Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས།

Posted on 2011-04-062013-05-13 By དགེ་རབ་ 16 Comments on བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས།

འོད་ཟེར་གྱིས་བརྩམས།
དགེ་འདུན་གྱིས་བསྒྱུར། ༼མ་ཡིག་ www.highpeakspureearth.com༽
༢༠༠༨ ལོའི་མེ་ལྕེ་དང་ཟུངས་ཁྲག་དེ་དག་ནི་ལོ་ངོ་གསུམ་གྱི་ཡར་སྔོན་ཏག་ཏག་ལ་བྱུང་བ་རེད། བོད་མི་མང་པོས་རང་ཉིད་བློས་གཏོང་བྱེད་དགོས་བྱུང་ཡོད་ལ། བོད་མི་མང་པོས་དེ་རིང་ཡང་བཙོན་ཁང་དུ་སྡུག་བསྔལ་མྱོང་བཞིན་ཡོད། བཙན་གནོན་པའི་ལྐོག་མདའ་འཕེན་མཁན་དག་ནི་བོད་མི་ཚོའི་མགོ་ཐོག་ཏུ་ད་དུང་ལངས་ཡོད་ལ། ཉི་མ་གསལ་བའི་ཉིན་དག་ལ། ཁོང་ཚོའི་ལག་ན་ཡོད་པའི་མེ་མདའ་ནས་མཆེད་པའི་འོད་དེ་ཡིས་ཕྱག་འཚལ་བཞིན་པའི་བོད་མི་ཚོར་བསྣུན་བཞིན་ཡོད། འདི་ནི་བོད་མི་ཚོའི་སྙིང་ལ་བརྐོས་པའི་ཐུན་མོང་གི་དྲན་པ་ཞིག་རེད།
གང་ལྟར་ཡང་། བོད་མི་ཚོའི་ཁྲོད་ནས་ བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་བྱུང་བའི་གྱེན་རྒོལ་དེ་དག་ནི་མ་ཡོང་ན་འགྲིག་པ་ཡོད། གང་ཡིན་ཟེར་ན། དེས་ཡ་ང་མེད་པའི་བཙན་གནོན་སླེབས་བཅུག་པ་མ་ཟད། ཆབ་སྲིད་ཀྱི་ནང་དུ་བཙན་དབང་ཆེ་བའི་འགྱུར་བ་སླེབས་བཅུག་ནས། སྔོན་ནས་ཐོབ་ཡོད་པའི་གོ་བབ་དེ་སླར་ཡང་ཉམས་དམས་སུ་བཏང་སོང་ཞེས་སྐད་ཆ་མ་འདྲ་བ་གཞན་ཡོད་པ་དེ་ཁྱད་པར་འབྱེད་ཐུབ་པ་རེད། དཔེར་ན། བོད་ནང་གི་རོགས་སྐྱོར་ཐེབས་རྩ་མང་པོ་སྒོ་བརྒྱབ་པ་ཙམ་དུ་མ་ཟད། དེ་དག་ཁྱོན་ནས་སླར་ལོག་གི་མ་རེད་ལ། ང་ཚོས་བྱེད་ཐུབ་པ་ཉག་གཅིག་ཡོད་པ་དེ་ནི་ ང་ཚོ་རང་ཉིད་སྲུང་སྐྱོབ་བྱེད་ཆེད་རྫོགས་མཐའ་མེད་པའི་འགྲིག་མཐུན་བྱེད་རྒྱུ་དེ་རེད།

ཐེབས་རྩ་ཚོགས་པ་དང་རང་དབང་ཅན་གྱི་ཚོགས་པ་དག་ནི་རོགས་སྐྱོར་གྱི་ལས་ཀ་ལ་ཞུགས་ཡོད་སྟབས་ ཆབ་སྲིད་ཀྱི་ཆ་ནས་འགྲིག་ཆ་ལྡན་པའི་ཁེ་ཕན་ཅན་གྱི་བཟང་སྤྱོད་ཅིག་མཚོན་གྱི་ཡོད། ཡིན་ན་ཡང་། ད་ནི་རོགས་སྐྱོར་གྱི་ལས་ཀ་དག་ཀྱང་མུ་མཐུད་ནས་སྤེལ་མི་ནུས་ལ། མི་ཚོས་དེ་ལྟར་སྐྱོན་བརྗོད་བྱེད་པ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། ཡིན་ན་ཡང་། རོགས་སྐྱོར་གྱི་ལས་ཀ་འགོག་མཁན་རྣམས་ནི་ངོ་རྒོལ་བྱེད་མཁན་གྱི་མི་རྣམས་རྩ་བ་ནས་མ་རེད་ལ། དེའི་འགན་ཡོད་མཁན་དེ་ནི་བཙན་གནོན་པ་ཚོ་རེད། དེའི་རྐྱེན་གྱིས་ངོ་རྒོལ་པ་དག་ལ་ཁག་འགེལ་བྱས་རིགས་དང་བཙན་གནོན་པ་ངོ་མ་དེ་ཚོའི་ཐད་དུ་ཁུ་སིམ་མེར་ཡོད་པ་འདི་གླེང་སློང་བྱེད་རྒྱུ་ནི་དགོས་ངེས་པ་ཞིག་རེད།

གཞུང་གི་ནང་དུ་ལས་ཀ་བྱེད་བཞིན་པའི་བོད་མི་ཞིག་གིས་བརྗོད་དོན་ལ། ༢༠༠༨ ལོའི་ངོ་རྒོལ་དེ་ནི་ནོར་འཁྲུལ་ཞིག་མ་རེད། ནང་ལོགས་ནས་བཤད་ན། དེས་མི་མང་གི་སྙིང་ཁོང་དུ་ཡུན་རིང་སྦས་བཀག་བྱས་ཡོད་པའི་རྒྱལ་ཁབ་ཀྱི་བསམ་བློ་དེ་འགུལ་བཅུག་པ་རེད་ལ། འཛམ་གླིང་ཕྱི་ལོགས་ལ་མཚོན་ན། དེས་བོད་མི་ཚོའི་གདོང་ལ་བཀབ་ཡོད་པའི་གདོང་རས་སྲབ་མོ་དེ་བཤུས་པ་དང་། བོད་མི་ཚོའི་གདོང་ངོ་མ་དེ་མཐོང་བཅུག་པ་མ་ཟད། ཁོང་ཚོའི་སྙིང་ཁོང་རུས་པའི་གཏིང་ནས་ཡོང་བཞིན་པའི་ངུ་འབོད་དེ་འཛམ་གླིང་ལ་ཐོས་བཅུག་པ་རེད།

འབྲིང་རིམ་སློབ་གྲྭའི་བོད་མི་དགེ་རྒན་ཞིག་གིས་བརྗོད་རྒྱུར། ༢༠༠༨ ལོའི་ངོ་རྒོལ་དེས་ང་ཚོ་ལ་ ན་ཟུག་རྣམས་རང་གི་སྙིང་ཁོང་དུ་སྦ་མི་ནུས་པར་ཕྱིར་འདོན་དགོས་པ་དེ་བསླབས་བྱུང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ། ང་ཚོས་གནད་དོན་རྣམས་རང་ཉིད་ཀྱི་ལག་ཏུ་ལེན་དགོས་པ་ལས། ང་ཚོས་༧རྒྱལ་བ་རིན་པོ་ཆེའམ་མཁས་པ་གཞན་རྣམས། ཡང་ན་མཐོ་རིམ་ཞིག་ལ་སྐྱབས་བཅོལ་ནས་སྡོད་མི་རུང་། དེར་བརྟེན་ང་ཚོ་རེ་རེ་ནས་རང་རང་གི་ཐོབ་ཐང་ལ་འཐབ་རྩོད་བྱེད་པའི་ལམ་བུའི་སྟེང་ངེས་པར་དུ་ཞུགས་དགོས་པ་རེད།

བོད་མི་རྩོམ་པ་པོ་ཞིག་གིས་བརྗོད་དོན། ༢༠༠༨ ལོའི་ངོ་རྒོལ་དེས་གཤམ་གསལ་གྱི་རྗོད་པ་འདི་དག་བོད་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད། བོད་མི་རྣམས་ནི་སྐྱིད་སྡུག་ཁྲོད་མཉམ་དུ་ལངས་ཡོད། ངོ་རྒོལ་དག་ནི་མི་གཞན་སུ་ཞིག་གིས་ཀྱང་སྐུལ་སློང་གིས་བྱས་པ་མ་རེད། དེ་དག་ནི་མི་དམངས་རང་ཉིད་ཀྱིས་མགོ་བཙུགས་པ་རེད་ལ། དེས་མི་དམངས་ཀྱི་མངོན་འདོད་དང་རྣམ་འགྱུར། ལངས་ཕྱོགས་མཚོན་གྱི་ཡོད་པ་རེད། མི་དམངས་ནི་ཧ་ཅང་ཀླད་མེད་རེད་ཅེས་འདོད་མཁན་དག་ནི་རང་ཉིད་ལ་མཐོང་རྒྱ་ཆེ་མདོག་དང་རང་ཉིད་ཀྱིས་མི་དམངས་ཀྱི་ཆེད་དུ་མི་དམངས་ཀྱིས་ཅི་ཞིག་བྱེད་དགོས་པ་དང་མི་དགོས་པ་ཐག་གཅོད་ཐུབ་ཀྱི་ཡོད་མདོག་མདོག་བྱེད་མཁན་ཚོ་རེད། མཐོ་རིམ་རིང་ལུགས་པའི་ལྟ་ཚུལ་འདི་ནི་ངོ་མ་བཤད་ན། རང་ཉིད་ཀྱི་ལག་ལེན་ངོ་མའི་ནང་དུ་ལས་དོན་བྱེད་པའི་འགན་འཁུར་གྱི་བསམ་བློ་སྣེ་གཅིག་ཀྱང་ཡོད་མ་རེད་ལ། དེ་ལས་ཀྱང་དེ་དག་ལ་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་ཕན་ཐོགས་ཕྱིར་སྤྱི་དམངས་ཀྱི་སེམས་ཁུར་སྣེ་གཅིག་ཀྱང་མེད་པ་རེད།

བོད་མི་རྩོམ་པ་པོ་གཞན་ཞིག་གིས་བརྗོད་དོན་ལ། ༢༠༠༨ ལོའི་ངོ་རྒོལ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་གི་ས་མཚམས་རྡོ་རིང་ཞིག་ཆགས་པ་རེད། འདས་པའི་ལོ་ངོ་གསུམ་གྱི་རིང་ལ། བོད་ཀྱི་ས་ཁུལ་མང་པོར་ མི་རྣམས་ཀྱིས་རང་ཉིད་གཞི་ནས་དྲན་པ་སོས་པ་ཇི་བཞིན། རྒྱལ་ཁབ་ཀྱི་ཚོར་བ་དང་རྒྱལ་ཁབ་ཀྱི་ལ་རྒྱ་ལ་འབྲེལ་བའི་གནད་དོན་རྣམས་གླེང་བཞིན་འདུག དཔེར་ན་ “མཐུན་སྒྲིལ་གྱི་རང་སྒྲ་”ཞེས་པའི་གླུ་ཚིག་ཇི་བཞིན་རེད། དེས་བོད་མི་ཚོའི་བསམ་ཚུལ་བསྟན་ཡོད་པ་སྟེ། “ཨོ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ཨ་ཕའི་གདོང་གི་སྐྱོ་བ་བསམས་ན་མཐུན་སྒྲིལ་གྱིས། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ཁ་བ་བོད་པས་མཐུན་སྒྲིལ་གྱིས་ཡ། ཨ་མའི་སེམས་ཀྱི་མིག་ཆུ་བསམས་ན། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ” ཞེས་བཀོད་འདུག

༢༠༠༨ ལོའི་སྐད་འབོད་དུ་ཞུགས་མཁན་དག་ནི་ཧ་ཅང་གྲངས་ཉུང་རེད་ཅེས་པའི་ལྟ་ཚུལ་ལ་ཤུགས་རྐྱེན་ཆེ་བའི་གྲྭ་པ་ཞིག་གིས་དགག་བྱ་བྱས་པ་རེད། བསམ་ཚུལ་དེ་འདྲ་ནི་རྒྱ་ནག་ཅན་དུ་བསྒྱུར་ཟིན་པའི་ས་ཁུལ་དང་མི་དམངས་ཀྱི་ཁྲོད་དུ་ཡོངས་གྲགས་ཡིན་པ་ནི་ཧ་ཅང་མངོན་གསལ་རེད། གཅིག་བྱས་ན་ རང་ཉིད་སྒེར་ཁོ་ནའི་ཁེ་ཕན་ལ་དངངས་འཚབ་དང་རྩིས་རྒྱག་པ་དག་གིས་ཧ་ལམ་དེ་འདྲ་བསམས་ཀྱི་རེད། ངོ་རྒོལ་དག་གིས་བོད་ཀྱི་གནས་སྟངས་ཇེ་སྡུག་ཏུ་བཏང་བ་ནི་དེས་རྐྱེན་བྱས་ཡོད་མེད་ལ་ཐེ་ཚོམ་མེད་པ་རེད། འོན་ཀྱང་བོད་ཡོངས་ཀྱི་མི་དམངས་ལ་འཕྲད་བཞིན་པའི་གནས་བབ་དང་བསྡུར་ན། དེ་ནི་དཀའ་རྙོག་ཅིག་ཏུ་བརྩི་མི་རུང་བ་ཞིག་རེད། ང་ལ་གསུངས་དང་། རྒྱལ་ཁབ་ཡོངས་ཀྱི་ཁེ་ཕན་དེ་གལ་ཆེའམ། ཡང་ན་མི་སྒེར་རམ་ཚོགས་པ་ཞིག་གི་ཁེ་ཕན་དེ་གལ་ཆེ། ད་དུང་འདི་ནི་ དཀའ་ངལ་ལ་གདོང་ལེན་བྱེད་ཆེད་ལག་ལེན་དང་ནང་གི་སྟོབས་ཤུགས་ཀྱི་ཉམས་མྱོང་གསོག་པའི་གོ་སྐབས་ཤིག་རེད་ལ། དེ་ལ་བརྟེན་ནས་སྙིང་སྟོབས་འཕེལ་གི་རེད།

ལོ་ངོ་གསུམ་གྱི་གོང་དུ་ཁྲོམ་སྐོར་ལ་ཕེབས་པའི་རྐྱེན་གྱིས་འཛིན་བཟུང་དང་གཅར་རྡུང་མྱངས་པའི་གྲྭ་པ་ཞིག་གིས་བརྗོད་དོན། ༢༠༠༨ ལོའི་ངོ་རྒོལ་གྱིས་ཁུངས་སྐྱེལ་དཔང་རྟགས་ཤིག་མཚོན་ཡོད་དེ། གལ་སྲིད་ངོ་རྒོལ་དེ་འདྲ་བྱུང་མེད་པ་ཡིན་ན། རྒྱ་གཞུང་གིས་བོད་མི་རྣམས་ཀྱིས་ “རང་ཉིད་བཅིངས་འགྲོལ་”བྱས་པ་ཡིན་པ་དང་། བོད་མི་རྣམས་ནི་ “མི་དམངས་སྐྱིད་ཤོས་”དེ་ཡིན་པའི་ཁ་གཡང་དེ་དག་དོན་དངོས་ལྟ་བུར་གྱུར་ཡོད། ཡིན་ན་ཡང་ངོ་རྒོལ་དེ་དག་བྱུང་རྐྱེན། སྐད་འབོད་དེ་དག་ནི་རྫུན་མ་རྫུན་རྐྱང་ཡིན་པ་བསྟན་ཡོད། ༢༠༠༨ ལོའི་སྐད་འབོད་ནི་ལམ་ལྷོང་བྱུང་ཡོད་པ་དང་། དེ་དག་གིས་བོད་མི་ཚོའི་རང་གི་སྙིང་ཁོང་དུ་སྦས་ཡོད་པའི་རྒྱལ་ཁབ་ཀྱི་བསམ་བློ་དེ་མངོན་པར་བྱས་ཡོད་ལ། དེ་དག་གིས་བོད་མི་ཚོ་ལ་མ་འོངས་པར་རེ་བ་ཞིག་ཡོད་པ་བསྟན་ཡོད། ངོ་རྒོལ་དེ་དག་གིས་བོད་མི་ཚོའི་མི་ཚེ་ནི་སྔོན་མ་ལས་དཀའ་ཁག་ཆེ་བ་བཟོས་ཡོད་མོད། འདི་ནི་ མ་འོངས་པར་ཡང་ངོ་རྒོལ་མང་བ་ཡོང་ངེས་པའི་རྒྱུ་མཚན་ཞིག་རེད། ངོ་རྒོལ་མང་བ་བྱུང་བའི་ཚོད་ཀྱིས་བོད་མི་ཚོ་ལ་ཁེ་ཕན་ཆེ་བ་ཡོང་གི་རེད་ལ། དེས་མི་དམངས་མང་བ་ནས་མང་བར་གནད་དོན་ངོ་མ་མཐོང་དུ་འཇུག་པ་མ་ཟད། ངོ་རྒོལ་དེ་སླར་ཡང་བྱུང་ན། ང་ནི་དེའི་མདུན་དུ་ཐོན་རྒྱུ་ཡིན།
༢༠༡༡ ལོའི་ཟླ་བ་གསུམ་པའི་ཚེས་ ༡༤ ཉིན་པེ་ཅིན་ནས།

འགྱུར་རྩོམ།

Post navigation

Previous Post: ཧ་ལོག་སོང་བ་རེད་ཟེར།
Next Post: མུན་ནག་གི་འཇིག་རྟེན།

Comments (16) on “བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས།”

  1. མེ་ཆ་། says:
    2011-04-06 at 1:45 am

    འོད་ཟེར་ལགས་ཁ་མིན་དོན་གྱིས་འོད་གསལ་རེད་། དགེ་འདུན་རབ་གསལ་ལགས་ཀྱིས་རྩོམ་བསྒྱུར་བྱས་བ་ཐུགས་རྗེ་ཆེ་ཆེ་ཞུ་།

  2. ཤར་ཕྱོགས་ཁུག་རྟ། says:
    2011-04-06 at 2:02 am

    ༢༠༠༨ ལམ་ལྷོང་བྱུང་ཡོད་པ་རེད། དེས་རེ་བ་གསར་བ་ཞིག་བསྐྲུན་ཡོད་པ་བདེན་པས་མ་ཚད། གསུམ་བཅུའི་དུས་དྲན་གསུང་འཕྲིན་ཚུན་ཆུད་དུ་ཆོལ་གསུམ་ཁྱོན་ཡོངས་ནས་ཞི་བའི་ངོ་རྒོལ་བྱས་ནས་ཟེར་བའི་ལོ་མཚམས་ཤིག་ཏག་ཏག་བཟུང་ཡོད་པ་རེད། དེ་ནི་ལོ་རྒྱུས་ནང་གསེར་མདོག་གིས་བཀོད་ཚར་པའི་དན་རྟགས་ཀྱང་རེད།

    དེ་ནས་ད་བར་ཕལ་ཆེར་བར་མ་ཆད་པར་ངོ་རྒོལ་འཇགས་ཡོད་པ་མ་རེད་ཅེས་ལབ་ཀྱང་འགྲིག་གི་རེད་། འོན་ཀྱང་དེང་སང་བོད་ནང་དུ་བོད་རིགས་བདེ་སྲུང་ལས་བྱེད་དང་བདེ་སྲུང་ཆེད་ཉིན་གླ་བྱས་པ་དག་གིས། བོད་མི་ཚོར་ཞི་བས་འཇིགས་སྐུལ་གཏོང་བཞིན་ཡོད་འདུག ཁོང་ཚོས་གཉེན་ཉེ་ཕྱི་རོལ་དུ་ཡོད་པ་དག་འགུག་ཐབས་སྔ་མོ་ནས་རྫུན་བསླུ་བྱེད་བཞིན་ཡོད་ཀྱང་། དེང་སང་དེ་ལས་ལྡོག་སྟེ་ཁོང་ཡག་པོ་སྡོད་ལབ ནམ་ཞིག་ཁོང་ཕ་ཡུལ་དུ་ལོག་མི་དགོས་སམ། སྐྱིད་པོ་བདེ་མོར་བསྡད་ན་དགའ་ནི་རེད་ཟེར་བ་སོགས་མང་དུ་ཞི་རྒོལ་ཆེན་མོའི་སྙིང་སྟོབས་ནང་སིམ་འཛུལ་བྱེད་ཀྱི་འདུག་པས།

    བོད་ནང་གི་བླ་སྤྲུལ་དགེ་འདུན་པ་རྣམས་པ་དང་། རྒྱ་ཆེའི་མི་མང་། སློབ་ཕྲུག་རྣམས་པ་བཅས་ཀྱིས་བོད་རིགས་ལས་ཀ་དེ་འདྲ་བྱེད་མཁན་རྣམས་ཡན་པོར་མ་བཏང་བར་ཐུགས་སྣང་གནང་བ་ཡིན་ན། ཞི་རྒོལ་སྙིང་སྟོབས་ལ་འགོག་རྐྱེན་གཏི་ཐུག་དེའང་ཡལ་འགྲོ་བར་སེམས།

  3. སྤངས་སྤོས། says:
    2011-04-06 at 2:11 am

    འོད་ཟེར་ལགས་ནི་གང་ལ་ཡང་འཇིགས་སྣང་མེད་པའི་བོད་མི་རིགས་ཀྱི་དཔའ་མོ་རེད། ཁྱོད་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །བཙན་བྱོལ་ནང་གི་རྩོམ་པ་པོའི་མིང་ཅན་དམ་ཉམས་ཉུང་ཤས་ནས་༧གོང་ས་མཆོག་ལ་རྒོལ་ཞིང་ཕ་གསོད་ལག་དམར་རྒྱ་དམར་ཇག་པའི་འདོད་ཕྱོགས་སྒྲུབ་པའི་བྱ་སྤྱོད་ལ་ཁྱོད་ནས་ཐུགས་ཕམ་མེད་པ་མཁྱེན། བོད་མི་དེ་རང་དབང་ཆེ་སོང་ན་རང་གི་ཕ་རྒན་གྱི་མགོ་ལ་གཅིང་པ་གཏོང་པ་དངོས་གནས་རེད།

  4. Rinchen Dhondup says:
    2011-04-06 at 3:48 am

    འོད་ཟེར་ལགས། གང་གི་འཇིགས་ཞུམ་དང་བྲལ་བའི་སྙིང་སྟོབས་ལ་རྟག་ཏུ་ཡི་རངས་ཡོད། ཁྱེད་ནི་གཞིས་བཞུགས་བོད་མི་དབའ་བོ་དཔའ་མོ་ཚོའི་མགྲིན་ཚབ་པ་མེད་མི་རུང་བ་ཞིག་རེད། ཁྱེད་སྐུ་ཚེ་ཡུན་དུ་བརྟན་པར་སྨོན། དགེ་རབས་ལགས་ཀྱིས་ངལ་བ་འཛེམས་མེད་ངང་རྩོམ་སྒྱུར་གནང་བར་བཀའ་དྲིན་ཆེ།

  5. ཀརྡོ་རབ་འབྱམས་པ་ says:
    2011-04-06 at 4:49 am

    “ཨོ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ཨ་ཕའི་གདོང་གི་སྐྱོ་བ་བསམས་ན་མཐུན་སྒྲིལ་གྱིས། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ཁ་བ་བོད་པས་མཐུན་སྒྲིལ་གྱིས་ཡ། ཨ་མའི་སེམས་ཀྱི་མིག་ཆུ་བསམས་ན། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ” ཞེས་པའི་འབོད་སྒྲ་འདི་ནི། ཆེས་རིན་ཐང་ཆེ་ལ་འོས་ཤིང་འཚམས་པ་ཅིག་རེད། འོན་ཀྱང་ངོ་རྒོལ་ནི། འཚེ་མེད་ཞི་བ་ཉག་གཅིག་ལ་བརྟེན་དགོས་པ་ནི། ཤིན་ཏུ་ནས་གལ་ཆེན་པོ་རེད་དོ། །

  6. ཨ་གངས་ཞེན། says:
    2011-04-06 at 5:41 am

    འོད་ཟེར་ལགས། འཇིགས་ཞུམ་བྲལ་བའི་སྒོ་ནས་རྩམ་ཡིག་སྤེལ་བ་བཀའ་དྲིན་ཆེ་ཞུ། སྐུ་ཚེ་ཡུན་རིང་བསྟན་བའི་སྨོན་ལམ་འདེབས།

  7. བོད་པ་ཚང says:
    2011-04-06 at 9:19 am

    ཀློག་མཁན་ཚོ། འོད་ཟེར་བཟང་རྐྱང་ནམ་པ་ཀུན་ཏུ་བརྩི་མི་རུང་མཚམས་རེར་བརྟག་དགོས།
    མོ་དང་མོའི་བཟའ་ཟླ་གཉིས་ལ་མཚམས་རེར་ཁ་དྲོ་བསམས་མྱོང་ལ་སྐབས་རེར་དོགས་པ་ཡང་འདུག།
    ཁོང་གཉིས་ཀྱིས་བོད་དོན་གླེང་བ་རྒྱ་ནག་གིས་དེ་ཙམ་བཀག་པ་དེ་ཙམ་མ་མཐོངས།
    འོན་ཀྱང་མོ་བོད་པ་ཞིག་ཡིན་སྟབས་བོད་ལ་ཤ་ཚ་ཡོད་པ་སྨྲས་མ་དགོས།
    སྤང་ཚང་འདབས་ཀྱི་ལུག་པ་སྐྱེད་དང་ཁྲ་ཚང་འདབས་ཀྱི་བྱིའུ་སྐྱིད་པའི་དཔེ་མིན་པའི་རེ་བ་ཡོད།
    མོ་རང་སྐྱེས་སའི་རྫོང་ནས་༢༠༠༨ལོར་ཡར་ལངས་སྐོར་གླེང་ཡོང་དུས་རིམ་གྱིས་ཧ་གོ་རྒྱུ་རེད་དོ།

  8. མིག says:
    2011-04-06 at 1:04 pm

    མ་བཟང་བུ་མོ་དེས་བྲིས་འདུག་ལ། ཕ་བཟང་བུ་དེས་བསྒྱུར་འདུག
    ངོ་མ་རྩོམ་ཡིག་འདི་ནི་བོད་མི་མཐོ་དམན་བར་གསུམ་དང་། ཆེ་ཆུང་འབྲིང་གསུམ་གྱི་སྙིང་དམར་གསལ་རྗོན་དུ་བསྟན་པ་མ་ཟད། བོད་མི་ཡོངས་ཀྱི་སེམས་ཁོངས་ཀྱི་རེ་བ་དེ་ཁ་ནས་འཕྱུར་བ་ཞིག་རེད།

  9. ཟླ་བ་མཚོ་མོ། says:
    2011-04-06 at 2:16 pm

    རེད་ཡ་དངོས་མ་རེད། འུ་ཅག་གངས་ཕྲུག་ཚོས་རྡོག་རྩ་ཆིག་ཏུ་བསྒྲིལ་ནས་རྒྱ་ནག་དཔོན་རྒན་དེ་ཚོ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་སྙིང་སྟོབས་གཞོམ་པ་མེད་པའི་གངས་ཕྲུག་ཚོ་ལང་ཤོག་ད་ལང་རན་འདུག་དངོས་མ་རན་འདུག

  10. ཤ་ཟན་དམར་པོ། says:
    2011-04-06 at 2:27 pm

    ངོ་རྒོལ་ལ་འོས་མི་འོས་དང་། འགྲིག་མ་འགྲིག ཆོག་མི་ཆོག་བཤད་ས་ཞིག་ཡོད་པ་མ་རེད། དེ་ནི། མེ་རི་འཕྱུར་བ། ས་འགུལ་རྒྱུགས་པ། རླུང་ནག་འཚུབ་པ་སོགས་རང་བྱུང་གི་གོད་ཆགས་བཞིན་རྐྱེན་ཞིག་འཛོམས་ན་འབྱུང་རྒྱུ་ཡིན་པ་རེད།
    གང་ན་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད་ཟེར་བའི་དམར་ཤོག་གི་སྐད་ཆ་འདི་བདེན་པ་རེད། རྗེས་མ་ནས། གང་དུ་ངོ་རྒོལ་བྱུང་ན། དེ་རུ་གཉའ་གནོན་ཡོད་ཤག་བྱས་ནས་ལམ་སང་ཞིབ་འཇུག་དང་ཐག་གཅོད་གནང་རོགས་གནང་།
    ཧུའུ་ཡིས་བཤད་པའི་འཆམ་མཐུན་ཟེར་བ་དེ་ལག་ལེན་དུ་འཁེལ་དགོས་ན། ཏང་གི་མགོ་ཁྲིད་ཚང་མས། གང་དུ་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད་ཟེར་བའི་ཚིག་འདི་གཉིས་ལ་སློབ་སྦྱོང་མཐར་ཕྱིན་གནང་དགོས་ཀྱི་འདུག
    རྒྱུ་མཚན་ནི། ད་ལྟ་ཏང་གི་མགོ་ཁྲིད་ཚོས། གང་དུ་ངོ་རྒོལ་བྱུང་ན་དེ་རུ་གཉའ་གནོན་ཡོད་པའི་གནས་ཚུལ་དངོས་མ་དེ་ཤེས་ཐབས་མི་བྱེད་པར། གང་དུ་ངོ་རྒོལ་བྱུང་ན། དེ་ལ་ངན་སྐུལ་བྱེད་མཁན་ཞིག་ཕྱི་ལོགས་སུ་འཚོལ་ཐབས་བྱེད། དེ་ནི། གནམ་བདེ་སྒོ་མོ་ཆེའི་ལས་འགུལ། ཞིན་ཅང་ནང་གི་ལས་འགུལ། བོད་ནང་གི་ལས་འགུལ་ཁག་ཚང་མ་གཅིག་མཚུངས་ལྟ་བུ་ཞིག་རེད།
    རྒྱ་ནག་ནང་གི་མི་རིགས་ཁག་ཚང་མ་དེ་འདྲ་ལྐུགས་པ་ལུག་འདྲ་བ། མི་སུ་ཞིག་ནས་གང་ལ་འདེད་དགོས་ན་འདེད་ཆོག་ཆོག་ཅིག་ཡིན་རྒྱུ་མ་རེད་པ། གལ་སྲིད་ཡིན་པ་ཡིན་ན། དེའི་སྐྱོན་དེ། གུང་ཁྲན་ཏང་གིས་སློབ་གསོ་སྤྲོད་སྟངས་ཁོ་ན་ལས་གཞན་ལ་རག་ལས་ཡོད་མ་རེད།
    གལ་སྲིད། ངོ་རྒོལ་ཁག་ཚང་མར་རྒྱབ་ན་སྐུལ་སློང་བྱེད་མཁན་ཞིག་ཡོད་པ་ཡིན་ན། དེ་གུང་ཁྲན་ཏང་གི་ནོར་འཁྲུལ་ཅན་གྱི་གཅིག་གཅོད་ཀྱི་སྲིད་བྱུས་དེ་ཡིན་པ་རེད།

  11. Pama tso says:
    2011-04-06 at 2:34 pm

    ད་ཤ་གཟན་དམར་པོ་འདྲ་བོ་གླེན་པ་ལུག་འདྲ་བ་དག་གིས་ཆབ་སྲིད་བཤད་ཀྱིན་འདུག ཧཧཧ དགོད་བྲོ་བ་ལ།

  12. ལུང་རྟོགས། says:
    2011-04-07 at 7:48 am

    བཙན་བྱོལ་བོད་མིའི་ནང་ལ་ཡང་ངོ་རྒོལ་བྱས་ན་རང་བསྡུག་རེད་ཕན་ཐོག་གང་ཡང་ཡོད་མ་རེད་ཟེར་མཁན་མང་པོ་བྱུང་སོང་། མི་འདི་ཚོའི་གྲས་ནི་མིག་རྒྱང་རིང་པོ་མེད་མཁན་གྱི་གྲས་རེད་ལ། སྤྱི་ལས་དགེར་གལ་ཆེ་བར་གཙི་མཁན་གྱི་གྲས་རེད

  13. ཤར་ཕྱོགས་ཁུག་རྟ། says:
    2011-04-07 at 10:59 am

    གསར་འགྱུར་ཡག་པོ་ཞིག་༧རང་གཞུང་དྲ་བ་ལས་འདིར་བཀོད་ཡོད།

    བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ཡིན་པ་ཁྲིམས་ཐོག་ནས་ངོས་ལེན་བྱས་པ།

    By thogmed on April 6, 2011

    ༢༠༡༡ ཟླ་ ༤ ཚེས་ ༦ རེས་གཟའ་ལྷག་པ།
    ༄༅། །ཡུ་རོབ་རྒྱལ་ཁབ་སི་པན་ (Spain) དུ་འཛམ་གླིང་ནང་གི་ནག་ཉེས་ཅན་ཁྲིམས་གཏུགས་བྱེད་ཡུལ་རྒྱལ་ཡོངས་ཁྲིམས་ཁང་དུ་ རྒྱ་ནག་གཞུང་ནས་བོད་ནང་བོད་མི་དམར་གསོད་དང་སྡུག་སྦྱོང་བཏང་བའི་གནས་ཚུལ་ཁག་ གཉིས་བོད་དོན་ཚོགས་པ་དང་བོད་ཁང་བཅས་ནས་ཁྲིམས་གཏུགས་གནང་ཡོད། ད་བར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་སི་པན་གཞུང་བརྒྱུད་ཁྲིམས་ ཁང་དེ་དག་ལ་གནོན་ཤུགས་སྤྲད་ཡོད་ཀྱང་ཁྲིམས་གཏུགས་ཁག་གཉིས་ནས་ཁྲིམས་གཏུགས་དང་ པོ་དེ་ནག་སུབ་ཏུ་ཕྱིན་མེད། འོན་ཀྱང་ཁྲིམས་གཏུགས་གཉིས་པ་དེ་ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་རྒྱ་གཞུང་ནས་བོད་ནང་གི་བོད་མིར་སྡུག་སྦྱོང་བཏང་བ་མ་ཟད། དམར་གསོད་བཏང་བའི་གནད་དོན་ཞིག་གི་ཁྲིམས་གཏུགས་གཅིག་ལ་བརྟག་དཔྱད་བྱས་རྗེས་ གནས་སྐབས་ཕྱིར་བསྡུ་བྱས་ཡོད་པ་དེ་ལྟར་ཡང་གྱོད་གཞི་དང་པོའི་ཐོག་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་རྒྱལ་ཡོངས་ཁྲིམས་ཁང་ཨང་གཉིས་པའི་ངོས་ནས་ཕྱི་ལོ་ ༡༩༤༩ ཟླ་ ༨ ཚེས་ ༡༢ ནང་འཁོད་པའི་འཇི་ནི་ཝའི་དམ་ཡིག་གྲོས་དོན་དང་སི་པན་ནག་ཉེས་ཁྲིམས་གཞིའི་གྲོས་ དོན་དོན་ཚན་ ༦༠༨ དང་ ༦༡༡.༥ ནང་དོན་རྡོག་རོལ་ཚབས་ཆེན་བཏང་བ་བརྗོད་ནས་བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ གཅིག་ཡིན་པ་ཁྲིམས་ཐོག་ནས་ངོས་ལེན་གནང་འདུག
    དེའི་སྐོར་བོད་ཁང་གི་འགན་འཛིན་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསུངས་ པའི་ནང་། སྤྱིར་བཏང་ང་ཚོས་གནད་དོན་དེའི་སྐོར་ལས་འགུལ་སྤེལ་ནས་ལོ་ཁ་ཤས་ཕྱིན་པ་རེད། སི་པན་གཞུང་ལ་རྒྱ་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲད་ཡོད་པར་བརྟེན། ཁྲིམས་དཔོན་རྣམས་ནས་ཕྱིར་འཐེན་བྱས་ཏེ་ད་ལྟ་བར་ལུས་པ་རེད། འོན་ཀྱང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཁྲིམས་དཔོན་ཁག་གཅིག་ཡོད་པ་དེ་དག་ གིས་མུ་མཐུད་ཕྱག་ལས་གནང་སྟེ། མཐའ་མར་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༠ ཉིན་ཁྲིམས་དཔོན་ཁག་གཅིག་གིས་བོད་ཀྱི་གནད་དོན་དེ་ནི་དངོས་གནས་ཉམས་ཞིབ་བྱེད་ དགོས་པ་ཞིག་རེད་འདུག གང་ལ་ཞེ་ན། བོད་རྒྱལ་ཁབ་དེ་བཞིན་རྒྱ་གཞུང་ནས་བཙན་བཟུང་བྱས་པ་ཞིག་ཡིན་པར་བརྟེན། ཁྲིམས་གཞི་དེ་རྩིས་མེད་བཏང་ན་འགྲིག་གི་མི་འདུག་པས་ང་ཚོས་བསམ་གཞིགས་བྱེད་ དགོས་ཀྱི་འདུག་ཅེས་པའི་སྐད་ཆ་ཞིག་གླེང་ཡོད། དེ་བཞིན་ལས་གཞི་དེ་ང་ཚོས་ཕྱི་ལོ་ ༢༠༠༦ ནས་འགོ་འཛུགས་བྱས་ཏེ་ད་ལྟའི་ཆར་ཁྲིམས་གཏུགས་དང་པོ་དེ་འགྲོ་བཞིན་པ་ཡིན་ཞེས་ སོགས་གསུངས་ཡོད་པ་བཅས། །

  14. ཟླ་བ་ཆོས་འཛོམས། says:
    2011-04-07 at 1:06 pm

    ང་ཚོས་བོད་ཆོལ་ཁ་གསུམ་ནས་ངོ་རྒོལ་བྱས་པ་རེད་ཟེར་བཞིན་ཡོད་ཀྱང་།སྟོད་མངའ་རིས་སྐོར་གསུམ་དང་བར་གྱི་གཙང་གི་ངོགས་དང་དབུས་ཀྱི་ལྷོ་ཁའི་ངོགས།དེ་ནས་ཁམས་ཀྱི་བདེ་ཆེན་བོད་རིགས་ས་ཁུལ༼རྒྱལ་ཐང་༽དང་།ཨ་མདོ་རྒྱལ་རོང་བཅས་ན་རྒྱ་རྒོལ་བྱས་པ་འདྲ་གོ་རྒྱུ་འདུག་གམ།དྲ་གྲོགས་ཚོས་ཤེས་ཀྱིན་ཡོད་གསུང་རོགས།

  15. ཕྱོགས་སྟོན། says:
    2011-04-07 at 5:16 pm

    རྕོམ་མཁན་དང་བསྒྱུར་མཁན་གཉིས་ལ་ཐུགས་རྗེ་ཆེ་ཞུ།

  16. སྟག་སྨྱོན། says:
    2011-04-07 at 8:04 pm

    རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་ཇུས་ཁ་གསལ་བོ་རེད། རྒྱ་ནག་གིས་ཡང་སྙིང་བོད་དང་བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དེ་རེད། རྒྱ་ནག་གི་དམིགས་ཡུལ་དང་འཆར་གཞི་དེ་ལ་གྱེན་རྒོལ་བྱས་ན་མ་བྱས་ན་འགྱུར་བ་ཡོད་མ་རེད། རྒྱ་ནག་གིས་ཉན་ས་རེད་བསམ་ན་བོད་འདི་འཇམ་པོའི་ངང་ཉལ་ནས་ཤི་འཇུག་གི་རེད། ཉན་ས་མ་རེད་བསམ་ན་མགོ་ལ་མེ་མདའ་བརྒྱག་ནས་བཙན་པོས་ཤི་འཇུག་གི་རེད།
    གྱེན་རྒོལ་བྱས་པ་དེས་རྒྱ་ནག་གིས་བོད་མི་རིགས་དང་དེའི་རིག་གཞུང་ལ་སྲོག་ཆད་བཅད་ཡོད་པ་འཛམ་གླིང་ལ་ངོ་སྤྲོད་བྱས་ཡོད་པ་རེད། བོད་མི་རིགས་ལ་རྒྱ་ནག་གི་འོག་ཏུ་རེ་བ་དང་བདེ་སྐྱིད་མེད་པ་བདེན་དཔུང་བྱས་རེད། སྐབས་དེའི་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དང་ཟུངས་ཁྲག་ལ་ཕྱི་རབས་པ་ཚོས་བདག་གཅེས་ཡག་པོ་གནང་རྒྱུ་གལ་ཆེན་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme