Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་འདུན་ཆོས་འཕེལ།

Posted on 2011-05-31 By དབང་ཕྱུག་ 32 Comments on དགེ་འདུན་ཆོས་འཕེལ།

དོལ་སྨྱོན།

དགེ་ལེགས་ཕུན་ཚོགས་སྟོང་གིས་བསྐྲུན་པའི་གང་ཁྱོད་ཨ་མདོ་ཞོ་འཕོང་ནས། །
འདུན་པ་ཤེས་བྱའི་གནས་ལ་གཏད་དེ་མཁས་པའི་འབྱུང་གནས་ཆེན་པོ་སྟེ། །
ཆོས་ཀྱི་བསྟི་གནས་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་དགའ་བའི་ཚལ་ཆེན་དུ། །
འཕེལ་སྒྲིབ་བྲལ་བའི་ཁྱོད་ཀྱི་རྣམ་དཔྱོད་ཤེས་བྱའི་མཁའ་ལ་འཕུར་མགོ་བརྩམས། །

དེ་ཚེ་ཁྱོད་ཀྱི་རྣམ་དཔྱོད་མེ་དབལ་ཧི་མ་ལ་ཡི་རྩེ་ནས་མཆེད། །
དེ་ཚེ་ཁྱོད་ཀྱི་ལུང་རིགས་འབྲུག་སྒྲས་མ་ཕམ་གཡུ་མཚོ་གཏིང་ནས་དཀྲུགས། །
དེ་ཚེ་ཁྱོད་ཀྱི་ཐོལ་བྱུང་སྤྱོད་པས་མཁས་དགུའི་སྙིང་ལ་ཚེར་མ་བཙུགས། །
དེ་ཚེ་ཁྱོད་ཀྱི་ཚོར་འདུ་སྐྱེན་པོས་བླ་བྲང་དགོན་པར་འཕོ་འགྱུར་ཐེབས། །

སྐྱེས་སྦྱང་ཟུང་གི་ལུས་སྟོབས་རྒྱས་པས་སྤོབས་པའི་མགོ་བོ་དགུང་དུ་བཏེགས། །
ལྷན་སྐྱེས་སེམས་ཀྱི་གཤིས་ལ་ཉེ་བས་ཚུལ་འཆོས་སྤྱོད་པའི་བང་སོ་ཞིག །
ཆེ་དགུ་མི་སྣའི་མོས་པའི་ཁམས་དང་ཁྱོད་ཀྱི་སྤྱོད་ཚུལ་མ་མཐུན་པས། །
རང་དབང་བྲལ་བའི་གོམ་པའི་འདེག་འཇོག་དབུས་གྱུར་ཚལ་དུ་སྤོ་མགོ་ཚུགས། །

མི་དྲག་རྣམས་ཀྱི་སྤྱོད་ཚུལ་འཆལ་བས་ཁྱོད་ཀྱི་བློ་སྙིང་ཚར་གསུམ་འཁྲུགས། །
མཁས་པ་རྣམས་ཀྱི་འཐེན་འཁྱེར་ཆེ་བས་ཁྱོད་ཀྱི་ལུས་ཟུངས་ཐེངས་གསུམ་འགུལ། །
མི་མང་རྣམས་ཀྱི་རྙིང་ཞེན་མཐུག་པས་ཁྱོད་ཀྱི་སྲོག་རྩ་ལན་གསུམ་འདར། །
ཁྱེར་རྐྱང་ངུས་པའི་མིག་ཆུ་གྲང་མོ་ཡར་ཀླུང་གཙང་པོའི་རྒྱུན་ལ་འདྲེས། །

ཁྱོད་ཀྱི་མཁྱེན་དཔྱོད་མཆེ་སྡེར་རྣོན་པོས་བློ་ཆུང་ངང་པའི་གཤོག་རྩལ་འཁུམས། །
ཁྱོད་ཀྱི་རྟོགས་སད་རྒྱུ་བ་མྱུར་པོས་རྨོངས་ཞེན་བོང་བུའི་སུག་བཞི་ངལ། །
ཁྱོད་ཀྱི་མཐོང་རྒྱ་མཁའ་དང་མཉམ་པས་ཁྲོན་པའི་སྦལ་བའི་དྲན་པ་འཐོར། །
ཁྱོད་ཀྱི་བཅོས་མིན་གཤིས་ཀྱི་འོད་པོས་ཐན་བྱ་འུག་པའི་སྲོག་རྩ་འདར། །

ལྷོ་ཕྱོགས་མྱ་ངམ་བྱེ་མའི་ཐང་དུ་ངལ་བའི་གོམ་སྟབས་རབ་བཀོད་ཅིང། །
སྟུག་པོ་བཅུ་གཉིས་ནགས་ཀྱི་ཁྲོད་ནས་རིན་ཆེན་སྲོག་ལ་མ་འཛེམས་པར། །
དཀའ་བས་འདས་པའི་ལོ་ཟླའི་དཀྱིལ་ནས་རྣམ་དཔྱོད་འབུམ་གྱིས་རབ་ཕྱུག་པའི། །
རྨད་དུ་བྱུང་བའི་ལེགས་སྐྱེས་ཕུང་པོ་གངས་ཅན་བོད་པའི་རྒྱན་དུ་དྲངས། །

ཆོས་ཚུལ་འདུལ་བའི་ལྕགས་སྒྲོག་དམ་པོ་མི་མངོན་དབྱིངས་སུ་རྒྱས་བཏབ་པས། །
སྨན་ཆུང་བུ་མོའི་མྱོས་བུམ་ཟུང་ནས་ངལ་བའི་ཤུ་སྒྲ་ཐེངས་གསུམ་ཤོར། །
འདོད་པའི་ཁམས་ཀྱི་འདོད་ཡོན་ནང་ནས་འདོད་ཆགས་འདི་ཉིད་མཆོག་མཐོང་བས། །
འདོད་ལྡན་ཕོ་མོའི་འདོད་པའི་གསོས་སུ་འདོད་པའི་བསྟན་བཅོས་སྐྱེས་སུ་བཞག །

གྲུབ་མཐའི་དབང་བསྒྱུར་དག་གི་སྣང་ངོར་ཁྱོད་ནི་ལྟ་ལོག་སྨྱོན་པ་ཞིག །
སྡོམ་ལྡན་མཁན་པོ་དག་གི་སྣང་ངོར་ཁྱོད་ནི་སྡོམ་ཤོར་འཆལ་པོ་ཞིག །
མི་དཔོན་སྐུ་དྲག་དག་གི་སྣང་ངོར་ཁྱོད་ནི་ནག་ཉེས་ཚབས་ཆེན་ཞིག །
ཟུར་གནས་མཁས་དབང་དག་གི་སྣང་ངོར་ཁྱོད་ནི་བོད་མིའི་བླ་སྲོག་ཅིག །

ཁྱོད་ཀྱི་གྱོན་ཆས་དག་ལ་བསམ་ཚེ་གཞུང་ལམ་ཟུར་གྱི་སྤྲང་པོ་ཞིག །
ཁྱོད་ཀྱི་སྤྱོད་ཚུལ་དག་ལ་བསམ་ཚེ་སྨན་ཁང་ནང་གི་སྨྱོན་པ་ཞིག།།
ཁྱོད་ཀྱི་ལུས་བོངས་དག་ལ་བསམ་ཚེ་ནགས་ཚལ་ཁྲོད་ཀྱི་དྲང་སྲོང་ཞིག།།
ཁྱོད་ཀྱི་ལེགས་བཤད་དག་ལ་བསམ་ཚེ་འགྲན་ཟླ་བྲལ་བའི་མཁས་པ་ཞིག།།

གྲགས་པའི་གཏམ་བཟང་བསིལ་རླུང་ཟོལ་གྱིས་མཐོ་སྒང་འཛིན་མར་ཁྱབ་པའི་ཚེ། །
ཆེ་བར་རློམ་པའི་སྐུ་ངོ་རྣམས་ཀྱི་བློ་སྙིང་བྲང་གསུམ་འཁྲུགས་གྱུར་བས། །
བློ་ལས་འདས་པའི་ཆག་སྒོ་མང་པོ་ངམ་གནག་སྤྲིན་པའི་གཟུགས་ཀྱིས་ནི། །
ཁྱོད་ཀྱི་འདུན་ལམ་སྟེང་དུ་བབས་པས་མི་ཚེའི་འོད་སྟོང་མོག་པོར་བྱས། །

བཀའ་ཤོད་ཟུར་ཁང་གཉིས་ཀྱི་དབར་ནས་ཁྱོད་ཀྱི་བཙན་པོའི་རང་ཚུགས་ཤོར། །
ཨ་ཐང་ཆད་པའི་བཙོན་ཁང་ནང་ནས་ཁྱོད་ཀྱི་རྣམ་དཔྱོད་རང་འོད་འགྲིབ། །
ཆང་དང་དུ་བའི་བཟི་ཁའི་ཁྲོད་ནས་ཁྱོད་ཀྱི་ལུས་ཟུངས་དབང་པོ་ཉམས། །
སྐུ་དྲག་རྣམས་ཀྱིས་རྩེད་མོའི་ཚུལ་གྱིས་ཁྱོད་ཉིད་འཇིག་རྟེན་ཕྱི་མར་བརྫངས། །

སྙན་ངག

Post navigation

Previous Post: “འཁྲབ་དོ་”ནི་མའི་སྙིགས་རོ།
Next Post: ཁྱི་དང་ཁྱིའི་བདག་པོ་ཚོའི་གཏམ་རྒྱུད།

Comments (32) on “དགེ་འདུན་ཆོས་འཕེལ།”

  1. ལ་སྟོད་བུ། says:
    2011-05-31 at 4:47 pm

    དགེ་འདུན་ཆོས་འཕེལ་གྱི་རྣམ་པར་ཐར་པའི་རང་བཞིན་མ་བཅོས་ལྷུག་པོར་རྩོམས་བྲིས་འདི་བཞིན་ཤིན་ཏུ་ལེགས་པོ་ཞིག་བྲིས་འདུག་ ཤིན་ཏུ་བསྟུག་པའི་རྨོངས་ཞེན་གྱིས་གྲིབ་ནག་དེ་དག་གིས་ལོ་རྒྱུས་ཀྱི་འོད་འབུམ་འགྱེད་པའི་རྒྱུ་སྐར་བདག་པོ་ཉིད་ཀྱང་ལན་གཅིག་ར་ཧུའི་ཞལ་དུ་བསྟབ་པ་འདི་ལ་ཡིད་ཤིན་ཏུ་ནས་སྐྱོ།
    ཐུགས་རྗེ་ཆེ།

  2. དབང་འདུས། says:
    2011-05-31 at 4:55 pm

    རྨད་བྱུང་ལུང་རྟོགས་མཁྱེན་པའི་ཉི་གཞོན་མཐའ་བྲལ་ཤེས་བྱའི་མཁའ་ལ་བཞད།།
    རྩོད་བྲལ་གཞུང་བརྒྱའི་དཀའ་བའི་མདུད་པ་མཁྱེན་རབ་འཕྲུལ་གྱིས་དུས་གཅིག་གྲལ།།
    འཁྲུལ་བྲལ་གྲུབ་མཐའི་གསང་ལམ་དམ་པར་རྣམ་དཔྱོད་གོམས་སྟབས་གཡོ་མེད་སྤོས།།
    སྔོན་མེད་མཁས་གྲུབ་བྱེ་བའི་ཁྱུ་མཆོག་དམ་པ་དེ་ཉིད་བོད་མིའི་རྒྱན།།

    དཀའ་བའི་གཞུང་བརྒྱའི་འཆད་ཉན་སྲོལ་ལུགས་དགེ་ལྡན་བསྟན་པའི་དཔལ་ལས་ནོས།།
    གོ་བའི་དཔལ་གྱིས་གྲུབ་བརྒྱའི་དགོངས་དོན་སྔ་འགྱུར་མཁས་གྲུབ་ལུགས་ལྟར་བཀྲལ།།
    གཏོས་བཅས་ལུས་ཀྱི་ཕུང་པོ་དེ་ཉིད་ཉམས་ཆུང་བཙོན་པའི་གྲལ་དུ་བསྐྱལ།།
    འཁྲུལ་བྲལ་སེམས་ཀྱི་གསང་བ་ཟམ་མོ་ཆེ་དགུ་མཁས་དགུ་སྤྱི་བོར་འགོད།།

    ཚུལ་བཅོས་སྤྱོད་པ་གཡོ་སྒྱུའི་གོས་ཧྲུལ་ལྷག་མེད་དྲང་བདེན་རལ་གྲིས་བཅད།།
    འཁྲུལ་སྣང་འཁོར་བའི་གོ་ཆ་བཙན་པོ་གཏན་མེད་སྒྱུ་མའི་ཟླ་བོར་སྒྲུབ།།
    གནས་ལུགས་འགྱུར་མེད་དོན་གྱི་རང་ཞལ་མཁྱེན་དཔྱོད་ཉི་མའི་དཔལ་གྱིས་གསལ།།
    ལུགས་གཉིས་ཆོས་ཀྱི་མྱོང་བ་ཟབ་མོ་ཕྱིརབས་བོད་མའི་སྐལ་བར་བསྐྲུན།།

  3. རི་བོང་བློ་ལྡན་ says:
    2011-05-31 at 8:51 pm

    དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཞེ་དྲག་རྒྱུས་མངའ་མེད་ཀྱང་ཐོག་མར་ཁོ་རང་གྱི་མཚན་ཐོས་པ་ཙམ་གྱིས་ཁོ་རང་ནི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པ་བློའི་ནང་ལྷན་སྐྱེས་ཀྱི་ཚོར་བ་དྲག་པོ་ཞིག་སླེབས་མྱོང། ཁོ་རང་གྱི་གསུང་རྩོམ་ཁག་དུ་མ་ཡོད་པ་ངས་ཧ་གོ་ཡང་ད་བར་ཀློག་རྒྱུའི་ཆུ་ཚོད་དང་གོ་སྐབས་རག་མ་སོང། འོན་ཀྱང་དོལ་སྨྱོན་གྱི་གོང་དུ་སྙན་ངག་གི་ལམ་ནས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གླེང་བ་དེའི་རྒྱུད་ངས་དགེ་འདུན་ཆོས་འཕེལ་གྱི་ནང་གི་རི་མོ་གང་འདྲ་ཡོད་མིན་སྐོར་ལ་ཏོག་ཙམ་ཞིག་ཤེས་སོང་བས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།།

  4. དོལ་སྨྱོན། says:
    2011-06-01 at 9:03 am

    དྲ་གྲོགས་རྣམ་པས་བསམ་ཚུལ་གསུངས་པར་དགའ་བསུ་ཞུ།

    རི་བོང་བློ་ལྡན་ལགས།
    ཁྱེད་ཀྱི་མིང་ལ་རི་བོང་བློ་ལྡན་བཏགས་རུང་དོན་ལ་རི་བོང་བློ་རྡོལ་ཡིན་པ་འདྲ།
    ད་བར་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཀློག་མྱོང་མེད་ཅེས་འདི་ནས་མ་བརྗོད་རོགས།
    ཁྱེད་རང་རིག་གཞུང་དང་འབྲེལ་བའི་མི་སྣ་ཞིག་ཡིན་ཚོད་འདུག་པས།
    དེ་ལྟ་བུའི་མི་སྣའི་ཁ་ནས་སྐད་ཆ་འདི་རིགས་ཐོན་ན་མཛེས་པོ་མི་འདུག

    མི་འགྱངས་བར་དགེ་ཆོས་ཀྱི་གསུང་རྩོམ་རིགས་ཀློག་རྒྱུའི་འབོད་བསྐུལ་ཞུ།
    གཞན་མ་བྱུང་ནའང་དེབ་ཐེར་དཀར་པོ་དང་ཀླུ་སྒྲུབ་དགོངས་རྒྱན་ནི་ཅི་ནས་ཀྱང་ངོ།།

  5. གཙང་ཞོལ་བདེ་གསལ། says:
    2011-06-01 at 10:51 am

    དོལ་སྨྱོན་ལགས། སྐུ་ཉིད་ཀྱིས་བྲིས་པའི་དགེ་འདུན་ཆོས་འཕེལ་སྐོར་གྱི་རྩོམ་ཡིག་འདི་ངས་ཚར་གཅིག་ཀློག་པ་ཡིན་ལ། གང་ལ་གང་འཚམས་ཀྱིས་འགྲིག་བསྡད་ཡོད་པའི་སྣང་ཤར། སྤྱིར་ན། ང་རང་ཚོས་དགེ་འདུན་ཆོས་འཕེལ་ལ་ལྟ་སྟངས་མ་འགྲིག་པ་དང་མ་ཚང་པ་མང་པོ་ལྷགས་བསྡད་ཡོད་པས། མུ་མཐུད་དུ་ཤུགས་བརྒྱབ་སྟེ་མཐོར་འཏེགས་བྱེད་རྒྱུ་གལ་ཆེ་བར་སྙམས་སོ། ཐུགས་རྗེ་ཆེ།

  6. དོལ་སྨྱོན། says:
    2011-06-01 at 12:56 pm

    གཙང་ཞོལ་བདེ་གསལ་ལགས།

    སྐུ་ཉིད་ཀྱིས་གསུངས་པ་དངོས་བདེན་རེད།
    ང་ཚོས་མུ་མཐུད་ནས་ཞིབ་འཇུག་དང་འབད་བརྩོན་བྱེད་གལ་ཆེ།
    སྐུ་ཉིད་ཀྱིས་སྐུལ་མ་གནང་བར་ཐུགས་རྗེ་ཆེ་ཞུ།

  7. དོལ་སྨྱོན། says:
    2011-06-01 at 1:08 pm

    རི་བོང་བློ་རྡོལ་ལགས།

    ད་དུང་འདོད་པའི་བསྟན་བཅོས་ཅི་ནས་ཀྱང་ཀློག་རོགས་ཞུ།

    ང་ཡི་རེ་བ་ཡིན་ནོ།།

  8. རིག་པའི་རལ་གྲི says:
    2011-06-01 at 1:14 pm

    རི་བོང་བློ་གྲོས་ལྡན་པ་བཤད་སྲོལ་ཙམ་རེད་ཤག རི་གྲོངས་ཡུལ་རྒྱ་ཆེ་པོ་ཇི་ཙམ་ཞིག་བགྲོད་ཀྱང་། བློ་བདེའི་བག་ཕེབས་དྲོད་འཇམ་ཚུལ་མཐུན་ཙམ་ལྡན་པའི། །སྡོད་སའི་ཁང་བུ་ཙམ་གྱི་ཐབས་ཤེས་ཀྱང་མེད་ཟིག

  9. དོལ་སྨྱོན། says:
    2011-06-01 at 1:28 pm

    རིག་རལ་གྱི་གསུང་ལ་རྒྱབ་སྐྱོར་ཡོད་དོ།།

  10. སློབ་དཔོན་ཀརྡོ་ says:
    2011-06-01 at 1:59 pm

    དགེ་ཆོས་རང་རྣམ་ཚིགས་བཅད་བཞི་མ་ནི།
    གཞོན་དུས་དགོས་པའི་ཆུང་མ་ངས་མ་བླངས། །
    རྒན་དུས་དགོས་པའི་ནོར་རྫས་ངས་མ་བསགས། །
    སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་གཅིག་ཏུ། །
    རྫོགས་པ་འདི་ནི་བདག་གི་སྣང་སྐྱོ། །

  11. མེ་ཏོག་དཀར་པོ། says:
    2011-06-01 at 2:18 pm

    འདོད་བསྟན་ཀློག་ནས་ཅི་བྱེད། །
    མཇེ་འདི་ལངས་རོགས་ཡིན་འགྲོ། །
    དེབ་དཀར་ཀློག་ནས་གང་བྱེད། །
    སྙིང་རླུང་ལངས་རོགས་ཡིན་པ། །

  12. དོལ་སྨྱོན། says:
    2011-06-01 at 2:18 pm

    དྲ་གྲོགས་རྣམ་པ་ལ་སེམས་གཏམ་ཞིག་ཞུས་ན།

    དེ་ཡང་རླུང་ནག་འཚུབ་མ་དང་འདྲ་བའི་དུས་ཚིགས་འདི་ཚོར།
    རང་ཉིད་ལ་འདི་ལྟར་བཟོད་དཀའ་བའི་ཚོར་བ་ཟབ་མོ་ཞིག་གིས་མནར་དུས།
    ང་ལ་སེམས་གསོ་སྟེར་མཁན་ཞིག་དང་གུ་ཡངས་སྤྲོད་མཁན་ཞིག་ནི་ཁ་བརྡ་དྲ་ཚིགས་དང་།
    གཞན་ཡང་ལྷག་བསམ་དང་མཁྱེན་རྒྱ་ཆེ་བའི་དྲ་གྲོགས་རྣམས་ཡིན་པས།
    ངས་ཁྱེད་རྣམས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་ཉིང་འདོད།

    འདི་ལྟར་ཁྱེད་རྣམ་པའི་རྩོམ་ཡིག་དང་མཆན་བུ་རྣམས་མེད་པ་ཡིན་ན།
    མུན་པའི་ཟབ་སར་འཐིམ་པའི་ཁོ་བོའི་གནས་སྟངས་འདི་ད་ལྟ་ཇི་ལྟ་བུ་ཞིག་ན་ཡོད་པ་ཆ་མི་འཚལ།
    ངས་སླར་ཡང་ཁ་བརྡའི་དྲ་བདག་དང་དྲ་གྲོགས་ཡོངས་ལ།
    བཅོས་མིན་སེམས་གཏིང་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་ན་འདོད་བྱུང་།

  13. དོལ་སྨྱོན། says:
    2011-06-01 at 2:33 pm

    དྲ་གྲོགས་རྣམས་ལ་སེམས་གཏམ་ཞིག་ཞུས་ན།
    དེ་ཡང་རླུང་ནག་འཚུབ་མ་དང་འདྲ་བའི་དུས་ཚིགས་འདི་ཚོར།
    འདི་ལྟར་ཚོར་བ་ལྕི་མོ་ཞིག་གི་གཏིང་རུམས་ན་ལྷུང་བའི་ཁོ་བོ་ལ་མཚོན་ན།
    ནམ་ཡང་ལྷོད་ཡང་བྱིན་མཁན་ཞིག་དང་གུ་ཡངས་སྟེར་མཁན་ཞིག་ནི།
    ཁ་བརྡ་དྲ་ཚིགས་འདི་དང་།
    གཞན་ཡང་མཁྱེན་རྒྱ་དང་ལྷག་བསམ་མཆོག་ཏུ་ཡངས་པའི་དྲ་གྲོགས་ཁྱེད་རྣམས་ཡིན་ན།
    ངས་སེམས་ཀྱི་གཏིང་རུམས་ཟབ་ས་ཞིག་ནས་ཐུགས་རྗེ་ཆེ་ཞུ།

    འདི་ལྟར་ཁྱེད་རྣམ་པའི་རྩོམ་ཡིག་དང་མཆན་བུ་རྣམས་མེད་པ་ཡིན་ན།
    མུན་པའི་ཟབ་སར་ལྷུང་བའི་ཁོ་བོའི་གནས་སྟངས་འདི་ད་ལྟ་ཇི་ལྟ་བུ་ཞིག་ན་ཡོད་པ་སུས་ཤེས།

    ངས་སླར་ཡང་འདི་ནས་ཁ་བརྡའི་དྲ་བདག་དང་།
    དྲ་གྲོགས་ཡོངས་ལ་བཅོས་མིན་སེམས་གཏིང་ནས་བཀའ་དྲིན་ཆེ་ཞེས་ཞུས་པ་ཡིན།

  14. མེ་ཏོག་དཀར་པོ། says:
    2011-06-01 at 2:54 pm

    ཡ་དོལ་སྨྱོན་ལགས། ང་ཡང་འདི་ལྟར་ཁ་བརྡ་མཛའ་ན་མོ་འདི་ཕྲད་ནས་གཅིག་སེམས་གཅིག་ལ་ཆགས་ནས་བྲལ་མི་ཕོད་པ་ཆགས་སོང་། བོད་པའི་དྲ་ཚིགས་གཞན་ལ་སྐབས་སྐབས་མིག་ཤར་རེ་རྒྱག་པ་ལས་གྲོགས་འདྲེས་བྱེད་འདོད་མ་་བྱུང་། ཅིའི་ཕྱིར་ན་ཁ་བརྡའི་བུ་མོ་འདིས་ངའི་ཡིད་ཀྱི་བརྟན་པ་ཕྲོག་པས་སོ།།

  15. དོལ་སྨྱོན། says:
    2011-06-01 at 3:09 pm

    མེ་དཀར་ལགས།

    ཁྱེད་ཀྱིས་གསུངས་པ་དངོས་ནས་རེད།
    ང་ལ་མཚོན་ན་ཁ་བརྡ་དྲ་ཚིགས་དང་དྲ་གྲོགས་ཁྱེད་རྣམ་པ་དངོས་གནས་བཀའ་དྲིན་ཆེན་པོ་ཡིན།
    ཐུགས་རྗེ་ཆེ་ཞུའོ།།

  16. རྩམ་དགའ། says:
    2011-06-01 at 5:59 pm

    སྐབས་རེར་ཞི་ལི་རྐྱ་སྟོང་ཟོལ་གྱིས་ང་རྒྱལ་མགོ་འཕང་གནམ་ལ་བཏགས། །
    སྐབསས་རེར་ཞི་ལི་ལོ་གསུམ་ལྟ་བུར་ངུ་དང་རྒོད་པའི་མཚམས་མི་འཇོག །
    སྐབས་རེར་སྨྲ་བའི་ལྕེ་རྩེ་གནོན་པོས་ལ་ལའི་ཁ་ལྕེ་དུམ་སེ་བཅད། །
    སྐབས་རེར་དྲིས་པའི་ལན་ཡང་མེད་ལ་ལྐུགས་པའི་ཟོལ་གྱིས་བུད་ལ་འགྲོ། །

  17. ཨ་རིག་དགེ་མཐོང་། says:
    2011-06-01 at 7:04 pm

    དངོས་གནས་སྙན་ངག་སྙན་མོ་ཞིག་བྲིས་འདུག་པས་དགའ་བསུ་ཞུ། ཚིག་སྦྱོར་དང་ཚིག་རྐང་རེའི་ནང་དུ་ཧོར་གཙང་འཇིགས་མེད་ཀྱི་སྙན་ངག་གི་ཆ་ཤས་བླངས་འདུག་མོད། མི་སྐྱོན་གི མུ་མཐུད་ནས་འདི་ལྟ་བུའི་སྙན་ངག་བདེ་མོ་རེ་ཕྲིས།

  18. བོན says:
    2011-06-01 at 8:19 pm

    གཞན་ཟེར་ཙམ་མིན་པར་དགེ་འདུན་ཆོས་འཕེལ་གསུངས་ལ་མུ་འཐུད་དུ་ཞིབ་འཇུག་བྱས་པར་ཡི་རང་ཡོད།

  19. རིག་པའི་རལ་གྲི says:
    2011-06-02 at 2:52 am

    དགེ་ཆོས་ཞལ་ལྕེ་བདེ་ཡང་ལག་ལེན་ཞན། །རྣམ་དཔྱོད་མཁྱེན་རྒྱ་ཆེ་ཡང་སྔོན་ལས་སམ། །ཡང་ན་ཐབས་མ་མཁས་པས་དུས་མིན་དུ། །མྱོས་རྫས་སྤྱད་ནས་གཤེགས་པའི་ཚུལ་འདིས་སྐྱོ།

  20. རི་བོང་བློ་ལྡན་ says:
    2011-06-02 at 6:35 am

    རིག་པའི་རལ་གྲི་ལགས།
    ངས་ལྟས་ན་ཁྱེད་ཀྱིས་སློབ་གྲྭ་ཁག་ནང་སྐད་གྲགས་ཆེ་བའི་གཞི་རིམ་འཛིན་གྲྭ་གསུམ་པའི་བོད་ཡིག་སློབ་དེབ་དེ་མཇལ་མེད་པ་འདྲ་འདུག། དེའི་ནང་རི་བོང་བློ་ལྡན་ཆུང་ཆུང་ཞིག་གིས་རང་ལས་སྟོབས་ཤུགས་ལྡབ་མང་པོས་ཆེ་བའི་སེང་གེ་ཞིག་ལ་རིག་པའི་ནུས་རྩལ་གྱིས་ཁྲོན་པའི་ནང་འཕངས་པའི་སྒྲུང་ཞིག་ཡོད།
    མ་ཟད་ཉེ་ཆར་བོད་ནང་སྤྱི་ལོ་༢༠༡༡ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྐབས་བོད་ཕྲུག་ཆུང་ཆུང་ཁག་ཅིག་གིས་རི་བོང་བློ་ལྡན་ཞེས་གླུ་གཞས་སྙན་མོ་ཞིག་ལེན་ཡོད་པ་ལྟར་ན།
    རི་བོང་བློ་ལྡན་རི་བོང་བློ་ལྡན།
    རྣ་ཅོག་རིང་ཞིང་རིང་རིང་རིང།
    སུག་གུ་ཐུང་ཞིང་ཐུང་ཐུང་ཐུང།
    འབའ་འབུར་ལམ་ལ་ཐོགས་པ་མེད།
    སྤྱང་གྲུང་ལྡན་པས་སྤྱང་ཀི་བཏུལ།
    བློ་རིག་གཏམ་གྱི་ངག་རྒྱུན་མང།།
    རི་བོང་ནི་དུད་འགྲོ་གཞན་དང་མི་འདྲ་བར་སོ་སོའི་སྡོད་ཁང་ཁྱི་དང་ཞི་མི་ཚོའི་ནང་བཞིན་མངོན་གསལ་དོད་པོ་མིན་པར་སའི་འོག་ཏུ་སེམས་ཅན་འཚེ་བ་ཅན་གཞན་ཚོའི་འཇིག་པ་ལས་སྐྱོབ་ཆེད་དུ་དྲོད་འཇམ་ལྡན་པའི་ཁང་བུ་བཟོས་ཀྱི་ཡོད་པ་ནི་རི་བོང་གི་རིག་པའི་རྣམ་དཔྱོད་གསལ་པོར་མཚོན་ཐུབ།
    དོལ་སྨྱོན་ལ་མཚོན་ན་ཁོ་རང་གིས་དགེ་འདུན་ཆོས་འཕེལ་སོགས་མི་སྣ་ཁྱད་པར་ཅན་ཚོའི་སྐོར་ལ་རྩོམ་ཡིག་སྙན་མོ་དག་སྤེལ་རུང་དོན་དངོས་སུ་ཁོ་རང་ནི་རི་བོང་ཅལ་འདྲོགས་ཀྱི་སྒྲུང་ལྟར་རིག་པའི་རལ་གྲི་ཡི་སྣང་ཚུལ་དེར་སོ་སོའི་རྣམ་དཔྱོད་དང་རྒྱུ་མཚན་སོགས་ལ་བསམ་གཞིགས་མ་གནང་བར་ཐད་ཀར་རྗེས་སུ་འབྲང་བ་ནི་ཡ་མཚན་ཆེན་པོར་མཐོང།།

  21. དོལ་སྨྱོན། says:
    2011-06-02 at 10:06 am

    ཨ་རིག་དགེ་མཐོང་ལགས་།
    ཁྱེད་ཀྱིས་གསུངས་པ་དངོས་གནས་རེད།
    ཁོ་བོའི་སྙན་ངག་འདི་ཧོར་གཙང་འཇིགས་མེད་ཀྱི་བྲིས་པའི་དགེ་ཆོས་ལ་འཕུལ་བའི་ལེའུ་སྐྱུར་མོ་ཞེས་པ་ལ་དཔེ་བལྟས་ནས་བྲིས་པ་ཡིན། དེ་ནི་དྲང་བདེན་གྱི་སླུས་པའི་སློང་མོ་བ་ཞེས་པའི་དཔེ་དེབ་དེའི་ལེ་ཚན་ཞིག་རེད།

  22. མེ་ཏོག་དཀར་པོ། says:
    2011-06-02 at 11:14 am

    དེབ་དེ་ངས་ཀྱང་ཀློག་མྱོང་། དགེ་ཆོས་ཀྱི་སྐྱོན་ཆེ་ཤོས་ནི་ཀླུ་སྒྲུབ་དགོངས་རྒྱན་བྲིས་པ་དེ་ཡིན་ཚུལ་བཤད་འདུག དེའི་སྐོར་དུས་དེབ་ཅིག་ན་བགྲོ་གླེང་ཡང་བྱས་འདུག་ག

  23. དོལ་སྨྱོན། says:
    2011-06-02 at 11:54 am

    དེ་ནི་ཧོར་གཙང་བུད་མེད་ཀྱི་སྟུ་ཁ་ནས་ཆགས་པས་བཟི་བའམ།
    ཡང་ན་ཆང་ཁང་ནས་ར་ཡིས་བཟི་བའི་སྐད་ཆ་ཞིག་རེད།

    དུས་དེབ་ཅིག་ནས་བགྲོ་གླེང་བྱས་པའི་དུས་དེབ་དེ་པདྨའི་རང་མདངས་ཡིན་ནམ།
    ངས་པདྨའི་རང་མདངས་དུས་དེབ་ཅིག་གི་ནང་།
    དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ལ་ཕུལ་བའི་དྲང་གཏམ་ཡ་ཡོ་མེད་པའི་འཁར་དབྱུག
    ཅེས་པ་ཞིག་མཐོང་བྱུང་།
    ཁྱེད་ཀྱིས་མཐོང་བ་དེ་ཡིན་ནམ།
    མེ་དཀར་ལགས།

  24. མེ་ཏོག་དཀར་པོ། says:
    2011-06-02 at 1:56 pm

    ཨོ་རེད་རེད། དེ་རང་རེད། ལོ་ཤས་སྔོན་ནས་མཐོང་སོང་། དོན་དག་རྣམས་གསལ་པོ་རང་མི་དྲན་ཀི

  25. ལྷོ་མོན་འབྲུག་རིས says:
    2011-06-02 at 3:05 pm

    དོལ་སྨྱོན་ལགས་ དྲན་དབང་ཁོང་ སྐུ་དྲག་རྣམས་པས་རྩེད་མོའི་ཚུལ་གྱིས་འཇིག་རྟེན་ཕྱི་མར་བརྫངས་པའི་ཁུངས་དག་གི་ལོ་རྒྱུས་ཅི་ཞིག་ཡོད

  26. ལུང་རྟོགས། says:
    2011-06-02 at 4:00 pm

    འཇམ་དཔལ་དཔའ་བོའི་ཐུགས་རྗེའི་ཆ་ཤས་སྙིང་ལ་ཞུགས་པའི་བྱིན་རླབས་ཀྱིས། །ཡང་དག་རིག་པའི་འཕྲུལ་འཁོར་བསྐོར་ལ་རྒོལ་བ་གཞན་གྱིས་མི་བརྫི་བ། །གཟུར་གནས་དྲང་པོའི་གནམ་ལྕག་མདའ་མོས་བློ་འཁྱོག་བྲག་རི་ཐལ་བར་བརླགས། །རིགས་པའི་དཔའ་བོའི་མཚན་གྱི་གཅོད་པཎ་སྤྱི་བོར་བཅིང་དེ་སྙིང་ནས་དྲན། །སྙིང་སྟོབས་ཆེན་པོས་ས་མཐའ་བསྐོར་ནས་རིག་པའི་དབྱིག་རྣམས་རུམ་དུ་བསྡུས། །ཤེས་རབ་ཆེན་པོས་གཞལ་བྱའི་གནས་རྣམས་ཕྲ་ཞིབ་རིག་པས་གཏན་ལ་ཕབ། །ལྷག་བསམ་དཀར་པོས་གངས་རིའི་ལྗོངས་ཀྱི་གང་ཕྲུག་རྣམས་ལ་སྐྱེས་སུ་བསྩལ། །མཛད་རྗེས་དཀའ་པོ་སྲིད་པའི་མཐར་ཡང་ནུབ་མེད་གོ་ལའི་རྒྱན་དུ་མཛེས།།

  27. རིག་པའི་རལ་གྲི says:
    2011-06-02 at 5:30 pm

    འཇམ་དཔལ་དངོས་སུ་ཡིད་བུའི་ཡུལ་འདི་རུ། །ཕེབས་ཀྱང་ཚུལ་སྣང་ཅི་ཡོང་ཚོད་དཔག་དཀའ། །འོན་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་ནི། །ངེད་ཀྱི་ངོ་རུ་འཇམ་པའི་དབྱངས་ལས་ལྷག །འཁྲེག་འཛིན་འཁྱོག་འགྲེལ་འབིག་པའི་སྙིང་སྟོབས་དང་། །མུན་པའི་ཆབ་སྲིད་གསལ་བའི་སྒྲོན་མེ་དང་། །བོད་ཁམས་སྐྱོབས་པའི་རིག་རྩལ་ཁྱོད་ལ་ལྡན། །འོན་ཀྱང་དབུ་ནག་སྐལ་བས་མ་ཆུམ་ཐལ། །ཁྱེད་ཀྱིས་རིག་པའི་རྣམ་དཔྱོད་གྲུབ་འབྲས་ཀྱིས། །ད་དུང་ངེད་ལ་ཆོས་དང་ཆབ་སྲིད་ལ། རང་དབང་ཐོབ་པའི་གོ་སྐབས་མ་ཕྲ་བ། །ཡོད་པ་འདི་དག་ཟིན་ཅིག་དྲྭ་གྲོགས་དག

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-03 at 2:30 am

    གང་གི་རྣམ་དཔྱོད་མཚུངས་པ་མེད་པ་དང་བོད་ལ་གཅེས་སེམས་གཏིང་ན་ཡོད་པ་མཁས་དབང་དམ་པ་དགེ་འདུན་ཆོས་འཕེལ་གྱི་གསུང་བྲིས་ངས་རང་ལོ་བཅུ་གསུམ་བཅུ་བཞི་སྐབས་ལ་ཡིན་དུས། ཕ་ཡུལ་དུ་བཀླགས། ཚིག་ཇི་ལྟ་བ་བཞིན་གོ་བ་མེད་ཀྱང་། རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཅེས་པ་དེབ་གཟུགས་སུ་ཡོད་པ་དེ་བཀླགས་ནས། རྒྱ་གར་གྱི་ལུང་པ་དག་གི་བསྔགས་བརྗོད་དང་། མཆོད་རྟེན་རྒྱ་དཔངས་རི་འདྲ་བའི་མཆོད་རྟེན་ཞེས་པ་བཀླགས་ནས། ངོ་མཚར་སྐྱེ་བ་ཡོད། བོད་གཙང་དུ་ཡོད་དུས། དམ་པ་དེའི་གསུང་གང་ན་ཡོད་པ་ཡིན་ད་ལྟ་མི་ཤེས་ཀྱང་། དོན་དག་འདི་འདྲ་ཡིན།

    སླ་བ་ཞིག་དཀའ་བར་བྱས་ཏེ་བཤད་ན། དིང་སང་མི་རྣམས་ཀྱིས་་ངོ་མཚར་དུ་རྩི། དཀའ་བ་ཞིག་སླ་བར་བྱས་ཏེ་བཤད་ན། མི་རྣམས་ཀྱིས་བརྙས་བཅོས་བྱེད།

    ཅེས་གསུངས་ཡོད་པ་འདི་ངོ་མཚར་དུ་བཟུང་སྟེ། དཔེ་ཆའི་རྒན་ལ་འདི་འདྲ་འདུག་ཞུས་པ་ན། ཕལ་ཆེར་བདེན་པ་བས། ཞེས་གསུངས་པ་དྲན། སྟབས་ལེགས་ཀྱིས་ད་ལྟ་ང་ལ་མཁས་དབང་འདིའི་གསུང་འབུམ་ཆ་ཚང་གླེགས་བམ་གསུམ་དང་། དེབ་ཐེར་དཀར་པོ་ལྷ་ས་ཧོར་ཁང་སྤར་མ་བཅས་ཡོད། གོང་གི་བརྗོད་ཚིག་དེ་གཅིག་ཆ་ན་གོང་གསལ་གསུང་འབུམ་ན་ཚེ་རིང་འབྱུང་ན་མཇལ་ངེས་སོ།།

  29. དོལ་སྨྱོན། says:
    2011-06-03 at 7:57 am

    དྲ་གྲོགས་རྣམ་པས་དྲན་དབང་ཁོང་ལ་རྗེས་དྲན་ཞུས་པར་ཐུགས་རྗེ་ཆེ།

  30. དོལ་སྨྱོན། says:
    2011-06-03 at 8:01 am

    ལྷོ་མོན་འབྲུག་རིས་ལགས།
    ཁྱེད་ཀྱིས་མཁས་དབང་ཁོང་གི་ལོ་རྒྱུས་དག་ལ་ཞིབ་འཇུག་ཐེངས་གཅིག་མཛོད་དང་།
    དེ་ནས་གསལ་བོར་མཁྱེན་ངེས་རེད།
    ངས་འདི་ནས་གསལ་བཤད་བྱེད་དགོས་དོན་མི་འདུག

  31. ལྷོ་མོན་འབྲུག་རིས says:
    2011-06-03 at 5:05 pm

    ཨ་ལས་ ད་བྱས་ན་ངའི་བསམ་ཚུལ་དེ་དོན་དངོས་དང་མཐུན་སོང་ ་་ཧཧཧ

  32. སློབ་དཔོན་ཀརྡོ་ says:
    2011-06-03 at 6:24 pm

    བཀྲས་མོང་རཀ་ར་ཐུབ་བསྟན་ཆོས་དར་མཆོག་གིས།
    དགེ་ཆོས་ལགས་ལ།
    དགེ་ལེགས་དཔལ་ཡོན་འབུམ་གྱི་སྐྱེས་ཐོགས་ནས། །
    འདུན་བཟང་ལྷག་བསམ་བ་དན་སྲིད་རྩེར་སྒྲེང་། །
    ཆོས་ཀྱི་དེད་དཔོན་འགྲོ་ལ་ཆོས་མཆོག་སྟོབས། །
    འཕེལ་མཛད་བཤེས་གཉེན་མཆོག་དེར་སྤྱི་བོས་འདུད། །
    ཅེས་པས་འདུད་འདུག་གོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme