ་ཡིན་པ་ཐོས། ཚེ་ལོ་རྒྱལ་ཟེར་བའི་མཚན་འདི་ནི་ང་ཐོན་མི་ཁམས་ཚན་དུ་སྤོར་ནས་ཐོས་པ་ཞིག་མིན། ང་ཟ་ཁང་ཁམས་ཚན་དུ་ཡོད་སྐབས་སློབ་གྲོགས་གསར་པ་འགའ་རེས་ཕ་ཡུལ་ཨ་མདོ་ནས་ཡིན་པའི་ཚེ་ལོ་རྒྱལ་ཟེར་བའི་སློབ་མ་ཡོན་ཏན་ཅན་ཞིག་སློབ་གྲྭ་འདིར་ཡོད་པ་རེད་ཅེས་ཐེངས་རེ་ཟུང་ལ་བཤད་ནའང༌། བར་སྐབས་དེར་ངས་ཁོང་དངོས་སུ་མཐོང་བ་ཕར་ཞོག ཐ་ན་ཁོང་གི་ཁམས་ཚན་དང་འཛིན་གྲྭ་གང་ཡིན་ཀྱང་མི་ཤེས། ལྷག་པར་དུ་མི་དེ་ཅི་ཙམ་མཁས་ཚུལ་དང་ཇི་ལྟར་མཁས་ལུགས་སོགས་ལ་དོ་སྣང་ཙམ་ཡང་བྱེད་ཁོམ་མ་བྱུང༌།
ང་ཐོན་མི་ཁམས་ཚན་གྱི་ཁང་མིག་གསུམ་པར་བསླེབས་མ་ཐག ངས་ཚེ་ལོ་རྒྱལ་ཟེར་བའི་མཚན་འདི་སླར་ཡང་ཐོས་པར་གྱུར་ཅིང༌། ཉལ་ཁང་འདིའི་ནང་དུ་ཁོང་དང་ཆ་རྒྱུས་ཡོད་པའི་སློབ་མ་མང་པོ་ཡོད་སྟབས། ཁོང་ཚོས་ཚེ་ལོ་རྒྱལ་ལགས་ནི་སློབ་མ་གཞན་དག་དང་མི་འདྲ་བར་བརྩོན་འགྲུས་ཡོད་ལུགས་དང་ཤེས་རབ་ཆེ་རབས་སོགས་ཀྱི་སྐོར་གླེང་བྱུང་བས། སྐབས་དེ་ནས་བཟུང་ངས་ཀྱང་ཚེ་ལོ་རྒྱལ་ཟེར་བའི་མི་དེར་དོ་སྣང་ཕྲན་བུ་བྱས་པ་ཡིན།
ང་ཉལ་ཁང་འདིར་བསླེབས་སྐབས་ཀྱང༌། ངས་ཚེ་ལོ་རྒྱལ་དངོས་སུ་མཐོང་མ་ཐུབ། སྐབས་དེར་ཁོང་ནི་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་ཡོད་པ་དང༌། ཁོང་སྨན་ཁང་དུ་སྡོད་དགོས་པའི་རྒྱུ་མཚན་ནི། ཚེ་ལོ་རྒྱལ་ལ་བརྩོན་འགྲུས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་དཔེ་ཆ་ལྟ་ཀློག་མང་པོ་བྱས་པར་བརྟེན། ཕྱིས་སུ་དེ་ལ་རྐྱེན་བྱས་ཏེ་མིག་གཡོན་པར་ན་ཚ་ལྗིད་པོ་ཞིག་བྱུང་སྟེ་མཐོང་མི་ཐུབ་པར་གྱུར་པ་དང༌། སློབ་གྲྭའི་སྨན་པས་དེ་ཉིད་ཛ་དྲག་ཏུ་དགོངས་ཏེ་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་མངགས་པ་རེད་ཅེས་ཉལ་ཁང་འདིའི་སློབ་མ་རྙིང་པ་རྣམས་ཀྱིས་བཤད།
ཉལ་ཁང་འདིའི་སློབ་མ་རེ་ཟུང་གིས་ཚེ་ལོ་རྒྱལ་ཅི་ཙམ་མཁས་ཚུལ་དང་ཇི་ལྟར་མཁས་ལུགས་སོགས་ཀྱི་སྐོར་གླེང་སྐབས། ཁོང་ཚོར་འདི་འདྲའི་ཤོད་སྟངས་ཤིག་ཡོད། ཚེ་ལོ་རྒྱལ་གྱི་བོད་ཡིག་གི་དོ་ཟླར་བོད་ནས་ཡོང་བའི་སློབ་གྲྭ་ཆེན་མོ་བ་ཚོས་འགྲན་མི་ནུས་ཤིང༌། ཝ་རཱ་ཎ་སི་ནས་སློབ་མཐར་ཕྱིན་པའི་བོད་ཡིག་དགེ་རྒན་ཚོས་ཀྱང་ཁོང་གི་བོད་ཡིག་གི་ཤེས་ཚད་ལ་བསྙོན་མ་ནུས་པ་རེད་ཅེས་དང༌། དེའི་སྒྲུབ་བྱེད་ལྟ་བུ་ནི། ཉིན་ཞིག་སྦིར་སློབ་གྲྭའི་སློབ་མ་སྐོར་ཞིག་གིས་བཏོན་པའི་གཡག་གི་ཧར་སྒྲ་ཞེས་པའི་དུས་དེབ་སྟེང་གི་རྩོམ་ཡིག་ཅིག་གི་བདག་སྒྲ་འཇོག་སྟངས་ཐད་ལ་ཁོང་ཚོ་སྐོར་ཞིག་གིས་རྩོད་པ་ཚ་ཐག་ཆོད་ཅིག་བརྒྱབས་པ་དང༌། སྐབས་དེར་ཚེ་ལོ་རྒྱལ་གྱིས་བོད་ཀྱི་བརྡ་སྤྲོད་སྨྲ་བ་སི་ཏུ་དང་པྲ་སྟི་སོགས་ཀྱི་རང་ལུགས་དབྱེ་ཞིབ་བྱས་ཏེ། མཐར་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཐོན་མིའི་ཞལ་ལུང་ནང་གི་ལུང་མང་པོ་དྲངས་ཏེ། བོད་དགེ་འགའ་དང་བོད་ནས་སློབ་གྲྭ་ཆེན་མོར་འགྲིམས་མྱོང་བའི་སློབ་མ་འགའ་གྲག་འགུལ་མེད་པ་བཟོས་པ་རེད་ཟེར།
དེ་ནས་བཟུང་ཚེ་ལོ་རྒྱལ་གྱི་སྙན་གྲགས་རྒྱས་འགོ་ཚུགས་པ་དང༌། སྦིར་སློབ་གྲྭའི་བོད་དགེ་ཚོས་ཀྱང་ཁོང་ལ་ཡིད་སྨོན་གནང་གི་ཡོད་ཅེས་ཟློ་བར་བྱེད། སྐད་ཆ་འདི་ལ་བདེན་ཤོས་ཤིག་ཡོད་འདུག ང་རང་འཛིན་གྲྭ་བཞི་པ་ཡིན་སྙམ་པ་ཡོད། སྐབས་དེར་བོད་དགེ་ཞིག་གིས་ང་ཚོར་རྣམ་དབྱེའི་སྐོར་དཔེ་ཁྲིད་གནང༌། ངས་རྣམ་དབྱེ་བརྒྱད་པ་འབོད་སྒྲའི་དཔེར་བརྗོད་དུ་ཨ་རོག་ཅེས་པ་བཞག་སྟེ་བསྟན་སྐབས། ཁོང་གིས་ངའི་དཔེ་བརྗོད་དེ་འགྲིགས་མེད་ཚུལ་དང་དེ་ནི་ཨ་མདོའི་ཕལ་སྐད་ཡིན་ཚུལ་གསུངས་བྱུང༌། ངས་ཡིག་སྐད་ཀྱི་ཨ་མ་ནི་ཕལ་སྐད་ཡིན་པ་དང༌། དཔེ་བརྗོད་དེ་ནི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང་བཞག་ཡོད་ཚུལ་ཞུ་སྐབས། ཁོང་གིས་ང་ལ་སྔོན་ཆད་ཚེ་ལོ་རྒྱལ་གྱིས་ཚེ་ཏན་ཞབས་དྲུང་གི་ལུང་དྲངས་པ་རེད། ཁྱེད་རང་གིས་ཀྱང་ཚེ་ཏན་ཞབས་དྲུང་གི་ལུང་འདྲེན་གི་འདུག དེ་རིང་ཡང་ངའི་མགོ་ལ་འཁོར་གསུམ་བསྐོར་ན་འདོད་དམ་ཞེས་གསུངས་པ་རེད།
སྦིར་སློབ་གྲྭའི་བོད་ཡིག་ལ་རང་མགོ་ཐོན་པའི་སློབ་མ་ཚོས་ང་ཚོའི་བོད་ཡིག་དགེ་རྒན་ཚོར་བོད་ཡིག་གི་རྨང་གཞི་ལེགས་པོ་མེད་ཚུལ་རྒྱུན་དུ་གླེང༌། སྔོན་ཆད་སློབ་གྲྭ་འདིར་ཨ་མདོའི་དགེ་རྒན་ཞིག་ཡོད་པ་ཁོང་བོད་ཡིག་ལ་ཧ་ཅང་མཁས་པ་ཡོད་ནའང༌། དགེ་རྒན་དེས་དབུས་སྐད་ཡག་པོ་མི་མཁྱེན་པ་དང༌། དབུས་གཙང་དང་ཁམས་ནས་འོངས་པའི་སློབ་མ་ཚོས་ཨམ་སྐད་མ་གོ་སྟབས། དགེ་རྒན་ཁོང་སྦིར་སློབ་གྲྭ་དང་བྲལ་བ་ཡིན་སྟབས། དེའི་གྱོང་གུད་ནི་རི་རབ་ལས་ཀྱང་ཆེ་ཞེས་བཤད་པ་ངས་གོ་མྱོང་མོད། དེ་བདེན་མིན་མི་ཤེས།
སློབ་གྲྭ་འདིའི་བོད་དགེ་ཚོས་འགྲན་ཟླ་བྱེད་ནུས་བྲལ་བའི་ཚེ་ལོ་རྒྱལ་བོད་ཡིག་ལ་མཁས་པ་ཙམ་དུ་མ་ཟད། ད་དུང་དབྱིན་སྐད་བཤད་ནའང་སྒྲ་དག་པོར་འདོན་ཐུབ་ཀྱི་ཡོད་པར་མ་ཟད། ཁོང་གི་བློ་ཐོག་ཏུ་དབྱིན་ཡིག་གི་མིང་ཚིག་ཁྲི་ཕྲག་ཡོད་པ་དང༌། ཁོང་ནི་དངོས་གནས་དབྱིན་ཡིག་གི་ཚིག་མཛོད་ཆུང་ཆུང་ཞིག་ཡིན་ཞེས་བརྗོད་བཞིན་ཡོད།
ཡིན་ནའང༌། ངའི་གཡས་གཡོན་གྱི་སློབ་མ་རྣམས་ཀྱིས་ཚེ་ལོ་རྒྱལ་གྱི་ཕ་ཡུལ་ནི་ཨ་མདོ་མཚོ་སྔོན་གྱི་ཆབ་ཆ་ཕྱོགས་ནས་ཡིན་པ་དང༌། ད་ལྟ་སྦིར་སློབ་གྲྭའི་སྔོན་ཐོན་འཛིན་གྲྭའི་སློབ་མ་ཞིག་ཡིན་པ་ཙམ་ཤེས་པ་ལས་ཁོང་གི་ལོ་རྒྱུས་ཆ་ཚང་ཞིག་ཤེས་མཁན་གཅིག་ཀྱང་མེད། སུ་གཅིག་གིས་ཀྱང་རྩད་གཅོད་བྱས་མེད་པ་འདྲ། འོན་ཀྱང་ཉལ་ཁང་འདིའི་སློབ་མ་རྣམས་ཀྱིས་ཁོང་གི་ཡོན་ཏན་སྐྱར་ཟློས་སུ་བརྗོད་པར་བྱེད་ཅིང༌། ཁོང་གི་བརྩོན་འགྲུས་ལ་ལད་མོ་བྱེད་ཀྱིན་ཡོད།
ཚེ་ལོ་རྒྱལ་གྱིས་དུས་རྒྱུན་དཔེ་ཀློག་བྱེད་པ་དང༌། དེའི་ཤུགས་རྐྱེན་ང་ཚོའི་ཉལ་ཁང་གི་སློབ་མ་མང་པོ་ཞིག་ལ་ཐེབས་འདུག སྐྱེས་སྟོབས་ཀྱི་ཤེས་རབ་སྟེང་དུ་སྦྱངས་སྟོབས་ཀྱི་ཡོན་ཏན་བསྣན་ན་མཁས་པར་འགྱུར་ཅེས་ཤོད་སྲོལ་ཡོད་པ་ལྟར། ཉལ་ཁང་འདིའི་སློབ་མ་མང་པོ་ཞིག་གིས་ཚེ་ལོ་རྒྱལ་ལྟར་སློབ་སྦྱོང་བྱས་ཤིང༌། དེའི་ལེགས་ཚོགས་ལྟ་བུར་འཛིན་གྲྭ་རེ་རེ་ནས་སྦྱངས་འབྲས་རྩེར་སོན་ལེན་མཁན་གྱི་སློབ་མ་ཁ་ཤས་བྱུང་སྟབས། ཐོན་མི་ཁང་ཚན་གྱི་ཁང་མིག་གསུམ་པ་ཞེས་སྙན་གྲགས་ཆུང་ཆུང་ཞིག་རྒྱས་པར་གྱུར་སྐད། དེང་སང་དབུས་གཙང་སྤྱི་འཐུས་ཡིན་པའི་ཨ་ཙ་རྱ་ཡི་ཤེས་ཕུན་ཚོགས་ལགས་ནི་སྐབས་དེར་ངའི་བོད་ཡིག་དགེ་རྒན་ཡིན། ཉིན་ཞིག་ཁོང་གིས་ང་ལ་ཁྱེད་རང་ཐོན་མི་ཁམས་ཚན་གྱི་ཁང་མིག་གསུམ་པའི་ནང་དུ་ཡོད་ན་སློབ་སྦྱོང་ལ་ཡག་པོ་ཡོད་པའི་ཁྱབ་ཅེས་གསུངས་པ་ད་དུང་ཡང་ངའི་སེམས་ན་དྲོད་མ་ཡལ་བར་འདུག
འོན་ཀྱང༌། ང་དང་སློབ་གྲོགས་རེ་ཟུང་གི་སློབ་གྲྭ་ཆུང་ཆུང་འདི་འདྲ་ཞིག་གི་ནང་དུ་བོད་ཡིག་ལ་རང་མགོ་ཐོན་པའི་སློབ་མ་ཁོང་ལྟ་བུ་ཞིག་ཡོད་པ་བློ་ཡུད་དུ་ཤོང་དཀའ་བར་གྱུར། ལྷག་པར་དུ་ཁོང་བོད་ཡིག་ལ་ཤེས་ཚད་ཡག་པོ་ཡོད་བཞིན་དུ་སློབ་གྲྭ་འདིའི་ནང་དུ་སྡོད་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་ལ་བསམ་བློ་ཞིག་གཏོང་དགོས་བྱུང༌། སྐབས་དེར་ངའི་གོ་ཚོད་ལ་སྦིར་སློབ་གྲྭའི་བོད་ཡིག་ལ་རྨང་གཞི་ཡག་པོ་ཡོད་པའི་སློབ་མ་ཚོས་ས་རཱ་མཐོ་སློབ་དང༌། རིགས་ལམ་སློབ་གཉེར་ཁང་སོགས་སུ་རྒྱུགས་སྤྲད་དེ་ཕྱིན་སྐད། ངའི་ངོ་ཤེས་པའི་སློབ་གྲོགས་རེ་ཟུང་གིས་ཀྱང་བོད་ཡིག་ལ་བརྟེན་ནས་བོད་ཡིག་གཙོ་བོར་སྦྱོང་སའི་མཐོ་རིམ་སློབ་གྲྭ་ཁག་ཏུ་ཕྱིན་པ་རེད།
ཚེ་ལོ་རྒྱལ་ལ་བོད་ཡིག་གི་རྨང་གཞི་ཧ་ཅང་མཐུག་པོ་ཡོད་ནའང༌། ཁོང་ལ་བོད་ཡིག་ཤེས་པའི་ང་རྒྱལ་དང་དབྱིན་ཡིག་ཤེས་པའི་ང་རྒྱལ་ཡོད་པ་མ་རེད་ཟེར། ཁོང་གི་གྲོགས་པོ་སྐོར་ཞིག་གིས་ཁོང་ལ་ས་རཱ་མཐོ་སློབ་གཙོས་པའི་བོད་ཡིག་སྦྱོང་སའི་སློབ་གྲྭ་ཆེན་མོ་ཞིག་ལ་རྒྱུགས་སྤྲོད་བྱེད་པར་རེ་བ་ཅི་ལྟར་བཏོན་ནའང༌། ཁོང་གིས་གྲོགས་པོ་ཚོར་ང་རང་ལ་བོད་ཡིག་གི་རྨང་གཞི་ཡག་པོ་མེད་ཚུལ་དང་རིག་གནས་ཕྱོགས་ནས་དབུལ་བོ་ཡིན་རབས་བཤད་དེ་རེ་བ་དྭང་ལེན་མ་བྱས་པ་རེད་ཅེས་བཤད།
ང་ཚོའི་ཉལ་ཁང་དུ་ཡོད་པའི་སློབ་མ་ཚོས་ཚེ་ལོ་རྒྱལ་གྱི་ཡོན་ཏན་དང་བརྩོན་འགྲུས་ལ་བརྩི་མཐོང་བྱེད་པར་མ་ཟད། ཁོང་གི་གཤིས་ཀ་དང་སེམས་ཁམས་ལའང་དགའ་སྣང་བྱེད། ཁོང་ལ་རང་གཤིས་འཇམ་པོ་ཞིག་ཡོད་པར་མ་ཟད། རང་བཞིན་མེད་པར་ཀྲོག་ཀྲོག་བྱེད་མཁན་གྱི་མི་དེ་ཚོའི་རིགས་ལས་ལྡོག་སྟེ། ནམ་རྒྱུན་ཁོང་གིས་འཇམ་ཐིང་ངེར་དཔེ་ཀློག་བྱེད་ནའང༌། ངེས་པར་དུ་རྩོད་པ་བྱེད་དགོས་ས་དང་གནད་འགག་གི་སྐབས་སུ་ཁོང་གིས་ཕ་རོལ་བའི་གང་ཟག་དེ་རང་གི་གྲོགས་པོ་ཡིན་མིན་ལ་སྣང་དོགས་མི་བྱེད་པར་ལས་སླ་པོར་འཇོག་གི་མ་རེད་ཅེས་དང༌། ཁོང་ནི་དོམ་ནག་སྨྱོན་པ་ཞིག་ཡིན་ཞེས་རྫིག་གཏམ་བཤད།
ངས་ཚེ་ལོ་རྒྱལ་གྱི་ལོ་རྒྱུས་དུམ་བུ་རེ་རེ་རིམ་གྱིས་ཐོས་སྐབས། ཁོང་གི་བརྩོན་འགྲུས་དང་ཡོན་ཏན་གྱིས་བདག་ཡིད་འཕྲོགས་པ་ལྟ་བུའི་ཚོར་སྣང་ཞིག་བྱུང༌། ངའི་བསམས་པར་ཁོང་བོད་ཡིག་ལ་ཧ་ཅང་ཡག་པོ་ཡོད་སྟབས། ཁོང་གིས་བཙན་བྱོལ་གྱི་དུས་དེབ་དང་ཚགས་པར་སྟེང་དུའང་རྩོམ་ཡིག་ཏན་ཏན་སྤེལ་ཡོད་སྙམ་སྟེ། ངས་དུས་དེབ་དང་ཚགས་པར་རེ་རེ་ཕར་བསྔོགས་ཚུར་བསྔོགས་བྱེད་དགོས་བྱུང༌། སྐབས་དེར་བཙན་བྱོལ་དུ་ད་སྐབས་ནང་བཞིན་ཚགས་པར་དང་དུས་དེབ་མང་པོ་མེད་པ་འདྲ། སྐབས་དེར་འདོན་བཞིན་པའི་དུས་དེབ་ནི་ལྗང་གཞོན་དང༌། ཤེས་བྱ། བོན་སྒོ། ཕ་ཡུལ། ལྡུམ་རྭ་ལྟ་བུ། ཚགས་པར་ནི་བོད་མིའི་རང་དབང་དང༌། གཉན་ཆེན་ཐང་ལྷ་ལྟ་བུ་སོགས་རེ་ཟུང་ལས་མེད་ནའང༌། ཅང་མ་འགོར་བར་རྩམ་པ་དང༌། བོད་ཀྱི་དུས་བབ། ནོར་ལྡེ། ནོར་མཛོད་སོགས་དུས་དེབ་དང་ཚགས་པར་སྣ་ཚོགས་ཤིག་སྤེལ་མགོ་ཚུགས་ཤིང༌། སྒེར་དེབ་འདོན་མཁན་ཀྱང་མེད་པ་ནས་ཡོད་པར་གྱུར། དུས་དེབ་དང་ཚགས་པར་འདི་དག་ལ་བརྟེན་ནས་སྤྲིན་གསེང་གི་སྦྲང་ཆར་བཙན་བྱོལ་བོད་ཀྱི་རྩོམ་རིག་གི་ཞིང་སར་དྲངས་པ་རེད། ངས་གོང་གི་དུས་དེབ་དང་ཚགས་པར་སོགས་ལས་ཚེ་ལོ་རྒྱལ་གྱི་རྩོམ་ཡིག་རེ་བཙལ་བ་ཡིན་ཏེ་ངལ་བ་འབྲས་མེད་དུ་གྱུར།
དེ་ལྟར་ངས་ཚེ་ལོ་རྒྱལ་གྱི་སྐོར་ལ་བསམ་བློ་གཏོང་བཞིན་དོན་དངོས་སུ་མི་ཁོང་ནི་ཇི་འདྲ་ཞིག་ཡིན་ནམ་སྙམ་པ་དང༌། ཁོང་དུས་ནམ་ཞིག་ལ་མཐོང་ཐུབ་བམ་སྙམ་ནས་བྲེལ་བ་ཞིག་ལངས་ནའང༌། བྲེལ་བ་དེ་རྒྱུན་རིང་པོ་གནས་དགོས་མ་བྱུང༌།

གཉིས།

གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ། ང་སློབ་གྲྭའི་ཕྱི་རོལ་དུ་རང་སྦྱོང་བྱེད་པར་སོང་ནས་ཕྱིར་ཉལ་ཁང་དུ་ལོག་དུས། སྦིར་སློབ་གྲྭའི་རྩེད་ཐང་དུ་ཁམས་ཚན་རེ་རེས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད། བློ་ཡུད་ལས་འདས་པ་ཞིག་ལ། ང་ཚོའི་ཉལ་ཁང་གི་ཕྱི་རོལ་དུ་ཚེ་ལོ་རྒྱལ་དང་སློབ་གྲོགས་སྐོར་ཞིག་གིས་རྐང་རྩེད་སྤོ་ལོར་ལྟ་བཞིན་འདུག སེམས་ནས་ལན་གཅིག་མཐོང་ན་སྙམ་པའི་ཚེ་ལོ་རྒྱལ་གློ་བུར་དུ་མཐོང་སྐབས། ང་ལ་ཚོར་སྣང་ཡ་མཚན་ཞིག་བྱུང༌། ཁོང་ནི་གདོང་དབྱིབས་ཅུང་རིང་བ་དང༌། སྨིན་མ་སྟུག་ཅིང༌། སྨིན་དཀྱུས་རིང་པའི་ཐོག ཁ་སྤུ་དང་ཨག་ཚོམ་ཐུང་ཐུང་སྐྱེས་ཡོད་པ་ཞིག་རེད། ངས་འཚམས་འདྲི་སྟབས་བདེ་ཞིག་བྱེད་བཞིན་ཡང་སྐྱར་ཁོང་གི་གདོང་ལ་བལྟས་པ་ན། ཁོང་གི་མིག་གཡོན་པའི་མིག་དཀྱིལ་གྱི་ནག་ཐིག་དེ་སྐྱ་མདོག་ཏུ་གྱུར་པས་གསལ་པོ་ཞིག་མི་མཐོང་ནའང༌། སྨིན་མ་སྟུག་པོའི་འོག་གི་མིག་གཉིས་གྲུང་རིག་རིག་བྱེད།
སྐབས་དེར་གློ་བུར་དུ་ངའི་སེམས་ལ་ཚེ་ལོ་རྒྱལ་ཟེར་བའི་སློབ་མ་སྐད་གྲགས་ཅན་དེ་ནི་མི་འདི་ཡིན་ནམ་སྙམ་པ་ཞིག་བྱུང༌། ཁོང་གི་ཕྱིའི་རྣམ་འགྱུར་གང་ལ་བལྟས་ཀྱང༌། དཔེ་ཆ་བ་ཞིག་གི་བཟོ་ལྟ་མེད་པར་མ་ཟད། གཟུགས་སྟོབས་ཆུང་ཞིང༌། སྒམ་ཚིགས་མེད་པ་ཞིག་རེད། ཡིན་ནའང་ཁོང་ལ་སྙན་གྲགས་དང་ཡོན་ཏན་ཆེན་པོ་ཡོད་པས། ཁོང་ནི་མི་གཟི་བརྗིད་ཅན་ཞིག་འདུག་སྙམ་པའི་ཚོར་སྣང་ཞིག་ཀྱང་ང་ལ་དབང་མེད་དུ་སྐྱེས།
དེ་རིང་ངས་ཁོང་གི་ཚིག་རིས་ཇི་མ་ཇི་བཞིན་གསལ་པོར་མི་དྲན་ཡང༌། དགོང་མོ་དེར། ང་ཚོས་ཁ་བརྡ་གློད་སྐབས། ཚེ་ལོ་རྒྱལ་གྱིས་སྨིན་མ་སྟུག་པོ་གཟེང་གཟེང་ཞིག་བྱས་ཏེ་ཁོང་སློབ་གྲྭར་ལོག་དོན་སྐོར་ལ་ང་ཚོར་འདི་འདྲ་ཞིག་བཤད་བྱུང༌། སྐབས་གཉིས་པའི་ངའི་སློབ་གྲོགས་རྙིང་པ་ཚོ་སློབ་མཐར་ཕྱིན་པ་རེད། སྐབས་དེར་ང་ལ་གློ་ནད་བྱུང་བར་བརྟེན་ངས་ཡིག་རྒྱུགས་གཏོང་ཐུབ་ཡོད་པ་མ་རེད། དེ་ནས་ང་སྐབས་གསུམ་པའི་སྔོན་ཐོན་འཛིན་གྲྭར་ཕྱིར་ནུར་བྱས་པ་རེད། ན་ནིང་ང་ལ་མིག་ནད་ཅིག་བྱུང་བར་བརྟེན་སྨན་ཁང་དུ་ཡོད་སྐབས། སྐབས་གསུམ་པའི་སློབ་གྲོགས་ཚོ་ཡང་སློབ་མཐར་ཕྱིན་པ་རེད།
ད་ཡིན་ན་ང་ཡང་སློབ་གྲྭ་ནས་འབུད་དགོས་པ་རེད་དེ། ད་དུང་མུ་མཐུད་དུ་སྨན་ཁང་དུ་སྡོད་དགོས་པས།
དེ་རིང་དེའི་སྐོར་སློབ་གྲྭའི་འགན་འཛིན་མཆོག་ལ་ཞུ་བར་ཡོང་བ་ཡིན་ཞེས་བཤད་བྱུང༌། སྐད་ཆ་འདི་ཁོང་གིས་དབུས་སྐད་ཀྱི་ལམ་ནས་བཤད་ནའང༌། ཨམ་སྐད་ཀྱི་སྒྲ་གདངས་འབུར་དུ་ཐོན་ཡོད་པས་དབུས་སྐད་བཤད་ན་ཆུ་བཞུར་བཞུར་ཞིག་མིན་པ་འདྲ།
ང་ཚོས་གཞི་ནས་ཁོང་སློབ་གྲྭར་ལོག་དོན་ཤེས་ནའང༌། སློབ་གྲོགས་ཚོའི་ནང་དུ་ཁོང་ད་དུང་སྨན་ཁང་དུ་དུས་ཡུན་ག་ཚོད་སྡོད་དགོས་པ་དང༌། ཁོང་གི་མིག་གཡོན་པའི་སྐོར་ལ་དྲི་བ་འདྲི་མཁན་སུ་གཅིག་ཀྱང་མ་བྱུང༌། ཁོང་གིས་སྐད་ཆ་བཤད་སྐབས། ངས་ཁོང་གི་མིག་གཡོན་པར་ཡང་ནས་བསྐྱར་དུ་ཞིབ་ལྟ་བྱས་པ་ཤེས་པ་འདྲ། སྐབས་རེར་ཁོང་གི་ལག་པས་མིག་གཡོན་པ་འགེབས་ཙམ་བྱེད་བཞིན་ཧ་ཅང་མ་བདེ་སྟེ་གདོང་ཚ་ལམ་ལམ་དུ་གྱུར་སོང་སྙམ་པ་ཞིག་བྱུང་བས། ངས་ཁོང་གི་མིག་ནད་དང་སྨན་ཁང་ལས་འཕྲོས་ཏེ་དྲི་བ་འདྲི་བར་འཚེར་སྣང་སྐྱེས་ཤིང༌། སློབ་གྲོགས་གཞན་པ་ཚོས་ཀྱང་ཁོང་གི་ཚིག་གི་རྩ་བར་ཉན་ནས་རྩེ་མོ་གླེང་མ་སོང༌།
ང་ཚོས་ཚེ་ལོ་རྒྱལ་གྱི་སྐད་ཆ་འདིར་ཉན་རྗེས། ང་ཚོས་ཅི་ཞིག་གླེང་དགོས་པའང་མ་ཤེས་སྟབས་རེ་ཞིག་ཉལ་ཁང་ནི་ཁུ་སིམ་མེར་གྱུར། དེ་ནས་སློབ་གྲོགས་ཁ་ཤས་ཀྱིས་སྦིར་སློབ་གྲྭ་བོད་ཁྱིམ་སློབ་གྲྭ་ཁག་དང་མཉམ་བསྲེས་བྱས་པ་དེའི་སྐོར་གླེང་བ་རེད། ཚེ་ལོ་རྒྱལ་གྱིས་སློབ་གྲོགས་ཚོའི་བསམ་ཚུལ་ལ་གསན་རྗེས། ཁོང་གིས་སྦིར་སློབ་གྲྭ་འདི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་སུ་བཅུག་པ་དེ་ནི་ཡག་པོ་རེད། སྔོན་ཆད་སློབ་གྲྭ་འདི་ནས་ང་ཚོ་གསར་འབྱོར་བ་ཚོས་ལོ་ངོ་ཁ་ཤས་ཤིག་ལ་མ་གཏོགས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་རེད། ད་ཡིན་ན་སློབ་གྲྭ་འདི་ནས་འཛིན་རིམ་བརྒྱད་པ་དང༌། བཅུ་གཉིས། དེ་ནས་མཐོ་སློབ་ཁག་ཏུའང་འགྲོ་ཆོག་ཆོག་རེད་ཅེས་བཤད་བྱུང༌།
ཚེ་ལོ་རྒྱལ་གྱིས་གོང་གི་སྐད་ཆ་དུམ་བུ་འདི་གཉིས་བཤད་རྗེས། ཁོང་གིས་གཟབ་གནན་གྱིས་སློབ་གྲོགས་ཚོའི་གླེང་མོལ་ལ་ཉན་པ་ལས། སྐད་ཆ་གསར་པ་ཅི་ཡང་གླེང་མ་སོང༌། ངས་ཁོང་ནི་སྨྲ་བ་ཉུང་བའི་མི་ཞིག་ཡིན་པ་ཚོར་བྱུང་ནའང༌། སློབ་གྲོགས་ཚོས་ཀུ་རེ་ཀྱལ་ཀ་རེ་རྩེས་སྐབས། ཁོང་གིས་ཧབ་དགོད་ཆེན་པོ་རེ་བྱེད་ཅིང༌། ཧབ་དགོད་དེ་ནི་མི་རྒན་པ་ཞིག་གིས་ཧབ་དགོད་བྱེད་པ་དང་མཚུངས། སྐབས་དེར་ངས་ཁོང་གི་ཧབ་དགོད་ལ་ཉན་བཞིན་མི་ཆུང་ཆུང་འདིར་འདི་འདྲའི་ཧབ་དགོད་ཆེན་པོ་ཞིག་ཡོད་པ་འདི་ཡང་ཡ་མཚན་རེད་འདོད།
ཚེ་ལོ་རྒྱལ་གྱིས་སློབ་གྲོགས་ཚོའི་གླེང་མོལ་ལ་ཉན་སྐབས། ཁོང་གིས་སྐད་ཆ་འདི་བདེན་པ་རེད། དེ་བདེན་པ་མ་རེད་ཅེས་མི་བཤད་ལ། ཕ་རོལ་བའི་གཏམ་ལ་ཡིད་འཐད་ཀྱང་རུང་མ་འཐད་ཀྱང་རུང་ངོ་མདོག་ཅུང་ཙམ་ཡང་འགྱུར་མ་སོང་ནའང༌། ང་ཚོའི་ཉལ་ཁང་གི་སློབ་མ་ཞིག་གིས་དོན་དངོས་ཀྱི་སྒྲུང་ཞིག་སྟེ། ཕ་ཡུལ་རེབ་གོང་ནས་ཡིན་ཞིང༌། མཚན་ལ་དོན་གྲུབ་ཟེར་བའི་མི་ཞིག་རྒྱ་གར་དུ་ཡོང་སྐབས་གངས་ཁྲོད་ནས་འཁྱག་ཤི་ཐེབས་པ་དང༌། ཁོང་གི་བེམ་པོ་ལམ་རོགས་ཤིག་གིས་ཁུར་ཡོང་བའི་ལོ་རྒྱུས་འཇིགས་སུ་རུང་བ་དེ་བཤད་པ་ན། ཚེ་ལོ་རྒྱལ་གྱིས་སྨིན་མ་སྟུག་པོར་བསྡུས་ཏེ་ཁྲོ་བའི་ཉམས་ཀྱིས་སྒྲུང་འདི་ལྟ་བུ་ང་ཚོས་ངེས་པར་དུ་ཡིག་ཐོག་ཏུ་འགོད་དགོས་པ་དང༌། སྒྲུང་འདི་དང་འདི་ལྟ་བུ་ནི་ང་ཚོའི་མི་རབས་འདིའི་ལོ་རྒྱུས་རེད་ཅེས་བཤད། ཁོང་གི་སྐད་མགོ་མཐོ་ཞིང་སྐད་ངག་འདར་སྟངས་ལ་ཉན་ན་ངོ་མ་ཁོང་ཁྲོ་ལངས་ཡོད་པ་འདྲ། དགོང་མོ་དེར་ཁོང་གིས་དངོས་སྒྲུང་དེ་ཡིག་ཐོག་ཏུ་འགོད་པར་ཁས་ལེན་བྱས་ནའང༌། ཕྱིས་སུ་ངས་ཁོང་གིས་སྒྲུང་དེ་ཡིག་ཐོག་ཏུ་ཕབ་ཡོད་མེད་སྐོར་ལ་དོ་སྣང་མ་བྱུང༌།
དེ་ལྟར་རེ་ཞིག་ང་ཚོ་སྒྲུང་དང་སྒྲུང་གི་འཇིག་རྟེན་ལ་ཐིམ། ང་ཚོ་མར་ཉལ་སྐབས། སྐར་ཚོགས་བྱེ་བས་འཇིག་རྟེན་ཁམས་ལ་མེལ་ཚེ་བྱེད། སློབ་གྲོགས་རེ་ཟུང་གིས་སྔུར་བ་ཧུར་ཧུར་དུ་འཐེན། རྒྱ་བཟའ་ཁམས་ཚན་གྱི་སྒོ་དང་སྒེའུ་ཁུང་ཚང་མ་ནག་རོག་རོག་ཏུ་གྱུར་འདུག
ང་ཚེ་ལོ་རྒྱལ་དང་མཉམ་དུ་དུས་ཚོད་ཁ་ཤས་ཤིག་ལ་བསྡད་ཀྱང༌། ཁོང་གི་ལུང་གི་ཡོན་ཏན་དང་རྟོགས་པའི་ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་ཡང་མ་མཐོང་ནའང༌། ང་ཚོ་ཉལ་ཁར་ཁོང་གིས་ཡང་ལཱ་ཞིག་སྤར་ཏེ་དབྱིན་ཡིག་གི་དཔེ་ཆ་མཐུག་པོ་ཞིག་ཀློག་མགོ་བརྩམས་བྱུང༌། མདུན་ཤོག་དམར་ཞིང་དཔེ་མིང་གསེར་ཡིག་གིས་བྲིས་ཡོད་སྟབས། སྐབས་རེར་ཡང་ལཱའི་འོད་རླབས་མདུན་ཤོག་ལ་འཕྲོས་པ་དང་མཉམ་དུ་དེབ་མིང་གསེར་འོད་ལམ་ལམ་བྱེད། ད་ལྟ་འདང་བརྒྱབ་ན་དཔེ་ཆ་དེ་ནི་བསོད་རྒྱལ་རིན་པོ་ཆེས་བརྩམས་པའི་བོད་ཀྱི་སྐྱེ་འཆི་ཞེས་པའི་དཔེ་ཆ་དེ་མིན་ནམ་སྙམ། ཁོང་གིས་དཔེ་ཆ་དེ་ཅི་ཙམ་བཀླགས་ནའང་ཚིག་མཛོད་བསྔོགས་མ་སོང་བས། ང་ཁོང་གི་ཡོན་ཏན་ལ་འགྲམ་ཆུ་ཞིག་ལྡང་དགོས་བྱུང༌།
ཕྱི་ཉིན་ཞོགས་པར་ཚེ་ལོ་རྒྱལ་སྨན་ཁང་དུ་ལོག་ཁར་ཁོང་གིས་འདོན་མཚམས་ཆད་པའི་དམངས་གཙོ་ཚགས་པར་འདོན་ཐེངས་རྙིང་པ་འགའ་དང༌། ལེགས་བཤད་བློ་གསར་མིག་འབྱེད། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། རྒྱལ་རབས་དེབ་ཐེར་དཀར་པོ་སོགས་དང༌། དེ་བཞིན་དབྱིན་ཡིག་གི་དེབ་ཐེར་ཁ་ཤས་ཤིག་རས་ནག་པོའི་ཁུར་ཁུག་ཆེན་པོ་ཞིག་གི་ནང་དུ་འཇུག་སྐབས། ཁོང་གིས་བསམ་བློ་ཞིག་བཏང་རྗེས་ཁུར་ཁུག་ནས་དེབ་གཉིས་ཕྱིར་བཏོན་ཏེ་ཁོང་ན་རེ། “དེབ་འདི་ཞྭ་སྒབ་པའི་ཀླད་པ་རེད། ངས་དེབ་འདི་སྨན་ཁང་ནས་བཀླགས་བཀླགས་ནས་ད་ནི་བློ་འོང་བ་ཞིག་འདུག དེབ་གཞན་པ་དེ་རྒྱུན་ཤེས་རེད། དེབ་འདི་གཉིས་སུ་ལ་དགོས་ན་སྤྲོད་ངེས་ཡིན་”ཟེར། ཁོང་གིས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལ་ཞྭ་སྒབ་པའི་ཀླད་པ་ཞེས་པ་འབོད་པ་དེ་ནི་ང་ལ་མཚོན་ན་སྐད་ཆ་ཤོད་སྟངས་གསར་པ་ཞིག་རེད། ཤོད་སྟངས་འདི་ངའི་ཡིད་ལ་འཕྲོད་བདེ་པོ་ཞིག་བྱུང༌། དེ་མ་ཐག་སློབ་གྲོགས་ཤིག་གིས་ཨ་མྱེས་རྨ་ཆེན་ཁང་གིས་བོད་སྒྱུར་བྱས་པའི་རྒྱུན་ཤེས་ཞེས་པའི་དེབ་དེ་བླངས་པ་དང༌། སྟབས་ལེགས་ནས་ངའི་ལག་ཏུ་ཞྭ་སྒབ་པའི་ཀླད་པ་རེག་སོང༌། དེབ་དེ་ནི་རྙིང་ཧྲལ་དུ་གྱུར་ཅིང་དཀྱིལ་མཐའ་ཚང་མ་ཚིལ་དྲེག་ཆགས་འདུག ཕྱིས་སུ་ངས་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་བཀླགས་སྐབས། དེབ་འདིས་ངའི་བློ་སྒོ་པདྨ་ཁ་འབྱེད་ཀྱི་ཚུལ་གྱིས་གྲོལ་བ་རེད།
ཚེ་ལོ་རྒྱལ་སྨན་ཁང་དུ་ཕྱིར་ལོག་སོང༌། ངས་ཁོང་བོད་ཡིག་ལ་མཁས་པ་ཡིན་པའི་མཁས་རྟགས་མཐོང་མ་སོང་ལ། ལྷག་པར་དུ་ཁོང་གི་ངག་ལས་འབྱུང་བའི་དབྱིན་སྐད་ཀྱི་སྒྲ་གདངས་མ་ཐོས་པ་ལ་བློ་ཕམ་ཞིག་སྐྱེས། ཡིན་ནའང་སྐབས་དེར་ངས་མི་ཞིག་གིས་དབྱིན་ཡིག་ཀློག་སྐབས་དང་བཤད་སྐབས་སྒྲ་གདངས་དེ་དག་མིན་གྱི་དབྱེ་བ་འབྱེད་མི་ཤེས་ལ། དོན་དངོས་སུ་ཚེ་ལོ་རྒྱལ་གྱིས་དབྱིན་ཡིག་ཀློག་ན་སྒྲ་གདངས་དག་མོ་ཐོན་པ་དེ་བདེན་པ་ཡིན་མིན་དང༌། དེ་བདེན་པའི་དབང་དུ་བཏང་ནའང་ཁོང་གིས་སྒྲ་གདངས་དེ་གང་ནས་སྦྱངས་པ་མི་ཤེས། སྦིར་སློབ་གྲྭའི་དབྱིན་ཡིག་དགེ་རྒན་ཚོའི་དབྱིན་སྐད་ཀྱི་སྒྲ་གདངས་ནི་རྒྱ་གར་བ་ཚོའི་སྒྲ་གདངས་དང་འདྲ་པོ་ཡོད་པ་རེད་ཅེས་གོ་བས། དོན་དངོས་སུ་སྒྲ་གདངས་དག་མོ་ཞེས་པ་ནི་ཇི་འདྲ་ཞིག་ཡིན་ནམ་སྙམ། འདི་ང་གཅིག་པུ་མིན། ངའི་སློབ་གྲོགས་མང་པོ་ཞིག་གིས་ཀྱང་དེ་ལྟར་བསམ་བཞིན་ཡོད།
དེ་ནས་བཟུང༌། ང་སྦིར་སློབ་གྲྭ་རུ་ཟླ་ངོ་ཁ་ཤས་ཤིག་ལས་བསྡད་མེད་ཀྱང༌། ངས་སྦིར་སློབ་གྲྭའི་དཀྱིལ་འཁོར་ནང་དུ་ཡང་སྐྱར་ཚེ་ལོ་རྒྱལ་མཐོང་མ་མྱོང༌། མུ་འགོད

རྩོམ་རིག

Post navigation

Previous Post: སྒོར་མོ་ཡོད་ན་། ཁང་པ་ཉོ་བའི་དུས་ཚོད་རེད་།
Next Post: ཨ་མདོ་རྔ་པའི་གནས་སྟངས།

Comments (20) on “གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ༼ཚན་པ་དང་པོ༽”

  1. དོན་གྲུབ། says:
    2011-06-09 at 4:25 am

    ངོ་མ་གོ་བདེ་ལ་སྙན་ཆ་དང་ལྡན་པ་ཞིག་རྩོམ་འདུག སྒྲུང་འདི་དངོས་སྒྲུང་རེད་དམ་ཡང་ན། བཅོས་སྒྲུང་རེད། གལ་ཏེ་དངོས་སྒྲུང་ཡིན་ཚེ་དུས་སྐབས་གང་ཞིག་ལ་འཁེལ་གྱི་འདུག་ཡོད་དམ། སྐབས་དེ་དུས་གསོལ་རྒྱལ་རིན་པོ་ཆེའི་སྐྱེ་བ་སྔ་ཕྱི་སྐོར་གྱི་ཕྱག་དེབ་དེ་ཐོན་ཡོད་དམ།
    རྩོམ་པ་པོ་ལ་དྲི་བ་འགའ་ཞིག་འབུལ་རྒྱུ་ཡོད་པས་ལན་འདེབས་ཡོང་བ་ཞུ།
    དང་པོ། ཉིད་རང་ཡོད་སྐབས་སྦིར་སློབ་གྲྭར་ཟིང་འཁྲུག་གམ་འཁྲུག་འཛིང་བྱུང་ཟིན་ནམ། འོ་ན་སྐབས་དེ་དུས་ཁྱེད་རང་ཡོད་ཚེ་འཁྲུག་འཛིང་ཇི་ལྟར་ཤོར་མིན་དང་། དེང་སྐབས་ཀྱང་འཁྲུག་འཛིང་དེ་ལ་བརྟེན་ནས་སྦིར་སློབ་གྲྭར་མིང་ཆད་ཡོད་པ་དེར་འགྲེལ་བརྗོད་གནང་རོགས།
    གཉིས་པ། དེང་སྐབས་ཚེ་ལོ་རྒྱལ་གྱི་གནས་སྟངས་ཇི་འདྲ་ཡོདདམ། ཁོང་ཤེས་ཡོན་ལྡན་པའི་མི་སྣ་ཞིག་ཆགས་ཡོད་དམ། ཡང་སྤྱི་ཚོགས་སྟེང་ལ་ཚོང་ལས་ལྟ་བུ་ཤེས་ཡོན་དང་ཐད་ཀར་འབྲེལ་བ་མེད་པའི་ལས་རིགས་གཉེར་ནས་བསྡད་ཡོད་དམ།

  2. མུ་ཏིག says:
    2011-06-09 at 4:46 am

    གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ཚན་པ་གཉིས་པ་ལ་སྒུག་ཡོད།

    སྒྲུང་འདི་ཀློག་བཞིན་སྦིར་སུ་ཇཱ་སློབ་གྲྭའི་འཚོ་བར་ཕྱིན་དྲན་ཞིབ་མོ་ཞིག་བྱས་པ་ཡིན།
    བོད་ཡིག་དགེ་རྒན་གྱི་གནས་སྟངས་དེ་ནི་སྔར་ང་ཡོད་དུས་ཀྱང་གཅིག་མཚུངས་རེད་ལ། ད་བར་ཡང་འགྱུར་བ་གང་ཡང་མེད་ཚུལ་གྱི་གཏམ་རེ་གོ་རྒྱུ་འདུག

  3. yeshe says:
    2011-06-09 at 4:51 am

    ཡང་ཁྱོད་ཀྱིས་མཐོ་རིས་བོ་དེ་གླེང་སོང་། སྙིང་རྗེ། སང་ཉིན་ནི་སངས་རྒྱས་ཀྱི་འཁྲུངས་སྐར་ཡིན་པས། ངས་ཁོས་སྐྱེ་བ་ཡག་པོ་ཞིག་བླངས་ཡོད་པའི་སྨོན་ལམ་ཞིག་འདེབ་དགོས། ངས་རྡ་སའི་རི་ལམ་ཀྱག་ཀྱོག་ཅིག་ནས་ང་ལ་ཁ་བརྡ་ཞིག་བྱས་པ་དང་འགྲོ་ཁར་ད་དུང་བྱེ་རིལ་མངར་མོ་སྤྲད་བྱུང་། དེ་ནས་བཟུང་ངས་ཁོ་ནམ་ཡང་མཐོང་རྒྱུ་མ་བྱུང་།

  4. གོ་ལོ་ཚོར་ལོ་མེད་ལོ་ says:
    2011-06-09 at 5:45 pm

    བཅོས་སྒྲུང་ཚེ་ལོ་རྒྱལ་ལོ་
    དངོས་སྒྲུང་ཚེ་ལོ་རྒྱལ་ལོ་
    ཚ་ལོ་ཚེ་ལོ་རྒྱལ་ལོ་
    དོན་ལོ་ཚེ་ལོ་རྒྱལ་ལོ་
    གོ་ལོ་ཚེ་ལོ་རྒྱལ་ལོ་
    ཇི་ཙམ་འདི་དང་གཅིག་པ་རེད་གོ་རྒྱུ་མི་འདུག་དུས་ཚོད་འཕྲོ་བརླགས་མ་བཏང་ལོ་

  5. ཁྱུང་དཀར says:
    2011-06-09 at 6:56 pm

    སྙན་བཟང་ལགས་འདས་ལོག་བརྒྱབ་པ་དགའ་ཚོར་བྱུང་སོང་ལ། ཚེ་ལོ་རྒྱལ་ཟེར་བའི་མི་བུ་འདི་མཐོང་མྱོང་ཡོད་ལ་དབྱིན་ཇིའི་སྐད་ཡིག་ལ་ཧ་ཅང་མཁྱེན་རྒྱ་ཆེ་ཞིང་སྐབས་དེ་ཤེད་ཅིག་ལ་དེང་དུས་སུ་མཁོ་ཆེ་བའི་དབྱིན་ཇིའི་ཚིག་མཛོད་ཅིག་ཀྱང་སྒྲིག་གི་ཡོད་སྐད། ཡིན་ནའང་། དངོས་གནས་སྟབས་མ་ལེགས་པ་ཞིག་ལ་ཕྱི་ནང་གི་ཁྱི་སྦྱང་ཚོགས་པས་ངན་འབྲེལ་གྱིས་སྐྱེས་བུ་ཁོང་མཐར་མར་སྦྱང་ཀིའི་ཁ་ཟས་སུ་གྱུར་འདུག་ཟེར། སྐད་ཆ་དེ་གོ་དུས་ངའི་སེམས་ལ་ཟུག་གཟེར་བརྒྱབས་སོང་ལ། གསེར་ལྟ་བུའི་མི་བུ་འདི་ང་ཚོ་དང་དེ་ལྟར་གྱེས་སོང་།

  6. ཁྱུང་དཀར says:
    2011-06-09 at 7:10 pm

    སྙན་བཟང་ལགས་འདས་ལོག་བརྒྱབ་པ་དགའ་ཚོར་བྱུང་སོང་ལ། ཚེ་ལོ་རྒྱལ་ཟེར་བའི་མི་བུ་འདི་མཐོང་མྱོང་ཡོད་ལ་དབྱིན་ཇིའི་སྐད་ཡིག་ལ་ཧ་ཅང་མཁྱེན་རྒྱ་ཆེ་ཞིང་སྐབས་དེ་ཤེད་ཅིག་ཏུ་ཁོང་གིས་བོད་དབྱིན་གྱི་ཚིག་མཛོད་ཅིག་ཀྱང་སྒྲིག་གི་ཡོད་སྐད། ཡིན་ནའང་། སྟབས་མ་ལེགས་པ་ཞིག་ལ་ཁྱི་སྦྱང་འགའ་རེའི་ངན་འབྲེལ་གྱིས་སྐྱེས་བུ་ཁོང་ཡ་ང་སྙིང་རྗེ་མེད་པའི་སྦྱང་ཀིའི་ཁ་ཟས་སུ་གྱུར་འདུག སྐད་ཆ་འདི་གོ་དུས་ངའི་སེམས་པར་ཟུག་གཟེར་བརྒྱབས་སོང་ལ། གསེར་ལྟ་བུའི་མི་བུ་འདི་ང་ཚོ་དང་གཏན་དུ་གྱེས་ཟིན།

  7. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-06-09 at 7:30 pm

    སྐུ་ཞབས་དོན་གྲུབ་ལགས།
    ༡)ངའི་སྒྲུང་འདི་རྩོམ་རིག་སྒྱུ་རྩལ་ཞེས་པའི་ཁྱབ་ཁོངས་ཆེན་པོ་དེའི་ནང་གཏོགས་པ་རེད། དེར་གཏོགས་ཕྱིན་ངས་ཨུ་ཚིགས་ཀྱིས་སྒྲུང་འདིའི་ཚིག་རྐང་རེ་རེ་དང་བཅས་པ་གཡའ་མེད་པ་དང་སླད་མེད་པ་ཡིན་ཞེས་ཤོད་ཐབས་བྲལ།
    ༢)ངས་ཚེ་ལོ་རྒྱལ་གྱི་ལོ་རྒྱུས་ཟེར་ནའང་འདྲ། ཉིས་སྟོང་གཉིས་དང་གསུམ། བཞི་པའི་གཡས་གཡོན་གྱི་ཚེ་ལོ་རྒྱལ་གྱི་སྐོར་གང་ཐོས་དང་། ཉིས་སྟོང་ལྔ་ལོའི་ནང་ཁོང་དངོས་སུ་མཐོང་སྐབས་ཀྱི་ཕྱིར་དྲན་ཞིག་དྲན་ཐོའི་ཚུལ་དུ་འབྲི་ཁུལ་བྱས་ཡོད་པ་སྒྲུང་འདིའི་ནང་གསལ་བ་དེ་ལྟར་ཡིན།
    ༣)བསོད་རྒྱལ་རིན་པོ་ཆེས་བརྩམས་པའི་བོད་ཀྱི་སྐྱེ་འཆིའི་དེབ་ཐེར་ཞེས་པ་ཉིས་སྟོང་གཉིས་ལོའི་སྤྱི་ཟླ་བརྒྱད་པའི་ནང་ཨ་རིར་དཔེ་སྐྲུན་བྱས་ཡོད་པའི་འབྲེལ་ཐག་འདི་ན་འདུག (http://en.wikipedia.org/wiki/The_Tibetan_Book_of_Living_and_Dying)
    ༤)སྦིར་སློབ་གྲྭའི་འཁྲུག་འཛིང་དེ་ང་ཡོད་སྐབས་བྱུང་བ་ཞིག་མ་རེད། ཁྱེད་ཀྱིས་དེའི་སྐོར་ཤེས་འདོད་ཚེ་༼༼གངས་སེང་འཚོལ་དུ་ཕྱིན་པ་༽༽ཞེས་པའི་དེབ་དེའི་རྩོམ་པ་པོ་པད་མ་ཚེ་རིང་ཞུ་བ་ཁོང་ལ་བཀའ་འདྲི་གནང་རོགས། ཁོང་ནི་འཁྲུག་འཛིང་དེའི་མི་ལྟེ་བ་ཞིག་ཡིན་སྐད།
    ༥)ཚེ་ལོ་རྒྱལ་གྱི་ཕྱིས་ཀྱི་ལོ་རྒྱུས་སྒྲུང་འདིའི་ཚན་པ་གཉིས་པ་དང་གསུམ་པར་གཟིགས་རོགས། ངས་སྒྲུང་འདི་ཤོག་ཐོག་ཏུ་བྲིས་པ་ཡིན་སྟབས། ཚན་པ་གཉིས་པ་དང་གསུམ་པ་གློད་ྐླད་དུ་གཏག་པར་ལེ་ལོའི་དབང་དུ་གྱུར་ནས་ཡོད་ནའང་མི་རིང་བར་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་ངེས།
    ༦)གཞན་སྒྲུང་འདིར་མཆན་བུ་འདེབས་མཁན་ཚང་མར་བཀའ་དྲིན་ཆེ་ཞུ།

  8. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-06-09 at 7:37 pm

    ཉིས་སྟོང་གསུམ་དང་བཞི། ལྔ་ཞེས་པ་གོ་གསུམ་དང་གོ་བཞི། གོ་ལྔ་ཞེས་བཅོ་བར་བྱ།

  9. གཞོན་ནུ་ཟླ་མེད says:
    2011-06-09 at 8:05 pm

    ཨ་ལ་ལ་ལ། སྙན་བཟང་གཡང་དྲུང་འདི་ད་སྒྲུང་གི་འབྲི་རྩལ་ཞེ་གི་ཧྲ་གི་ཡ། རྒྱ་ནག་གི་སྒྲུང་བ་ཚའོ་ཤོ་ཆིན་ལས་ལྷག་རེད། མུ་མཐུད་དུ་ཕྲིས་ར། ངོ་ནས་ཀློག་སྙིང་འདོད་པ་ཞིག་བྲིས་འདུག སྔོན་མ་གསར་དུ་འབྱོར་དུས་རྦིར་སློབ་གྲྭ་འགྲོ་དགོས་བསམ་སོང་མོད། མི་ཚོས་བཤད་ན་རྦིར་སློབ་གྲྭ་ན་སློབ་མ་མང་པོ་ཞིག་རྒྱ་ཆོན་རྒྱག་ནང་བཞིན་རེད། ཉམས་ཆུང་ལ་ཐུབ་ཚོད་བཏང་ནས་སློབ་གྲྭའི་སྒྲིག་ལམ་གྱིས་བཅུམ་མི་ཐུབ། དོན་གཉེར་ཅན་ཚོས་སློབ་གཉེར་བྱེད་པར་ཐུབ་ཚོད་གཏོང་ས་ཞིག་རེད་ཟེར་ནས་རྡ་སའི་རི་ཁུག་ཏུ་སྐད་གྲགས་འདྲ་ཞིག་འདུག ཞེད་ཐག་ཆོད་སོང་།

  10. རྩམ་དགའ། says:
    2011-06-09 at 8:57 pm

    ན་གཞོན་སྙན་ངག་པ་གྲགས་ཅན་ཚང་གི་འབྲི་རྩལ་ཧ་ལས་པ་རེད་འདུག འོ་རེད་་་་རྩོམ་ཡིག་འདི་ནི་་་་སྒྲུང་གི་ཁོངས་སུ་གཏོགས་ཀྱིན་ཡོད་དམ། ལོ་རྒྱུས་ཀྱི་ཁོངས་སུ་གཏོགས་ཀྱིན་རེད་དམ། བཀྲིས་བདེ་ལེགས།

  11. མི་འཁྱམ། says:
    2011-06-10 at 4:29 am

    རྩོམ་ཡིག་འདིའི་བརྗོད་བྱ་ལ་མི་ཆ་རྒྱུས་ཡོད་པ་ཞིག་གིས་བལྟས་ན། དངོས་སྒྲུང་ལས་བཅོས་སྒྲུང་མིན་པ་གསལ་ཐིང་ངེས་ཡིན། གང་ལྟར། འདས་པོ་ཁོང་གིས་སྤྱི་ཡོངས་ཀྱི་གསར་འབྱོར་བའི་འཚོ་བ་སྐྱོ་བོ་རོལ་བ་དང་དམིགས་བསལ་གྱིས་རྒྱ་གར་གྱི་བཙོན་ཁང་དུ་བཅུག་པ། མཐར་ས་མཚམས་ཁག་བརྒྱུད་ཕྱིར་བོད་ལ་བཏང་བ་དང་འདས་གྲོངས་སུ་ཕྱིན་འདུག འགྲུལ་བཞུད་དེ་དག་ལས་ཁོས་ག་འདྲ་དཀའ་ལས་ཤིག་བརྒྱབ་ཡོད་པ་དངོས་སུ་མ་མཐོང་ནའང་གློག་བརྙན་ལྟར་ཡིད་ལ་འཆར་ངེས་རེད། འཇིག་རྟེན་ཕྱི་མར་ཕྱིན་ཚར་བའི་འདས་པོ་ཁོང་གི་མི་ཚེའི་ལོ་རྒྱུས་ཟེར་ནའང་འགྲིགས། དེ་མ་ཡིན་པའི་དངོས་སྒྲུང་ཟེར་ནའང་ཆོག་མོད། དེ་རིང་རྩོམ་ཡིག་འདི་མཐོང་བ་དང་ཁོ་ལྷག་ཏུ་དྲན་དུ་བཅུག་སོང་། ཁོའི་མི་ཚེའི་འཚོ་བའི་འགྲུལ་བཞུད་བཅོས་སྒྲུང་ཞིག་ལ་མཐོང་མོད། དོན་དངོས་འདས་པོ་ཚེ་ལོ་རྒྱལ་གྱི་དངོས་སྒྲུང་ཞིག་རེད།

  12. རིག་འབྱུང་རྒྱ་མཚོ says:
    2011-06-10 at 12:03 pm

    ཡག་པོ་བྲིས་འདུག

  13. སྙེ་ལྷའི་ཐུགས་སྲས། says:
    2011-06-10 at 2:37 pm

    སེམས་པའི་ཟས་མཆོག་གཅིག་རག་བྱུང་ཐུགས་རྗེ་ཆེ།

  14. གསང་གྲོལ། says:
    2011-06-10 at 9:20 pm

    ཚེ་ལོ་རྒྱལ་ཟེར་བ་འདི་ཡིད་ལ་མོག་མོག་ཅིག་ལས་མི་དྲན་གི དེ་ལས་ང་སུ་ཇ་ན་ཡོད་དུས་གཡུང་དྲུང་ཚེ་རིང་ཟེར་ན་བོད་ཡིག་ལ་མཁས་ནི་རེད་ཟེར་ནས་སྐད་གྲགས་ཡོད་ལ། དབྱིན་ཇིའི་སློབ་ཚན་སྐབས་ལ་བོད་ཡིག་རྐྱང་རྐྱང་ཀློག་པ་དང་མཚན་གུང་ལ་མར་མེ་འོག་ནས་བོད་ཡིག་གི་སྒྲུང་རྩོམ་རེ་བྲིས་ནས་སྐྱ་རེངས་བསུས་བ་དངོས་སུ་མཐོང་མྱོང་། འོ་ད་རུང་སྙན་ངག་གྱེར་འདོན་བྱེད་ན་ཧ་ལས་བ་ཡིན། དུས་དེབ་ཟམ་པའི་སྟེང་ལ་གཡང་དཀར་ལུག་གི་མཚེར་སྐད། འདོ་རིགས་རྟ་བོའི་འབའ་སྒྲ། དགོ་དགོ་འབྲུ་མོའི་ཧར་སྒྲ་ལྟ་བུའི་སྙན་ངག་རེ་བྲིས་ནས་བཙན་བྱོལ་རྩོམ་སྟེགས་ལ་ག་ལེར་བགྲོད་པ་དང་མཐར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སྟེང་ནས་སྨྲ་བའི་སེང་གེ་བཞིན་འགྱིངས།

  15. ཉན་པ་རྣ་རིང་། says:
    2011-06-11 at 2:38 am

    རྩོམ་ཡིག་འདི་ལེགས་མཉེས་མི་ཤེས་ཀྱང་།
    དངོས་སྒྲུང་ཞིག་རེད།
    ཐུགས་རྗེ་ཆེ། མུ་མཐུད་དུ་འབྲི་རོགས།

  16. pematenzin says:
    2011-06-11 at 5:20 am

    ཉིས་སྟོང་གསུམ་དང་བཞི། ལྔ་ཡི་སྔོན་ལ་ཚེ་ལོ་ཕར་རོལ་ལ་ནོར་གླིང་མི་ངན་ཁ་ཤེས་ཞིག་གིས་གཡུག་གསར་བ་རེད། སྒྲུང་འདི་སྐྱག་རྫིན་མ་རེད་བེ།

  17. འཇམ་དཔལ་ཚུལ་ཁྲིམས། says:
    2011-06-11 at 5:53 pm

    ཨ་རོགས་དྲ་གྲོགས་ལགས། ཁྱེད་ཀྱིས་”སྦིར་སློབ་གྲྭའི་དབྱིན་ཡིག་དགེ་རྒན་ཚོའི་དབྱིན་སྐད་ཀྱི་སྒྲ་གདངས་ནི་རྒྱ་གར་བ་ཚོའི་སྒྲ་གདངས་དང་འདྲ་པོ་ཡོད་པ་རེད་ཅེས་གོ་བས།་་་”ཞེས་པ་དག་མི་འདུག དགག་སྒྲ་ཆད་སོང་བ་མིན་ནམ་སྙམ། ཁྱེད་ཀྱིས་སློབ་མ་འགའ་ཞིག་མཚན་ཉིད་གྲྭ་ཚང་དང་ས་ར་ལ་ཐོན་ཚར་བར་བཤད་པའི་ནང་ནས་གཅིག་ནི་ང་རེད། ངས་ཚེ་ལོ་རྒྱལ་ཀྱང་ཤེས། འོན་ཀྱང་ང་ལ་ནི་བོད་ཡིག་ཡག་པོ་ཡོད་པའི་མཚན་སྙན་མེད།
    མུ་འགོད་ཡིན་ན་རྗེས་པ་ཀློག་འདོད་ཧ་ཅང་ཆེ་བས་མགྱོགས་པོར་སྤེལ་རོགས་ཞུ།

  18. མཁའ་འབུམ་རྒྱལ says:
    2011-06-12 at 9:17 pm

    གྲོགས་སྙན་བཟང་ལགས་ཡག་པོ་ཞེ་དྲག་བྲིས་འདུག་པས་མུ་མཐུད་འབྲི་རོགས

  19. བཀྲ་ལོ་ནས། says:
    2011-06-14 at 11:32 am

    མི་ཡོན་ཏན་ཅན་འདི་འདྲ་ཞིག་དོན་མེད་མི་དཀར་པོ་ལ་ཞྭ་ནག་པོ་གཡོག  དེ་ནས རྒྱ་དམར་གཞུང་ལ་རྩིས་སྤྲོད་བྱས་ནས་དམར་གསོད་གཏོང་བཞག་བ་ལ་ངོས་གནས་བློ་ཕམ་བྱུང་། མི་ངན་སུ་ཞིག་གི་འདི་ལྟར་བཟོས་བ་རེད། གོ་ཐོས་ཡིན་ན། སྐབས་དེ་དུས་ཁོའི་ཨ་ཁུ་བསྟན་འཛིན་མགོན་པོས་ བཙན་བྱོལ་བོད་གཞུང་གི་སྒྲིགས་གཞི་ལ་མི་འགྲིགས་པའི་བསམ་ཚུལ་འདོན་ནས་བཀའ་ཤགས་ཉིན་གསུམ་རིང་སྒོ་རྒྱག་དགོས་བྱུང་། དེའི་རྐྱེན དེ་ནས་བསྟན་འཛིན་མགོན་པོ་རྡ་ས་ནས་སྡོད་ཐབ་བྲལ། ལོ་མང་རིང་རྒྱ་གར་རྡོ་རྗེ་གདན་དུ་དཀའ་ངལ་སོགས་མང་པོ་འཁྲད། མི་ངན་འགའ་ཤས་ཞིག་གིས་བསྟན་འཛིན་མགོན་པོ་གནོད་ཤུགས་སྤྲོད་ཐབ་སུ་ཁོང་གི་ཚ་བོ་དེ་ལྟར་བཟོས་པ་རེད་ཟེར། གད་ཟད་བདེན་པ་ཡིན་ན། རང་དབང་ལུང་ལ་བསམ་ཚུལ་ཞིག་བཤད་ན་དེ་འདྲའི་གནོད་ཤུག་ཅིག་བྱས་དགོས་དོན་མེད། གད་ཟད་བདེན་ན་ཧ་ཅང་གི་བློ་ཕམ་ཡོད།

  20. བཀྲ་ལོ་ནས། says:
    2011-06-14 at 12:17 pm

    མི་ཡོན་ཏན་ཅན་འདི་འདྲ་ཞིག་དོན་མེད་མི་དཀར་པོ་ལ་ཞྭ་ནག་པོ་གཡོག  དེ་ནས རྒྱ་དམར་གཞུང་ལ་རྩིས་སྤྲོད་བྱས་ནས་དམར་གསོད་བྱེད་དུ་བཞག་བ་ལ་ངོས་གནས་བློ་ཕམ་བྱུང་། མི་ངན་སུ་ཞིག་གི་འདི་ལྟར་བཟོས་བ་རེད། གོ་ཐོས་ཡིན་ན། སྐབས་དེ་དུས་ཁོའི་ཨ་ཁུ་བསྟན་འཛིན་མགོན་པོས་ བཙན་བྱོལ་བོད་གཞུང་གི་སྒྲིགས་གཞི་ལ་མི་འགྲིགས་པའི་བསམ་ཚུལ་འདོན་ནས་བཀའ་ཤགས་ཉིན་གསུམ་རིང་སྒོ་རྒྱག་དགོས་བྱུང་། དེའི་རྐྱེན དེ་ནས་བསྟན་འཛིན་མགོན་པོ་རྡ་ས་ནས་སྡོད་ཐབ་བྲལ། ལོ་མང་རིང་རྒྱ་གར་རྡོ་རྗེ་གདན་དུ་དཀའ་ངལ་སོགས་མང་པོ་འཁྲད། མི་ངན་འགའ་ཤས་ཞིག་གིས་བསྟན་འཛིན་མགོན་པོ་གནོད་ཤུགས་སྤྲོད་ཐབ་སུ་ཁོང་གི་ཚ་བོ་དེ་ལྟར་བཟོས་པ་རེད་ཟེར། གད་ཟད་བདེན་པ་ཡིན་ན། རང་དབང་ལུང་ལ་བསམ་ཚུལ་ཞིག་བཤད་ན་དེ་འདྲའི་གནོད་ཤུག་ཅིག་བྱས་དགོས་དོན་མེད། གད་ཟད་བདེན་ན་ཧ་ཅང་གི་བློ་ཕམ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme