Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མིག་ཆུ་དང་འཁྲེང་སེམས།

Posted on 2011-03-30 By དབང་ཕྱུག་ 8 Comments on མིག་ཆུ་དང་འཁྲེང་སེམས།

༼མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསྟན་འཛིན་ཚེ་རིང་ལགས་གློ་བུར་ཏུ་སྐུ་གཤེགས་པའི་མྱ་ངན་ཞུ་ཚིག༽

གཅན་མེ་སོན།

ཉིན་དེ་ནི་ཁོ་བོས་བརྗེད་ག་ལ་སྲིད་དེ། གཟའ་སྐར་ལ་མུན་པས་སྒྲིབ་པའི་སྤྱི་ཟླ ༢ པའི་ཚེས ༢༣ ཉིན་རེད། ཁོ་བོ་ཕ་ཡུལ་ན་སོ་ནམ་པའི་ཆས་སུ་ཞུགས་ཏེ་ས་ཞིང་རྨོ་འདེབས་བྱེད་པའི་ལས་ལ་བྲེལ་གྱིན་པའི་ཏག་ཏག་སྐབས་དེ་ལ། སློབ་གྲོགས་ཞིག་གིས་གློ་རྡེག་ཏུ་ཁ་པར་ཐོན་ཏེ་ད་ནངས་སྔ་དྲོའི་དུས་ཚོད ༡༠ སྟེང་། རང་རེའི་བོད་ཡིག་སྡེ་ཁག་གི་སྡེ་གཙོ་གཞོན་པ་དགེ་རྒན་བསྟན་འཛིན་ཚེ་རིང་ལགས་མ་འཚམས་པའི་གཏམ་དེ་ཉིན་དེའི་གྲང་རླུང་དང་འདྲ་བར་ངའི་རྣ་བའི་བུ་ག་དང་ལུས་པོའི་སྦུབས་སུ་ཟུག་ནས་བུད་སོང་། ཁོ་བོས་དོན་དེ་ནི་རྨི་ལམ་ཞིག་ཏུ་འཁྲུལ་ཞིང་འདི་ནི་མངོན་སུམ་ལ་བསྙོན་བཏིང་བའི་གཏམ་ཞིག་མིན་ནམ་སྙམ་ནས་ཡིད་ཆེས་བྱ་དཀའ་བར་གྱུར་ལ། ཀུན་བཏགས་གདོན་གྱིས་བཟུང་བའི་གཅོང་ནད་ཕོག་པ་ནང་བཞིན་ཁོ་བོའི་ལུས་སེམས་ཡོངས་རྗོགས་ལྗིད་ཏིག་གེར ་གྱུར་ནས་རེ་ཞིག་ལ་ཞིང་ཚིགས་ནས་ཅི་ཡང་བྱེད་མ་ནུས་པར་ལུས་སོང་། མི་རིགས་སློབ་གསོ་ལ་ཤ་ཞེན་ཆེ་ཞིང་བྱམས་སེམས་དང་རྒྱུ་འབྲས་བློ་མིག་མངའ་བའི་ལོ་ན་བཞི་བཅུར་སོན་མ་ཐག་པའི་འོ་སྐོལ་གྱི་ཐོ་རེངས་སྐར་ཆེན་འདྲ་བའི་དགེ་རྒན། ང་རང་དངོས་སྦྱོང་ལ་སོང་ཤུལ་ནས་ཐེངས་གཅིག་ལའང་མཐོང་མ་ནུས་པའི་དགེ་རྒན་ཁོང་ལགས་འདི་ལྟར་འཇིག་རྟེན་དཀར་ངོགས་ནས་ང་ཚོ་དང་གཏན་དུ་གྱེས་ཕྱག་ཕུད་པ་ནི་ཇི་འདྲའི་ཡིད་སྐྱོ་ཞིང་ཕངས་སེམས་ལ་འགྱོད་གདུང་གིས་ཁེངས་པ་ཞིག་རེད་ཨང་།

ཁྱེད་ཅག་གིས་ག་ལ་ཤེས་ཏེ། ན་ནམ་ཞ་ཞར་ཁོ་སློབ་ཁང་དུ་འོངས་ནས་གདོང་ལ་འཛུམ་གྱིས་ཁེངས་བཞིན་སྐད་གསེང་མཐོན་པོ་དང་ཏན་ཏན་ཏིག་ཏིག་གིས་ང་རང་ཚོར་སློབ་ཁྲིད་གནང་བཞིན་པའི་རྣམ་པ་དེ་ངའི་ཡིད་ལ་ཝ་ལེར་འཆར་བྱུང་ལ། ལྷག་དོན་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་ཆབ་ཆ་ན་ཡོད་པའི་རང་རེའི་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་གཉིས་ཟླ་སྒྲིལ་ཏེ། བདག་ཅག་གི་སློབ་ཆེན་སློབ་མ་ཚོས་ཆུའི་སློབ་གྲྭ་ཞེས་པའི་ཐབས་ཆག་ཉམ་ངའི་ཁོར་ཡུག་དེ་རུ་སྡོད་ཐབས་ཟད་དེ།རྒྱ་མིའི་སློབ་མ་ཚོ་དང་གཅིག་མཐུན་གྱི་བགོ་སྐལ་དང་ཁེ་དབང་གི་ཕྱིར་དུ། བདེན་དོན་གྱི་ང་རོ་ཐེངས་གཉིས་ལ་བསྒྲགས་ཏེ་བོད་པ་ཚོ་མགོ་བོ་དམའ་བའི་སློབ་གྲྭ་འདིའི་གཞུང་ནས་བོད་ཡིག་གི་དཔའ་གདེང་ཅན་གྱི་མི་བུ་ཚོར་ཉེས་ཆད་ལྕི་མོ་གཅོད་པར་རྩོམ་དུས། སློབ་གླིང་ནས་སྡེ་ཁག་གཞུང་ལ་ངོས་ནས་ཅིས་ཀྱང་མི་བུ་དེ་ཚོར་ཐག་གཅོད་བྱེད་དགོས་པའི་བཀའ་བཙན་པོ་བབ་དུས། ཁོང་ལགས་གཙོ་བྱས་པའི་དགེ་རྒན་ཁ་ཤས་ཀྱིས་ལྡོག་སྟེ་རང་ཉིད་ཀྱི་མ་འོངས་པའི་མདུན་མར་རེ་ཐག་ཆད་དེ་སེམས་པ་ནག་རོག་གེར་གྱུར་བའི་མི་བུ་ཚོའི་རྒྱབ་ནས་ཀ་བཞིན་དུ་འགྲེང་ཏེ་སེམས་སྐྱ་མོ་དྲོད་ཀྱིས་གསོས་པ་དང་། རེ་བ་ལ་རྟག་བརྟན་གྱི་ ཉི་ཟེར་འཆར་དུ་བཅུག་པ་རེད། དོན་དེ་ནི་བར་སྐབས་དེ་ལ་ཆེས་གླེང་རིན་མངའ་བ་ཞིག་ཏུ་ཆགས་པའང་དོན་ལ་བདེན་དོན་གྱི་སྤྱན་ཟུང་མངའ་བའི་དགེ་རྒན་ཁོང་དང་ཁོང་དང་འདྲ་བའི་དགེ་རྒན་དག་གི་འབྲས་རྟགས་ཉིད་དུ་ཟད། དེར་མ་ཟད།ཉི་ཟེར་འདིའི་འོད་སྣང་གིས་ན་ནིང་ལོ་མཇུག་ལ། སྒེར་གཅོད་སྲིད་གཞུང་གིས་ཅི་མི་སྙམ་པར། འོ་སྐོལ་གྱི་བོད་སྐད་བོད་ཡིག་གི་མིད་ཐག་རྩ་བ་ནས་གཅོད་པར་རྩོམ་དུས་མ་ཡུམ་སློབ་གྲྭ་སྟེ། མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་བོད་ཡིག་སྡེ་ཁག་གི་མི་བུ་ཚོ་གཞི་བྱས་པའི་ཆེས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མཐའ་གཅིག་ཏུ་ངོ་རྒོལ་དང་གྱེན་ལོག་བྱ་བར་རྩོམ་དུས་སྡེ་ཁག་གཞུང་གིས་འགན་ཁུར་གཅིག་ལྕོགས་སུ་བབ་པའི་ཁོང་གིས་ཤེས་ཡོན་པའི་རྒྱུ་འབྲས་བློ་མིག་གིས་རྒྱང་རིང་ལ་གཟིགས་ཏེ་ཅི་མི་སྙམ་པར་དེ་ལ་མངོན་ལྐོག་གང་རུང་ནས་རྒྱབ་སྐྱོར་དང་རྟིང་སྐུལ་བྱས་པ་དང་། ཁོང་གིས་དངོས་སུ་མི་བུ་ཁ་ཤས་ལ་མི་རིགས་སྐད་ཡིག་གི་ཕྱིར་དུ་སྲོག་ལ་བབ་ཀྱང་ཨམ་གཙིགས་བསྡམ་ཏེ་བདེན་དོན་གྱི་ངར་སྐད་འདོན་རྒྱུ་ནི་ང་ཚོ་རབས་འདིའི་འགན་འཁྲི་ཡིན་གསལ་འདེབས་ཡང་ཡང་བྱས་པ་རེད།

དེའི་ཕྱིར་ཁོང་ནི་བདེན་དོན་གྱི་ཕྱིར་དུ་དཔའ་དང་སྤོབས་པའི་གཟེངས་མཐོ་བའི་མི་བུ་ཚོའི་སེམས་གཏིང་གི་ཐོ་རེངས་སྐར་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། སྒྲིག་འཛུགས་ཀྱི་རྒྱ་རུ་མི་ཚུད་པའི་སློབ་མ་པྲ་ཆལ་ཚོའི་སེམས་ནང་གི་བྱམས་ལྡན་གྱི་ཨ་ཕ་ཞིག་ཏུ་གྱུར་ཡོད་པ་སྟེ། ཁོང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་འོས་འཚམ་གྱིས་གཤེ་གཤེ་གཏོང་རྒྱུ་ལས་ཤེས་རབ་མི་དོད་པའི་ལས་ནི་གཏན་ནས་མི་བྱེད་རེད། མ་ཡུམ་སློབ་གྲྭའི་ནང་ཁོ་བོའི་མི་གཞིའི་ཐད་ལ་རྗེས་སུ་ཡི་རང་བྱེད་སའི་དགེ་རྒན་ཞིག་གི་དཔེ་མཚོན་ཅན་གྱི་སྣང་བརྙན་ཡང་ཏག་ཏག་དྲན ་ན་སེམས་སྨྲེང་བའི་དགེ་རྒན་བསྟན་གོ་ཡིན།

དེ་ལྟ་ནའང་། ཁོང་འདི་ལྟར་བུད་སོང་། ཁོང་འདི་ལྟར་ཁུ་སིམ་མེར་བུད་སོང་བས་ད་ནི་ངས་ཅི་ཞིག་བྱེད་འོས། ངས་ཅི་ཞིག་ནུས་སམ། ངས་ཁོང་ཡིད་ལ་དྲན་ཞིང་སེམས་ལ་སྒོམ་བཞིན་མིག་ཆུ་དང་ལྷན་དུ་སྐྱོ་གདུང་གི་སྙན་ངག་ཅིག་འབྲི་རྒྱུའམ། མཆོད་མེ་ཁ་ཤས་སྒྲོན་ཏེ་ཐག་རིང་ཐག་རིང་ཞིག་ལ་སྨོན་ལམ་འདེབས་རྒྱུ་ལས་ཅི་ཞིག་ནུས་ཏེ།གང་ཡང་མི་ནུས་སོ།།
དངོས་གནས་ངའི་མ་ཡུམ་སློབ་གྲྭར་ཤོར་རྒྱུ་མང་དྲགས་སོང་།འབུམ་རམས་པ་ཟླ་བ་ལགས་དང་། ཨ་རི་བ་ཁེར་ཝུན་སི་ཐུའུ་ཡ་ཐོ་ལགས། སྙན་བཟང་བ་དགེ་འདུན་ཀྱི་མཚོན་པའི་མི་བོ་ཆེ་མང་པོ་ཞིག་སློབ་གླིང་འདི་དང་ཁ་གྱེས་ནས་གཞན་དུ་སོང་ཤུལ་དུ། ད་དུང་ཁོང་ང་ཚོ་དང་འདི་ལྟར་གཏན་བྲལ་དུ་གྱུར་བ་ཇི་འདྲའི་ཕངས་ཨང་། དྭ་ཕྲུག་གི་རྣམ་ཐར་སྐྱོང་བཞིན་པའི་ང་ཚོ་ལ་སུ་ཞིག་གིས་མགོན་སྐྱབས་དང་དཔུང་གཉེན་བྱེད་ཨང་། སུ་ཞིག་གིས ……

ཟླ ༣ པའི་ཚེས ༢ ཉིན་སློབ་གྲྭའི་ནང་བྲིས།

རྩོམ་རིག

Post navigation

Previous Post: དཔྱིད་ཉི་རིང་མོའི་རྨི་ལམ།
Next Post: ཨ་མས་བསྐྱངས་པའི་བུ་ཕྲུག་གསུམ།

Comments (8) on “མིག་ཆུ་དང་འཁྲེང་སེམས།”

  1. yangbum2 says:
    2011-03-30 at 5:09 pm

    ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། ཡང་མི་རིགས་ལ་ཤིན་ཏུ་མཁོ་བའི་སྐྱེས་བུ་ཞིག་ང་ཚོ་དང་གཏན་བྲལ་བྱས་སོང་།

  2. འཇིགས་མེད། says:
    2011-03-30 at 5:48 pm

    བོད་མི་རིགས་ཀྱི་དཔའ་བོ་ཁོང་ལ་སྙིང་ནས་གུས་པས་བཀའ་དྲིན་རྗེས་དྲན་ཞུ།

    བོད་མི་རིགས་ཀྱི་དཔའ་བོ་ཁོང་ལ་སྙིང་ནས་གུས་པས་བཀའ་དྲིན་རྗེས་དྲན་ཞུ།

    བོད་མི་རིགས་ཀྱི་དཔའ་བོ་ཁོང་ལ་སྙིང་ནས་གུས་པས་བཀའ་དྲིན་རྗེས་དྲན་ཞུ།

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་ཚོས་ཁོང་ལ་མིག་དཔེར་བལྟ་དགོས།

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་ཚོས་ཁོང་ལ་མིག་དཔེར་བལྟ་དགོས།

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་ཚོས་ཁོང་ལ་མིག་དཔེར་བལྟ་དགོས།

  3. ཤར་ཕྱོགས་ཁུག་རྟ། says:
    2011-03-30 at 6:22 pm

    སེམས་གཏིང་ནས་མྱ་ངན་ཞུ། སྔ་དྲགས་སོང་། སྔ་དྲགས་སོང་།

  4. སྤངས་སྤོས། says:
    2011-03-31 at 12:29 am

    འོད་མཚན་མགོན་པོའི་ཐུགས་རྗེས་འོད་ཟེར་གྱིས།
    བསྐྱངས་པའི་མཁས་དབང་མུན་སེལ་སྒྲོན་མེ་དེ།
    ནུབ་ཕྱོགས་ཆུ་ལྷའི་འཕངས་པར་ཡིབ་པ་ཡི།
    མི་སྙན་ཚིག་དེ་རྣ་བའི་བུ་གར་གཟན།

  5. སྤངས་སྤོས། says:
    2011-03-31 at 12:37 am

    འོད་མཚན་མགོན་པོའི་ཐུགས་བསྐྱེད་འོད་ཟེར་ལས།
    འཁྲུངས་པའི་མཁས་དབང་ཉིན་བྱེད་དབང་པོ་གང་།
    བློ་བུར་ཆུ་ལྷའི་འཕངས་སུ་ནུབ་པ་དེ།
    བསོད་དམན་གངས་ཅན་པ་ལ་གུད་ཅིག་ཡོན།

  6. dorwang says:
    2011-03-31 at 6:26 pm

    གནའ་དེང་ཤེས་རིག་འོད་སྣང་མང་པོ་བདག་གིར་བྱས་པའི་མཁྱེན་དཔྱོད་དང་།།
    གཞོན་སྐྱེས་མང་པོའི་སེམས་དང་བསམ་པར་རང་ཉིད་བཏབས་པའི་ལོ་ཟླ་ལ།།
    མི་འགྱུར་ཕྱི་ཐག་གཡུང་དྲུང་རི་མོ་གཡས་སུ་འཁྱིལ་བའི་མཛེས་སྡུག་དག།
    དྲན་པའི་མིག་ནས་ཆུ་རུ་བརྡོལ་དེས་སེམས་ཀྱི་རི་ལུང་ལན་གཅིག་བཀྲུས།།

    གནའ་མཁར་ཟི་ལིང་གྲོང་དཀྱིལ་ཅིག་ནས་མཉམ་དུ་བགད་པའི་ལོ་ཟླ་དེ།།
    ཨོག་སི་ཧྥོར་ཌིའི་སྤང་ཐང་ཞིག་ནས་ལྷན་དུ་འཛོམས་པའི་ཞོགས་པ་དེ།།
    གློག་རྡུལ་རླབས་ཀྱི་སྣེ་མོ་གཉིས་ནས་ཡང་ཡང་མཇལ་བའི་གླེང་མོལ་དེ།།
    དེ་རིང་ཡ་ཐོད་མིག་གི་ནང་ནས་ཆུ་མོའི་ཟོལ་གྱིས་ཡང་ཡང་ཤམས།།

  7. བོད་པ་ཚང says:
    2011-04-01 at 12:05 am

    མཚོ་སྔོན་གྱི་དགེ་རྒན་ཕལ་ཆེར་དངོས་ན་རིགས་ཞེན་ཡོད་པས་རྒྱུ་མཚན་ནི་ཁོང་ཚོས་བོད་ཡིག་ཡག་པོ་ཤེས་
    པས་རེད། གང་ལྟར་ཁོང་གྲོགས་པ་མྱ་ངན་ཞུ། དོན་འགྲུབ་རྒྱལ་གྱིས་མཚོ་སྔོན་པོ་མ་འོངས་པའི་རེ་བ་དང་
    ཞེས་དོན་ལ་གནསོ།

  8. བསོད་རྒྱལ says:
    2011-04-01 at 8:20 am

    རླབས་ཆེན་གྱི་མི་སྣ་སྐྱེས་མ་མྱོང་བའི་མི་རིགས་དེ་ནི་ཆེས་སྙིང་རྗེ་བའི་མི་རིགས་ཤིག་དང་རླབས་ཆེན་གྱི་མི་སྣ་སྐྱེས་ཀྱང་དེ་ལ་བརྩི་བཀུར་དང་མཐོང་ཆེན་་མི་བྱེད་པའི་མི་རིགས་དེ་ནི་ནམ་ཡང་རེ་བ་མེད་པའི་མི་རིགས་ཤིག་ཡིན་
    སྙིང་ནས་གུས་པས་བཀའ་དྲིན་རྗེས་དྲན་ཞུ།

    བོད་མི་རིགས་ཀྱི་དཔའ་བོ་ཁོང་ལ་སྙིང་ནས་གུས་པས་བཀའ་དྲིན་རྗེས་དྲན་ཞུ།

    བོད་མི་རིགས་ཀྱི་དཔའ་བོ་ཁོང་ལ་སྙིང་ནས་གུས་པས་བཀའ་དྲིན་རྗེས་དྲན་ཞུ།

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་ཚོས་ཁོང་ལ་མིག་དཔེར་བལྟ་དགོས།

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་ཚོས་ཁོང་ལ་མིག་དཔེར་བལྟ་དགོས།

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་ཚོས་ཁོང་ལ་མིག་དཔེར་བལྟ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme