Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། དང་པོ།

Posted on 2011-05-03 By ཁ་བརྡ་ 10 Comments on ༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། དང་པོ།

འཇིགས་མེད་ཚེ་རིང་།

བོད་གཞུང་བཙན་བྱོལ་དུ་མ་འོང་པའི་སྔ་རོལ་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་ལུགས་ལེགས་བཅོས་ཀྱི་དགོངས་བཞེད་གནང་ཡོད་པ་དང་། སྲིད་ལུགས་ལེགས་བཅོས་ཀྱི་ངོ་བོ་ནི་རྒྱ་དམར་གཞུང་གིས་བཤད་བཞིན་པའི་“དམངས་གཙོ་སྦུག་སྦུག་”དེ་ལྟ་བུ་མ་ཡིན་པར་འཛམ་པོའི་གླིང་སྤྱི་ཡོངས་ཀྱིས་མང་གཙོར་ངོས་འཛིན་བྱེད་ཐུབ་པའི་གཞི་རྩ་ཡོད་པ་དེ་འདྲ་རེད། ལེགས་བཅོས་ཀྱི་སྔོན་འགྲོའི་ལས་དོན་ཀྱང་ཐད་ཀར་མི་མང་དམངས་ཚོགས་ཀྱི་དཀའ་ངལ་ལ་གདོང་གཏད་དེ་“གྱོད་ཞིབ་ལས་ཁུངས་”ལྟ་བུ་བཙུགས་གནང་ཡོད་པ་དང་། ལས་ཁུངས་འདི་བརྒྱུད་ནས་དེ་སྔའི་བོད་ཀྱི་སྐུ་དྲག་དང་སྤྱི་འབངས་དཀྱུས་མའི་དབར་གྱི་ཁ་མཆུ་ཚུན་ཆད་སུ་ལའང་ལྟས་པ་མེད་པར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། རྒྱ་དམར་གཞུང་གིས་བོད་ལ་གློ་བུར་བཙན་འཛུལ་བྱས་པ་ལ་བརྟེན་ནས་༸གོང་ས་མཆོག་གིས་མང་གཙོར་ལེགས་བཅོས་ཀྱི་དགོངས་དོན་ལ་འགལ་རྐྱེན་སླེབས་པ་རེད།
བཀྲ་ཤིས་ཟེར་བ་ཞིག་གིས་《ཀྲུང་གོའི་བོད་ལྗོངས་དྲ་བ་》ཞེས་པར་《 ཏཱ་ལའི་བླ་མའི་ཚུལ་དང་མི་མཐུན་པའི་“ཆབ་སྲིད་བཅོས་བསྒྱུར་”གྱི་ལྟ་བ་གླེང་བ་》ཞེས་པ་ཞིག་བྲིས་ཡོད་ཅིང་། དེའི་ནང་དུ་རྒྱ་ནག་གི་དམངས་གཙོའི་སྐོར་གླེང་ཡོད། དགོད་བྲོ་བ་ཞིག་ལ་ཁོས་ཁུངས་གཏུགས་ས་ནི་འཛམ་གླིང་གི་མི་འབོར་ཧ་ཅང་མང་པོའི་ཁྲོད་ནས་མི་གཉིས་བཙལ་ནས་རྙེད་ཡོད་ཀྱང་། རྒྱ་ནག་གི་གཅིག་སྡུད་བྱེད་ཕྱོགས་ལ་དམངས་གཙོར་བཏགས་པའི་ཐད་དགག་པ་རྒྱག་པའི་བཤད་སྒྲོས་ཙམ་ལའང་གླེང་སློང་བྱེད་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་གི་དམངས་གཙོ་ལ་མི་གཅིག་དབང་འཛིན་ལས་ཀྱང་ཐབས་རྡུགས་པའི་གནས་བབ་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིད་སྐྱོ་བ་ཞིག་ལ་རྒྱ་དམར་གཞུང་དང་དེའི་རྒྱུགས་ཁྱིའི་ཁོངས་སུ་འཛུལ་ཏེ་རང་གི་ཕོར་བ་སྲུང་མཁན་རྣམས་ཀྱིས་ནམ་ཡང་མང་གཙོའི་གོ་དོན་དང་། ཆ་རྐྱེན། དགེ་མཚན་བཅས་གང་ལའང་ཤེས་རྟོགས་བྱེད་ཁག་པོ་རེད། མང་གཙོ་དང་བདེན་དོན་ནི་ནམ་ཡང་མི་གཅིག་གི་ཁེ་ཕན་གཉེར་མཁན་དང་། ཚོགས་པ་བྱེ་བྲག་པ་ཅིག་གཅིག་བུའི་ཆེད་མངོན་ལྐོག་གང་རུང་ནས་འགུལ་བསྐྱོད་བྱེད་མཁན་གྱིས་ནམ་ཡང་བརྗོད་མི་ཐུབ་པ་མ་ཟད། བོད་ཀྱི་གནད་དོན་ནི་ཆབ་སྲིད་ཁྱབ་ཁོངས་ཀྱི་“ཁྱོད་ཕམ་ང་རྒྱལ་”གྱི་གླེང་ཕྱོགས་དེ་རུ་མི་འདུས་ཤིང་། མིའི་ཐོབ་ཐང་གི་གནད་དོན་དང་། མི་རིགས་ཀྱི་རིག་གནས་རྩ་མེད་བཟོ་བའི་རྒྱ་དམར་གཞུང་གི་བྱེད་ཕྱོགས་ལ་ངོ་རྒོལ་བྱེད་པ་ཞིག་ཡིན་པས་མིའི་ཐོབ་ཐང་གི་རྩིས་ཐང་ལ་གཙིས་ཆེན་མི་བྱེད་པ་དག་གིས་གླེང་བའི་སྤོབས་པ་དེ་བས་ཀྱང་སླེབས་ཐུབ་ཀྱི་མེད།
འཛམ་གླིང་རིག་གནས་ཀྱི་ཤུལ་བཞག་དང་། ལོ་ངོ་སྟོང་ཕྲག་བརྒྱུད་པའི་སྲོལ་རྒྱུན་གོམས་སྲོལ། མི་རིགས་ཀྱི་མཛེས་དཔྱོད་སེམས་ཁམས་བཅས་ལ་བཙན་གྱིས་བསྒྱུར་བཅོས་བཏང་ནས་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཁྱབ་ཁོངས་ནས་ཤུལ་མེད་བཟོས་པ་ཡིན་ན་དེ་ཡི་ཉེས་པ་ནི་མི་རིགས་གཅིག་ལ་བཞག་པ་མ་ཡིན་པར་འཛམ་བུའི་གླིང་ལ་ཉེས་པ་བསགས་པ་ཡིན་པར་ཀུན་པོས་བཞེད་ཀྱི་ཡོད་པ་རེད། བྱེད་སྟངས་འདི་ལྟ་བུ་ལ་ཁ་གཏད་ནས་གདོང་ལེན་བྱེད་པ་དང་། ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བ་ཅི་ཡང་མི་རིགས་ཤིག་དང་། རྒྱལ་ཁབ་ཅིག་གཅིག་བུའི་ཁེ་ཕན་གྱི་དོན་དུ་ཡིན་པའི་གོ་དོན་མ་ཡིན་པར་འཛམ་གླིང་རིག་གནས་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ངོས་འཛིན་བྱས་ཆོག་པ་རེད། གོང་བཀོད་རྒྱ་གཞུང་གི་རྩོམ་ཡིག་དེའི་ནང་དུ་བོད་མི་རིགས་ཀྱི་རྩོད་མེད་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་ཀྱི་མིའི་ཐོབ་ཐང་དང་། བོད་རིག་པ་ཤུལ་མེད་བཟོ་འདོད་ཀྱི་རྒྱ་གཞུང་གི་བྱེད་སྟངས་ཐད་ནག་ཉེས་ཐེར་འདོན་གནང་བར་ཆབ་སྲིད་ཀྱི་མིང་བརྡ་སྦྱོར་གྱི་ཡོད་པ་དང་། རིག་གཞུང་གི་གནད་དོན་དང་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་མི་ཚུད་པའི་རྒྱུན་ཤེས་འདི་རྒྱ་གཞུང་གི་དབང་འཛིན་པར་ད་དུང་ནག་ཁུང་ཡིན་པ་རེད།
དེ་ལས་ཀྱང་དགོད་བྲོ་བ་ཞིག་ལ་རྒྱ་གཞུང་གིས་“བོད་ཀྱི་ཆོས་སྲིད་ཟུང་འབྲེལ་”ལམ་ལུགས་ཐད་དུས་རབས་དཀྱིལ་མའི་“ཡུ་རོབ་ཀྱི་ཆོས་སྲིད་ཟུང་འབྲེལ་”ཞེས་པའི་ལམ་ལུགས་ཀྱིས་འགྲེལ་བཤད་བྱེད་པ་དང་། དོན་དངོས་སུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དང་ཡུ་རོབ་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་གཉིས་ནི་ཁ་དང་ཁ་སྤུ། གནམ་དང་ས་ལྟ་བུའི་ཁྱད་པར་ཡོད་པ་ཞིག་ཡིན། གལ་སྲིད་རྒྱ་གཞུང་གིས་བླ་མེད་ཀྱི་རྩ་འཛིན་བྱེད་པའི་ཨེན་ཀེ་སིའི་ལུགས་ཀྱི་ཆོས་སྲིད་ཟུང་འབྲེལ་ལྟར་བཤད་ཚེ་བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་བྱུང་མྱོང་མེད་པ་དང་། ཆབ་སྲིད་ཀྱི་ནང་དུ་ཆོས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པའི་གནས་བབ་ལ་ཆོས་སྲིད་ཟུང་འབྲེལ་དུ་ངོས་འཛིན་བྱས་ཚེ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནི་གཉའ་ཁྲིའི་གོང་གི་བྱ་རུ་ཅན་གྱི་རྒྱལ་བོ་བཅོ་བརྒྱད་ཀྱི་སྐབས་ནས་བྱུང་ཡོད་པ་དང་། བྱ་རུ་ཅན་གྱི་སྲིད་དོན་ནང་བོན་ལུགས་ཀྱི་ཤུགས་རྐྱེན་ཧ་ཅང་མང་པོ་ཐེབས་ཡོད་པ་མ་ཟད། ལོ་རྒྱུས་ཁྲོད་དུ་བྱ་རུ་ཅན་གྱི་སྲིད་ལུགས་ལ་“རྒྱལ་གཤེན་བསྟན་པ་མཉམ་གནས་”ཞེས་ཟེར་ཡང་། བོད་མི་རྣམས་ཀྱིས་ཆོས་ལུགས་ཀྱིས་སྲིད་དོན་ནང་ཤུགས་རྐྱེན་ཐེབས་པ་ལ་ཆོས་སྲིད་ཟུང་འབྲེལ་གྱི་མིང་འདོགས་བྱེད་ཀྱི་མེད་ཅིང་། རྒྱལ་གཤེན་བསྟན་པ་མཉམ་གནས་ཀྱི་ལུགས་འདི་ཡང་ཡུ་རོབ་ཀྱི་ཆོས་སྲིད་ཟུང་འབྲེལ་དང་ཡང་རྦད་དེ་མ་འདྲ་བ་ཡིན།
བཙན་པོ་སྲོང་བཙན་སྒམ་པོའི་སྐབས་དང་། ས་སྐྱའི་སྐབས། བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་གང་དུའང་དུས་རབས་དཀྱིལ་མའི་ཡུ་རོབ་ཀྱི་ཆོས་སྲིད་ཟུང་འབྲེལ་དང་མི་འདྲ་བར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ནི་“མི་ཆོས་གཙང་མ་བཅུ་དྲུག་”གིས་མཚོན་པར་བྱས་པའི་བསམ་བློའི་འཁྱེར་ཕྱོགས་ཀྱི་ངོས་ནས་འགྲེལ་བཤད་ཡོང་དགོས་པ་ཞིག་ཡིན་ཞིང་། ལུགས་འདི་ཉིད་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་རིམ་པས་འཕེལ་རྒྱས་དང་། དགེ་འདོན་སྐྱོན་སྤང་གི་ཐབས་ཇུས་མང་པོ་བརྒྱུད་ནས་མི་ཆོས་རིག་གནས་ཀྱི་བླ་རུ་གནས་པ་ཞིག་ཏུ་གྱུར་ཡོད། གསལ་བོར་བཤད་ན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ནི་ཀུན་སྤྱོད་རིག་གནས་ཀྱི་ཉམས་ལེན་གཞི་ལ་བཞག་པའི་མིའི་བཟང་སྤྱོད་ཀྱི་ལམ་གྱི་རིམ་པ་གསལ་བའི་རིག་གནས་ཤིིག་ཡིན་པ་དེ་ལྟར་ལགས།
བསམ་པའི་བཟང་སྤྱོད་ཀྱི་ལམ་གྱི་རིམ་པ་གསལ་བོར་མཚོན་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་“སྲིད་དབང་མི་མང་ལ་གསོལ་བསྩལ་”གནང་རྒྱུ་ནི་མི་ལོ་ལྔ་བཅུའི་རིང་དུ་ཁོང་གིས་ཡིད་ལ་བརྣགས་པའི་དགོངས་ཚུལ་ཞིག་ཡིན་ཞིང་། བོད་ཀྱི་ཀུན་སྤྱོད་རིག་གནས་རྒྱུས་ལོན་མི་ཐུབ་པའི་མི་རྣམས་ལ་འདིའི་ཐད་འགྲེལ་བཤད་གཞན་ཡོད་སྲིད་ཀྱང་། རྒྱ་དམར་གཞུང་ལྟ་བུར་བཤད་ཀྱང་ཉན་འདོད་མི་བྱེད་པའི་“བདག་ལས་གཞན་གཅེས་”དང་། “འགྲོ་བའི་དོན་དུ་ངལ་བ་མེད་པ”འི་༸གོང་ས་མཆོག་གི་དཀྱིལ་ཡངས་དགོངས་ཚུལ་ལ་སྲིད་དབང་བཞེས་པ་དང་གསོལ་བསྩལ་གནང་རྒྱུའི་དབར་ཧེ་བག་འགྲོ་བའི་གནས་ཚུལ་ཅི་ཡང་མེད་པ་གསལ་བཤད་བྱེད་ཀྱི་རེད།
འོན་ཀྱང་། ༸གོང་ས་མཆོག་གིས་སྲིད་དབང་གསོལ་བསྩལ་གྱི་དགོངས་བཞེད་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་མཉམ་དུ་རྒྱ་གཞུང་གིས་གློ་བུར་དུ་རང་ཉིད་ཀྱི་དམངས་གཙོ་གཅིག་སྡུད་ཟེར་བར་ཕྱིར་ལྟས་སློག་དགོས་བྱུང་ཡོད་པ་དང་། མི་ལོ་སུམ་ཅུའི་རིང་གི་རྒྱ་ནག་གི་འཕེལ་རྒྱས་ཟེར་ནས་མང་པོ་བཤད་དགོས་ཐུག་ཡོད། ལོ་ངོ་སུམ་ཅུའི་རིང་གི་རྒྱ་ནག་གི་འཕེལ་རྒྱས་ནི་གླེང་རིན་ཡོད་པ་དང་། མགྱོགས་མྱུར་ལྡན་པ་ཞིག་ཡིན་མོད། འཕེལ་རྒྱས་གཅིག་བུའི་ཆེད་དུ་བཏང་བའི་རྨི་ལམ་གྱི་མཇུག་འབྲས་ནི་བརྟན་བརླིངས་མེད་པའི་དེང་གི་རྒྱ་ནག་ཁྱོན་ཡོངས་དང་ཡུ་གར། བོད་ཡུལ་ལྟ་བུའི་སྤྱི་ཚོགས་ཀྱི་ར་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ལོ་རེའི་རྒྱ་གཞུང་གི་མ་དངུལ་འབོར་ཆེན་ནང་ཁུལ་གྱི་བརྟན་བརླིང་ཆེད་དུ་གཏོང་དགོས་ཡོད་པ་སོགས་ཀྱིས་ལོ་ངོ་སུམ་ཅུའི་གནས་བབ་གསལ་བཤད་ཐུབ་པ་ཞིག་རེད། རྒྱ་གཞུང་གི་ལོ་ངོ་སུམ་ཅུའི་རིང་གི་གྲུབ་འབྲས་དེ་རྫུ་འཕྲུལ་བསྟན་པ་ལྟ་བུ་ཞིག་ཡིན་ནའང་། དེ་ཉིད་དབང་འཛིན་ཕྱོགས་ཁག་ཁོ་ནའི་ལོངས་སྤྱོད་དུ་གྱུར་ཡོད་པ་དང་། རྣམ་པ་མཛེས་པའི་གྲོང་ཁྱེར་དང་། གྲོང་གསེབ་ཁུལ་གྱི་སྤྱི་འབངས་འཚོ་བ་ནི་རྒྱ་གཞུང་གི་མི་ལོ་སུམ་ཅུའི་འབད་བརྩོན་གྲུབ་འབྲས་དང་འཇིག་རྟེན་གཞན་ཞིག་ནང་བཞིན་ཡོད་པ་རེད། ཁོ་བོས་དཔྱད་ཡུལ་གྱི་རྩོམ་ཡིག་འདིའི་ནང་དུ་ནུབ་ཕྱོགས་ཀྱི་མང་གཙོ་ལོ་ངོ་རིམ་བརྒྱུད་ཀྱིས་ལེགས་ལམ་དུ་སོང་ནས་ད་ལ་གཏུགས་ཤིང་། རྒྱ་གཞུང་གི་དམངས་གཙོས་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་དང་། ད་དུང་མུ་མཐུད་ནས་ཡར་རྒྱས་འགྲོ་རྒྱུ་ཡིན་པར་བརྗོད་པ་ནི་དམར་ཕྱོགས་ཀྱི་བརྟན་བརླིང་དང་འགྲེལ་བ་ཡོད་པའི་སྐད་ཆ་ཞིག་ཡིན་ངེས་ཤིང་། དུང་ཕྱུར་བཅུ་ཕྲག་གི་རྒྱ་རིགས་མི་མང་ལྕགས་མཁར་ལས་ཐར་བའི་རྒྱུ་མཚན་ཡང་ཡོད་པའི་རེ་བ་བྱས་ཆོག་པ་ཞིག་རེད།
༸གོང་ས་མཆོག་གིས་བོད་མི་རྣམས་ལོ་ངོ་ལྔ་བཅུ་ལྷག་གི་རིང་མང་གཙོར་སྐུལ་འདེད་གནང་རིང་། འཛམ་གླིང་ནང་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་མང་གཙོའི་ལེགས་བྱང་ལ་དཔེ་བྱས་ཏེ་ལམ་ལུགས་འགྱུར་བ་བཏང་བའི་རྒྱལ་ཁབ་ཀྱང་བྱུང་མྱོང་ཡོད། མཐར་གཏུགས་ན་༸གོང་ས་མཆོག་གིས་སྲིད་དབང་གསོལ་བསྩལ་གྱི་དགོངས་དོན་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་བརྗོད་ལྟར་ན་“ཡུལ་མིའི་གཞུང་སྐྱོང་བ་”ཞེས་པ་དེར་འདུས་ཤིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༤ པའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཐོག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་“མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་”ཞེས་བཀའ་བསྩལ་བ་འདི་ཡིས་སྲིད་དབང་གསོལ་བསྩལ་གྱི་དགོངས་དོན་ཡོངས་སུ་མཚོན་པ་ཡིན་ཞིང་། འདི་ཡིས་རྒྱ་གཞུང་གི་དམངས་གཙོ་སྦུག་སྦུག་དང་མི་འདྲ་བའི་རྒྱུ་མཚན་ཡང་གསལ་བོ་བྱེད་ངེས་རེད།
ཕྱི་ལོ་༢༠༡༡ཟླ ༤ ཚེས་༣༠ ཉིན།

རྩོམ་རིག

Post navigation

Previous Post: རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པའི་གྱེན་ལངས་ངོ་རྒོལ་ལ་གདུང་སེམས་མཉམ་སྐྱེད།
Next Post: བྷན་ལ་ཏེན་བསད་འདུག

Comments (10) on “༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། དང་པོ།”

  1. གཅན་བཟོད་རྒྱམ། says:
    2011-05-03 at 3:17 am

    དོན་གྱི་གཏད་སོས་བདེན་པའི་མཐའ་ལ་དེད།།
    ཚིག་གི་སྡེབས་སྦྱོར་སྙན་འཇེབས་དབྱངས་གྱི་ཕྱུག།
    རྣོ་ངར་སྨྱུ་གུའི་སོ་ལ་རྒྱ་ལ་གཏོད།།
    ཁྱོད་འདྲའི་རུས་པ་ཅན་དག་དགོས་ཞིང་མཁོ།།

  2. Pama tso says:
    2011-05-03 at 4:00 am

    ༧གོང་ས་མཆོག་གི་བཀའ་སློབ་དེ་ཚོས་གོང་འོག་མཐུད་བཞག་པ་ནི་ཧྲ་མོ་རྡོ་འདྲ་བོ་ཞིག་རེད་ལ་ཕན་ཞེ་དྲག་ཐོག་འདུག ཡག་པོ་འདུག།

    འཇིགས་མེད་ཀྱིས་གྱོད་ཞིབ་ལྷན་ཚོགས་སྐོར་རྒྱས་ཙམ་གསུངས་ན་ཕན་ས་རེད།

  3. འཇིགས་མེད་ཚེ་རིང་། says:
    2011-05-03 at 12:29 pm

    གཅན་བཟོད་རྒྱམ་ལགས་ཀྱི་ཞེན་སྐུལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    པདྨ་མཚོ་ལགས་ཀྱིས་ངག་རྒྱུན་ལོ་རྒྱུས་ཀྱི་དེབ་དག་བཀླགས་པ་ཡིན་ན་གྱོད་ཞིག་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་སོགས་གསལ་ཙམ་མཁྱེན་པར་ཐུགས་ཕན་སོས་རྒྱུ་རེད་བསམ།

  4. གནས་ཚུལ། says:
    2011-05-03 at 12:45 pm

    དཔྱད་གཏམ་དང་འབྲེལ་ནས་རྩོམ་ཡིག་སྤུས་དག་ཞིག་བྲིས་གནང་འདུག མུ་མཐུད་དེ་ལྟ་བུ་གང་མང་འབྲི་རོགས་གནང་།

  5. Pama tso says:
    2011-05-04 at 6:26 am

    འཇིགས་མེད་ཟེར་བ་ལགས།

    ངག་རྒྱུན་ལོ་རྒྱུས་ནང་ན་གྱོད་ཞིབ་ལྷན་ཚོགས་ཡོད་པ་མ་རེད། ཁྱེད་ཀྱིས་སྨོན་ལམ་སྐབས་ཀྱི་བཀའ་སློབ་གང་ཟག་གསུམ་པས་བཤད་པ་ལྟར་མིན་པར། གང་ཟག་དང་པོས་བཤད་པ་ལྟར་བེད་སྤྱོད་བཏང་འདུག་པས། ངས་ཁྱེད་ལ་ཀྱག་ཀྱག་བྱས་པ་ཡིན། དགོངས་དག། མིའི་མིག་ལ་ཤེས་རབ་ཀྱི་དྲི་མ་ཡོད་པ་རེད་གདའ། ཧཧཧ

  6. ལུང་རྟོགས། says:
    2011-05-04 at 7:33 am

    རྗེས་སུ་ཡི་རང་ཡོད། འདི་འདྲ་གང་མང་འདྲི་རྒྱུའི་རེ་བ་ཞུ།

  7. འཇིགས་མེད་ཚེ་རིང་། says:
    2011-05-04 at 6:56 pm

    པདྨ་མཚོ་ཞུ་བ་ལགས་ཀྱིས་ང་ལ་ཀྱག་ཀྱག་རྩ་ཆེན་ཞིག་གནང་འདུག ཧཧཧཧཧཧ
    འོན་ཀྱང་། མཁྱེན་པ་ཡིན་ན་་་ལོ་རྒྱུས་དཔྱད་ཞིབ་དོན་གནད་ཀྱི་འཇུག་ཡུལ་བོང་བུས་ཀྱང་ལོས་གོ་སྙམ་པ་ཞིག་ག་དུས་ཡིན་ཡང་ཡོད་པ་མ་རེད།
    ལྷག་པར་དུ་གང་ཟག་དང་པོས་བེད་སྤྱོད་གནང་བ་གསུམ་པའི་བེད་སྤྱོད་བྱེད་སྟངས་ཐད་རྩོམ་ཡིག་གི་འགྲོ་སྟངས་ཤིག་གིས་གཏན་འཁེལ་དགོས་པ་དང་། ལྷག་པར་ཏུ་ལོ་རྒྱུས་ནི་དེ་ལྟར་ཡིན་པའི་གནས་དོན་སློབ་སྦྱོང་མང་ཙམ་གནང་ན་མཁྱེན་ངེས་རེད།

  8. Pama tso says:
    2011-05-05 at 3:49 am

    དོན་དག་ཚར་སོང་དུས་ཚིག་གིས་ཡར་ཁྲིད་མར་ཁྲིད་བྱེད་པ་འདི་ཁྱེད་མ་གཏོགས་གཞན་ལའང་ངན་གོམས་ཡོད་པ་རེད། ཡིན་ནའང་གྱོད་ཞིབ་ལྷན་ཚོགས་ངག་རྒྱུན་ལོ་རྒྱུས་ཁྲོད་མེད་པ་དེ་གཅིག་བྱས། དེ་ནས་གང་ཟག་དང་པོའི་རྣམ་དཔྱོད་དང་བཀའ་མོལ་གང་ཟག་གསུམ་པས་བེད་སྤྱོད་གནང་ཕྱོགས་རྩིམ་རིག་གི་གཞུང་ལུགས་ལྟར་ན་འདི་འདྲ་ཡིན་དོགས་མེད། ཞིབ་མོར་གསུང་རྒྱུ་ལས་སྦུག་སྦུག་གིས་ཀུན་པོ་སྦུག་སྦུག་བཟོས་འདུག ཧཧཧ

  9. རིག་འཛིན་དབང་ཕྱུག་ says:
    2011-05-05 at 4:21 am

    ཁྱོད་རང་ཚོས་བྲིས་པའི་གནས་ཚུལ་དེ་ཡག་པོ་འདུག

  10. རིག་འཛིན་དབང་ཕྱུག་ says:
    2011-05-05 at 4:23 am

    ང་རང་བལྟ་འདུན་ཤིན་ཏུ་ཆེ་ ང་རང་འབྲུག་པའི་གཞི་ཆགས་ཞིག་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme