Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་དང་དེའི་བརྩམས་ཆོས་ཉི་ཚེ་བ།

Posted on 2011-05-282011-05-28 By ཡེ་ཤེས་ 11 Comments on རྩོམ་པ་པོ་དང་དེའི་བརྩམས་ཆོས་ཉི་ཚེ་བ།

ཀླུ་སྨྱོན།
མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་མི་ཚེ་དེ་དོན་སྙིང་ལྡན་ཞིང་ སྤྲོ་སྣང་འཁོལ་བ་ཞིག་ཡིན་ན་ལོས་འདོད། ཐ་ན་བྱིས་པའི་རྩེད་ར་ཆུང་ཆུང་དེ་ཚོ་ཡང་ཁོ་ཚོའི་སེམས་ཀྱི་མཛེས་སྡུག་ཏག་ཏག་ གིས་བཞེངས་ཤིང་གྲུབ་པར་བྱས་ཡོད་ཅིང་། ཁོང་ཅག་གི་རྩེད་ར་དེ་མཚོ་འགྲམ་གྱི་བྱེ་མའི་ཕུང་པོ་ཞིག་ལས་གྲུབ་ཡོད་ན་ཡང་། ཁོང་ཅག་གིས་དེའི་མ་འོངས་པའི་ཆག་འཇིག་ལ་བསམ་བློ་མི་གཏོང་བར་ཉི་མ་དེ་རིང་དང་ དུས་ཚོད་འདི་རང་ཙམ་གྱི་དུས་ཡུན་ནང་རང་ཉིད་ཀྱིས་བཞེངས་པའི་བྱེ་མའི་ཁང་པ་དང་ རི་བོ་ཆུང་ཆུང་དེ་དག་ཇི་ལྟར་མཛེས་སྡུག་གཟི་འོད་འབར་བ་ཞིག་ཏུ་བཞེང་ཅི་ཐུབ་ བྱེད་པ་རེད།
འོ་ན་ང་ཚོ་སྟེ་རྒན་རབས་པའི་ གྲས་སུ་ཚུད་ཚར་བའི་སྨྱུག་ཐོགས་པ་འདི་དག་གིས་དེ་རིང་བར་དུ་རང་ཉིད་ཀྱིས་བཞག་ པའི་རང་གི་རྐང་རྗེས་ཀྱི་གྲངས་ཀ་དང་དེ་དག་གི་ཟབ་ཚད་ལ་བསམ་བློ་རེ་གཏོང་མྱོང་ ངམ། གལ་སྲིད་ཁྱེད་ཀྱིས་ང་ལ་ལྡོན་པའི་ལན་དེ་ནི་ངས་ཚོད་དཔག་བྱས་པ་དེ་ནོར་མེད་ན་མ་ མྱོང་ཞེས་པ་དེ་རེད། དེ་ནི་ཡིན་སྲིད་པ་ཞིག་སྟེ། འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་སོ་མ་འདི་ཀ་རང་གི་རྒྱུན་སྐྱོང་དགོས་ཞེས་སྔོན་བྱོན་དམ་པ་ཉམས་ མྱོང་ཅན་མང་པོ་ཞིག་གིས་རང་གི་སློབ་བུ་ཡང་སློབ་དག་ལ་གདམས་ཡོད་པས་སོ།།
ང་རང་ལ་མཚོན་ན་ཀ་རྩོམ་ཐན་ཐུན་རེ་འབྲི་དུས་སུ་རྩོམ་པ་པོ་ ཉི་ཚེ་བ་ཞིག་ཡིན་ལ། སྙན་ངག་མེ་ལོང་མར་དཔེར་བརྗོད་འབྲི་དུས་སུ་ཡང་གསར་སློབ་པ་ཉི་ཚེ་བ་ཞིག་དང་། དུས་དེབ་དང་ཚགས་པར་སྟེང་རྩོམ་ཡིག་འདྲ་མིན་སྤེལ་དུས་ད་དུང་རྩོམ་པ་པོ་ཉི་ཚེ་ བ་ཞིག ད་ལྟ་དྲ་ངོས་སུ་གང་འདོད་ཅི་འདོད་དུ་རྩོམ་ཡིག་སྣ་ཚོགས་བྱོ་དུས་སུ་ཡང་སྔར་ བཞིན་ཟིན་བྲིས་པ་ཉི་ཚེ་བ་ཞིག་ལས་ཅི་ཡང་མིན་པར་བསམས་ན། མི་ཞིག་གིས་ལྟ་དུས་གྲོག་མ་ཞིག་ཉིན་གང་བོར་ཡར་རྒྱུགས་མར་རྒྱུགས་བྱས་པ་དེ་ལ་ རིན་ཐང་རྩི་རིན་ཅང་མཐོང་གིན་མེད་པ་དང་འདྲ་བ་འམ། ཡང་ན་མི་རྒན་ཞིག་གིས་བྱིས་པའི་རྩེད་མོ་དག་ལ་སྣང་ཆུང་ངམ་དོ་སྣང་ཅང་མི་བྱེད་ པར་སྡོད་པ་དང་ཧ་ཅང་འདྲ་བར་སྣང་བ་འདི་ནི་ངོ་མ་འཇིགས་སུ་རུང་བ་ཞིག་རེད་ཨང་།
རང་ ཉིད་ཀྱིས་དང་པོར་བཞུ་མར་འོག་ནས་བྲིས་ཏེ་སྣུམ་དཔར་དུ་བཏབ་པའི་རྩོམ་ཡིག་དང་། དེ་རྗེས་དུས་དེབ་དང་ཚགས་པར་ཁང་སོ་སོ་ནས་ལྕགས་པར་དུ་བཏབ་པའི་རྩོམ་ཡིག ད་ལྟ་གློག་ཀླད་དུ་གཏགས་ཏེ་སྐད་ཅིག་མའི་ནང་འཛམ་གླིང་གི་ས་ཕྱོགས་སོ་སོའི་ ཀློག་མཁན་གྱི་མིག་ལམ་དུ་བཤམས་པའི་རྩོམ་ཡིག་སོགས་སྔ་ཕྱི་བར་གསུམ་གྱི་རྩོམ་ ཡིག་དག་མདུན་ཅོག་གཅིག་གི་སྟེང་དུ་བཤམས་ནས་བལྟས་ཚེ། ལོ་ངོ་ཉི་ཤུའི་སྔོན་གྱི་གྱོན་པ་ཞིག་ཡང་བཀྲུ་ཡང་གྱོན་བྱས་པ་ཙམ་ཞིག་གི་འདུ་ ཤེས་ལས་སྐྱེ་རྒྱུ་མེད་པ་འདི་ཅི་ཞིག་གིས་ནོངས་པ་རེད་ཨང་།

སྤྱིར་ན་བོད་ཀྱི་རྩོམ་ རིག་གསར་རྩོམ་གྱི་རླབས་རྒྱུན་འདིའི་ངོས་སུ་གཟི་འོད་སྣ་ཚོགས་ཤིག་འཕྲོས་དང་ འཕྲོ་བཞིན་པ་བདེན་མོད། བཀྲ་ཤིས་ཟླ་བ་དང་ཨ་ལེགས་ལྟ་བའི་སྒྲུང་རྩོམ་པ་སྐོར་ཞིག་དང་ཡི་དམ་ཚེ་རིང་དང་ ཚེ་རིང་དབང་མོ་ལྟ་བུའི་སྙན་ངག་པ་སྐོར་ཞིག་གིས་ང་ཚོར་ཉིན་གུང་གི་ཟས་ཐུན་ གཅིག་ལྟ་བུའི་བསམ་པའི་རྒྱགས་ཕྱེ་སྐོར་ཞིག་སྦྱིན་པ་དེ་བདེན་མོད། རང་སྟེང་ནས་བསམ་བློ་རེ་བཏང་ན་རྩོམ་མཁན་ཕར་ཟད་ཀློག་མཁན་ཤེས་རབ་ཅན་ཞིག་གི་ ངོས་ནས་ཀྱང་འགྲེང་ཐུབ་མེད་པ་ནི་ཇི་འདྲའི་ངོ་གནོང་དགོས་པ་ཞིག་རེད་ཨང་།
དུས་ དེ་རིང་ཡང་འགྱོད་པ་སྐྱེ་དགོས་པ་ཞིག་སྟེ། ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་ལྗན་ལྗིན་ཡོད་ས་ཞིག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་ པའི་སྐུ་པར་ཞིག་མཐོང་ཡང་རང་ཉིད་ཀྱི་གཟན་ཤམ་ལ་ནག་ནོག་འགོས་པར་དོགས་ཏེ་སྐུ་པར་ དེ་བསྒྲུགས་ནས་གཙང་ས་ཞིག་ལ་འཇོག་མ་ཐུབ་པ་དེ་དང་འདྲ་བར། མི་ཁ་དང་འཕྱ་སྨོད་སོགས་ལ་འཇིགས་ཏེ་རང་ཉིད་ཀྱི་ཤེས་རབ་ལས་མཆེད་པའི་མེ་སྟག་ ཆུང་ཆུང་དེ་ཚོ་རེ་རེ་བཞིན་ནམ་ཡང་ཞུ་མི་སྲིད་པའི་འཁྱག་རོམ་རྡོག་པོ་རེ་རེས་ མནན་ནས་འཆི་རུ་བཅུག་པ་དེ་དྲན་ན་ད་དུང་ཤ་འདར་རྒྱག་གིན་འདུག་ཨང་།
མི་ལོ་དུ་མ་ཞིག་གི་སྔོན་རོལ་ཏུ་ང་ལ་བོད་ཀྱི་གྲྭ་པ་རྒན་པ་ ཞིག་གིས་འདི་སྐད་ཟེར་མྱོང་བ་སྟེ། ཁྱོད་ཚོས་རྩྭ་མ་ཟོས་པར་ལྕི་བ་གཏོང་རྒྱུ་ཡོད་པ་མ་རེད། དེ་དུས་ངས་ང་རྒྱལ་གྱི་སྣང་བ་སྦོམ་པོ་དེའི་དབང་གིས་རྒན་ཁོང་ཅག་གི་ཚིག་དེ་ བློ་ལ་གཏན་ནས་མ་སོང་བར་ཟུར་ཟའི་མིག་མདངས་སྐྱུག་བྲོ་བོ་ཞིག་གི་རྒྱབ་ཏུ་སྦས་ བཞག་པ་ཡིན་མོད། ལོ་ངོ་འདི་སྙེད་ཅིག་འདས་པའི་དེ་རིང་རྒན་ཁོང་གི་ཚིག་དེ་དག་ངའི་སེམས་ཀྱི་ གཏིང་རུམ་ཞིག་ནས་སྐྱུར་རྩི་ཅི་བཞིན་ཡང་ནས་ཡང་དུ་འཕྱུར་བཞིན་འདུག་ལ། དེང་སྐབས་དེ་དུས་བཟའ་དགོས་པའི་རྩྭ་ལོ་ལྗང་ཁུ་དེ་དག་ངས་ས་ཕྱོགས་གང་ཞིག་ནས་ཀྱང་རྙེད་མི་ཐུབ་པའི་དུས་ཚོད་དེར་བསླེབས་ཡོད་པ་འདི་ནི་ཇི་འདྲས་འཕྱིས་དྲགས་པའི་ འགྱོད་གདུང་ཞིག་གི་མཐའ་མ་དེ་རེད་ཨང་།
ངའི་ སྒྲུང་རྩོམ། ངའི་སྙན་ངག ངའི་ལྷུག་རྩོམ། ངའི་འཁྲབ་གཞུང་། ངའི་དཔྱད་རྩོམ། འདི་དག་རེ་རེ་བཞིན་རྒྱ་མ་གཅིག་གི་ཕར་ཕྱོགས་སུ་བརྩིགས། ཚུར་ཕྱོགས་དེར་ང་རང་ཉིད་དང་ངའི་ཀློག་མཁན་དག་བཞག་ཚེ། སྲང་གང་གི་ཡང་ལྕི་ཡང་མེད་པར་ཕར་ཚུར་གཉིས་ཀ་འཛུམ་མོལ་ལེ་ལྷོད་ཤིག་གེར་སྡོད་ ཐུབ་པ་འདི་ནི་ཇི་འདྲའི་རྨི་ལམ་སྐྱི་གཡའ་དགོས་པ་ཞིག་རེད་ཨང་།
ཉི་ ཚེ་བ་ཞེས་པའི་གོ་དོན་ནི་ཉི་མ་གཏོང་ཐབས་དང་མི་ཚེ་སྐྱེལ་ཐབས་ཙམ་ཞིག་ལ་གོ་བ་ ཡིན་ན། ང་དང་ང་འདྲ་བའི་རྩོམ་པ་པོ་ཡིན་ཟེར་མཁན་གྲངས་མེད་ཅིག་གི་མི་ཚེ་དང་བརྩམས་ཆོས། བསམ་བློ་དང་མི་གཤིས་སོགས་རེ་རེ་བཞིན་གད་སྙིགས་སུ་གྱུར་ཚར་ནས་སྤྱི་ཚོགས་ལ་ དེ་ཙམ་མཁོ་གལ་མེད་པའི་སྤྱི་ཚོགས་ཀྱི་རྡོག་ཁྲེས་ཆུང་ཆུང་རེ་རེར་སྣང་བ་འདི་དག་ང་ཚོས་ཇི་ལྟར་བརྗེད་ནུས་ཨང་།

གལ་ སྲིད་ངའི་བརྩམས་སྒྲུང་ཞིག་རྒྱ་ཡིག་ཏུ་བསྒྱུར་པ་ཡིན་ན་དེས་ལོ་རྒྱུས་རིང་བའི་ རྒྱ་མི་རིགས་ལ་ངོ་མཚར་གང་ཞིག་བསྐྱེད་ཐུབ་བམ། གལ་སྲིད་ངའི་སྙན་ངག་ཅིག་དབྱིན་ཡིག་ཏུ་བསྒྱུར་པ་ཡིན་ན་དེས་མི་དྲན་དགུ་དྲན་ ལྡན་པའི་ནུབ་ཕྱོགས་ཀྱི་ཀློག་པ་པོ་ཚོར་དགའ་སྡུག་གི་ཚོར་བ་ག་འདྲ་ཞིག་སྤྲོད་ ཐུབ་བམ། གལ་སྲིད་ངའི་དཔྱད་རྩོམ་ཞིག་འཇར་ཡིག་ཏུ་བསྒྱུར་པ་ཡིན་ན་དེས་རིགས་པ་ཤིན་ཏུ་ སྤྱང་བའི་འཇར་པན་པ་ཚོར་བློ་སྐྱེད་ཅི་ཞིག་སྦྱིན་ཐུབ་བམ། ཧ་ཅང་ཀླེན་ལྐུགས་ཡིན་པའི་རང་ཉིད་ལ་དྲི་བ་འདི་དག་མི་འདྲི་ཐབས་མེད་ཡིན་པ་དེ་ རང་ཉིད་ཀྱིས་ཤེས་ཀྱིན་ཡོད་ན་ཡང་། ངས་ནམ་ཡང་རང་ཉིད་ལ་འདི་ལྟར་འདྲི་གཅོད་བྱས་པ་ཞིག་དྲན་གྱི་མི་འདུག་པ་དེ་སུས་ སུ་ལ་བཀག་སྡོམ་བྱས་པའི་འབྲས་བུ་རེད་ཨང་།

འདི་ ལྟར་རང་ཉིད་ཀྱི་ངོ་གདོང་ལ་རང་ཉིད་ཀྱི་མཛུབ་མོ་བཙུགས་ཤིང་། རང་ཉིད་ཀྱི་བརྩམས་ཆོས་ལ་རང་ཉིད་ཀྱིས་སྤྱི་སྡོམ་བརྒྱབ་སྟེ་རང་ཉིད་ཀྱིས་ བརྒྱུད་པའི་ལམ་བུ་དེར་ཕྱི་མིག་ལྟ་ཐེངས་ཀྱི་གྲངས་ཀ་དེ་ཇེ་མང་དུ་གཏོང་ཕོད་པ་ ཡིན་ན། ད་གཟོད་གཞི་ནས་རང་ཉིད་མི་ཞིག་ཡིན་མིན་དང་། རང་ཉིད་རྩོམ་པ་པོ་ཞིག་ཡིན་མིན། རང་ཉིད་སྙན་ངག་པ་ཞིག་ཡིན་མིན་སོགས་ཀྱི་དྲིས་ལན་རེ་རེ་བཞིན་རང་ཉིད་ཀྱི་ངོ་ གདོང་དང་རང་ཉིད་ཀྱི་སྨྱུག་རྩེ་ནས་རྙེད་ཐུབ་ཨང་།

དཔྱད་རྩོམ། Tags:ཨཨ

Post navigation

Previous Post: ཁེར་ རྐྱང་ གི་ གྲིབ་ ནག
Next Post: རོལ་དབྱངས།

Comments (11) on “རྩོམ་པ་པོ་དང་དེའི་བརྩམས་ཆོས་ཉི་ཚེ་བ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2011-05-28 at 5:36 pm

    ཉིད་ནས་ཉི་ཚེ་བའི་ཟིན་བྲིས་དང་སྨྱུག་ཐོག་པ་དེ་དག་ལ་དངོས་ནས་བརྡ་ཡག་པོ་ཞིག་བརྒྱབས་འདུག ད་ཡང་ཉིད་རང་སྔར་བཞིན་དྲ་ཐོག་གི་རྩོམ་ཡིག་ལ་འཇུ་བཞིན་པ་དེར་དགའ་གུས་ཡོད་ལགས།

  2. ལ་སྟོད་བུ། says:
    2011-05-28 at 6:03 pm

    ཀླུ་སྨྱོན་ལགས་ཉི་ཚེ་བ་ཞེས་པ་ནི་ཕྱོགས་རེ་བ་དང་རྐྱང་པ་བ།
    དཔེར་ན་དམྱལ་བ་ཉི་ཚེ་བ་ཞེས་པ་ནི་དམྱལ་བ་ཚ་དམྱལ་བཅུ་དྲུག་གི་བར་ན། ཉི་ཚེ་བ་ཞེས་པ། ཚེ་གཅིག་ལ་སྡུག་བསྔལ་གཉིས་དུས་གཅིག་ཏུ་འབྱུང་བའི་དམྱལ་བའོ། དེ་ཡང་ལུས་གཅིག་གིས་སྡུག་བསྔལ་གཉིས་བསྡུད་པས་ན་ཉི་ཚེ་ཞེས་ཀྱང་བརྗོད།

  3. བོན says:
    2011-05-28 at 6:17 pm

    དམྱལ་བ་ཉི་ཚེ་བ་ནས་སླར་དྲ་སྟེང་དུ་ཡོང་བ་ཡོད་ཨང་།

  4. འབྲོང་བུ་སོག་ཚ། says:
    2011-05-28 at 11:27 pm

    དྲྭ་གྲོགས་ཚོ་མྱལ་བ་ཉེ་ཚེ་བའི་སྡུག་བསྔལ་མང་པོ་མ་ཤོད། དེ་མང་པོ་བཤད་ན། དེང་སང་གི་བླ་མིང་འཆང་བ་དང་། སྔགས་མིང་འཆང་བ་རྣམས་དེར་འགྲོ་རྒྱུར་ཚང་ཁ་ཤིག་ཤིག་གིས་ཐོངས་མཆན་ལེན་བཞིན་པ་རེད།

  5. སྤོབས་པ་མཐའ་ཡས། says:
    2011-05-29 at 3:56 am

    མ་འགྲིགས་པ་ངོ་མ་དེ་ང་ཚོས་ཤེས་བྱ་རིགས་གཅིག་གི་སྟེང་ལ་ཞིབ་འཇུག་སློབ་གཉེར་མ་བྱས་ནས་ཡར་མར་སྣེ་མང་པོ་ཞིག་ལ་འཇུས་བསྡད་ནས་ཚང་མར་ཕུགས་མེད་པ་ལྟ་བུ་ཞིག་ཆགས་ཡོང་གིན་འདུག ང་ཚོ་མང་པོ་ཞིག་འཁྱམས་པོ་སྡོམ་པོ་ཆགས། དཔལ་འབྱོར་གྱི་སྟེང་ནས་ཀྱང་རང་རྐང་མི་ཚུགས་པར་རྟག་ཏུ་ལས་ཀ་དཀའ་ལ་ཡོངསྒོ་ཉུང་བའི་ངང་ནས་དུས་ཚོད་གྲོན། རང་ཉིད་ཀྱི་དགའ་ཕྱོགས་དང་འཇོན་ཐང་ལ་དཔག་པའི་རྒྱབ་སྐྱོར་བྱེད་མཁན་གྱི་གཞུང་དང་སྒྲིག་འཛུགས་ཟེར་བ་ཡང་མེད། ཆུང་དུས་སུ་དགེ་རྒན་དང་ཕ་མ་སོགས་དུས་དང་མཐུན་པའི་ཉམས་མྱོང་ལྡན་པའི་སློབ་གསོ་སྤྲད་མཁན་ཡང་མེད་པ་སོགས་ཀྱི་འགྲིགས་མི་འདུག གནས་སྟངས་དཀའ་ངལ་ཅན་འདི་འདྲ་ཞིག་གི་འོག་ཏུ་མི་ཕལ་བ་ཞིག་གིས་བྱས་རྗེས་འཇོག་གིན་ཡིན་ཟེར་བ་དེ་ཁག་པོ་ཆགས་འདུག ད་ང་ཚོར་རེ་བ་ཞིག་ཆེར་མི་འདུག ད་ང་ཚོས་རང་ཉིད་བློས་བཏང་གིས་མི་རབས་ཕྱི་མའི་ལས་དོན་ལ་འབད་འབུངས་བྱ་དགོས་པའི་དུས་ལ་བབ་འདུག

  6. ཀླུ་སྨྱོན། says:
    2011-05-29 at 4:21 am

    རེད་ལགས། རིགས་གཅིག་རྐང་འཛིན་ཟེར་བ་དེ་ཧ་ཅང་ཉུང་ཉུང་ཞིག་ལས་མི་འདུག བོད་ནང་དུ་བོད་ཡིག་གི་སྟེང་ནས་འབུམ་རམས་པའི་ཐོབ་ཐང་ལེན་མཁན་ཇེ་མང་ནས་ཇེ་མང་རེད། ཕྱི་རོལ་ནས་ཤེས་རིག་ལས་ཁུངས་ཚང་གི་ཉམས་ཞིབ་སློབ་ཡོན་དེ་ཡང་ལག་ལ་ཡོང་རྒྱུ་དཀའ་མོ་ཞིག་འདུག ཕྱི་རོལ་ན་དཔྱད་བརྗོད་དང་སྒྲུང་རྩོམ་པ་སྙན་ངག་པ་སོགས་ཚད་ལྡན་མི་འདུག་ལབ་ན་ཆོག་གི

  7. གཅན་བཟོད་རྒྱམ། says:
    2011-05-29 at 5:10 am

    ཀླུ་སྨྱོན་རྩོམ་ཡིག་འདིས་ངའི་རྩོམ་འབྲི་ལ་ཚད་བཀག་ཐེབས་སོང་། སྨྱུ་གུ་སྒུལ་བར་ཚད་བཀག་ཐེབས་སོང་། ངོ་མ་རང་གིས་བྲིས་པའི་རྩོམ་ཡིག་ཡིན་མདོག་དེ་ཚོར་ཕྱིར་ལྟ་བྱེད་རྒྱུར་ནོངས་ཀི་འདུག ད་དུང་དུས་ཚོད་དེ་དང་དེའི་སྐབས་དེ་ཤེད་དུ་རྩོམ་ཡིག་ཅིག་ཕྲིས་སོང་སྙམ་ནས་རང་སེམས་རང་གིས་གསོས་པར་འགྱོད་པ་སྐྱེས་སོང་། སྐྱོ་བ་སྐྱེ་སོང་།

    སྤོབས་པས་བཤད་པ་འདི་ཡང་སེམས་ལ་ཧ་ཅང་བབས་སོང་། ང་ཡང་བཙན་བྱོལ་བོད་གཞུང་གིས་སློབ་ཡོན་ཅུང་ཙམ་རེ་སྤྲད་དེ་(རིགས་གཅིག་རྐང་འཛིན་)བྱས་མྱོང་མཁན་ཞིག་ཡིན་མདོག་རེད་པས། དོན་འབྲས་སོན་པ་ཞིག་ཕར་ཟད། ཐ་ན་རང་གིས་ལོ་གསུམ་བཞི་ཞིག་ལ་དཀའ་སྡུག་གིས་བྲིས་པ་དེ་ཚོ་ཡིག་སྙོག་གི་ནང་དུ་ལྷག་ཡོད། མཚམས་རེར་ཤོག་སྙིགས་སུ་འགྱུར་མི་ཡོང་ངམ་སྙམ་ནས་སེམས་འཚབ་འདྲ་ཡང་ཡོང་གི་འདུག
    ད་ནི་ངེད་ཚོར་ཕན་ཚུན་ལ་ཁག་དཀྲི་རེས་བྱས་དེ་མཐའ་མིའི་གྲུབ་དོན་དེ་ཡང་ཁག་དཀྲི་རེས་བར་མ་དོར་ལྷག་བསྡད་ཡོད་པ་རེད།

  8. འདྲེ་མགོ་རྡོ། says:
    2011-05-29 at 5:26 am

    ད་ནི་ཀླུ་སྨྱོན་གྱིས་རང་ངོ་རང་གིས་མཐོང་བ་ཡིན་མདོག་ལའང་། ཉིན་ཁ་ཤས་ཀྱི་རྗེས་ནས་ཡང་བསྐྱར་ཉི་ཚེ་བ་དག་སྐྱག་པ་བཏང་བཏང་མི་བྱེད་པ་ཅི་ལ་སྲིད།

    གང་ལྟར་མི་ཚེ་གཅིག་ལ་ཡི་གེ་བྲིས་པ་ཡི།། བྲིས་པའི་དོན་ལ་ལག་རྗེས་མ་ཞོག་པའི་རྒན་པ་འདི་འདྲ་ཁ་ཤས་ཡོད་པ་རེད།
    ཡིན་ནའང་། ད་སེམས་མ་འཚབ། བླ་མ་འདྲ་ཞིག་བྱེད་ཐུབ་སོང་ན་འགྲིག་ག

  9. སྐལ་བཟང་ཉི་མ། says:
    2011-05-30 at 3:40 am

    རྒན་ཀླུ་སྨྱོན་ལགས་ཀྱི་རྩོམ་ཡིག་འདི་ཧ་ཅང་ཡིད་ལ་འཐད་ཀི་ སྤོབས་པ་མཐའ་ཡས་དང་གཅན་བཟོད་རྒྱམ་གཉིས་ཀྱི་མཆན་ཡང་སེམས་ལ་ཟུག་སོང་། ངོ་མ། ང་ཚོའི་རྩོམ་པ་པོ་དང་ཞིབ་མཇུག་པ་རྒན་པ་ཚོའི་ཁྲོད་ན་རིགས་གཅིག་རྐང་འཛིན་པ་མེད་རྐྱེན། ཕྱི་རབས་པ་དག་ལ་མཚོན་ན་རང་གི་བརྗོད་གཞིའི་ཐད་ནས་དྲི་བ་རེ་འདོན་སའང་མི་རྙེད་པའི་ཚོད་རེད། འཚོ་བ་ཁ་འཐོར་དུ་སོང་བའི་མི་རིགས་དང་སྤྱི་ཚོགས་འདི་འདྲ་ཞིག་ལོས་ཡིན། འེ་ན།

  10. མིག་བརྒྱད་པ། says:
    2011-06-02 at 9:35 am

    ཨ་ཁུ་གླུ་སྨྱོན་གྱིས་འཆི་བ་མི་རྟག་དྲན་པའི་སྐོར་ལ་ཡག་པོ་བྲིས་འདུག འཆི་བ་མི་རྟག་པ་བསྒོམ་པ་འདི་ཆོས་ཉམས་ལེན་གྱི་རྨང་རྡོ་ལྟ་བུ་ཆགས་ཡོད། མི་རྟག་པའི་འདུ་ཤེས་ནི་འདུ་ཤེས་ཐམས་ཅད་ཀྱི་མཆོག་དང་བླ་ན་མེད་པ་མདོ་དུ་མ་ནས་གསུངས་ཤིང་། གཟུངས་འདུས་ཀྱི་འཕགས་པ་ལྗོན་ཤིང་གི་མདོ་ལས། བསམ་པ་མེད་པར་ཉལ་ཏེ་གཉིད་ལོག་ན།།འཇིག་རྟེན་འདི་ཡི་ཉི་མ་སྒོ་རུ་ནུབ།།རང་གིས་རང་ལ་བཞེངས་བསྐུལ་མ་བཏང་ན།།དེ་ལ་བཞེངས་བསྐུལ་འདེབས་པ་སུ་ཞིག་ཡོང་། །ཞེས་དང་། ལོ་བརྒྱ་ཐུབ་པའི་གོས་ཡོད་ཀྱང་།།ཤི་བའི་ནང་བར་གཅེར་བུར་འགྲོ།།ལོ་བརྒྱ་ཐུབ་པའི་ཟས་ཡོད་ཀྱང་།།ཤི་བའི་ནང་བར་ལྟོགས་པར་འགྲོ།།ཞེས་པ་སོགས་མི་རྟག་དྲན་སྐུལ་དང་ཆོས་ལ་འཇུག་ཚུལ་སོགས་གོ་སླ་བོར་གསུངས་འདུག ང་ལྟ་བུའི་གྲོང་ཆོག་པ་ཚོས་གཟུངས་འདུས་ཚར་མང་པོར་བཏོན་ཡོད་ཤག་ལ་གཟུངས་སྔགས་དེ་ཚོ་བྱིན་རླབས་ལོས་ཡོད་ཀྱང་དངོས་གནས་སེམས་ལ་ཕན་པོ་ནི་འཕགས་པ་ལྗོན་ཤིང་གི་མདོ་རང་རེད་འདུག མདོ་འདི་ཚར་གཅིག་ཀློག་དང་སེམས་ལ་ཏན་ཏན་ཕན་ངེས་ཡིན། སྤྱིར་བཏང་འཆི་བ་དྲན་པ་ཙམ་ནི་འཇིག་རྟེན་རང་ག་བ་ལ་ཡོང་ཆོག་པ་ཞིག་ཡིན་མོད། འཆི་བ་མི་རྟག་པ་དྲན་པའི་བློ་དེ་ལས་སླ་པོར་སྐྱེས་ཐུབ་པ་ཞིག་ག་ལ་ཡིན་ཏེ། དེའི་སྔོན་དུ་སྐྱེ་བ་སྔ་ཕྱི་རིགས་པས་གྲུབ་དགོས་པ་དང་། མངོན་མཐོ་དང་ངེས་ལེགས་ཀྱི་རྩ་བ་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་ན་འཆི་བ་མི་རྟག་པ་བསྒོམ་པ་དོན་མེད་དུ་འགྱུར་བ་ནི་ལ་སྟོད་བུས་དཔེ་མཚོན་བགྲང་བ་དེས་ཤེས་ཐུབ། མགོ་སེར་ཚོ་ནི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་དེ་ཙམ་མེད་པ་ནི་ཁག་མེད་དོ།། ཁོ་ཚོའི་ཡིད་ཆེས་བྱེད་ས་གཙོ་བོ་ཚན་རིག་ཡིན་དུས་ཚན་རིག་པ་ཚོས་སྐྱེ་བ་སྔ་ཕྱི་འཇོག་ཐུབ་གི་ཡོད་པ་མ་རེད། མི་དང་རྩི་ཤིང་ལ་life ་ཡོད་པ་གཅིག་མཚུངས་སུ་ཁས་ལེན་པ་དང་སྲོག་ལྡན་ཞིག་ཡིན་ན་ཟས་ལ་བསྟེན་དགོས་པ་དང་ཁོར་ཡུག་ལ་བསྟེན་དགོས་པར་བཤད་ཀྱིན་ཡོད་པས་དང་པོར་སྐྱེས། བར་དུ་གནས། མཐའ་མར་ཤི་ཚར་ནས་སླར་སྐྱེ་བ་ལེན་རྒྱུ་མེད་པར་འདོད་དོ། མཁས་གྲུབ་ཆོས་རྗེས། ༼ཇི་སྲིད་སྐྱེ་བ་སྔ་ཕྱི་ཡོད་པར་རིག་སྟོབས་ཀྱིས་མ་ངེས་པ་དེ་སྲིད་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་སྒོ་འགེགས་ཏེ་འདུག་པ་ཡིན་ནོ།། ༽ཞེས་གསུངས་པ་ལྟར་ཡོན་ཏན་ཐམས་ཅད་སྐྱེ་བ་སྔ་ཕྱི་ཚད་མས་ངེས་པ་རྙེད་པའི་སྟེང་ནས་ཡོང་དགོས་པ་གསུངས་འདུག རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་ནི་ཆད་རྒྱུ་མེད་ལ་སྔ་མ་ནས་འདིར་འོངས་ཤིང་འདི་ནས་ཕྱི་མར་འགྲོ་མཁན་དེ་ཡིན་པས་ནམ་མཁའ་ཇི་སྲིད་པར་གནས་པ་ཡིན་པ་དང་།།གསང་སྔགས་ཀྱི་སྐབས་རྣམ་ཤེས་ཕྲ་རགས་མང་པོ་ཞིག་དབྱེ་བ་ཕྱེ་དགོས་པའི་གནད་དོན་ཡང་དེ་ལ་ཐུག་ཡོད་སྙམ། འོ་ན། ད་ལྟའི་བློ་ལུས་གཉིས་འཕེན་བྱེད་ལས་གཅིག་གིས་འཕངས་པ་མ་རེད་དམ་ཟེར་ན། སྒོ་ལྔའི་རྣམ་ཤེས་ནི་ལས་ཀྱི་འཕངས་འབྲས་ཡིན་ཀྱང་ཤིན་ཏུ་ཕྲ་བའི་སེམས་ནི་ལས་ཀྱི་འཕངས་འབྲས་མ་ཡིན་ཏེ།ཐོག་མ་མེད་པ་ནས་འོངས་མཁན་་གྱི་རྣམ་ཤེས་ནི་གཉུག་སེམས་ཕྲ་མོ་དེ་ཡིན་པས་སོ།།ད་ལྟའི་ཚེ་སྲོག་གི་ལས་ཀ་བྱེད་མཁན་ནི་སྒོ་ལྔའི་རྣམ་ཤེས་ཡིན་པ་ལས་གཉུག་སེམས་མ་ཡིན། ནམ་ཞིག་འཆི་བ་འོད་གསལ་འཆར་བའི་ཚེ་གཉུག་མའི་སེམས་མངོན་དུ་གྱུར་ཏེ་བྱ་བ་བྱེད་ཀྱི་ཡོད། དེས་ཚེ་ཀུན་རྫོབ་ཀྱི་སྣང་བ་རགས་པ་ལོག་ནས་སྟོང་སང་ངེ་བ་ཞིག་ཤར་བ་དེ་ལ་སྟོང་བ་བཞིའི་རྣམ་གཞག་བཤད་ཀྱི་ཡོད། འདི་ལྟ་བུའི་རྣམ་ཤེས་ཕྲ་རགས་ཀྱི་གནས་སྟངས་ཡག་པོ་ཞིག་ཤེས་ཐུབ་པ་ཡིན་ན་འཆི་བ་མི་རྟག་པ་དྲན་པ་དང་ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ལས་ཉོན་གྱིས་རང་དབང་མེད་པར་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་ཚུལ་མང་པོ་ཞིག་ནང་པ་སངས་རྒྱས་པའི་གཞུང་ནས་བཤད་པའི་དེ་ལ་རྒྱུ་མཚན་མཐོང་བའི་དཔྱོད་ཤེས་ཡོད་པར་འགྱུར། དེ་མིན་བདེ་བ་ཐམས་ཅད་སྟུ་འགོ་དང་མཇེ་འགོ་ལ་བཞག་ཚེ་གནས་ལུགས་འདི་དག་བཤད་ས་མི་འགྲོ་བ་མ་ཡིན་ནམ། ཧ་ཧ།

  11. མེ་ཏོག་དཀར་པོ། says:
    2011-06-02 at 2:20 pm

    འཇིག་རྟེན་འདྲེན་པ་རང་རྒྱལ་སློབ་མའི་ཚོགས། །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །དྭངས་པའི་མཁའ་ལ་སྔོན་མེད་རི་བོང་འཛིན། །རྒྱུ་སྐར་ཕྲེང་བ་རྣམས་ཀྱིས་བསྐོར་བཞིན། །ལྷམ་མེ་ལྷང་ངེ་ལྷན་ནེར་གསལ་བ་ཡང། །མེ་རྟག་མྱ་ངན་འདའ་ཚུལ་སྟོན་མཛད་ཅིང་། །བསྟན་པ་རིན་ཆེན་ཉི་མ་དཔག་མེད་ཀྱང་། །སྔོན་རབས་སྔོན་རབས་ནུབ་པར་གྱུར་ལ་ལྷོས། །ཆུ་ཤིང་སྙིང་པོ་མེད་འདྲ་རང་གི་ལུས། །སྒྱུ་མའི་ཁང་པ་འདྲ་བ་ཅིས་མི་འཇིག །
    འདི་ཡང་མི་རྟག་པ་བསྒོམ་ཚུལ་ཞིག་རེད་དོ། །ཀློང་ཆེན་གསུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme