Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་སེམས་ཁོངས་ཀྱི་སྐྱེ་དགུ

Posted on 2011-03-26 By ཁ་བརྡ་ 12 Comments on ངའི་སེམས་ཁོངས་ཀྱི་སྐྱེ་དགུ

འཇམ་དབྱངས་ནོར་བུས་བརྩམས།
བྱམས་པ་ཆོས་དབང་གིས་སྒྱུར།
ཁོ་བོས་གྲྭ་བ་སྟོབས་ཤུགས་ཅན་དང་། བློ་ཐག་ཆོད་པོ་ཅན་རྣམས་ཀྱིས་སྐྱེ་དགུ་གྲོང་བརྡལ་གྱི་ཞིག་རོ་སྔོག་འདོན་བྱེད་བཞིན་པའི་པར་རིས་མཐོང་བ་ན། ཁོ་བོ་ལ་སྐྱབས་མེད་མགོན་མེད་པ་དང་། ཁོང་ཁྲོ་བའི་ཚོར་བ་བཟོད་མི་ཤེས་པ་ཞིག་གིས་གནོན་སོང་། ཕལ་ཆེར་ྐློག་པ་པོ་ཁྱེད་ཚོ་འགའ་ཞིག་ལ་ཡང་དེ་ལྟ་བུ་ཚོར་ཡོད་པར་ངེས། ཁོ་བོའི་མངོན་འདོད་ནི། གྲྭ་བ་དེ་དག་དང་མཉམ་དུ་ཞུགས་ནས་རོགས་པ་བྱེད་རྒྱུ་དང་། ཁང་པའི་ཞིག་རོའི་ནང་ནས་གསོན་པོ་རེ་འཚོལ་བའམ། འདས་ཟིན་པའི་ཕུང་པོ་བཏོན་ནས་གཙང་སེལ་བྱེད་རྒྱུ་དང་། དུར་ས་ལ་མེར་བསྲེག་མ་གཏང་བའི་སྔ་རོལ་དུ་ཁོང་རྣམས་ལ་ཆེ་མཐོང་ཞིག་སླར་གསོ་བྱ་རྒྱུ་དེ་ཡིན།
འོན་ཀྱང་མངོན་འདོད་ལྟར་གཅིག་པུ་བྱེད་ཐུབ་པ་ནི་ཉམས་ཞིབ་པ་ཉམས་ཆུང་བའི་བྱ་ཚུལ་དང་མཐུན་པར་ངོས་རང་གི་དཔེ་མཛོད་དང་ཟིན་བྲིས་ཁག་ལ་བལྟས་ནས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ས་ཁུལ་དང་མི་མང་གི་གནས་ཚུལ་དང་། བྱུང་རབས། གོམས་གཤིས། ས་གཤིས། མི་རིགས་ཁུངས་རྩད་ཀྱི་སྐོར་ལ་གང་ཐུབ་རྒྱུས་ལོན་བྱ་རྒྱུ་དེ་ཡིན། ཁོ་བོའི་མིག་ངོར་མཐོང་འདོད་པ་ནི། ས་ཡོམ་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ནི་སྡར་མ་ནུས་མེད་གཅིག་གནོད་འཚེ་ཕོག་པ་ལྟ་བུ་མ་ཡིན་པར་དཔའ་རྩལ་ཅན་ཞིག་དོན་ངོ་མར་ལོ་རྒྱུས་ཅན་གྱི་རྩལ་ངོམས་པ་ཞིག་ཏུ་འདོད། དེར་མ་ཟད། ཁོང་ཚོ་དང་། ཁོང་ཚོའི་ཕ་མེས་དང་ཕ་ཡུལ་གྱིས་བོད་མི་རིགས་དང་དཔལ་ཡོན་གྱི་ལོ་རྒྱུས་ནང་བྱས་རྗེས་བཞག་ཡོད་པར་མཐོང་ན་འདོད།
ས་ཡོམ་བྱུང་ཡུལ་གྱི་ས་ཁུལ་དེ་ལ་སྒ་སྐྱེ་དགུ་མདོ་ཟེར་ཞིང་། ཡུལ་དེའི་མི་ལ་སྒ་པ་ཞེས་བརྗོད། ཁམས་པ་རྣམས་ཀྱིས་‘སྐྱ་’ཡི་སྒྲ་ལ་‘ཅ་’འམ་‘ཇ་’འབོད་པ་ལ་བརྟེན་ནས་སྐྱེ་དགུ་མདོ་ལ་‘ཅེ་དགུ་མདོ་’ཟེར་བཞིན་ཡོད། དཔེར་ན། ཁོང་ཚོས་བོད་ས་གནས་སྲིད་གཞུང་གི་གོ་གནས་ཛ་སག་ལ་‘ཇ་སག་’ཅེས་འབོད་བཞིན་ཡོད། མཚམས་རེ་སྐྱེ་དགུ་མདོ་ཟེར་བ་ཚུར་བསྡུས་ན་སྐྱེ་དགུ་ཞེས་འབོད་པའམ། དེང་དུས་རྒྱ་ནག་གི་སྒྲ་གདངས་ གདྲྟཐྲསྤྱ འབོད། ཁོ་བོས་སྐྱེ་དགུའི་གོ་དོན་གཅིག་མཐོང་མྱོང་བ་ནི། དེ་ནི་སྐྱེ་བ་དགུའི་བསྡུས་ཚིག་ཡིན་པ་དང་། ཕལ་ཆེར་ཁོ་བོས་འགྲེལ་ན། སྔོ་ལྗང་བདེ་སྐྱིད་ཀྱི་ཁོར་ཡུག་ལྡན་པའི་ས་ཁུལ་འདིར་སྐྱེ་བ་གཅིག་ལེན་ན་ས་ཁུལ་གཞན་དུ་སྐྱེ་བ་དགུ་བླངས་པ་དང་འདོད་བློ་ཁེངས་པ་ལྟ་བུ་ཡིན། འོན་ཀྱང་འདི་ལ་འགྲེལ་བ་གཞན་ཡང་ཡོད་ངེས།
མིང་མཐའི་ཚིག་མདོ་ཞེས་པའི་དོན་ནི། ས་ཁུལ་འདི་ཆུ་བོ་གཉིས་མཉམ་དུ་འདུས་ས་ཞིག་ལ་ཆགས་པ་ལ་གོ དཔེར་ན། ཆབ་མདོ་དང་། དར་རྩེ་མདོ་ལྟ་བུ་ཡིན། སྐྱེ་དགུ་མདོ་ལ་མཚོན་ན། ཆུ་བོ་གཉིས་ནི་རྫ་ཆུ་དང་། དཔའ་ཐང་ཆུ་བཅས་ཡིན། སྤྱིར་ས་ཁུལ་ཡོངས་རྫོགས་ཁམས་སྟོད་ལ་ཆགས་ཡོད།
དེང་སང་སྐྱེ་དགུ་མདོ་ཆགས་སའི་ས་ཁུལ་འདི་ལ་ཡུལ་ཤུལ་ཟེར། བོད་རིགས་རྣམས་ཀྱིས་མིང་འདི་ནི། ཡུལ་གྱི་ཤུལ་ལམ། གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་བྱུང་ཡུལ་གྱི་ཤུལ་ལས་ཟུར་ཆགས་པར་བཤད། ཡུལ་ཤུལ་ནི། གེ་སར་གྱི་བཙུན་མོ་སེང་ལྕམ་འབྲུག་མོའི་འཁྲུངས་ཡུལ་དང་། མོའི་ཡབ་སྒ་བསྟན་པ་རྒྱལ་མཚན་གྱིས་དབང་བསྒྱུར་བའི་ཡུལ་ཞིག་ཡིན། གེ་སར་གྱི་བཙུན་མོ་འབྲུག་མོ་དང་འབྲེལ་བ་ཡོད་པའི་ས་ཁུལ་ཞིག་ཡིན་པས། ས་ཁུལ་དེའི་བུད་མེད་རྣམས་ནི་མཛེས་ཤིང་ཡིད་དུ་འོང་བའི་གྲགས་པ་དང་ལྡན་ཡོད།
ལོ་རྒྱུས་བྱུང་རབས་དང་བསྟུན་ན། ཡུལ་ཤུལ་ས་ཁུལ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བོད་ཀྱི་རྒྱལ་པོའི་མངའ་འོག་ཏུ་གནས་ཡོད། དུས་རབས་དགུ་པའི་ནང་བོད་རྒྱལ་འཇུག་སྒྲིལ་བ་ན་བོད་ཀྱི་ས་ཁུལ་གཞན་དང་འདྲ་བར་ས་ཁུལ་འདི་ཡང་། རྒྱལ་ཕྲན་དང་ཚོ་ཁག་འདྲ་མིན་ལ་གྱེས་འཐོར་ཕྱིན། དུས་རབས་བཅུ་གཉིས་པའི་བར་མ་ལ་ས་ཁུལ་འདི་ནང་ཆེན་རྒྱལ་པོ་དང་པོ་ཏྲེ་བོ་ ཨ་ལུ་ ཅཔྱྟཏྣ རྐྱརྡསྤྱ ཡི་འོག་ཏུ་གཅིག་སྒྲིལ་བྱུང་བ་དང་། ནང་ཆེན་གྱི་རྒྱལ་ཕྲན་ཞིག་ཏུ་སྒྱུར། ནང་ཆེན་ཞེས་པའི་ཐ་སྙད་འདི་ནང་བློན་ཆེན་པོའི་བསྡུས་ཚིག་ཡིན་པ་དང་། དེ་ཡང་ས་ཁུལ་དེར་གནས་པའི་བོད་ཀྱི་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ལས་བརྒྱུད་པར་བཤད། ནང་ཆེན་རྒྱལ་པོས་རྒྱལ་ཕྲན་ནང་སྡེ་བཅོ་བརྒྱད་དང་། ཕྱི་སྡེ་ཉེར་ལྔ་དབང་དུ་འདུས་ཡོད་པས། སྒ་པ་ས་ཁུལ་འདི་ནི་ཕྱི་མའི་སྡེ་ཚན་ཁོངས་སུ་འདུ། ནང་ཆེན་ནི་ཁམས་ཕྱོགས་ཀྱི་རྒྱལ་པོ་དྲུག་ཡོད་པ་ལས་གཅིག་ཡིན་ཞིང་། གཞན་རྣམས་ནི། ལྕག་ལ་དང་། ༼དར་རྩེ་མདོ།༽ སྡེ་དགེ ལྷ་ཐོག གླིང་ཚང་། སྨི་ལི་བཅས་རེད།
མན་ཇུའི་དབང་ཤུགས་དེ་མཐོ་སྒང་གི་ཨེ་ཤི་ཡ་ནང་དུ་རྒྱ་བསྐྱེད་དུ་ཕྱིན་པ་ན། ཡུལ་ཤུལ་དེ་ཟི་ལིང་གི་ཨམ་བྷན་༼མན་ཇུ་གོང་མའི་སྐབས་བོད་བཞུགས་སྐུ་ཚབ་ལ་གོ༽གྱི་མིང་ཙམ་གྱི་མངའ་འོག་ཏུ་གྱུར། འོན་ཀྱང་། དུས་རབས་སྔོན་མའི་༼ཉི་ཤུ།༽འགོ་སྟོད་ལ་ཀན་སུའུ་ཡི་ནང་རྒྱ་ཁ་ཆེའི་ ༼མཱ།༽ དམག་ཤུགས་ཤུགས་ཆེར་དར་བ་དེས། ཡུལ་ཤུལ་ས་ཁུལ་ནང་གི་བོད་རིགས་དབང་ཤུགས་ཉམས་དམས་སུ་བཏང་བ་མ་ཟད། ཕྱི་ལོ་ ༡༩༡༥ ནང་སྐྱེ་དགུ་མདོ་རུ་རྒྱ་ཁ་ཆེའི་དམག་སྒར་བཙུགས། ཕྱི་ལོ་ ༡༩༢༨ ནང་རྒྱ་ནག་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གསར་འཛུགས་བྱས་ནས་ཡུལ་ཤུལ་གཏོགས་པའི་ཀན་སུའུ་ཡི་ས་ཁུལ་འགའ་ཤས་དེའི་ནང་དུ་ཟླ་བསྒྲིལ་བཏང་། ཕྱི་ལོ་ ༡༩༥༡ ནས་བཟུང་སྟེ་སྐྱེ་དགུ་མདོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྒྱལ་ས་རུ་གྱུར་ཅིང་། གཞུང་འབྲེལ་གྱི་དེབ་ལས་བཤད་པ་ལྟར་ན། ཁུལ་དེའི་ནང་དུ་རྫོང་དྲུག་དང་། དགོན་ཁག་བརྒྱ་དང་ཉེར་གཅིག མི་འབོར་ཉིས་འབུམ་སུམ་ཁྲི་བདུན་སྟོང་ ༼༢༣༧༠༠༠༽ བཅས་ཡོད། སྐྱེ་དགུ་མདོ་གྲོང་བརྡལ་ལ་མི་འབོར་སུམ་ཁྲི་བདུན་སྟོང་ ༼༣༧༠༠༠༽ ཡོད་པར་བཤད།
སྐྱེ་དགུ་མདོ་ནི་བོད་ནང་གི་ཚོང་འབྲེལ་ཐོག་ལ་ས་གནས་གལ་ཆེན་པོ་དང་ལམ་གྱི་བཞི་མདོ་ཞིག་ཏུ་གྱུར་པ་མ་ཟད། ལམ་ཆེན་གལ་ཆེ་མང་པོའི་ལྟེ་གནས་གཅིག་ཀྱང་ཡིན། སྲང་ལམ་གཅིག་ནི་ནག་ཆུ་འབྲོག་ས་བརྒྱུད་ལྷ་སར་བསྐྱོད་པ་དང་། ཕྱོགས་གཞན་ནི་ཆབ་མདོ་དང་སྡེ་དགེ་ལ་བསྐྱོད་པ་དང་། བྱང་ལམ་ནི་སྐུ་འབུམ་དང་ཟི་ལིང་འགྲོ་ལམ་དང་། ཉེ་འགྲམ་གྱི་ལམ་གཅིག་ནི་ཚ་འདམ་དང་སོག་པོར་འགྲོ་ལམ་ཡིན། འོན་ཀྱང་སྲང་ལམ་གལ་ཆེ་ཤོས་ནི་སྐྱེ་དགུ་མདོ་ནས་རྫ་ཆུ་ཁ་དང་། དཀར་མཛེས་བརྒྱུད་དེ་མཐའ་མ་དར་རྩེ་མདོ་ལ་འབྱོར་བ་དེ་ཡིན་ཞིང་། འདི་ལ་བྱང་ལམ་ཟེར། རྒྱུ་མཚན་ནི། འདི་ནི་དར་རྩེ་མདོ་ནས་ལྷ་སར་འབྱོར་བ་ལ་བྱང་སྣེ་ལམ་ཡིན་པས་རེད། སྲང་ལམ་འདིའི་ཐོག་དར་རྩེ་མདོ་ནས་སྐྱེ་དགུ་མདོ་བརྒྱུད་དེ་ལྷ་ས་ལ་ཇ་མང་ཆེ་བ་དབོར་འདྲེན་བྱེད་པ་ལ་བརྟེན་ནས་འདི་ལ་ཇ་ལམ་ཡང་ཟེར།
ཁོ་བོས་ལི་ཐང་བ་ཞིག་ལ་བཅར་འདྲི་ཞུས་པ་ཡིན། ཁོང་ནི་དར་རྩེ་མདོ་ནས་སྐྱེ་དགུ་མདོ་དང་ལྷ་ས་བར་ལ་གཡག་ཁྱུ་དེད་ནས་ཚོང་ལས་ཐོག་འགྲིམ་མྱོང་ཡོད་པ་ཞིག་རེད། ཁོང་གིས་འདི་ལྟར་གསུངས་སོང་། ལོ་ལྟར་དར་རྩེ་མདོ་ནས་སྐྱེ་དགུ་མདོ་བརྒྱུད་གཡག་འབུམ་སྐོར་གྱི་སྟེང་དུ་ཇ་ཁལ་བཀལ་ནས་སྐྱེལ་འདྲེན་བྱེད་ཅིང་། དེ་དག་ལས་ཇ་རྒྱབ་དྲུག་ཁྲི་སྐོར་གཅིག་ལྷ་ས་དང་བོད་དབུས་ཁུལ་ལ་ཚོང་འགྲེམ་བྱེད་པ་དང་། ལྷག་ཡོད་རྣམས་ཨ་མདོ་དང་། ཚ་འདམ། སོག་པོ་སོགས་ས་ཁུལ་གཞན་ལ་ཚོང་འགྲེམ་བྱེད་ཀྱིན་ཡོད།
སྡེ་དགེ་ཁུལ་ནས་ཐོན་པའི་དར་གོས་དང་། གོས་ཆེན། རྒྱ་ནག་གི་རྫ་ཆས། ཁ་བཏགས། དར། ལྕགས་རིགས་ཐོན་ཟོག་ཁག་དང་། བོད་དབུས་ནས་ཐོན་པའི་སྨན་སྣ་རིགས་དང་། རྒྱ་གར་ནས་ཐོན་པའི་སྲིང་བལ་གྱི་གོས་དང་། ཐ་མག གཞན་ཡང་དངོས་རྫས་རྣམས་སྐྱེ་དགུ་མདོའི་བརྒྱུད་གཏོང་འགྲེམ་བྱེད་ཀྱིན་ཡོད། དངོས་རྫས་རིན་ཐང་ཅན་དང་རིན་གོང་ཆེ་བའི་རིགས་རྣམས་དྲེལ་ཐོག་སྐྱེལ་འདྲེན་བྱེད་པ་དང་། ཡང་བལ་གྱི་རྒྱུ་ཆ་རིགས་དང་། ཀོ་པགས་མ་མཉེ་བ་དང་། ཇ་ཡོངས་རྫོགས་གཡག་སྟེང་དུ་བཀལ་གྱིན་ཡོད་པ་རེད།
གནས་ཚུལ་རྒྱུས་ལོན་མཁན་གྱིས་བཤད་པ་ལྟར་ན། དར་རྩེ་མདོ་ནས་ལྷ་ས་བར་ལ་དྲེལ་ཁྱུ་ཡིས་འགྲུལ་བཞུད་ལ་ཟླ་བ་གསུམ་དང་། གཡག་ཁྱུ་ཡིས་ཟླ་བ་བཅུ་འགོར་རྒྱུ་རེད། གལ་སྲིད་བྱང་ཐང་ལ་གནམ་གཤིས་ཧ་ཅང་གྲང་བ་དང་། གངས་འཐུག་པོ་བབས་པ་དང་། མཚམས་རེ་ལམ་བར་ལ་རྐུན་ཇག་འཕྲད་པའི་རྐྱེན་ངན་བྱུང་ཚེ་དུས་ཡུན་དེ་ལས་མང་བ་འགོར་རྒྱུ་རེད། གཡག་དྲེལ་གྱི་ཁྱུ་དེ་དག་གྲངས་ཀ་ཧ་ཅང་མང་པོ་ཡོད་པ་དང་། འགའ་ཤས་ལ་གཡག་གྲངས་སུམ་སྟོང་ལྷག་ཡོད་ཅེས་འུར་ཤོབ་བྱེད། ཡེ་ཤུའི་ཆོས་ལུགས་དར་སྤེལ་བ་ སུ་སི་ རིན་ཧཌི་ ྔསྤྱཔྲདྲྟ ངདྲདརྣདཎཔྱྤ གྱིས་ ༡༨༩༧ ལོར་བྱང་ཐང་གི་རྩ་ཐང་སྟེང་དུ་འཕྲད་པའི་གནས་ཚུལ་སྐོར་ལ་འབྲི་དོན། ‘‘ང་ཚོས་སྐྱེ་དགུ་མདོ་ནས་ཡོང་བའི་གཡག་ཁྱུ་མང་པོ་མཐོང་སོང་། ཁྱུ་རེ་རེ་ནང་ལ་གཡག་གྲངས་ ༡༥༠༠ ནས་ ༢༠༠༠ བར་ཡོད་པ་དང་། དེ་དག་གི་སྟེང་དུ་ཇ་བཀལ་འདུག དེ་དང་མཉམ་དུ་རྒྱན་ཆ་དང་གྱོན་ཆས་ལེགས་པོ་སྤྲས་པའི་ཚོང་པ་མང་པོ་ཡོད་པ་དང་། གཡག་དེད་མཁན་ཁྲོད་དུ་སྐྱེད་དམན་དང་བུད་མེད་འགའ་ཤས་ཀྱང་འདུག’’ ཅེས་བཀོད་འདུག

སྔ་མོའི་དུས་ལ་སྐྱེ་དགུ་མདོ་དེ་གྲོང་ཆེན་པོ་ཞིག་མིན་མོད་དེར་བོད་པའི་ཚོང་པ་མང་པོའི་གཏན་འཇགས་སྡོད་ཁང་ཡོད། གྲོང་སྡེའི་ཡུལ་མི་འགའ་ཤས་ནི་འབྲོག་པ་ཡིན་ཞིང། ཁོང་ཚོས་འབྲོག་ས་ནས་གྲོང་ཁྱེར་དུ་ཕར་འགྲོ་ཚུར་འོང་བྱེད་པ་བརྒྱུད་ས་ཁུལ་གཉིས་ཀའི་ཁེ་ཕན་ལེན་གྱིན་ཡོད། བོད་དབང་བསྒྱུར་བྱེད་པའི་ལོ་བཅུ་ཕྲག་གི་སྔ་རོལ་དུ་སྐྱེ་དགུ་མདོ་དེ་ཕུན་སུམ་ཚོགས་པོ་དང་ཧ་ཅང་ཕྱུག་པོ་ཞིག་ཡིན། ས་ཁུལ་དེར་རྒྱའི་ཚོང་པ་འགའ་ཤས་སྡོད་ཡོད་ཀྱང་། ས་མཐོ་བ་དང་། གནམ་གཤིས་གྲང་བའི་རྐྱེན་གྱིས་དཀའ་ངལ་འཕྲད་ཀྱིན་ཡོད། ཁོ་བོས་ཤེས་གསལ་ལྟར་ན་ཕལ་ཆེར་རྒྱུ་མཚན་དེ་ལ་བརྟེན་ནས་ས་ཁུལ་དེའི་ད་ལྟའི་མི་འབོད་གྱི་བརྒྱ་ཆ་ ༩༧ ནི་བོད་རིགས་ཡིན་པར་སྙམ། སྐྱེ་དགུ་མདོའི་འཕེལ་རྒྱས་ཡོང་དགོས་དོན་ནི་ས་ཁུལ་དེ་བོད་ནང་གི་ཚོང་གི་བསྟི་གནས་ཡིན་པ་ཙམ་དུ་མ་ཟད། མཐའ་འཁོར་གྱི་སྤང་གཤོངས་དེས་ཚོང་ཟོག་དབོར་འདྲེན་ལ་འཁོ་བའི་གཡག་ཁྱུ་མང་པོ་འཚོ་གནས་ཐུབ་པར་བྱེད་པ་དེ་ཡིན།
ཕྱི་ལོ་ ༡༩༤༦ ནང་སྐྱེ་དགུ་ལ་བསྐྱོད་མྱོང་བའི་ཧྥི་རན་སི་ས་གཤིས་རིག་པ་བ་ ཨེན་ཌིརི་ མི་གྷོཊི་ རྐྱརྣརྟཔྱྟ རྒྱདྲཐྲྣྤ གྱིས་ས་ཁུལ་དེའི་རྒྱུ་ནོར་ངོ་མ་ནི་སྤང་གཤོངས་དེར་གནས་པར་བྲིས་ཡོད། ཁོང་གིས་ད་དུང་གཡག་ཁྱུ་མང་པོ་རྩ་ཐང་སྟེང་དུ་ཇི་ལྟར་འཚོ་བ་དང་། གཡག་རྫི་རྣམས་ཕྱུག་པོ་ཇི་འདྲ་ཡིན་པའི་སྐོར་ཡང་བྲིས་ཡོད། ས་མཐོ་ཚད་མི་ཊར་ ༣༧༠༠ དང་། དབྱར་ཀ་ཡུན་ཐུང་ངུ་ཡིན་ན་ཡང་ནས་དང་། སྲན་མ། དེ་བཞིན་སྔོ་ཚལ་རིགས་སྣ་ཁ་འདྲ་མིན་མང་པོ་ཡོད།
གྲོང་རྙིང་གི་རྒྱབ་ངོས་ཀྱི་རིའི་སྟེང་དུ་ཆགས་པའི་དོན་གྲུབ་གླིང་ས་སྐྱ་དགོན་ནི་སྐྱེ་དགུ་མདོའི་ནང་གི་དགོན་པ་གཙོ་བོ་ཆགས་ཡོད། དགོན་པ་འདི་ནི་རྒྱལ་པོ་ཀུབ་ལེ་ཁན་གྱི་དབུ་བླ་འགྲོ་མགོན་ཆོས་རྒྱལ་འཕགས་པས་དབུ་འབྱེད་རབ་གནས་གནང་བ་ཞིག་ཡིན། གྲོང་བརྡལ་དེའི་ཕྱི་རོལ་ན་སྙན་གྲགས་ཆེ་བའི་རྒྱ་ནག་མ་ཎི་ཡོད་ཅིང་། འདི་ནི་བོད་ནང་གི་མ་ཎི་རྡོ་ཕུང་ཆེ་ཤོས་དེ་ཡིན་པ་མ་ཟད། འཛམ་གླིང་ནང་ནས་རེད་ཟེར་ན་ཡང་ཆོག སྐྱེ་དགུའི་ཉེ་འཁྲིས་ལ་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་གཉིས་ཆགས་ཡོད། དེ་དག་ནི་འདམ་དཀར་དང་། ཁྲ་འགུ་བཅས་ཡིན། ད་དུང་ཐག་རིང་ཙམ་ལ་ཆགས་པའི་བཀའ་བརྒྱུད་དགོན་པ་གཞན་ནི། ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་དགོན་པ་ཟུར་མང་དང་། འཆི་མེད་སྤྲུལ་སྐུའི་དགོན་པ་བན་ཆེན་བཅས་ཡིན།
ཕྱི་ལོ་ ༡༩༥༦ ལོར་ཡུལ་དེའི་གདོད་མའི་ཚོ་པས་རྒྱ་ནག་དམར་ཤོག་ལ་ཡར་ལངས་ཀྱི་ཁམས་པའི་གྱེན་ལོག་བྱས་པའི་རྗེས་སུ་དགོན་པ་ཡོངས་རྫོགས་ཧ་ལམ་གཏོར་རླག་ཏུ་ཕྱིན། རིག་གནས་གསར་བརྗེའི་སྐབས་ཤུལ་ལྷག་དེ་ཡང་རྨེག་མེད་དུ་བཅོམ་པར་བྱས། ཆེས་རྩ་ཆེ་བའི་རྒྱ་ནག་མ་ཎིའི་རྡོ་དེ་དག་ལམ་བཟོའི་ཆེད་དང་། རྒྱའི་དམག་མི་དང་མི་མང་དཀྱུས་མའི་གསང་སྤྱོད་བཟོ་སྐྲུན་ཆེད་བེད་སྤྱོད་བྱས་ཡོད།

དབྱར་དཀྱིལ་ལ་སྤང་གཤོངས་ཡོངས་རྫོགས་ལ་རང་བཞིན་གྱི་མེ་ཏོག་སྔོ་དམར་དང་སེར་པོ་སོགས་དང་། མེ་ལི་ནས་མེ་ལིའི་རིང་ཚད་ཅན་གྱི་གྲུམ་གདན་བཀྲག་གདངས་ཅན་གྱིས་ཁེངས་ཡོད་པ་དང་། ཆེས་ཐག་རིང་བའི་ས་ཁུལ་ནག་ཆུ་དང་གཞན་འདྲ་མིན་ནས་འབྲོག་པ་བཅས་ཀྱང་མཉམ་དུ་འཛོམས་ནས་ལོ་འཁོར་གྱི་དགའ་སྟོན་ཆེན་པོ་ལ་རོལ་པར་བྱེད། དུས་སྟོན་འདི་ནི་གླིང་ཁ་སྣ་མང་འདུས་པའི་བདུན་ཕྲག་གཅིག་གི་དགའ་སྟོན་ཡིན་པ་དང་། དེའི་སྐབས་སུ་གྲོང་ཚོ་ཁག་གི་གཞས་སྣ་འཁྲབ་སྟོན་དང་། ཆོས་ཀྱི་བྱེད་སྒོ། ནང་ལུགས་ཀྱི་མཛེས་མ་འགྲེམ་སྟོན། ངོ་མཚར་ཆེ་བའི་རྟ་རྒྱུགས་དུས་ཆེན་ཡོད་པ་དང་། རྟ་རྒྱུགས་རྩེད་མི་རྣམས་ཀྱིས་གྱོན་ཆས་ལེགས་ཤོས་དེ་སྤྲས་ནས་རྟའི་རྒྱུགས་རྩལ་ངོམས་པར་བྱེད། ངོ་མཚར་ཆེ་བའི་དུས་སྟོན་འདི་ནི་སྐྱེ་དགུ་གྲོང་བརྡལ་གྱི་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་ཉི་ཤུའི་སར་ཆགས་པའི་ཡངས་ཤིང་རྒྱ་ཆེ་བའི་དཔའ་ཐང་དུ་བཙུགས་པ་དང་། འདི་ནི་དཔའ་ཐང་ཆུ་དང་། རྒྱུགས་ཆུ་གཞན་ཏེ་བྱ་ཆུ་གཉིས་ཀྱི་འདུས་ས་རུ་ཆགས་ཡོད། རྒྱུགས་ཆུ་འདི་ད་དུང་ལྷོ་ཕྱོགས་སུ་རྒྱུགས་པ་ན་འབྲི་ཆུ་ལ་ཐུག་གིན་ཡོད།

ཨེན་ཌི་རི་ མི་གྷཌི་ནི་སྤང་ཐང་ལ་ཁེངས་པའི་སྦྲ་གུར་ཚོན་ཁྲ་བཀྲག་མདངས་ཅན་དུ་མ་འདུས་པ་དེ་ལ་ཡིད་དབང་ཡོངས་སུ་འཕྲོག་ནས་ཁོང་གིས་འདི་ལྟར་བྲིས་ཡོད། སྦྲ་གུར་འདི་དག་ནི་རྒྱ་ཆེ་ཞིང་གུ་ཡངས་པ་དང་། དེའི་ནང་དུ་རུམ་གདན་དང་། འབོལ་གདན། ལྕོག་ཙེ་དམའ་པོ་དང་། ད་དུང་མཆོད་གཤམ་ཡོད་པ་མ་ཟད། ཐབ་ཚང་གི་གུར་ཡང་མཉམ་དུ་མཐུད་ཡོད་ཅིང་། དེར་ཁ་ལག་བཟོ་རྒྱུར་འཁོ་བའི་ཡོ་བྱད་ཆ་ཚང་ཡོད།
ཁོང་གིས་ ‘‘འཛམ་གླིང་ས་ཕྱོགས་གང་དུ་ཡང་མི་མང་གི་གུང་གསེང་གཏོང་སྲོལ་ངོ་མཚར་ཅན་དེ་ལས་དཔེ་ཟླར་འོས་པ་གཞན་མེད།’’ ཅེས་སྡོམ་ཐོར་བཀོད་ཡོད།

ཕྱི་ལོ་ ༢༠༡༠ ཟླ་ ༠༤ ཚེས་ ༢༤ ཉིན།
ཁོང་རང་ཉིད་ཀྱིས་གཞན་གྱི་མཆན་ལ་ལན་འདེབས་བཀོད་པ།
༡༽ ཇ་ཁལ་ནི་ལྗིད་ཚད་འཇལ་བྱེད་ཀྱི་ཚད་གཞི་ཡིན་པ་དང་། ཀོ་བའི་ནང་གཏུམས་པའི་ཇ་ཁལ་གཅིག་ལ་ཀི་ལོ་སོ་ལྔ་སྐོར་ཡོད། གཡག་རེ་རེའི་སྟེང་དུ་ཇ་ཁལ་གཉིས་འཁྱེར་བ་ལ་ཇ་རྒྱབ་གཅིག་འཁྱེར་ཟེར།
༢༽ ཁོ་བོའི་བསམ་པར་སྨི་ལི་ལ་རྒྱལ་པོ་ཞིག་ཡོད་པ་ཁོང་ནི། ཁྱིམ་སྤྱོད་ལས་རིང་དུ་དོར་བའི་བླ་མ་ཞིག་ཡིན་པ་དང་། ཁོང་གི་བུ་སྤུན་དང་སྲིང་མོའི་ཕྲུ་གུ་རྣམས་ཀྱིས་རྒྱལ་བརྒྱུད་མཐུད་པར་བྱས་ཡོད།
མི་ཉག་ས་ཁུལ་ ༼སྒ་མི་ཉག་མིན།༽ ནི་སྔར་ཆག་ལ་རྒྱལ་པོའི་དབང་བསྒྱུར་འོག་ཡོད། སྤྱིར་ཆག་ལ་རྒྱལ་པོ་རང་ཉིད་ཀྱང་མི་ཉག་ས་ཁུལ་ལ་སྔ་མོ་དབང་བསྒྱུར་མཁན་ཞིག་གི་རྒྱུད་པ་ཡིན། ལོ་རྒྱུས་བྱུང་རབས་བཤད་སྲོལ་དང་བསྟུན་ན། ཁམས་མི་ཉག་ཞེས་ཐོགས་དོན་ནི། སོག་པོ་ཇིང་གིར་རྒྱལ་པོས་ཀྲང་གུའི་རྒྱལ་ཁམས་ཕམ་བརླག་ཏུ་བཏང་སྐབས་སྒ་མི་ཉག་གམ་ཤིས་ཞ་ས་ཁུལ་ནས་རྒྱལ་སྲས་བྲོས་བྱོལ་གྱིས་དེར་སྐྱབས་བཅོལ་དུ་བསྡད་པ་རེད། མི་ཉག་ནས་བརྒྱུད་པར་རློམ་པའི་སི་ཀིམ་འབྲས་ལྗོངས་རྒྱལ་པོའི་ནང་མི་རྣམས་ཀྱང་ཀྲང་གུ་ཡི་སྲས་ཀྱི་བརྒྱུད་པ་ཡིན་སྲིད།
༣༽ མཁས་དབང་བསམ་གཏན་ཀ་མད་ཀྱིས་མདའ་དང་ཕང་ཤིང་ ཅདྟ རྐྱཔྱཔྱྣཕ ཎརྣརྟ ཅདྟ ྔསྣྲདྲརྣརྟརྡྟ ཞེས་པའི་དཔེ་དེབ་ ༼ཤོག་གྲངས་ ༤༩༥༽ ནང་། གེ་སར་གྱི་མནའ་མ་ནི་སྒ་ཞེས་པའི་རིགས་ཀྱི་ཁྱིམ་ཚང་ལས་བྱུང་བར་བཤད་པས་སྒ་བཟའ་འབྲུག་མོ་ཞེས་ཐོགས་པར་བཤད།
ཁཎསྤྲདྲརྟ སྒྱྟྟརྡ དང་བླ་མ་ཡོན་ཏན་གཉིས་ཀྱིས་གེ་སར་གཏམ་རྒྱུད་དབྱིན་ཡིག་ནང་ཐོག་མར་སྒྱུར་བ་༼ཤོག་གྲངས་ ༩༢༽དེའི་ནང་། གུ་རུ་རིན་པོ་ཆེས་གེ་སར་ ༼བུ་ཇོ་རུ༽ ལ་གསུངས་དོན། སྒ་ཡུལ་ནང་སྡོད་པའི་བསྟན་པ་རྒྱལ་མཚན་ཞེས་པའི་མི་དེ་དཔལ་འབྱོར་མངའ་ཐང་ཅན་ཡིན་པ་དང་། ཁོང་གི་བུ་མོ་དེ་བཅོམ་ལྡན་སྒྲོལ་མའི་སྤྲུལ་པ་ཡིན་པས་ཁྱེད་ཀྱིས་མོ་དང་ལྷན་དུ་གཉེན་སྒྲིག་བྱོས་ཤིག་ཅེས་གསུངས། ཤོག་གྲངས་དེའི་འོག་མཆན་ནང་སྒ་ཞེས་པ་དེ་བོད་ཀྱི་ནུབ་བྱང་གི་ས་ཁུལ་སྐྱེ་དགུ་མདོ་ལ་ཟེར་ཞེས་བཀོད།

ཕབ་སྒྱུར་བས། ཁོ་བོས་ཉམས་ཞིབ་པ་དང་འཐབ་རྩོད་པ་འཇམ་དབྱངས་ནོར་བུས་རང་ཡུལ་སྐྱེ་དགུ་མདོ་རུ་ ༢༠༡༠ཋ༤ཋ༡༤ ཡི་ས་ཡོམ་དོན་རྐྱེན་བྱུང་མ་ཐག་ཡུལ་དེའི་སྐོར་ལ་ཉམས་ཞིབ་ཀྱིས་རྩོམ་བྲིས་མཛད་པ་དེ་དོན་ཚང་ལ་ རྒྱས་བསྡུས་མཚམས་ཤིང་གནད་བསྡུས་པ་ཞིག་ཏུ་མཐོང་ནས་ས་ཡོམ་གྱི་དོན་རྐྱེན་རྗེས་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་མྱ་ངན་རྗེས་དྲན་དུ་ཕབ་སྒྱུར་ཞུས་པ་ཡིན། སྒྱུར་གྱི་ཐད་ལ་ནོར་འཁྲུལ་ཅི་མཆིས་བཟོད་གསོལ་ཞུ་རྒྱུ་ཡིན། འདི་ལོའི་ཆོ་འཕྲུལ་དུས་ཆེན་ཁྱད་པར་ཅན་འདི་དང་བསྟུན་ནས་གསོལ་འདེབས་ཞུ་རྒྱུར། ས་ཡོམ་གྱི་རང་བཞིན་འབྱུང་བའི་གནོད་འཚེ་འོག་འདས་སོན་ཡོངས་ལ་མྱུར་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པར་གྱུར་ཅིག། །།
ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༡༩ ཆོ་འཕྲུལ་དུས་ཆེན་ཉིན་ལ་
སེར་བྱེས་བྱམས་པ་ཆོས་དབང་གིས་བྲིས་པར་དགེའོ། །

འགྱུར་རྩོམ།

Post navigation

Previous Post: ཨ་རི་ _ ལྷ་ཡིས་དབང་བསྒྱུར་བའི་རྒྱལ་ཁབ།
Next Post: ༧གོང་ས་མཆོག་གི་ཆབ་སྲིད་དང་། འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་ཀྱི་དགོངས་དོན་དང་ལེན།

Comments (12) on “ངའི་སེམས་ཁོངས་ཀྱི་སྐྱེ་དགུ”

  1. loemosilsil says:
    2011-03-26 at 7:39 pm

    འཇམ་དབྱངས་ནོར་བུས་ཉམས་ཞིབ་བྱེད་རིན་མཆོག་འདུག་ལ་ཁྱེད་ཉིད་ཀྱིས་སྒྱུར་རིན་ཡང་མཆོག་འདུག
    སྨོན་ལམ་མཉམ་དུ་ཡོད།

  2. ཟླ་བ་ཆོས་འཛོམས། says:
    2011-03-26 at 9:42 pm

    ཡག་པོ་རེད།ཡིན་ནའང་ཉམས་ཞིབ་ཞིབ་ཚགས་པོ་རང་མིན་པའི་བཟོ་འདུག་བསམས་སོང་།ས་མིང་དང་མི་མིང་།དེ་བཞིན་མིང་གི་ཐོག་དོན་དང་དེ་དང་འབྲེལ་བའི་གནས་ཚུལ་ལ་དོགས་སློང་བྱེད་ས་མང་གི་འདོད།སྒ་སྐྱོ་ལོའི་སྟོན་པ་རྒྱལ་མཚན་ཟེར་བ་དེ་གླིང་སྒྲུང་དག་ལ་ཡོངས་གྲགས་རེད།ཡིན་ནའང་འདིར་བསྟན་པ་རྒྱལ་མཚན་ཞེས་བྲིས་འདུག།ད་དེ་ཙམ་ཡིན།

  3. བོད་ཁམས་ཉི་མ་། says:
    2011-03-27 at 2:49 am

    རྩོམ་པ་པོས་ས་གནས་དེ་འཚོ་བ་རོལ་མྱོང་མེད་སྟབས་ འོལ་ཚོད་བྱས་པ་ཁག་ཅིག་ཀྱང་ཡོད་ཚོད་ལ་། ཉེར་ལྔའི་རྒྱལ་རབ་ཅེས་པ་དང་བསྡུར་ན་འདི་ལ་ལེགས་ཆ་ཁག་ཅིག་ཀྱང་ཡོད་ཚོད། འོན་ཀྱང་ཡུལ་ཤུལ་ཅེས་པའི་མིང་འདི་ལ་ནམ་ཡང་དགའ་མོས་མེད། ཡུལ་གྱི་ཤུལ་ཙམ་དུ་ནི་གྱུར་ཚར་སོང་།

  4. བཙན་བྱོལ་བ་ says:
    2011-03-27 at 2:34 pm

    ཡུལ་ཤུལ་ཞེས་པའི་ཐ་སྙད་འདི་ནི་བོད་ཚིག་ཡིན་ཞིང་གནའ་སྔ་མོཌྷའི་དུས་སུ་ཡོད་པ་ཞིག་རེད།
    ཉེར་ལྔའི་རྒྱལ་རབས་ཞེས་པ་གང་ལ་གོ་དགོས་སམ། ནང་ཆེན་ཉེར་ལྔ་ཞེས་པ་ནི་ནང་ཆེན་རྒྱལ་པོས་དབང་བསྒྱུར་བའི་ས་ཁུལ་ཁག་ཡིན། འོན་ཀྱང་ད་ལྟའི་དུས་སུ་ནང་ཆེན་ཁག་ནི་ཡུལ་ཤུལ་སྐྱེ་དགུ་མདོའི་འོག་ཏུ་ཚུད་ཡོད། འདི་ནི་ལོ་རྒྱུས་ཀྱི་འགྱུར་བགྲོས་ཀྱི་དབང་གིས་དེ་ལྟར་ཆགས་པ་ཞིག་རེད།

  5. ཀརྡོ་རབ་འབྱམས་པ་ says:
    2011-03-27 at 4:16 pm

    འཇམ་ནོར་ལགས་ཀྱི་ལོ་རྒྱུས་ཉམས་ཞིབ་ལ་ངོས་རང་ཡིད་འཕྲོག་སོང་། བསྒྱུར་རྩོམ་ལ་ཡང་བཀའ་དྲིན་ཆེ།

  6. སྦྲ་ནག་ཁག་དགུ says:
    2011-03-27 at 8:42 pm

    ༢༠༡༠ཋ༤ཋ༡༤ སྐྱེ་དགུ་མདོ་ཡི་ས་ཡོམ་དོན་རྐྱེན་འོག་འདས་པོ་རྣམས་དུས་དྲན་ཞུ་བ་དང་། འཇམ་དབྱང་ནོར་བུ་ལགས་དང་བསྒྱུར་རྩོམ་པ་བྱམས་པ་ཆོས་དབང་ལགས་གཉིས་ལ་ཐུགས་རྗེ་ཞུན་རྒྱུ་ཡིན་ཡག་འདུག།

  7. སྤངས་སྤོས། says:
    2011-03-28 at 1:08 am

    ལག་རྗེས་བསྟན་རྒྱུ་ཡོད་པའི་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཉམས་ཞིབ་དེ་ལྟར་གནང་བ་ཐུགས་རྗེ་ཆེ། མཁས་དབང་མཆོག་ནི་བོད་མི་རིགས་ཀྱི་དངོས་ཡོད་གནས་ཚུལ་འཛམ་གླིང་འདིར་དྲང་བདེན་གྱིས་ལམ་ནས་སྒྲོགས་པར་མཛད་པའི་བྱས་རྗེས་ཡོད་ལ། དོན་གཉེར་ཅན་རྣམས་ལ་ལམ་སྟོན་མཛད་པའི་ནུས་པ་ཡང་ཡོད། མི་རིགས་ཀྱི་བདེ་དོན་ཐུགས་ལ་བཅངས་ནས་སྐུ་ཚེ་གང་པོར་རང་རིགས་དང་དགྲ་བོའི་་ཁ་བརྡུང་བཟེད་བཞིན་དུ་མི་རིགས་ཀྱི་ལ་རྒྱ་མཐོན་པར་སྒྲེང་བཞིན་པའི་འཛད་མེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཞུ།

  8. འཇིག་མེད་ says:
    2011-03-28 at 7:58 pm

    སོག་པོ་ཇིང་གིར་རྒྱལ་པོས་ཀྲང་གུའི་རྒྱལ་ཁམས་ཕམ་བརླག་ཏུ་བཏང་སྐབས་སྒ་མི་ཉག་གམ་ཤིས་ཞ་ས་ཁུལ་ནས་རྒྱལ་སྲས་བྲོས་བྱོལ་གྱིས་དེར་སྐྱབས་བཅོལ་དུ་བསྡད་པ་རེད། མི་ཉག་ནས་བརྒྱུད་པར་རློམ་པའི་སི་ཀིམ་འབྲས་ལྗོངས་རྒྱལ་པོའི་ནང་མི་རྣམས་ཀྱང་ཀྲང་གུ་ཡི་སྲས་ཀྱི་བརྒྱུད་པ་ཡིན་སྲིད། ༽ ཞེས་གསུང་པའི་ནང་༼་ཀྲང་གུའི་རྒྱལ་ཁམས༽ཞེས་པ་དེ་རྒྱ་མིང་ཡིན་ནམ་་བོད་མིང་ཡིན་ ཀྲང་གུའི་རྒྱལ་སྲས་དེ་རྒྱ་མི་ཡིན་ན་ད་ལྟའི་འབྲས་ལྗོངས་རྒྱལ་རྒྱུད་་དེ་རྒྱ་མིའི་རྒྱུད་ཡིན་ནམ་ ལྷག་པར་དུ་

  9. འཇིག་མེད་ says:
    2011-03-28 at 7:58 pm

    སོག་པོ་ཇིང་གིར་རྒྱལ་པོས་ཀྲང་གུའི་རྒྱལ་ཁམས་ཕམ་བརླག་ཏུ་བཏང་སྐབས་སྒ་མི་ཉག་གམ་ཤིས་ཞ་ས་ཁུལ་ནས་རྒྱལ་སྲས་བྲོས་བྱོལ་གྱིས་དེར་སྐྱབས་བཅོལ་དུ་བསྡད་པ་རེད། མི་ཉག་ནས་བརྒྱུད་པར་རློམ་པའི་སི་ཀིམ་འབྲས་ལྗོངས་རྒྱལ་པོའི་ནང་མི་རྣམས་ཀྱང་ཀྲང་གུ་ཡི་སྲས་ཀྱི་བརྒྱུད་པ་ཡིན་སྲིད། ༽ ཞེས་གསུང་པའི་ནང་༼་ཀྲང་གུའི་རྒྱལ་ཁམས༽ཞེས་པ་དེ་རྒྱ་མིང་ཡིན་ནམ་་བོད་མིང་ཡིན་ ཀྲང་གུའི་རྒྱལ་སྲས་དེ་རྒྱ་མི་ཡིན་ན་ད་ལྟའི་འབྲས་ལྗོངས་རྒྱལ་རྒྱུད་་དེ་རྒྱ་མིའི་རྒྱུད་ཡིན་ནམ་ ལྷག་པར་དུ་

  10. འཇིག་མེད་ says:
    2011-03-28 at 8:07 pm

    དགོངས་དག་ ལྷག་པར་དུ་འབྲས་ལྗོངས་རྒྱལ་པོ་དང་བློན་པོ་རྣམས་ཀྱི་གྱོན་ཆས་དེ་སོག་ཆས་ཡིན་ནམ་ ཡང་ན་མན་ཇུ་འམ་རྒྱ་མིའི་ཆས་ཡིན་ནམ གང་ལྟར་ཆས་དེ་དིང་སྐབས་འབྲས་ལྗོངས་ལ་ཆང་ས་སོགས་མཛས་མགོ་ཁག་་ལ་ཚང་མས་གྱོན་གྱི་འདུག་

  11. བཙན་བྱོལ་བ་ says:
    2011-03-29 at 2:03 am

    ཁོ་བོའི་གོ་ཚོད་དང་བསྟུན་ན། སྒ་མི་ཉག་གམ་ཤིས་ཞ་ས་ཁུལ་དེ་དེའི་དུས་ལ་ཊང་གུའི་རྒྱལ་པོའི་དབང་བསྒྱུར་འོག་ཏུ་ཡོད་པ་དང་། ཇིང་གིར་རྒྱལ་པོས་དབང་སྒྱུར་སྐབས་སྒ་མི་ཉག་ས་ཁུལ་དེའི་རྒྱལ་སྲས་དེ་བྲོས་བྱོལ་དུ་ཕྱིན་པ་ཡིན་ས་རེས། ཡང་ན། ཇིང་གིར་རྒྱལ་པོས་ཊང་གུའི་རྒྱལ་པོ་དབང་སྒྱུར་སྐབས་སྒ་མི་ཉག་དེ་ཊང་གུའི་རྒྱལ་ཁམས་དེ་དང་ཐག་ཉེ་བའི་སར་ཡོད་པ་དང་། དེའི་རྒྱལ་སྲས་དེ་སྐྱབས་བྱོལ་དུ་ཕྱིན་པ་རེད།

  12. བཙན་བྱོལ་བ་ says:
    2011-03-29 at 2:04 am

    ཁོ་བོའི་གོ་ཚོད་དང་བསྟུན་ན། སྒ་མི་ཉག་གམ་ཤིས་ཞ་ས་ཁུལ་དེ་དེའི་དུས་ལ་ཊང་གུའི་རྒྱལ་པོའི་དབང་བསྒྱུར་འོག་ཏུ་ཡོད་པ་དང་། ཇིང་གིར་རྒྱལ་པོས་དབང་སྒྱུར་སྐབས་སྒ་མི་ཉག་ས་ཁུལ་དེའི་རྒྱལ་སྲས་དེ་བྲོས་བྱོལ་དུ་ཕྱིན་པ་ཡིན་ས་རེས། ཡང་ན། ཇིང་གིར་རྒྱལ་པོས་ཊང་གུའི་རྒྱལ་པོ་དབང་སྒྱུར་སྐབས་སྒ་མི་ཉག་དེ་ཊང་གུའི་རྒྱལ་ཁམས་དེ་དང་ཐག་ཉེ་བའི་སར་ཡོད་པ་དང་། དེའི་རྒྱལ་སྲས་དེ་སྐྱབས་བྱོལ་དུ་ཕྱིན་པ་རེད། གང་ལྟར་ལོ་རྒྱུས་གཞན་ལ་གཟིགས་ན་གསལ་པོར་མཁྱེན་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme