Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཚང་གཅིག་གི་མནར་སྡུག

Posted on 2011-05-142011-05-14 By ཁ་བརྡ་ 14 Comments on མི་ཚང་གཅིག་གི་མནར་སྡུག

1hgyvjf
ཀིརྟིའི་བྱེས་པ་གྲྭ་ཚང་གིས་བོད་གནས་འབྲེལ་མཐུད་པས།

རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་གི་དགེ་རིག རང་ལོ་ ༦༠ ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་མཚན་མོའི་དུས་ཚོད་ ༡༡།༤༠ ཙམ་ལ་རྔ་པ་རྨེའུ་རུ་མའི་ནང་ནས་འཛིན་བཟུང་བྱས་ཏེ་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཡོང་གི་མེད་འདུག ཁོང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་བོད་ནང་གི་གནས་ཚུལ་མང་པོ་ཞིག་དང་ལྷག་པར་ཉེ་ཆར་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ། ད་ཐེངས་ཀྱི་བཀག་ཉར་འདི་ནི་ཁོང་བཀག་ཉར་བྱས་པ་ཐེངས་གསུམ་པ་ཡིན་ཞིང་། ཕྱི་ལོ་ ༡༩༩༨ ལོར་བོད་དོན་དང་འབྲེལ་བའི་ཡི་གེ་སྦྱར་འགྲེམས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་གིས་ཟླ་ ༡ ལྷག་རིང་བཀག་ཉར་བྱས་པ་དང། ཕྱི་ལོ་ ༢༠༠༨ ལོར་ཡང་བོད་གནས་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེང་སྐབས་ཤེས་རྟོགས་བྱུང་བར་ཁོང་དང་གྲྭ་པ་དགུ་ལ་ད་ལོའི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་ཆེ་ཤོས་ཀྱི་ཞྭ་མོ་གཡོགས་ནས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་གིན་ཡོད་པ་དང།
ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་གཟའ་ཟླ་བུ་ཕྲུག་དང་ཉེ་འབྲེལ་སོགས་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་འདུག་པ་ནི།
འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ཁོང་གི་གཟའ་ཟླ་དོན་ཁོ། རང་ལོ་ ༥༧ ཡིན་པ་འཛིན་བཟུང་གིས་ཉིན་ཤས་རིང་བཀག་ཉར་བྱས་པ་དང་དེའི་རིང་གཅར་རྡུང་དྲག་པོ་བཏང་ཞིང་། ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཁོང་གི་བུ་མོ་མེ་ཏོག རང་ལོ་ ༢༣ ཡིན་པ་འཛིན་བཟུང་གིས་ཕྱི་ཟླ་ ༤ ཚེས་ ༢ བར་བཀག་ཉར་བྱས་པ་དང། ཉིན་དེར་ཁོང་མོ་གློད་གྲོལ་སྐབས་བཀག་ཉར་ཁང་དུ་གཅར་རྡུང་དྲག་པོ་བཏང་སྟེ་གསོན་པའི་རེ་བ་མེད་པ་ལྟ་བུར་བཟོས་ཡོད་ཅིང་། སྨན་ཁང་དུ་བསྟེན་གཏུག་བྱེད་རྒྱུར་ས་གནས་སྲིད་གཞུང་གིས་བཀག་འགོག་བྱས་ཏེ་སྨན་བཅོས་མཐུན་རྐྱེན་གཏན་ནས་མ་རག་པར་ད་ལྟ་ཡང་ཉལ་སར་ལྷུང་ནས་ཡོད་ཅིང་།
མོའི་གཟུགས་པོ་ཡོངས་ལ་སྔོ་ཏིག་དང་རྨ་ཁས་ཁེངས་ཤིང་། ཀླད་པ་ཡང་རྒྱུན་ལྡན་མ་ཡིན་པ་ཞིག་ཆགས་ཡོད་འདུག
བུ་མོ་མེ་ཏོག་ལགས་ནི་ཕྱི་ལོ་ ༢༠༠༨ ལོར་ཡང་རྒྱ་གཞུང་གིས་བཀག་ཉར་འོག་དཀའ་སྡུག་མནར་གཅོད་ཧ་ཅང་མང་པོ་མྱངས་མྱོང་མཁན་ཞིག་ཡིན་ཞིང། ཉེ་ཆར་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་ཕ་དགེ་རིག་གིས་ཕྱི་ཕྱོགས་སུ་མི་སུ་ལ་འབྲེལ་བ་བྱེད་ཀྱིན་ཡོད་མེད་རྩད་གཅོད་བྱེད་ཆེད་ཡིན་འདུག་ལ། ཁོང་མོས་མོ་བསད་ཀྱང་གང་ཡང་མི་ཤེས་ཞེས་པའི་ལན་གཅིག་པུ་བཏབ་རྐྱེན་དེ་ལྟར་ཚད་ལས་བརྒལ་བའི་གཅར་རྡུང་མནར་གཅོད་ཕོག་པ་ཞིག་ཡིན་འདུག
གཞན་ཡང་། དགེ་རིག་དང་ཉེ་འབྲེལ་ཡོད་པའི་སྐྱ་སེར་མང་པོ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱེད་ཉེའི་མཚམས་བྲོས་བྱོལ་བྱས་ཡོད་ཀྱང་དེ་ནས་བཟུང་ཁོང་རྣམས་ཀྱི་གནས་ཚུལ་གང་ཡང་འབྲེལ་ཡོད་ཚོས་ཤེས་རྟོགས་ཡོང་གི་མེད་འདུག་པས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མིན་ནམ་སྙམ་པའི་སེམས་ཁྲེལ་ཡོང་གི་ཡོད་འདུག དགེ་རིག་དང་དོན་ཁོ་གཉིས་ཀྱི་བུ་མོ་ཞིག་སློབ་གྲྭའི་ནང་ཡོད་པ་དེས་ཀྱང་བཀའ་དྲིན་ཆེས་ཆེ་བའི་དགེ་རྒན་དང་སློབ་གྲོགས་རྣམས་དང་དེ་བཞིན་སློབ་གྲྭ་བཅས་བློས་བཏང་ནས་ཉེན་ཡོལ་དུ་འགྲོ་དགོས་བྱུང་འདུག དགེ་རིག་གི་གཟའ་ཟླ་དོན་ཁོའི་ཚ་བུ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང། རང་ལོ་ ༢༤ ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ རྗེས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་སོགས་དགེ་ཚང་དང་དགེ་ཚང་གི་གཉེན་ཉེ་འབྲེལ་སོགས་ལ་དེང་སྐབས་དཀའ་ངལ་ཧ་ཅང་མང་པོ་ཞིག་འཕྲད་བཞིན་ཡོད་འདུག
དེང་སྐབས་ཀིརྟིའི་དགོན་པའི་ནང་ལ་གྲྭ་ཤག་རེ་རེ་བཞིན་དྲག་ཆས་དམག་དཔུང་དང་དམིགས་བསལ་ཉེན་རྟོག་པ་སོགས་དང་།
དེ་མིན་གཟུགས་དང་སྒྲ་ལེན་འཕྲུལ་ཆས་བཅས་ཀྱིས་ཕྱི་ནང་ཀུན་ལ་དམ་དྲག་སྔར་བཞིན་ཡོད་མུས་དང་། དེང་སྐབས་དགོན་པའི་ནང་མེད་པའི་གྲྭ་པ་རྣམས་ཀྱི་མིང་གསལ་བསྒྲགས་བྱས་ཏེ་ཁོང་ཚོ་ད་ནས་བཟུང་དགོན་པའི་ནང་ཕྱིར་ཡོང་གཏན་ནས་མི་ཆོག་ཚུལ་དང། དེ་བཞིན་གྲྭ་ཤག་སྟོང་པ་རྣམས་ཀྱི་སྒོ་ལ་(སྒོ་ཕྱེ་མི་ཆོག་)ཅེས་པའི་ཡི་གེ་སྦྱར་ཏེ་ད་ནས་བཟུང་ཁང་པ་འདིའི་བདག་པོ་ཕྱིར་ཁང་པ་འདིའི་ནང་ལ་ཡོང་མི་ཆོག་ཚུལ་སོགས་ཀྱི་གསལ་བསྒྲགས་ཡི་གེ་མང་པོ་སྦྱར་བཞིན་ཡོད་འདུག དགོན་པ་བཀག་སྡོམ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་རྒྱུའི་དུས་ཡུན་ཐོགས་མའི་ཐག་གཅོད་ཟླ་བ་གསུམ་ཡིན་ཡང་ད་ལྟའི་རྣམ་འགྱུར་ལ་བལྟས་ན་དེ་ལས་རིང་དུ་གཏོང་དགོས་སྐོར་ཡང་དང་བསྐྱར་དུ་བརྗོད་ཀྱིན་ཡོད་འདུག་ལ། དེང་སྐབས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་མཁན་དུ་རིམ་པ་སོ་སོའི་ལས་བྱེད་པ་སྟོང་ཕྲག་བརྒལ་བ་དགོན་པའི་ནང་རྒྱུན་དུ་ཡོང་བཞིན་པ་དང། གྲྭ་ཤག་རེ་རེ་བཞིན་དུ་ལས་བྱེད་པ་དང་ཉེན་རྟོག་པ་དམག་མི་བཅས་ཀྱིས་སློབ་གསོ་ཟེར་བ་བཙན་དང་དབང་གིས་སྤེལ་མུས་སུ་ཡོད་པར་མ་ཟད། ཕྱི་ཟླ་ ༥ ཚེས་ ༦ ནས་ད་བར་གྲྭ་པ་ ༢༠ ལྷག་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ཚུལ་འདུག་ནའང་དགོན་པའི་ནང་དམ་དྲག་བྱེད་ཤུགས་ཆེ་བའི་དབང་གིས་རེ་རེ་བཞིན་ཤེས་ཐབས་མ་བྱུང་བ་བཅས།

གསར་འགྱུར།

Post navigation

Previous Post: ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བ། །
Next Post: བྱེས་ཀྱི་དྲ་ཚིགས་དག་ལ་རེ་སྐུལ་ཞིག་ཞུས་ན།

Comments (14) on “མི་ཚང་གཅིག་གི་མནར་སྡུག”

  1. ལ་རྒྱའི་བདག་པོ། says:
    2011-05-15 at 10:52 am

    འདི་ནི། ཁྱིམ་ཚང་གཅིག་གི་དཀའ་སྡུག་མིན་པར་བོད་མི་རིགས་ཀྱི་དཀའ་སྡུག་ཅིག་རེད་ཡ། འདི་ནི་ཁྱིམ་ཚང་གཅིག་གི་ཆག་སྒོ་མིན་པར་བོད་རིགས་ཚང་མའི་སེམས་ཀྱི་རྨ་ཁ་རེད་ཡ། འདི་ནི། ཁྱིམ་ཚང་གཅིག་ལ་གཉའ་གནོན་མིན་པར་ཁ་བ་གངས་ཅན་པར་བཙན་འཛུལ་ཞིག་རེད་ཡ། འདི་ནི། ཁྱིམ་ཚང་གཅིག་གི་སྡུག་བསྔལ་མིན་པར་བོད་རིགས་ཚང་མའི་སྡུག་བསྔལ་ཞིག་རེད་ཡ།
    བཀའ་དྲིན་ཆེ། ཁྱིམ་ཚང་འདིའི་བློས་བཏང་ནི། བོད་ཀྱི་ལོ་རྒྱུས་ཀྱིས་བརྗེད་ཀི་མ་རེད།
    ཐུགས་རྗེ་ཆེ། ཁྱིམ་ཚང་འདིའི་ཆོད་སེམས་ནི། བོད་མི་རིགས་ཀྱིས་སེམས་ལ་ཉར་གི་རེད།
    ཡི་རངས་ཡོད། ཁྱིམ་ཚང་འདིའི་རིགས་ཞེན་ནི། བོད་ཀྱི་ལར་ཞེན་ཉག་ཅིག་རེད་ལགས།

  2. དགེ་འདུ་ཚང་ says:
    2011-05-15 at 6:57 pm

    ལ་རྒྱ་བའི་བཤད་པ་བཞིན་རེད་ཡ་་་་་་འདི་ནི་ཁྱིམ་ཚང་གཅིག་ལ་བཅར་རྡུང་བྱས་པ་མིན་པར་་་བོད་མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་མཁན་ཚང་མ་ལ་བཅར་རྡུང་བྱས་པ་ཞིག་ཡིན་ལ་་་ཁྱིམ་ཚང་འདིར་བཟོས་བའི་རྨ་ཁ་དང་མིག་ཆུ་ནི་་རྒྱ་དམར་ལ་མི་དགའ་ཞིང་ཡིད་ཆེས་མི་བྱེད་མཁན་ཚང་མར་བཟོས་པའི་ན་ཚ་ཞིག་ཡིན་་་ཁྱིམ་ཚང་འདིར་འགྲོ་འདུག་དང་རང་དབང་ཡོད་ཚད་བཀག་པ་ནི་་་བོད་ལྭ་གྱོན་ཞིང་བོད་སྐད་བཤད་མཁན་ཚང་མ་མི་མིན་པའི་འདུ་ཤེས་བཟུང་ཡོད་པའི་བདེན་དབང་ཞིག་རེད་ཡ་་་་་་་་ཁོང་ཚང་གི་དཀའ་ངལ་འདིར་མིག་ཆུ་དང་བཅས་རང་དབང་ངང་བཟའ་མི་མཉམ་འཛོམས་ཡོང་བའི་སྨོན་ལམ་ཡོད་་་
    ་

  3. སྟག་སྨྱོན། says:
    2011-05-15 at 8:29 pm

    གོང་གི་མི་ཚང་མ་གཙོ་བོ་ཕྱི་ལོགས་སུ་གནས་ཚུལ་བཏང་བའི་དོགས་གཞིའི་འོག་འཛིན་བཟུང་མནར་གཅོད་གཏོང་གི་ཡོད་ཚོད་འདུག དེ་འདྲ་ཡིན་ན་ཕྱི་ལོགས་ནས་མི་འདི་ཚོའི་བདེ་འཇགས་ལ་འགན་ཁུར་མི་ཐུབ་བཞིན་དུ། བོད་ནང་གི་གནས་ཚུལ་རྩད་གཅོད་བཏང་ནས་ཚུར་ལེན་པ་དང་ཕྱི་ལ་བསྒྲགས་གང་ཐུབ་བྱེད་མཁན་དག་སུ་ཡིན་ནམ། བོད་ནས་དཔའ་པོ་ཚོས་རང་སྲོག་བློས་བཏང་ནས་གསར་འགྱུར་ཕྱི་ལོགས་སུ་བཏང་ཐུབ་པའི་དབང་དུ་བཏང་ཡང་། ཕྱི་ལོགས་ནས་གསར་འགྱུར་དེ་ལ་གྲུབ་འབྲས་ཐོན་དུ་འཇུག་མི་ཐུབ་པ་ཤེས་བཞིན་དུ། བོད་ནང་ལ་འབྲེལ་བ་བྱེད་པ་དང་། བོད་ནང་གི་མི་དཔའ་པོ་དཔའ་མོ་ཚོར་རེ་བ་སྟོང་པ་རེ་སྤྲད་ནས། ཆབ་སྲིད་ཀྱི་གནས་ཚུལ་གང་བྱུང་དྲིས་ནས་ཚུར་ལེན་གང་ཐུབ་བྱེད་མཁན་དག་སུ་ཡིན་ནམ།
    བཙན་བྱོལ་སྤྱི་ཚོགས་ཀྱིས་རྒྱུན་ལྡན་ལྟར་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དེ་ཚོ་མུ་མཐུད་བྱས་ནས་ལྟོ་གང་འགྲིག་བྱས་ནས་སྡོད་འོས་པ་ལས། བཀའ་ཁྲི་ཆོལ་ཁ་སུ་ལ་ཐོབ་དང་། ཚོགས་འདུ་ཚོགས་དུས་བླ་མ་སུ་སྒང་ལ་སླེབས་ཡོད་མེད་དང་། བླ་མ་སུའི་འཁྲུངས་སྐར་རྫིག་ཤོས་གཏོང་མིན་སོགས་སྡུར་ནས་ཉི་མ་བསྐྱལ་འོས་པ་ལས། བོད་ནང་ལ་ཇུས་གཏོགས་མ་བྱས་ན་མི་བཟང་ངམ།

  4. དགེ་འདུ་ཚང་ says:
    2011-05-15 at 10:44 pm

    ཨོ་ཧཧཧཧཧཧ་ངོ་མ་་སྐད་ཆ་ཡག་པོ་བཤད་འདུག་ཡ་་རང་ཉིད་ཀྱི་ཉི་མ་བསྐྱེལ་དེ་མི་ཚང་མའི་སྟེང་དུ་གཡུགས་འདུག་ཡ་

  5. སྐྱུ་རྩི་ནས། says:
    2011-05-16 at 1:33 am

    འཛམ་གླིང་གདའ་དཀྲུགས་ཕུ་དཀྲུགས་དང་། ཞི་བདེར་རྒོལ་བའི་རྒྱ་དམར་ཇག་ཚོགས་དེ་ཚོ་ངན་པ་སྐྱག་ལང་དུ་ཤོར་བ་རེད། ཡིན་ན་འཛམ་གླིང་འདིར་དྲང་བདེན་ཞིག་མེད་པས་ང་ཚོ་ཉམས་ཆུང་བོད་མིས་གང་བྱ་ཐུབ་ཀྱི་རེད་དམ། དཔའ་བོ་ཚོ་ངས་དཀོན་མཆོག་ལ་སྨོན་ལམ་འདེབས་པ་ཙམ་ལས་གཞན་བྱ་ཐབས་མིན་འདུག

  6. རྔ་བ་གཉན་རྒོད་ says:
    2011-05-17 at 8:40 am

    དཀོན་མཆོག་མཁྱེན་ད་ཁྱིམ་ཚང་འདིར་ག་འདྲ་ཆགས་ཡོད་ན་ནང་མི་ལྷན་འཛོམས་བྱུང་ཡོད་ན་་་་་་་་

  7. རྒྱང་འཁྱམས་ says:
    2011-05-17 at 12:08 pm

    མི་རིགས་འཐབ་རྩོད་ནི་མི་རིགས་ཧྲིལ་པོའི་གནད་དོན་ལས་མི་བུ་སྒེར་གྱི་གནད་དོན་ཙམ་མིན་པས་ང་ཚོ་བོད་མི་ཞིག་ཡིན་དུས་ངེས་པར་རྒྱབ་འདེགས་བྱེད་དགོས།

  8. རྔ་བ་ཚེ་སྐྱིད་ says:
    2011-05-17 at 12:57 pm

    གནས་ཚུལ་འདིས་ག་རེ་གསལ་བཤད་བྱེད་ཐུབ་ཀྱིན་འདུག་ཟེར་ན། རྒྱ་གཞུང་གིས་ང་ཚོ་བོད་མི་རིགས་དང་རིག་གཞུང་གི་ཐོག་ལ་བཙན་འཛུལ་དང་གཉའ་གནོན་སོགས་ཐབས་སྒོ་སྣ་ཚོགས་ནས་བྱས་དང་བྱེད་ཀྱིན་པའི་གནས་ཚུལ་འདི་འགེབས་ཐབས་མེད་པའི་གསལ་གསལ་ཐིང་ཐིང་རེད་ལ། བོད་ཀྱི་ཡུལ་ལུང་གང་ཞིག་ན་དགོན་པ་དང་མི་དམངས་ཀྱི་སྟོབས་ཤུགས་ཡོད་ན། དེ་ཡང་རྩ་མེད་བཟོས་དང་བཟོ་བཞིན་པའི་གནས་བབ་ནི་ཆེས་གསལ་བོ་ཞིག་ཀྱང་རེད་ལ། ཐ་ན་བཟའ་ཚང་དང་ཁྱིམ་ཚང་རྣམས་ཀྱི་བདེ་སྐྱིད་མཉམ་འཛོམས་གཏོར་བརླག་དང་ཁ་བྲལ་དུ་བཏང་དང་གཏོང་བཞིན་པ་གནས་ཚུལ་འདིའི་ཐོག་ནས་ར་སྤྲོད་གསལ་བོ་ཐུབ་ཀྱི་འདུག་ལགས་ན། རིགས་མཐུན་སྤུན་ཟླ་རྣམ་པ་ལགས། ང་ཚོའི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ཁ་ཕྱོགས་གཅིག་ཏུ་སྤུངས་རོགས་ཞུའོ།།

  9. རྔ་བ་ཚེ་སྐྱིད་ says:
    2011-05-17 at 12:58 pm

    གུས་མོས་ཤེས་རྟོགས་བྱུང་བ་ལྟར་ན། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་གི་དགེ་རིག རང་ལོ་ ༦༠ ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་མཚན་མོའི་དུས་ཚོད་ ༡༡།༤༠ ཙམ་ལ་རྔ་པ་རྨེའུ་རུ་མའི་ནང་ནས་འཛིན་བཟུང་བྱས་ཏེ་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཡོང་གི་མེད་འདུག ཁོང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་བོད་ནང་གི་གནས་ཚུལ་མང་པོ་ཞིག་དང་ལྷག་པར་ཉེ་ཆར་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ། ད་ཐེངས་ཀྱི་བཀག་ཉར་འདི་ནི་ཁོང་བཀག་ཉར་བྱས་པ་ཐེངས་གསུམ་པ་ཡིན་ཞིང་། ཕྱི་ལོ་ ༡༩༩༨ ལོར་བོད་དོན་དང་འབྲེལ་བའི་ཡི་གེ་སྦྱར་འགྲེམས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་གིས་ཟླ་ ༡ ལྷག་རིང་བཀག་ཉར་བྱས་པ་དང། ཕྱི་ལོ་ ༢༠༠༨ ལོར་ཡང་བོད་གནས་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེང་སྐབས་ཤེས་རྟོགས་བྱུང་བར་ཁོང་དང་གྲྭ་པ་དགུ་ལ་ད་ལོའི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་ཆེ་ཤོས་ཀྱི་ཞྭ་མོ་གཡོགས་ནས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་གིན་ཡོད་པའི་གནས་ཚུལ་ཞིག་འདུག་ལགས།

  10. རྔ་བ་ཚེ་སྐྱིད་ says:
    2011-05-17 at 1:01 pm

    བཀུར་འོས་དྲ་རོགས།
    དགེ་འདུ་ཚང་དང་རྔ་བ་གཉན་རྒོད་གཉིས་ལ་ཡི་རངས་ཡོད་ལགས་སོ།། གནད་འགག་གི་སྐབས་སུ་ནང་དམེ་ལྟ་ལྟ་བུའི་འཁྲུགས་འཛིང་མི་བྱེད་པར། ང་ཚོའི་ནུས་ཤུགས་གཅིག་ཏུ་སྤུངས་དགོས་པ་གལ་ཆེན་དོན་ཆེན་ཡིན་པས་སོ།།

  11. རྔ་བ་གཉན་རྒོད་ says:
    2011-05-17 at 3:30 pm

    ཨ་རོ་བུ་མོ་ཚེ་སྐྱིད་ལགས་ཁྱེད་ནས་གནས་མཁོ་སྤྲོད་བྱས་པ་རྗེས་སུ་ཡི་རང་དང་བཅས་དེ་རིང་མགོ་ན་གི་ཡོད་པ་མིན་ནམ་ཁ་སང་དུ་བ་ཀིརྟི་སྐྱབས་ལ་རྔ་པ་རྔ་བ་ཡིན་ཚུལ་བཤད་བཞིན་འདུག་ལ་དེ་རིང་ཁྱེད་ཉིད་ཡང་རྔ་པ་རུ་ལོག་འདུག་པ་གང་ཡིན་ན་་

  12. རྔ་བ་གཉན་རྒོད་ says:
    2011-05-17 at 6:52 pm

    གོང་གི་གནས་ཞེས་པ་་་་་གནས་ཚུལ་ལ་བཅོས་རོགས་ཞུ་

  13. རྔ་བ་ཚེ་སྐྱིད་ says:
    2011-05-18 at 7:32 am

    ཨ་རོགས། དྲ་གྲོགས་རྔ་བ་གཉན་རྒོད་ལགས།
    ཉིད་ཀྱིས་བུ་མོ་ང་ལ་གསལ་འདེབས་དང་དྲན་སྐུལ་གནང་བར་ཡག་བྱུང་བས་ན། བཀའ་དྲིན་ཆེའོ།། རྗེས་ཕྱོགས་ངས་གཟབ་ནན་བྱེད་ཀི་ཡིན་ལགས། དེང་སང་ངའི་སེམས་ཁམས་བྲེལ་འཚུབ་ཀྱི་ཀློང་ན་ཡོད་སྟབས། དེ་ལྟར་ནོར་འཁྲུལ་ཤོར་བ་རེད་དེ། མ་འོངས་པར་ངས་སེམས་ཁམས་སྙོམ་སྒྲིག་བྱས་ནས་གང་ཡོང་ཅི་ཡོང་གི་སྒོ་ནས་དོ་སྣང་བྱེད་ཀི་ཡིན་ལགས་སོ།། རང་སྐྱོན་ངོས་ལེན་ཡོད་དཱ་ཡོད་དོ།།

  14. རྔ་བ་གཉན་རྒོད་ says:
    2011-05-18 at 9:02 am

    ཨ་རོ་ཡུམ་དུམ་པ་རང་སྐྱོན་དངོས་ལེན་བྱེད་ཐུབ་མཁན་གྱི་བུ་མོ་ངར་བ་ཞིག་མ་རེད་ན་་་དགའ་ནི་ཞིག་རེད་ཡ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (40)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme