Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

་ལོ་ ༤ དང་ཕྱེད་ཀའི་ཁྲིམས་ཐག་བཅད་པའི་ན་གཞོན་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་གླེང་བ།

Posted on 2011-05-132011-05-13 By དབང་ཕྱུག་ 2 Comments on ་ལོ་ ༤ དང་ཕྱེད་ཀའི་ཁྲིམས་ཐག་བཅད་པའི་ན་གཞོན་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་གླེང་བ།

འབྲོག་ཆོས།

cda8ad39-461c-4b53-b98e-f0a654637f61

ཁོང་གི་ཞབས་རྗེས།

རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ནི། ༢༩༨༢ ལོའི་དཔྱིད་ཀར་མདོ་སྨད་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་བརྡལ། འབྲོག་རུ་སྡེ་བ་རུ་སྐྱེས། ཁོང་གི་ཕ་མ་གཉིས་ཀྱིས་ཆུང་དུས་ནས་བཟུང་ཁོང་གི་ཨ་ཁུའི་དྲུང་དུ་བསྐྱལ་ནས་བོད་ ཡིག་གི་འབྲི་ཀློག་སྦྱོར་གསུམ་སྦྱང་དུ་བཅུག ལོ་ན་བདུན་བརྒྱད་ཙམ་ཞིག་ཡིན་དུས་ཁོང་གི་ཕ་མ་གཉིས་དང་ཨ་ཁུའི་རེ་བ་ལྟར། མདོ་སྨད་ཀླུ་ཚང་དགོན་ནས་རབ་ཏུ་བྱུང་། དེའི་རྗེས་ནས་འབྲོག་རུའི་ཆོས་ཁང་དང་ཀླུ་ཚང་དགོན་ཆེན། དྷི་ཚ་དགོན་ཆེན། རྔ་བ་སྒོ་མང་དགོན་པ་སོགས་ནས་ནང་ཆོས་གཙོས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ ལ་སློབ་སྦྱོང་བྱས། སྐབས་དེར་འབྲོག་རུ་སྡེ་བའི་དུས་དེབ་<གསེར་ཐང་གི་མེ་ཏོག་>ཅེས་པའི་དུས་དེབ་འདོན་ཐེངས་དང་པོ་དེ་ཁོང་གིས་ལག་བྲིས་གནང་ནས་གཙོ་སྒྲིག་གནང་བ་རེད།

ཁོང་ ལ་ལྷན་སྐྱེས་ཀྱི་རིག་པ་དམིགས་བསལ་བ་ཞིག་ཡོད་པ་ནི། རི་མོ་འབྲི་རྒྱུ་དེ་རེད། ཁོང་ལ་མཚོན་ན་རི་མོ་འབྲི་རྒྱུ་དང་སྙན་ངག་འབྲི་རྒྱུ་གཉིས་ནི་ཁོང་གི་འཚོ་བའི་ ཆ་ཤས་ཁྲོད་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ང་ཚོའི་སྡེ་བའི་མི་ཚང་མང་པོ་ཞིག་གི་ཁང་བའི་རྩིག་ལྡེབས་ སྟེང་ཁོང་གིས་བྲིས་པའི་རི་མོ་མང་པོ་མཐོང་རྒྱུ་ཡོད་ལ། རི་མོ་དེ་དག་ཀྱང་སེམས་ལ་གང་དྲན་དེ་བྲིས་པ་ཞིག་མ་ཡིན་པར་མི་རིགས་ཀྱི་ཁྱད་ ཆོས་ཡོད་པ་དང་ཁྱད་ཆོས་ལ་གཅེས་སྐྱོང་བྱ་དགོས་སྐོར་སོགས་མཚོན་པའི་རི་མོ་མང་ པོ་མཐོང་རྒྱུ་ཡོད། དེར་བརྟེན། ལོ་ཞིག་ལ་ངའི་པཱ་ལགས་ཀྱིས་ཁོང་རེབ་གོང་དུ་ལྷ་རིས་སྦྱོང་ཆེད་མངགས་སོང་། ཁོང་དེ་ནས་དུས་ཡུན་ག་ཚོད་ཅིག་ལ་བསྡད་ཡོད་མེད་དང་། ལོ་ཚིགས་སོགས་ངས་ད་ལྟ་དྲན་གྱིན་མི་འདུག་མོད་གང་ལྟར་ཁོང་གི་རི་མོའི་ལག་རྩལ་ ཡག་ཏུ་གཏོང་ཕྱིར་ཁོང་རེབ་གོང་དུ་ཕྱིན་པ་རེད། རེབ་གོང་ནས་ཕྱིར་སླེབས་རྗེས་ཁོང་གི་རི་མོའི་ལག་རྩལ་སྔར་ལས་ཡག་ཏུ་ཕྱིན་ཡོད་ སྟབས། ཁོང་རི་མོ་འབྲི་རྒྱུར་གདན་འདྲེན་ཞུ་མཁན་ཡང་རེ་འགའ་བྱུང་མྱོང་།
ནམ་ རྒྱུན་རི་མོ་འབྲི་དུས་ཁོང་ལ་སེམས་ཁྲལ་ཞིག་ཡོད་པ་ནི། རི་མོ་ཡག་པོ་ཞིག་འབྲི་རྒྱུ་ལ་དུས་ཚོད་མང་པོ་དགོས་སྟབས། དཔེ་ཀློག་གི་དུས་ཚོད་མང་པོ་ཟིག་འཕྲོ་བརླག་ཏུ་འགྲོ་གི་ཡོད་པ་དེ་རེད། ཁོང་གི་བསམ་བློ་འཁྱེར་སྟངས་དེའི་ཤུགས་རྐྱེན་འོག་རྗེས་ནས་ག་ལེར་རི་མོ་འབྲི་ རྒྱུ་ལས་དཔེ་ཀློག་བྱེད་རྒྱུ་དེ་གལ་ཆེན་པོར་བཟུང་སོང་། དཔེ་ཀློག་གི་ཁྲོད་ནས་ཁོང་གི་བསམ་བློ་ནི་མི་རིགས་ལ་ཕྱོགས་ཤིང་། བྱམས་བརྩེ་ལ་དུངས་པའི་དབང་གིས་ནང་སེམས་ཀྱི་བྱམས་པའི་བརྩེ་བ་འཚོལ་ཆེད་ནང་ བསྟན་རིག་གནས་ཀྱི་གཏིང་ཟབ་སར་བཞུད་སོང་། སྐབས་དེ་ནི་ཁོང་རྔ་བ་སྒོ་མང་སློབ་གླིང་ན་ཡོད་པའི་དུས་རེད།
༢༠༠༧ ལོར་ཁོང་གི་བརྩམས་ཆོས་དཔེ་དེབ་<དུངས་པའི་དབྱངས་རྟ>ཞེས་པ་དེ་པར་བསྐྲུན་བྱས། དེ་དག་གི་ཞོར་དུ་ཁོང་གིས་<ཁ་བའི་ཚེ་སྲོག>ཅེས་ པའི་ཚགས་པར་ཞིག་ཀྱང་གཙོ་གཉེར་གནང་ཡོད། ཚགས་པར་དེ་རྒྱ་གཞུང་གིས་སྲིད་དོན་དང་འབྲེལ་བ་ཡོད་ཚུལ་བསྙད་ནས་ཐེངས་གཉིས་ལ་ བཀག་འགོག་བྱས་ཡོད་པ་དང་། ༢༠༠༩ ཟླ་ ༤ ནང་ཁོང་གི་རྩོམ་ཡིག་ཅིག་ལ་ཆབ་སྲིད་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཉེས་མིང་འོག་ ཁོང་འཛིན་བཟུང་བྱས་སྐབས་ཚགས་པར་དེ་ཡང་གཏན་དུ་འགྲེམས་སྤེལ་བྱ་མི་ཆོག་པའི་ བཀའ་རྒྱ་བསྒྲགས་ཡོད་པ་རེད།

ཉེས་མེད་བཙོན་འཇུག་གི་དུས་ཚོད་དེ་ཟླ་གཅིག་ལྷག་རིང་བྱས་རྗེས་ཁོང་གློད་གྲོལ་བཏང་ཞིང་། རྗེས་ནས་ཁོང་གིས་རྩོམ་སྒྲིག་ལས་རོགས་དང་མཉམ་དུ་ཡང་བསྐྱར་ཚགས་པར་པར་བསྐྲུན་བྱས་ཀྱང་། ༢༠༡༠ ཟླ ༥ ཚེས ༢༤ ཉིན་ཁོང་རྒྱ་ནག་གིས་བསྐྱར་དུ་འཛིན་བཟུང་བྱས་པ་ནས་བཟུང་<ཁ་བའི་ཚེ་སྲོག་>གི་ ཚགས་པར་ཡང་རྩ་བ་ནས་འདོན་སྤེལ་བྱེད་དུ་བཅུག་མེད། དེར་མ་ཟད་ཁོང་དང་ཁོང་གི་གྲོགས་པོ་ཁ་སྒང་ཚུལ་ཁྲིམས་གཉིས་ཀྱིས་གཙོ་སྒྲིག་གནང་ བཞིན་པའི་མྱ་ངན་ཆེད་དེབ་(མཚོ་སྔོན་ཡུལ་ཤུལ་ས་ཁུལ་ དུ་ས་ཡོམ་བྱུང་བའི་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མྱ་ངན་ཆེད་དེབ་ ཅིག་ཕྱོགས་བསྒྲིགས་གནང་བཞིན་ཡོད་པ་རེད།)དེ་ཕྱོགས་བསྒྲིགས་བྱས་ནས་པར་བསྐྲུན་བྱ་རྒྱུར་ཉིན་ལྔ་ལས་མེད་པའི་སྐབས་དེར་ཁོང་གཉིས་འཛིན་བཟུང་བྱས་སྟབས། མྱ་ངན་ཆེད་དེབ་དེའང་པར་བསྐྲུན་བྱ་ཐུབ་ཡོད་པ་མ་རེད།

ཁོང་ རྒྱ་ནག་གིས་འཛིན་བཟུང་བྱས་པ་ནས་བཟུང་ཡུན་རིང་བོ་ཞིག་ལ་གང་དུ་བཙོན་འཇུག་བྱས་ ཡོད་མེད་ཀྱང་ཤེས་རྟོགས་བྱུང་མེད་ཀྱང་ཟླ་འགའི་སྔོན་ལ་ཁོང་གི་བཙོན་རོགས་ཤིག་ བརྒྱུད་ནས་ཁོང་འབར་ཁམས་སུ་བཀག་ཉར་བྱས་ཡོད་པ་ཤེས། དེ་ནས་ཁོང་གི་ནང་གི་འགའ་ཐུག་འཕྲད་དུ་སོང་ཡང་འབྲེལ་ཡོད་མི་སྣས་ཁོང་གི་གྲིབ་ མ་ཙམ་ཡང་བསྟན་མེད་པ་རེད། ཉེ་སྔོན་ཁོང་གི་ནང་མིར་འབར་ཁམས་མི་དམངས་ཁྲིམས་ཁང་གིས་བརྡ་ཡིག་ཅིག་ བཏང་ནས་རྩོམ་པ་པོ་འབྲོག་ཚུལ་ལགས་ལ་ཁྲིམས་ཐག་གཅོད་རྒྱུའི་བརྡ་ལན་འབྱོར་མ་ཐག ཁོང་གི་ཕ་རྒན་དང་ཕུ་བོ་སོགས་མི་གཉིས་གསུམ་ཞིག་ཆེད་དུ་འབར་ཁམས་ལ་སོང་ ཡང་ཁོང་ཚོར་ཐུག་འཕྲད་ཡག་པོ་ཞིག་དང་ཁ་བརྡ་ལྷོད་པོ་ཞིག་ཀྱང་བྱེད་དུ་མ་བཅུག་ པར་རྩོམ་པ་པོ་འབྲོག་ཚུལ་ལགས་ལ་མི་ལོ་ ༤ དང་ཟླ་དྲུག་གི་ཁྲིམས་ཐག་བཅད་ཟིན་པའི་ཡི་གེ་དེ་བསྟན་རྗེས་ཁོང་ཚོ་ཕྱིར་བཏང་ ཡོད་པ་རེད།
ས་མཚོ་སྔོན་ནས་འབར་ཁམས་བར་དུ་འགྲོ་རྒྱུའི་ངལ་དུབ་དང་འགྲོ་སོང་དེ་ནི་རྩོམ་པ་པོ་ཁོང་གི་ནང་ལ་མཚོན་ན་ཧ་ཅང་དཀའ་ངལ་ཆེན་པོ་ཞིག་རེད། གཅིག་ནས་ལམ་གྱི་འགྲོ་སོང་དང་། གཉིས་ནས་ས་ཆའི་རྒྱུས་མངའ། གསུམ་ནས་འབྲེལ་ཡོད་མི་སྣ་ཚོར་(རྒྱ་སྐད།)སྐད་ཆ་བཤད་རྒྱུ་སོགས་གང་ཅིའི་ཐད་ནས་དཀའ་ངལ་ཆེན་པོ་ཞིག་ཡོད་ནའང་། རང་གི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་གི་ཆེད་དུ་དཀའ་ངལ་མང་པོ་གདོང་ལེན་བྱས་ནས་སོང་ཡང་ཁོང་ཚོར་ཁྲིམས་ཡིག་དེས་ཡི་ག་གཏན་ནས་འགག་ཏུ་བཅུག་སོང་ཟེར།
གཟུགས་ པོ་སྐམ་ཞིང་ངོ་གདོང་ནག་པོའི་སྒང་ལ་སྐྱོ་ཉམས་ཆགས་པའི་རྩོམ་པ་པོ་འབྲོག་རུ་ ཚུལ་ཁྲིམས་ཀྱི་སྣང་བརྙན་དེས་ཁོང་གི་ཕ་རྒན་གྱི་སེམས་པ་རྨས་ཤིང་ཕུ་བོ་ཡི་ སེམས་ཁམས་དཀྲུགས་རྗེས་ཁོང་ཚོ་སྡུག་ཡུས་དང་ན་ཟུག་མང་པོ་ཞིག་གི་ཀློང་ནས་ཁ་ བྲལ་བ་རེད། དེ་བཞིན་མིག་མཐའ་མཆུ་མས་བཀང་ཞིང་སེམས་པ་སྡུག་གིས་བཀང་བའི་སྐྱོ་གར་གྱི་ནང་ ནས་ཁོང་ཚོའི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་།

གྲྭ་རྐྱང་ཞིག་གི་བསམ་བློ།

སྤྱིར་ བཏང་བཤད་ན། གྲྭ་རྐྱང་ཞིག་ལ་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ཅི་ཡང་མི་དགོས། རང་ཁ་གསོས་ནས་རང་བློ་བསྒྱུར་ཐུབ་ན་དེས་འཐུས་ཀྱང་། རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ཀྱིས་དང་པོ་རང་ཉིད་བོད་མི་རིགས་ཤིག་ཡིན་པའི་ འགན་འཁུར་བ་དང་། གཉིས་ནས་རང་ཉིད་ཤེས་ཡོན་པ་ཞིག་ཡིན་སྟབས་དྲང་ བདེན་གྱི་ལམ་ལ་ཞུགས་པ། གསུམ་ནས་མི་རིགས་འདིར་གཡོ་སྒྱུ་ཁྲ་གསུམ་གྱི་འོག་ཏུ་ཚུད་པར་བློ་འཚབ་སྐྱེས་པ་ སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་མི་རིགས་ཀྱི་ཆེད་དུ་ཟེར་ན་འདྲ། དྲང་བདེན་གྱི་སླད་དུ་ཟེར་ན་འདྲ། གང་ལྟར་བསམ་བློའི་ནང་ན་ཟུག་མང་པོ་ཞིག་ཡི་གེར་བཏབས་མཐར་ཁོང་བཙོན་ཁང་ལ་ཁྲིད་ སོང་བ་རེད།
ཁོང་ གི་བསམ་བློའི་འཚོལ་སྙེག་ནི་རང་དབང་གི་ཡུག་ཅིག་ནས་འདྲ་མཉམ་གྱི་ཐོབ་ཐང་ཞིག་ ལོངས་སྤྱོད་བྱ་རྒྱུ་དེ་རེད། འདི་ནི་རྒྱ་བོད་ཀྱི་མི་རིགས་ལ་དབྱེ་བ་མེད་པར་ཐོབ་དགོས་པ་བརྗོེད་ཡོད་ལ། རྒྱ་ནང་དང་མཐོ་སྒང་ལ་ཁྱད་པར་མེད་པར་དུས་གཅིག་དང་ཡུལ་གཅིག་ལ་ཁྱབ་ཐུབ་པའི་རེ་ འདུན་ཡང་བཤད་ཡོད། འདི་ནི་ང་ཚོ་སྔོན་ཆད་འབྲེལ་འདྲིས་ཟབ་པའི་སྐབས་ཀྱི་སྐད་ཆ་དང་། ཁོང་གི་བསམ་བློའི་འཚོལ་སྙེག་རེད། ཁོང་གིས་རྒྱ་བོད་སོག་གསུམ་གཙོས་མི་རིགས་ལྔ་བཅུ་ང་དྲུག་ལ་རང་དབང་གི་བསམ་བློ་ མེད་པ། སྨྲ་བརྗོད་ཀྱི་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་མེད་པ། འདྲ་མཉམ་གྱི་བསམ་བློ་མེད་པ་སོགས་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ངོ་ཚ་དང་མི་རིགས་ལྔ་བཅུ་ང་དྲུག་གི་གྱོང་གུད་ཡིན་པའི་གསལ་འདེབས་ཀྱང་གནང་ཡོད།
ངེད་ གཉིས་ལོ་བདུན་ཙམ་ནས་བཟུང་རང་ལོ་ཉེར་བཞི་བར་དུ་མཉམ་འདུག་མཉམ་འགྲོ་དང་མཉམ་ གནས་མཉམ་སློབ་བྱས་ཡིན། ཁོང་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། དྲང་བདེན་ལ་རྒྱབ་བསྟེན་ནས་གཡོ་རྫུན་ལ་མགོ་མི་སྒུར་བ་དེ་ཡིན། འདི་ནི་ཁོང་གི་བསམ་བློའི་ངར་ཤུགས་ཟེར་ན་འདྲ། བསམ་བློའི་འཚོལ་བཅུད་ཟེར་ན་འདྲ། གང་ལྟར་དུས་ནམ་ཡང་ཉམས་པ་མེད་པའི་གཟི་བརྗིད་དང་སྤོབས་པས་ཁེངས་པའི་སེམས་ཁམས་ ཤིག་རེད། ཁོང་གི་སེམས་ཁམས་དེ་ལས་ངེད་གཉིས་མཚམས་རེར་མཉམ་དུ་དགོད་མྱོང་ལ་མཉམ་དུ་ངུས་ ཀྱང་མྱོང་། དགོད་དགོས་པའི་རྒྱུ་མཚན་ནི། དྲང་བདེན་གྱི་ཚིག་ལ་འཇུས་ནས་གཞན་སྡེ་ཕམ་པར་བྱེད་པ་དང་། གནས་ལུགས་ཀྱི་གནས་ལ་འཇུས་ནས་ཁུ་ཚུར་ཐུག་པ་དེ་ཡིན། ཡང་ངུ་དགོས་པའི་རྒྱུ་མཚན་ནི། ངེད་གཉིས་ལ་གདོན་འདྲེ་དང་ནང་དཀྲུགས་ཀྱི་གཤེད་མའི་འདུ་ཤེས་བཟུང་ནས་རང་གི་ སྡེ་བ་དང་ཚོ་བ་ནས་རྒྱང་འཕུད་དུ་གཏོང་རྒྱུའི་ལས་འཆར་མང་པོ་ཞིག་རྗེས་ནས་ཤེས་ པ་དང་མཉམ་དུ་ངེད་གཉིས་མཉམ་དུ་ངུས་མྱོང་། ངུས་མྱོང་པའི་མིག་ཆུ་དེས་ངེད་གཉིས་ས་མཐར་དེད་ཅིང་། ས་མཐའ་ནས་ཁོང་འདི་ལྟར་མི་རིགས་དང་དྲང་བདེན་གྱི་ཆེད་དུ་བཙོན་ལ་ཆས་སོང་བས། ངས་ཁོང་གི་བསམ་བློའི་རིན་ཐང་དེ་ཧ་ཅང་དྲན། མིག་ཆུ་མེད་པའི་མིག་ཆུའི་སྐྱོ་གདུང་འདི་ངས་དེ་རིང་སུ་ལ་གྱེར།

འབྲོག་ རུ་ཚུལ་ཁྲིམས་ལགས། ང་ཁྱེད་རང་ཧ་ཅང་མཁོ། ངས་ཁྱེད་ཉིད་ཤིན་ཏུ་དྲན། ཅི་ཕྱིར། ཅི་ཕྱིར་ངེད་གཉིས་ཀྱི་ཐུག་འཕྲད་དེ་འདི་འདྲའི་བར་ཆད་མང་པོ་ཞིག་ཡོང་དགོས་པ་ རེད་དམ། ཁྱེད་རང་ད་ལྟ་བཙོན་ཁང་གང་དུ་ཡོད་དམ། ངས་སྐྱོ་གདུང་དང་ངུ་ངག་གི་ནང་ནས་ཁྱེད་རང་མང་བོ་བཙལ་བ་ཡིན། ངས་བརྡ་འཕྲིན་དང་ཁ་པར་གྱི་ལམ་ནས་ཁྱེད་རང་མང་པོ་བཙལ་བ་ཡིན། ཡིན་ནའང་། ཁྱེད་ཀྱི་གྲིབ་མ་ཙམ་ཡང་གོ་མེད་ཚོར་མེད་ཡིན་པས་ང་དངོས་གནས་འདུག་ཐབས་བྲལ་བའི་ སྐྱོ་གདུང་ཞིག་གིས་ལུས་སེམས་གཉིས་ཀ་མནན་སོང་། ལྗིད་ཏིག་གེར་མནན་པའི་ངའི་ལུས་སེམས་གཉིས་ཀྱིས་ཁྱེད་རང་ད་དུང་འཚོལ་བཞིན་ཡོད།

ཀློག་ པ་པོ་ལགས། དགོངས་དག་ཞུ། ངས་ཁོང་གི་བསམ་བློ་གླེང་གིན་གླེང་གིན་ཁོང་གི་ཀུན་སྤྱོད་དང་མི་གཤིས་ཧ་ཅང་ དྲན་སྟབས། དབང་མེད་ཀྱི་ཚོར་ཤུགས་དེ་སླེབས་སོང་བས་བརྗོད་གཞི་དང་འགལ་བའི་ཚིག་ཕྲེང་དེ་ དག་གླེང་བར་དགོངས་དག་ཞུ། གྲྭ་རྐྱང་ཞིག་གི་བསམ་བློ་ལས་བརྒལ་བའི་ཁོང་གི་མི་གཤིས་ཀྱི་ཐད་ནས་ད་དུང་གླེང་ མི་ཕོད་ས་དང་གླེང་མ་ཐུབ་ས་ཡང་གང་མང་ཞིག་ཡོད་སྲིད།

མཚམས་འདི་ནས་ངས་མྱོང་ཞིབ་ཀྱི་ཁྲོད་ནས་རྙེད་པའི་ཁོང་གི་བསམ་བློ་ལ་སྡོམ་ཚིག་ཅིག་བརྒྱབ་ན། དྲང་བདེན་གཙུག་ཏུ་བཟུང་ནས་གཡོ་རྫུན་ཆམ་པ་ཕབ་མཁན་དང་། གནས་ལུགས་ལ་ཁ་ཕྱོགས་ནས་འདྲ་མཉམ་གྱི་ལས་ལ་བརྩོན་པ་ནི་ཁོང་གི་བསམ་བློའི་རྨང་གཞི་ཁོ་ནའོ། འདི་ནི་ངས་ཁོང་གི་བསམ་བློ་ལ་སྡོམ་ཚིག་རྒྱབ་པའི་ཁུལ་ཡིན།

ཁོང་གི་བརྩམས་ཆོས་གླེང་བ།

ཁོང་ གིས་ཆུང་དུས་ནས་བཟུང་ངའི་པཱ་ལགས་ཀྱི་དྲུང་ནས་བོད་ཡིག་གི་འབྲི་ཀློག་སྤྱོར་ གསུམ་སྦྱངས་ཤིང་། རྗེས་ནས་ངའི་པཱ་ལགས་ཀྱིས་ངེད་གཉིས་ཀླུ་ཚང་དགོན་གྱི་རྒན་རྒྱ་གྲོལ་ལགས་ཀྱི་ དྲུང་དུ་སྙན་ངག་སློབ་དུ་བཅུག་པ་རེད། སྐབས་དེ་ནས་བཟུང་ཁོང་གསར་རྩོམ་གྱི་ལས་ལ་ཞུགས་ནས་བོད་ནང་གི་དུས་དེབ་དང་ཚགས་ པར་མང་པོ་ཞིག་གི་སྟེང་ཁོང་གི་སྙན་རྩོམ་དང་དཔྱད་རྩོམ་སོགས་མང་པོ་སྤེལ་ཡོད། དེ་དང་མཉམ་དུ་འབྲོག་རུ་སྡེ་བའི་དུས་དེབ་<གསེར་ཐང་གི་མེ་ཏོག>ཅེས་པ་དེ་ཁོང་གིས་གཙོ་གཉེར་གནང་ཞིང་། དང་པོ་དུས་དེབ་དེ་ལག་བྲིས་ཐོག་སྤེལ་མཁན་ཡང་ཁོང་ཡིན།
༢༠༠༧ ལོར་ཁོང་གི་བརྩམས་ཆོས་དཔེ་དེབ་ཐོག་མ<དུངས་པའི་དབྱངས་རྟ་>ཞེས་པ་དེ་པར་བསྐྲུན་བྱས།
ཁོང་གི་རྩོམ་ཡིག་མང་ཤོས་ནི་ཚིག་བཅད་སྙན་ངག་སྐོར་ཡིན་ལ། དཔྱད་རྩོམ་དང་ལྷུག་རྩོམ་གྱི་ལམ་ནས་ཀྱང་སེམས་ཀྱི་ན་ཟུག་མང་པོ་གླེང་ཡོད།
དཔེར་ན། ཁོང་གི་རྩོམ་ཡིག་<ཨ་མ་ལགས། ང་ཕྱིར་ལ་ཐོན་ཡོད།>ཅེས་པའི་རྩོམ་ཡིག་འདི་ ༢༠༠༩ ཟླ་ ༤ པའི་ནང་། རྩོམ་པ་པོ་ཁོང་རྩོམ་ཡིག་ཅིག་གི་ཆེད་དུ་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས། གློད་གྲོལ་སྐབས་བྲིས་པ་ཞིག་ཡིན་པ་དང་། རྩོམ་ཡིག་འདིའི་ནང་ “ ཁ་ བའི་ལས་དབང་དང་། སྦྲ་ནག་གི་གཏམ་རྒྱུད། པོ་ཏ་ལའི་ཆག་འཇིག ཞི་བདེའི་རེ་འབོད། ཧི་མ་ལ་ཡའི་ངུ་ཤུམ་གྱི་སྨྲེ་ངག་སོགས་ཀྱིས་ཁོ་བོའི་ལུས་སེམས་འདི་ཉིད་བྱང་ཐང་ གི་ཡུལ་ལྗོངས་འདི་ནས་སྐད་ཅིག་ཙམ་ཡང་བདེ་བར་སྡོད་མ་ཚུགས། དེ་བས། བདག་གི་དྲག་ཏུ་འཕྱུར་བའི་ན་ཟུག་དང་ལྷན་དུ་ཨ་མའི་བུ་རྒོད་སྐོར་ཞིག་གི་བླ་ མེད་ཀྱི་མཛད་རྗེས་དག་ལ་བསམ་གཞིག་ཤོར་ཐེངས་རེར། བདག་གི་བྱང་ཁོག་ སྟོད་དུ་བག་ལ་ཉལ་བའི་སྙིང་དམར་པོ་འདི་ཡང་ཅིས་ཀྱང་གནོན་མ་ཐུབ་པར་གངས་འདབས་ ནས་ཤོར་ཞིང་གཡའ་དག་པའི་མཁའ་དབྱིངས་སུ་མེ་ལྕེ་བཞིན་ཐོལ་གྱིས་མཆེད་སོང༌།” ཞེས་མི་རིགས་འདིའི་ལས་དབང་དང་། སྦྲ་ནག་གི་གཏམ་རྒྱུད་རྫོགས་ལ་ཉེ་བའི་བློ་འཚབ་དེས་རྩོམ་པ་པོར“ཉིན་གཅིག་ལའང་སྤྲོ་སྣང་གི་སེམས་ཁམས་དྭངས་མོ་ཞིག་དང་བག་ཕེབས་ཀྱི་འཚོ་བ་སྐྱིད་པོ་ཞིག་སྐད་ཅིག་ཙམ་ལའང་གཏན་ནས་སྐྱེས་མ་ཡོང༌། ཅིའི་ཕྱིར་ན། ངའི་ན་ཟུག་གི་བརྒྱུད་རིམ་དེ་དག་ནི་སྨྲ་བསམ་ཡང་བརྗོད་ལས་འདས་པ་ཞིག་རེད་ཨང༌།” ཞེས་རང་གི་སེམས་ཀྱི་ན་ཟུག་གང་ཡོད་པ་དེ་མི་གཞན་པར་བཤད་འདོད་ཀྱང་། དེའི་བརྗོད་གཞི་ནི་རང་གི་སྲོག་ལེན་གྱི་སྟ་རེ་ཡིན་སྟབས། སྨྲ་བརྗོད་ལས་འདས་པ་ཞིག་ཡིན་ཚུལ་སོགས་བྲིས་ཡོད། “སྨྲ་བསམ་ཡང་བརྗོད་ལས་འདས་’’ཞེས་པའི་ཚིག་རྐང་འདིས་ཁོང་ཚོ་ལ་སྨྲ་བརྗོད་རང་དབང་མེད་པ་དང་། སྐད་ཆ་བཤད་དབང་མེད་པའི་རང་ཁ་རང་ལ་མི་དབང་པའི་གནས་སྟངས་འདིས་སེམས་ལ་ན་ཟུག་མང་པོ་ཞིག་འཇོག་གིན་ཡོད་པའང་གསལ་འདེབས་བྱས་ཡོད།
རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་ཀྱང་ཁོང་ལ་སྔར་མེད་གསར་འཁྲུངས་ཀྱི་སྤོབས་པ་ཞིག་དང་། ལ་རྒྱའི་སྤོབས་པ་ཞིག་གི་ངར་ཤུགས་ངང་གིས་སྐྱེས་སོང་ཚུལ་ཡང་རྩོམ་ཡིག་དེའི་ནང་བཀོད་ཡོད་པ་འདི་ལྟར། “རང་དབང་གི་འཚོ་བ་དང་བདེ་སྐྱིད་ཀྱི་འོད་ཐིག་ཙམ་ཡང་དབེན་པའི་གནས་དེ་ནས་ངའི་ལུས་སེམས་འདི་སྨྲ་བསམ་བརྗོད་འདས་ཀྱི་སྡུག་གིས་ཟིན་ནའང༌། ངས་སྐབས་རེར་ཀུན་གཟིགས་པན་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་མི་ལོ་དགུ་ལྷག་རིང་གི་ལོ་ཟླ་དང༌། གུང་ཐང་འཇམ་པའི་དབྱངས་ཚང་གིས་མི་ལོ་ཉེར་གཅིག་གི་ཡུན་གྱི་མུན་ནག་གི་འཚོ་བ། ད་དུང་བོད་མི་གསར་བརྗེ་བ་འབའ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་མི་ལོ་བཅོ་བརྒྱད་རིང་གི་བརྗེད་དཀའ་བའི་ལོ་ཟླ་དེ་དག་དྲན་ཐེངས་རེ་རེར་བདག་ལ་འཇིགས་སྣང་གི་སེམས་པ་སྤུ་ཙམ་ཡང་མ་སྐྱེས།’’ ཞེས་རྩོམ་པ་པོའི་ལུས་པོ་བཙོན་ཁང་ན་ཡོད་ཀྱང་སེམས་ལ་སྤོབས་པས་ཁེངས་ནས་ལ་རྒྱའི་མགོ་བོ་མཁའ་རུ་བཏེགས་པའི་གཏམ་རྒྱུད་ཀྱང་བརྗོད་ཡོད།
མདོར་ ན། རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ནི། གཞོན་སྐྱེས་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་གི་རྩོམ་ཡིག་མང་པོ་ཞིག་སྔ་ཕྱི་བར་གསུམ་དུ་བོད་ཕྱི་ནང་གཉིས་ཀྱི་དྲ་ཚིགས་ དང་དུས་དེབ་ཚགས་པར་མང་པོ་ཞིག་གི་སྟེང་བཀོད་ཡོད། དེ་དག་གི་ཁྲོད་ནས་རྩོམ་ཡིག་རེ་འགའ་ཞིག་ལ་རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་ པ་ཡོད་ཚུལ་བརྗོད་ནས། འཛིན་བཟུང་ཐེངས་གཉིས་བྱས་ཡོད་པ་དང་། ཁོང་གིས་གཙོ་གཉེར་གནང་བའི་<ཁ་བའི་ཚེ་སྲོག་>ཅེས་ པའི་ཚགས་པར་དེ་ཐེངས་གཉིས་ལ་འགྲེམས་སྤེལ་བྱེད་དུ་བཅུག་མེད་པ་མ་ཟད། འགྲུབ་ལ་ཉེ་བའི་མྱ་ངན་ཆེད་དེབ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དེ་འང་པར་བསྐྲུན་ བྱེད་དུ་བཅུག་མེད།
མྱ་ ངན་ཆེད་དེབ་ཀྱི་དཔེ་དེབ་དེ་ནི་ ༢༠༡༠ ཟླ་ ༤ ཚེས ༡༤ ཉིན་ཡུལ་ཤུལ་ས་ཁུལ་དུ་ས་ཡོམ་ཚབས་ཆེན་ཁྲོད་འདས་གྲོངས་སུ་སོང་བའི་ཚེས་འདས་ རྣམས་ཀྱི་ཆེད་དུ་མྱ་ངན་ཞུ་བའི་ཆེད་དེབ་ཅིག་ཡིན་པ་དང་། དཔེ་དེབ་དེ་ཁོང་གིས་གཙོ་སྒྲིག་གནང་ནས་པར་བསྐྲུན་བྱ་རྒྱུར་ཉིན་གྲངས་ལྔ་མ་ གཏོགས་མེད་དུས། རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་ད་ལྟ་འབར་ཁམས་མི་དམངས་ཁྲིམས་ཁང་གིས་ ཁོང་ལ་ལོ་བཞི་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་པ་རེད།

སྣ་ཚོགས།

Post navigation

Previous Post: ཡར་རྒྱས་ཀྱི་འཆར་སྣང་།
Next Post: བོད་གཞུང་། བོད་མིའི་སྒྲིག་འཛུགས།

Comments (2) on “་ལོ་ ༤ དང་ཕྱེད་ཀའི་ཁྲིམས་ཐག་བཅད་པའི་ན་གཞོན་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་གླེང་བ།”

  1. འབྲོག་ཆོས། says:
    2011-05-13 at 1:42 pm

    རྩོམ་ཡིག་འདིའི་ནང་རྩོམ་པ་པོ་ཁོང་གི་འཁྲུངས་ལོའི་ལོ་ཚིགས་དེ་ནོར་འདུག་པས་དགོངས་དག་ཞུ།

    ༡༩༨༢ ལ་༢༩༨༢་བྲིས་འདུག་པས་དགོངས་པ་ཁྱོན་ནས་མ་ཚོམ་རོགས།

  2. རྒྱ་བཀྲ་དོན། says:
    2011-05-16 at 2:51 am

    འབྲོག་ཆོས་ལགས། བོད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་འབུལ་ཐུབ་མཁན་གྱི་རིགས་འདི་དག་མཚམས་སྦྱོར་བྱས་པ་ཐུགས་རྗེ་ཆེ་མོད། སྐྱེས་ཚེས་ནོར་བ་ནི་གོལ་འཛོལ་ཆེན་མོ་རེད་ཡ ཡིག་ནོར་ཤོར་ནའང་ཁེགས་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme