Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཁྱི་དང་བོད་མི། ད་དུང་བྲན་གཤིས།

Posted on 2011-03-212011-03-23 By ཁ་བརྡ་ 23 Comments on བོད་ཁྱི་དང་བོད་མི། ད་དུང་བྲན་གཤིས།

zangao01
རྩོམ་པ་པོ: ཁ་བ་སྙིང་ལྕགས།

༼བོད་ཁྱི༽ཞེས་པ་ནི་རྒྱ་ནག་པ་དང་ནུབ་གླིང་བ་དག་གིས་བཏགས་པའི་མིང་རེད། བོད་རང་གིས་དེ་ལ་ཁྱི་ཞེས་འབོད་པ་ལས་སྔོན་དུ་བོད་ཅེས་པ་མི་འཇོག ད་ལྟ་བོད་ཁྱིའི་མཚན་སྙན་ཀྱང་བོད་མི་རང་དང་འདྲ་བར་འཛམ་གླིང་ན་སྐད་གྲགས་ཤིན་ཏུ་ཆེ།རིགས་བོད་མ་ཡིན་པ་དག་གིས་དེ་ལ་ཤར་ཕྱོགས་ཀྱི་ལྷ་ཁྱི་ཞེས་པའི་མཚན་སྙན་ཅིག་གནང་ཡོད།བོད་པ་དག་གིས་ཁྱི་ལ་གནང་བའི་མཚན་སྙན་དེ་མི་ལ་གནང་བའི་མཚན་སྙན་ཅིག་དང་འདྲ་བར་གཅེས་སྤྲོས་ཆེན་པོ་བྱེད།

ལོ་འདི་གར། བོད་ཁྱི་དང་འབྲེལ་བའི་དཔེ་ཆ་མི་ཉུང་བ་ཞིག་ཕྱིར་ཐོན་གྱིན་གདའ།དེའི་ཁྲོད་དུ་ལ་ལ་ནི་བོད་ཁྱི་ལ་ཞིབ་འཇུག་བྱེད་ཁུལ་བྱས་པ་དང་།ལ་ལ་ནི་བོད་ཁྱི་དང་འབྲེལ་བའི་བརྩམས་སྒྲུང་།ཡང་ལ་ལ་ནི་བོད་ཁྱིའི་རང་གཤིས་ལས་འཕྲོས་ཏེ་ཚོང་ལས་སྤྱི་ཚོགས་ཀྱི་ལས་མིར་སློབ་གསོ་གཏོང་བའི་བསྟན་བཅོས་རེད།ནམ་རྒྱུན་དཔེ་ཁང་དག་ཏུ་ཉུལ་དུས་བོད་ཁྱི་དང་འབྲེལ་བའི་དཔེ་ཆ་དེ་དག་དཔེ་ཁང་གི་ཟུར་གང་རུང་ནས་ངེས་པར་མཐོང་ཡོང་ལ།དེའི་སྐབས་སུ་དཔེ་ཆ་དེ་དག་ཕར་སློག་ཚུར་སློག་བྱེད་རྒྱུ་ནི་རིམ་གྱིས་རང་གི་གོམས་གཤིས་ཤིག་ཏུ་ཆགས་འདུག།ང་ཚོ་ནམ་རྒྱུན་གཞན་གྱིས་རང་ཉིད་ལ་གདེང་འཇོག་བྱས་པར་ཉན་སྤྲོ་ལ།སྐབས་ལ་ལར་བོད་ཁྱིའི་རྣམ་ཐར་མཐོང་དུས་དེ་ནི་རང་ཉིད་ཀྱི་རྣམ་ཐར་ཀྱང་ཡིན་པའི་སྤྲོ་སྣང་འབྱུང་།

ངས་ཡུན་རིང་ཞིག་ལ་རྒྱ་ནག་པ་དང་ནུབ་གླིང་བ་དག་གིས་བོད་ཁྱི་ལ་དེ་ལྟ་བུའི་བརྩེ་བ་ཆེན་པོ་ཞིག་བཅངས་དོན་གསལ་བོར་མི་ཤེས།ནར་མ་སོན་ལ་ནག་ནོག་གིས་མ་གོས་པའི་བྱིས་བློ་ཞིག་ལ།དེ་ཡང་བོད་མི་འཛམ་གླིང་ལ་གྲགས་དོན་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པ་དེ་བཞིན་དུ།བོད་ཁྱི་འཛམ་གླིང་ལ་གྲགས་དོན་ཀྱང་བོད་ཀྱི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་ངེས་སྙམ།དེར་མ་ཟད་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པའི་སྲོག་ཆགས་དང་བྱ་དོངས་གཞན་དག་ཀྱང་འཛམ་གླིང་དུ་སྐད་གྲགས་ཆོད་པའི་སྲོག་ཆགས་དང་བྱ་དངོས་སུ་འགྱུར་བར་རེ་བ་བླ་ལྷག་གིས་བཅངས་པ་ཡིན།དཔེར་ན་བོད་ཀྱི་རྩྭ་དང་བོད་ཀྱི་ཤིང་ཡང་གཞན་ན་མེད་པའི་ལྷ་རྩྭ་དང་ལྷ་ཤིང་།དེ་བཞིན་དུ་ལྷ་མཚོ་དང་ལྷ་རི་སོགས་རེ་རེ་ནས་ཤར་ཕྱོགས་ཀྱི་ལྷ་ཁྱི་དང་འདྲ་བར་སྐད་གྲགས་ཆོད་པའི་རེ་བ་བརྒྱབ།

མི་ནི་མ་གཞི་ནས་མཚན་སྙན་ལ་དགའ་བས།གཞན་གྱིས་རང་གི་རྟ་དེ་རྟ་གཞན་ལས་མཆོག་ཏུ་གྱུར་བ་ཞིག་རེད་ཅེས་སྨྲས་ན་དགའ་ལ།རང་གི་ནོར་ལུག་གི་ཤ་ཤེད་གཞན་གྱི་ནོར་ལུག་ལས་ཤིན་ཏུ་རྒྱས་ཞེས་བཤད་ན་ཡང་དགའ།ཡིན་ནའང་།ཁྱོད་ཀྱི་གྲོགས་པོ་དེ་ཁྱོད་ལས་ཕུལ་དུ་བྱུང་ངོ་ཞེས་ན་སྐད་ཅིག་དེ་ཉིད་ལ་མི་དགའ་བར་འགྱུར།དེ་ནི་ང་ཚོས་ནམ་རྒྱུན་རྟ་དང་ནོར་ལུག་དེ་དག་རང་ཉིད་ལ་བདག་པས་དེའི་མཚན་སྙན་ཀྱང་རང་ཉིད་ལ་བདག་པར་འདོད་པ་ཡིན་ལ།བོད་ཁྱིའི་མཚན་སྙན་ནི་བོད་རང་གི་མཚན་སྙན་ཀྱང་ཡིན་འདོད་པ་ལས།བོད་ཁྱི་ལ་དེ་ལྟར་མཚན་སྙན་རྒྱས་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་སུས་ཀྱང་མི་ཤེས་པར་གདའ།དེ་ནི་བོད་རང་གིས་རང་ལ་དེ་ལྟར་མཚན་སྙན་རྒྱས་དགོས་དོན་གསལ་བོ་ཞིག་མི་ཤེས་པ་དང་གཅིག་འདྲ་རེད། རྗེས་སུ་དཔེ་དེབ་དེ་དག་དང་གཞན་གྱི་ངག་སྒྲོས་དག་ལས།ངས་རིམ་གྱིས་གཞན་གྱི་མིག་ནང་གི་བོད་ཁྱིའི་རིན་ཐང་དེ་ག་ལེར་ག་ལེར་རྟོགས་ཙམ་བྱུང་།

བོད་ཁྱི་ནི་བདག་པོར་ཞེ་དཀར་ཞིང་བློ་མི་ལོག་པ།དགྲ་ལ་བཙན་ཅིང་གཉན་ལ་རྒོད་པ།རང་ཁྱིམ་སྲུང་ནུས་ཤིང་ཕྱི་དགྲ་འགོག་ནུས་པའི་ཁྱད་ཆོས་སྟེ་ཁྱི་གཞན་དག་ལ་མི་མངའ་བའི་ཁྱད་ཆོས་དང་ལྡན་པས་ན་འཛམ་གླིང་ཤར་ནུབ་ཀྱི་སྤུན་ཟླའི་ཤེས་རབ་སྤྱན་ཟུང་གིས་གཟིགས་ཤིང་མཁྱེན་ཏེ་འཇིག་རྟེན་དུ་གྲགས་པར་བཤད།

བོད་ཁྱི་ནི་དངོས་གནས་དེ་འདྲ་ཞིག་ཡིན་ནམ།སྐབས་ཤིག་གི་རིང་ལ།ང་ནི་གོང་གི་ཚིག་དུམ་འདིས་ཡོངས་སུ་ར་བཟི་བར་གྱུར་དེ་སྤྲིན་དཀར་གྱི་ཡང་སྟེང་ན་བགྲོད་པ་ལྟ་བུའི་སྣང་བ་སྐྱིད་པོ་ཁོ་ན་བྱུང་།དེ་ནི་བོད་ཁྱིའི་ང་རྒྱལ་ཡིན་ལ།བོད་ཁྱིའི་བདག་པོ་སྟེ་བོད་མིའི་ང་རྒྱལ་ཀྱང་ཡིན་པར་འདོད།སྤྱང་གྲུང་ལྡན་ལ་ལས་ལ་བརྩོན་པའི་བོད་རིགས་མི་དམངས་ཀྱང་བོད་ཁྱི་དང་འདྲ་བར་བདག་པོ་ལ་ཞེ་དཀར་ཞིང་བློ་མི་ལོག་པ་སྟེ།སྤྱོད་པ་ལ་བག་ཡོད་ཅིང་ཚུལ་དང་ལྡན་པ་ཤ་སྟག་ཡིན་པར་འདོད། ཡིན་ནའང་།འགོར་གྱིན་འགོར་གྱིན།ང་ལ་གོང་གི་ཚིག་དུམ་དེ་ལ་ནང་དོན་གཞན་ཞིག་སྦས་སྐོང་བྱས་ཡོད་པ་ལྟ་བུའི་ཚོར་སྣང་འབྱུང་བས།ངས་གོང་གི་ཚིག་དུམ་དེ་ལ་བསམ་གཞིགས་ཡང་དང་བསྐྱར་དུ་བྱེད་དགོས་བྱུང་། རེད། ནོར་མི་འདུག།གོང་གི་ཚིག་དུམ་དེས་བོད་ཁྱི་ནི་བྲན་གཤིས་མངའ་བའི་གཡོག་པོ་ཟོལ་མེད་ཅིག་རེད་ཅེས་ཟེར་བ་རེད།སྐད་ཅིག་མ་དེར་ངའི་ལུས་པོ་ཚ་ལམ་ལམ་དུ་གྱུར་བྱུང་།ཡང་སྐད་ཅིག་མ་དེར།ངས་མྱུར་བ་མྱུར་དུ་བོད་ཁྱི་ནི་རང་དང་འབྲེལ་བ་མེད་པའི་བྱ་དངོས་གཞན་ཞིག་ལ་བསམ་བློ་བཏང་། གལ་ཏེ། ང་ནི་རྐུན་མ་ཞིག་ཡིན་ན།ཁྱེད་ཚང་གི་ཁང་བའི་སྒོ་འདབ་ཏུ་ཐོན་དུས།ཁྱེད་ཚང་གི་བོད་ཁྱིས་མཆེ་བ་གཙིག་ནས་ང་ལ་བཀག་འགོག་བྱེད་དམ།དེ་ལ་ཁྱོད་ཀྱིས་ཐེ་ཚོམ་ཅི་ཡང་མེད་པར་ངེད་ཚང་གི་སྒོ་ཁྱིས་ངེས་པར་འགོག་གོ་ཟེར་ངེས།ཡང་ངས་ཁྱོད་ལ།སྐབས་དེར་ངའི་ཁ་ནང་དུ་ལྡད་ཀྱིན་པའི་ཤ་ལོག་ཅིག་ཁྱེད་ཚང་གི་བོད་ཁྱིའི་ཁ་ནང་དུ་འཕང་ན།ཁྱེད་ཚང་གི་སྒོ་ཁྱིས་སྔར་བཞིན་ང་ལ་བཀག་འགོག་བྱེད་སྲིད་དམ་ཅེས་དྲིས་ན།ངས་བསམ་ན་སྐབས་དེར་ཁྱོད་ཀྱི་ངག་ལ་ལྐུགས་ཙམ་འབྱུང་ངེས་རེད།

དོན་ངོ་མར།བོད་ཁྱི་ནི་བདག་པོར་ཞེ་དཀར་ཞིང་བློ་མི་ལོག་པ་མ་རེད།ལྟོ་ལ་ཞེ་དཀར་ཞིང་བློ་མི་ལོག་པ་རེད།དེ་ནི་ཁྱི་ཞིག་གི་ངོས་ནས་བཤད་ན་ལུགས་དང་མཐུན་པ་འདྲ་ཞིང་།སྲོག་ཆགས་གཞན་གང་རུང་གི་སྟེང་དུ་སྦྱར་ན་ཡང་ལུགས་དང་མཐུན་པ་ཞིག་རེད།ཡིན་ནའང་།དེ་ནི་ལྟོ་ལ་བློ་མི་ལོག་པའི་དམ་བཅའ་ཙམ་མ་རེད།དེ་ནི་ལྟོ་ཡི་ཆེད་དུ་བདག་པོ་ལ་བློ་ལོག་སླ་བའི་རང་གཤིས་ཤིག་ཀྱང་རེད། སྔོན་ཆད་གྲོགས་པོ་གླག་ལགས་ཀྱིས། མི་ཞིག་སྒེར་ཚུགས་ཐུབ་དགོས་ན་ཐོག་མར་དཔལ་འབྱོར་གྱི་སྟེང་ནས་སྒེར་ཚུགས་བྱ་ཐུབ་དགོས།དཔལ་འབྱོར་གྱི་སྟེང་ནས་གཞན་ལ་རྟེན་པའི་མི་ཞིག་ནི་མི་གཤིས་ཀྱི་སྟེང་ནས་ཀྱང་གཞན་ལ་རྟེན་པའི་མི་ཞིག་ཡིན་ཅེས་བཤད་མྱོང་།ད་ལྟ་བསམ་ན།བོད་ཁྱི་ཀྱང་དེ་ག་ལས་མ་འདས།

སྔོན་ཆད་ངས་སྤྱང་ཀི་དང་ཁྱི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་པར་བསམ་གཞིགས་བཏང་མྱོང་།ད་ལྟ་ངས་དེ་གཉིས་བར་གྱི་ཁྱད་པར་དེ་གསལ་བོར་ཤེས་ཡོང་།རི་སྤྱང་ནི་ཁ་ཟས་འཚོལ་བ་ལ་རང་གིས་རྩོལ་བ་བྱེད་ཅིང་།མི་དང་ཁ་ཟས་འཕྲོག་རྩོད་ཀྱི་ལས་བྱེད་ལ།གཞན་གྱི་སྐྱབས་འོག་ཏུ་མི་ཡོང་བར་རང་དབང་གི་ངང་དུ་འཚོ་བར་སྤྲོ།ནུབ་གླིང་གི་ཞྭ་མོ་དམར་པོ་ཞེས་པའི་བྱིས་སྒྲུང་དེ་རུ།སྤྱང་ཀིའི་ཚེ་སྲོག་ཉེན་ཁ་ལས་བསྐྱབས་པའི་བུ་མོ་ཆུང་ཆུང་ཞིག་སླར་ཡང་སྤྱང་ཀིས་ཁ་ཟས་བྱས་སོང་བའི་གཏམ་རྒྱུད་འདུག་ལ།བོད་ཀྱི་བྱིས་སྒྲུང་རྟ་རྒན་དང་སྤྱང་ཀི་ཞེས་པའི་ནང་དུ་ཡང་།རྟ་རྒན་གྱིས་རང་གི་ཚེ་སྲོག་ཉེན་ལས་བསྐྱབས་པའི་སྤྱང་ཀི་དེ་འཕྲ་ཡིས་བསད་པ་ལས་ཀྱང་སྤྱང་ཀི་ནི་ཡིད་ཆེས་བྱེད་མི་ཆོག་པའི་རི་དྭགས་སམ་གཅན་གཟན་ཅིག་ཡིན་པ་ཤེས་ཡོང་།

དེ་ལས་ལྡོག་ཏེ།བོད་ཁྱི་ནི་རང་གི་ཁ་ཟས་རང་གིས་འཚོལ་བ་ལ་མི་དཔའ་ཞིང་མི་ནུས་པ།མི་སྤོབས་ཅིང་མི་ཕོད་པ།ནམ་རྒྱུན་བདག་པོས་ཟས་ལྷག་འཕྲོ་ལྷག་རེ་སྦྱིན་ཨེ་ཡོང་ཁོ་ན་ལ་རེ་ཞིང་།རུས་པ་སྐམ་པོ་ཞིག་གི་སྟེང་ནས་ཉིན་མཚན་འཁྱོལ་བ་དང་།ནམ་རྒྱུན་ཁ་ཟས་ཙམ་གྱི་ཕྱིར་དུ་བདག་པོ་ལ་བློ་ཉེ་བ་འདྲ་ཡང་།གལ་སྲིད་དགྲ་བོའི་ཁ་ནང་ན་ལྡད་ཀྱིན་པའི་ཤ་ལོག་ཅིག་ཐོབ་ན་རྔ་མ་གཡུག་ནས་མི་ཐོན་པའི་ངེས་པ་ཡང་མི་འདུག མི་ལ་མ་གཞི་ནས་དབང་སྒྱུར་བྲལ་རིམ་གྱི་སེམས་པའི་བག་ཆགས་ཟབ་པས།མི་བྲན་གཡོག་བྱ་མི་ཆོག་པའི་རྩ་ཁྲིམས་ཀྱིས་སྣེ་ཁྲིད་པའི་དུས་རབས་འདི་འདྲ་བ་ལ།གདོད་མའི་བྲན་གཡོག་གི་བྲན་གཤིས་མཐའ་དག་གནས་སྤོར་བྱས་པ་ལྟ་བུའི་བོད་ཁྱི་མཐོང་དུས།དེ་ནི་ནུབ་གླིང་བ་དང་རྒྱ་ནག་པ་དག་གི་སེམས་པའི་དགོས་མཁོ་དང་ཡོངས་སུ་འཚམ་པར་གྱུར་བ་ཡིན་ལ།འཇིག་རྟེན་ན་ད་དུང་ཟས་ལྷག་ཙམ་བྱིན་རྗེས་གང་འདོད་དུ་ཁ་ལོ་བྱེད་ཆོག་པའི་སྲོག་ལྡན་ཅིག་ཡོད་པ་ལ་དགའ་ཚོར་ཆེན་པོ་བྱུང་བ་རེད།

སྔོན་ཆད་བོད་ཁྱི་ནི་བོད་རིགས་ཁོ་ནར་བློ་ཉེ་ཞིང་།“ཟ་མ་ལ་དཀའ་ངལ་”བྱུང་བའི་ལོ་ཟླ་རུ་ཡང་།བོད་མིས་བོད་ཁྱི་བཤས་ནས་དེའི་ཤ་ཟོས་པ་ལྟ་བའི་ལས་མ་བྱས།དེ་ནི་བོད་པ་དག་ཀྱང་བོད་ཁྱི་ལ་བློ་ཉེ་བས་ཡིན།དེ་ལྟ་ནའང་།ད་ལྟའི་དུས་སུ།ནུབ་གླིང་བ་དག་གིས་བོད་ཁྱི་དག་ལ་ཁ་ཟས་སྔར་ལས་ཞིམ་པོ་སྟེར་དུས།བོད་ཁྱི་དག་གིས་རྔ་མ་གཡུག་གིན་ནུབ་གླིང་བ་དག་གི་རྗེས་སུ་ཡང་རྒྱུགས་རྐྱང་བྱེད།

“
ཁྱི་”ནི་མ་གཞི་ནས་ཁྱི་ཡིན་པས།བོད་ཁྱི་ཞེས་ཁྱི་མིང་གི་སྔོན་ལ་མིའི་མིང་བཏགས་ཀྱང་སྔར་བཞིན་ཁྱི་ཡིན་པའི་དོན་དངོས་ལ་འགྱུར་བ་གང་ཡང་གཏོང་མི་ཐུབ་པར་གདའ།“ཁྱི་”ཡང་ང་ཚོ་མི་དང་འདྲ་བར།སྔར་ལས་སྐྱིད་པའི་འཚོ་བ་རོལ་འདོད་ཡོད་ལ་རོལ་ཆོག་པའི་ཁེ་དབང་ཀྱང་ཡོད་ངེས།དེ་བཞིན་དུ་ང་ཚོས་ཀྱང“་བོད་ཁྱི་”དག་གི་འཚོ་གནས་གདམ་གསེས་ལ་སྔར་བཞིན་བརྩི་བཀུར་བྱ་ངེས་ཡིན།དེ་ལྟ་ནའང་། སྐབས་འདི་དག་ལ།ངས་ནི་རི་མགོ་ན་རང་འགར་རྒྱུ་བའི་“རི་སྤྱང་”གི་ཚོགས་དེ་བླ་ལྷག་གིས་དྲན་ཅིང་།རང་གི་ཁ་ཟས་ཀྱི་ཕྱིར་དུ་ཁ་ཆར་བུ་ཡུག་གི་ཁྲོད་ན་རིག་པ་ལྕགས་སྐུད་ལྟར་སྒྲིམ་པའི་རི་སྤྱང་གི་ཚོགས་དེ་བླ་ལྷག་གིས་དྲན་ཡོང་།དེ་དག་གི་མི་ལ་མགོ་མི་སྒུར་ཅིང་མི་དང་ཁ་ཟས་འཕྲོག་རྩོད་ཀྱི་ལས་མི་ལྷོད་པའི་སྙིང་སྟོབས་རབ་ཏུ་དྲན་ཡོང་།

2011-3-6 གི་མཚན་མོར།

རྩོམ་ཡིག་འབྱུང་ཁུངས་རང་གྲོལ་སྨྱུག་གསར་དྲ་བ། (བོད་ནང་།)

མཁོ་སྤྲོད་པ་ལྷ་སྡེ་གནམ་ལོ་ཡག

རྩོམ་རིག

Post navigation

Previous Post: གསུང་འཕྲིན་ཡར་སློག་གི་གྲོས་ཆོད་མར་སློག་གནང་བ།
Next Post: ང་ཚོ་ལ་རེ་བ་ཞིག་ཡོད་དམ།

Comments (23) on “བོད་ཁྱི་དང་བོད་མི། ད་དུང་བྲན་གཤིས།”

  1. བོད་ཁམས་ཉི་མ་། says:
    2011-03-21 at 3:30 am

    ལ་ཧཧ། གདའ་ལི་ཁྱི་ཞེས་དམན་པའི་དཔེར་འཇོག་ས་དེ་དེང་སང་བོད་པ་ཚང་གི་གཅུག་གི་རྒྱན་དང་གཅེས་པའི་ནོར་དུ་གྱུར་སོང་། འོ་ན་བོད་པ་ཚང་གིས་ཁྱི་ལ་དེ་ལྟར་མཐོང་ཆུང་དང་བརྙས་བཅོས་བྱས་དོན་གང་ཡིན་ནམ། བུ་སྨད་ལ་ཡང་དེ་ལྟར་བརྙས་བཅོས་བྱེད་དགོས་དོན་གང་ཡིན་ནམ་། ཁྱི་ཞེས་པའི་མིང་དེ་འདོད་རྒྱལ་ཡིན་ན་ཡང་ བུ་སྨང་ཞེས་པའི་མིང་དེ་རྗེས་གྲུབ་ཡིན་། འོན་ཀྱང་བོད་ཚང་གིས་ཁ་ཡིས་ཟ་ཞིང་སྣ་ཡིས་ཁྲེལ་ཞེས་པའི་དཔེ་ལྟར་། བཱུུ་སྨད་ལ་བུད་མེད་དང་ སྐྱེས་མ་ལ་སྐྱེ་དམན་སོགས་བསམ་བཞིན་དུ་ལོག་འགྲེལ་བྱས་པ་མིན་ནམ་སྙམ་། བུ་སྨད་ཐོབ་ཐང་དོན་གཉེར་བ་ཚོར་འདི་ལྟའི་དཔྱོད་ཤེས་རེ་ཡང་མེད་པ་ཨ་ཁ་། མང་པོ་བྲི་རྒྱུར་ཉོབ་སོང་བས་ དགོས་པ་མཆིས་ཚེ་རྗེས་ནས་བཤད་ཆོག་།

  2. རིན་པོ་ཆེ says:
    2011-03-21 at 4:48 am

    བཀུར་འོས་རྩོམ་སྒྲིག་པ་ལགས། དེང་བོད་ནང་གི་དྲ་རྩོམ་བརྒྱུད་འགོད་བྱེད་སྟངས་ཤིག་དར་གྱི་འདུག དེའང་རང་གི་བསམ་ཚུལ་རྒྱབ་བསྙས་བྱེད་ས་ལྟ་བུར་མཐོང་གི་ཡོད། རྩོམ་པ་པོས་མཆོག་ཆན་ཡོད་མེད་སོགས་གཡུག་ཞོག

    གང་ལྟར་གནམ་ལོ་ཡག་གིས་ལུང་རིགས་རྒྱལ་དང་ལག་སྦྲེལ་བྱས་ནས་དྲ་ངོར་བཀོད་ཀྱི་ཡོད་ན་གནས་ཚུལ་ཁ་ཁ་རེད། ད་དུང་གཞན་རྩོམ་ལ་དོགས་འདྲི་བྱས་པ་དོ་བདག་མིན་པ་གཞན་གྱིས་ལན་རྒྱགས་སྟངས་འདི་དག་གི་དམིགས་ཡུལ་སོགས་ལ་བསམ་གཞིག་རེ་གནང་རོགས།

  3. ཀེ་ཏ་ཀ says:
    2011-03-21 at 6:14 am

    བོད་ཁམས་ལ་ཉི་མ་གཅིག་ཡོད་པ་ནི་གོང་ས་མཆོག་རེད། ཁྱོད་རང་སུ་ཞིག་ཡིན། ཡིག་ནོར་ཇི་འདྲའི་མང་བ་ལ་ཅི་ཞིག་བཤད་བསམ་གྱི་ཡོད་དམ།

  4. ཀེ་ཏ་ཀ says:
    2011-03-21 at 6:35 am

    xxxxxxxxxxxxxxxxx xxxxxxxxxxxxx

  5. སད་ན་ལེགས says:
    2011-03-21 at 7:59 am

    བོད་འདི་བྲན་བདག་ལས་ཐར་ནའང་བྲན་གཤིས་གཙང་དག་སོང་མེད། དཔེར་ན། ད་ལོ་ཨ་རིའི་བོད་མི་མང་ཆེ་བས་བཀྲེས་མཐོང་ལ་འོས་འཕེན་འདོད་པ་དེ་ལྟ་བུ་སྟེ། ཁོ་ཚོ་ལྟར་ན་སྔོན་ཨ་རིར་མི་ཆིག་སྟོང་འཐེན་པ་བཀྲེས་མཐོང་གི་བྱས་རྗེས་ཡིན་པར་དྲན་ནས་རང་གི་མ་འོངས་དོན་ཆེན་དང་འབྲེལ་བའི་འོས་ཤོག་དེ་བཀའ་དྲིན་གསབ་བྱེད་ཏུ་ཕུལ་བ་འདིའོ།། མི་མང་གི་ཚབ་ཡིན་ན་བོད་ལ་ཕན་པའི་བྱ་བ་སྒྲུབ་པ་དེ་འོས་འགན་ལོས་ཡིན། རྒྱལ་བ་རིན་པོ་ཆེས་ཆ་རྐྱེན་གང་ཡང་མེད་པར་སྐུ་ཚེ་གང་བོར་བོད་ལ་སྲིད་ཞུ་སྒྲུབ་པ་འདི་ཅི་ལྟར་འགྲེལ། མི་མང་གིས་བདམས་པའི་འགོ་ཁྲིད་ཀྱིས་དེ་ལ་དྲིན་བསབ་པའི་རེ་བ་དང་མི་མང་གིས་དེ་དེ་བཞིན་དུ་སྒྲུབ་པ་ནི་བྲན་གཤིས་མིན་ན་ཅི། དམངས་གཙོ་སྔོན་ཐོན་གྱི་ཨ་རི་ལྟ་བུ་ནའང་བོད་པས་རང་གི་བྲན་གཤིས་འདོར་ཐུབ་མེད་ན། གཞན་དག་ན་ཡོང་པ་ཚོར་ཅི་ཁག

  6. ཀརྡོ་རབ་འབྱམས་པ་ says:
    2011-03-21 at 9:31 am

    ལྷ་རྩ། ལྷ་ཤིང་། ལྷ་རྟ་དང་ལྷ་ཁྱིའི་མིང་འདོགས་སྟངས། དེ་དག་ལ་ལྷས་བརྟེན་པ་དང་། ལྷས་དེ་དག་གི་གཟུགས་སུ་རྫུས་པ་ཡང་ཡོད་པ་དང་། དུད་འགྲོ་འགའ་ཞིག་ལྷ་འགའ་ཞིག་གི་སྒོ་ཕྱུགས་ལ་ཉར་བ་ཡང་ཡོང་སྲིད་པས། འདིར་དཔྱད་པ་སྒོ་ཕྱེས་པ་རྩམ་མོ། །

  7. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 12:04 pm

    གོང་དུ་ཡང་རིན་པོ་ཆེ་ཕེབས་འདུག ཡིན་ནའང་། བོད་ནང་གི་ཤེས་ཡོན་པར་དེ་འདྲའི་སྡང་སེམས་འཛིན་དགོས་དོན་མེད་ཀི་འདོད།

    རེད་ལགས། ཉེན་ཁ་མེད་ས་ཞིག་ཡིན་ན་རྩོམ་པ་པོའམ་དྲ་བདག་ལ་ཆོག་མཆན་ཞུས་ནས་རྩོམ་འདྲེན་བྱེད་དགོས་པ་ངས་ཤེས་ཀྱི་ཡོད། བོད་ནང་གི་གནས་སྟངས་ཚང་མས་ཤེས་གསལ་ལྟར་ན་ཕྲན་ནས་བརྐུ་འཁྱེར་བྱས་ཟིན་ཞེས་སྐད་བཞག་ནས་ཁྱེར་ཡོང་གི་ཡོད་ལ། ཡོང་ཁུངས་དེ་ག་ནང་བཞིན་གསལ་བཤད་བྱས་ཡོད། འོ་ན། ངས་ག་རེ་བྱས་ནས་རྩོམ་འདི་དག་མཁོ་འདྲེན་བྱེད་ཀྱི་ཡོད་དམ།

    ༡ རྩོམ་པ་པོ་ཞིག་གིས་རྩོམ་བྲིས་ནས་ཕྱི་ལ་སྤེལ་ཟིན་པའི་ཕྱི་ཉིན། ཀློག་མཁན་ག་ཚད་མང་ན་དེ་ཙམ་གྱིས་སེམས་ཤུགས་འཕར་ཐུབ་ཀྱི་ཡོད་པར་མ་ཟད། དྲ་ཚིགས་ཤིག་ཡིན་ནའང་སྦྱར་རྩོམ་ག་ཚད་ཀྱིས་འདྲེན་འགོད་བྱེད་མཁན་མང་ན་དེ་ཙམ་གྱིས་རླུང་རྟ་ཡར་འགྲོ་ཆགས་ཀྱིན་པའི་མཚོན་རྟགས་སུ་ལྟ་བཞིན་ཡོད་ན། བོད་གཞིས་བྱེས་གཉིས་ནས་དེ་ལྟར་བྱས་ཆོག་གི་རེད་ལ། ཕན་ཚུན་ལ་སློབ་སྦྱོང་དང་རྒྱུས་ལོན་དེ་བས་ཀྱང་བྱེད་ཆོག་པའམ་འོས་པ་ནི་བཤད་མ་དགོས་པ་ཞིག་རེད།

    ༢ བོད་ནང་གི་རྩོམ་པ་པོའམ། སྒོས་སུ་གཞོན་སྐྱེས་རྩོམ་པ་པ་རྣམ་པའི་འབྲི་རྩལ་དང་བསམ་བློ་གཏོང་སྟངས། ཕྱོགས་གང་ཐད་ནས་རྒྱུས་ལོན་བྱེད་སྟངས་བཅས་ཀྱིས་བྱེས་པའི་རྩོམ་འབྲི་མཁན་ཚོར་བསྐུལ་ལྕག་གཏོང་བཞིན་པར་མ་ཟད། རང་ལྟ་མཆོག་འཛིན་གྱི་དུས་རབས་དེ་དག་བརྒལ་ཟིན་པའི་ཅོང་བརྡ་ཡང་རྒྱག་གིན་ཡོད་ན། རྣ་བ་བཀབ་ནས་དུས་ཡུན་ག་ཚད་ཅིག་འཁྱོལ་རྒྱུ་རེད་དམ།

    ༣ མི་སྐོར་ཞིག་གི་གནོངས་ཐོག་ཏུ་གཙག་འཁེལ་དུའང་གྱུར་ཡོད་པས། བརྣག་ཐུམ་བརྟོལ་ནས་སྨན་བཅོས་ཀྱི་རྒྱུ་རུ་འགྲོ་མི་སྲིད་པའང་མིན་པ་གོང་དུ་མཆན་བ་རེ་འགའ་ལྷགས་ཟིན་པ་ལྟར་རེད་ལ། སྡང་སེམས་ནས་བསམ་གཞིགས་ཀྱི་སྒང་ལ་བསམ་བློ་འཕོ་བསྐྱོད་བྱེད་པར་ཏན་ཏན་ཕན་གྱི་རེད་འདོད།

  8. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 12:14 pm

    ཁ་སྣོན་གཅིག་ཡོད།

    ཁྱོད་རང་གིས་ང་ལ་དམོད་ ཆོག་ལ་དྲུག་ཅུ་བ་འཕེན་རྒྱུ་ཡིན་ནའང་བསམ་འཆར་མེད། འོན་ཀྱང་། སྐུ་ཞབས་ལུང་རིགས་རྒྱལ་དྲུད་ཡོང་གི་མ་འདུག ཡང་ཅིག་བཤད་ན། ཁྱོད་ལྟ་བུའི་མདོ་སྨད་ཀྱི་གནད་ཡོད་མི་སྣའི་གྲས་སུ་ཡོད་མཁན་ཞིག་གི་བྱེད་ སྟངས་ལའང་འཚམས་པོ་མི་འདུག

  9. བཟོད་པ་ལྷ་རྩེ། says:
    2011-03-21 at 12:42 pm

    བོད་ཁྱིའི་བསྐོར་གྱི་དཔྱད་རྩོམ་དེའི་བསྟན་དོན་ནི་གཞན་གྱི་དཔའ་འབྱོར་གྱི་བྲན་གཡོག་ཏུ་ཚུད་པ་ཡིན་ན་བོད་ཁྱི་དང་མཚུངས་པ་ཞིག་ཤོད་ཀྱི་འདུག་དྲྭ་གྲོགས་ཚོགས་ནས་དེ་འདྲ་ཞིག་གོ་ལེན་ན་བསྒྲིག་ཡོད་མེད་ལན་ཞིག་གསུང་དང་།

  10. བན་ནག་ཚང་ says:
    2011-03-21 at 5:17 pm

    འབྲོག་ཁྱི་རང་རེད་ཁྱི་ཡག་པོ་དེ་འདྲ་མ་རེད།

  11. གཡུ་འབྲུག་དཀར་པོ། says:
    2011-03-21 at 7:42 pm

    ངའི་ལུང་པའི་མི་རྣམས་ཀྱིས་ནི་ཁྱི་དེ་ལ་འབྲོག་ཁྱི་ཞེས་པ་ལས་བོད་ཁྱི་ཞེས་བརྗོད་ཀྱི་མེད། ཡང་ཁ་ཤས་ཀྱིས་ནི་དེ་ལ་མེ་ལ་ཁྱི་ཞེས་ཀྱང་བརྗོད་ཀྱི་འདུག ཁྱི་དེ་འབྲོག་པ་ཚོས་གསོ་སྐྱོང་བྱེད་ཀྱི་ཡོད། འབྲོག་པ་ལ་ནོར་མང་པོ་ཡོད་མཁན་ཚོས་ཁྱི་མང་པོ་ཉར་གྱི་ཡོད། རྒྱུ་མཚན་ནི་འབྲོག་པ་ཚོས་བཤད་སྲོལ་ལྟར་ན། ཁྱི་དེ་ལྔ་དྲུག་ཙམ་ཡོད་ན་གཅན་གཟན་སྟག་གི་གནོད་པ་ལས་ཀྱང་སྲུང་ཐུབ་ཀྱི་ཡོད་ཟེར། ཁྱི་དེ་ནི་གྲོད་ཁོག་ཆེན་པོ་ཞིག་རེད། ཁ་ལག་མང་པོ་ཟ་གི་ཡོད། མི་ཚང་སྤྲང་པོ་ཞིག་ཡིན་ན་ཁྱི་དེ་གསོ་ཐུབ་ཀྱི་མ་རེད། གང་ལྟར་ངའི་ལུང་པའི་གཏམ་དཔེར། བྱ་མིག་གྱེན་བལྟས། ཁྱི་མིག་ཐུར་བལྟས། ཞེས་ཁྱི་ནི་སྡུག་སྐྱག་གི་དཔེར་འཇོག་གི་ཡོད།

  12. ཀརྡོ་རབ་འབྱམས་པ་ says:
    2011-03-21 at 8:20 pm

    དཔེར་ན། ཕོ་རོག་དེ་མགོན་པོའི་དང་། ཁྱི་ནག་དེ་དཔལ་ལྷ་དང་། འང་གུའམ་ཕུག་རོན་དེ། གནས་ཆུང་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཡོད་པ་དང་། དེ་བཞིན་རྐྱང་དེ་བོད་ཀྱི་བཙན་གྱི་རིགས་དང་འབྲེལ་བ་ཡོད་བཟོ་འདུག
    ཡང་རྒྱ་གར་དུ། བ་གླང་དེ་ལྷ་དབང་ཕྱུག་གི་དང་། ནང་ཆོས་གསང་སྔགས་ནང་ལ། རྟ་དེ་རྟ་མགྲིན་དང་འབྲེལ་བ་ཡོད་པ་སོགས་སོ། ། དེ་བས་དུད་འགྲོར་རྩིས་མཐོང་དང་། དཀར་སྐྱོང་གང་ཐུབ་བྱ་དགོས་ལགས།

  13. འཇིག་མེད་ says:
    2011-03-21 at 8:50 pm

    ནམ་རྒྱུན་རྒྱལ་སྒོའི་ཕྱི་ལ་བཞགས་པ་དེ་ དིང་སང་གོང་ཆེ་ཤོས་ཆག་འདུག་ སྔོན་མ་ང་ཚོའི་ནང་ལའང་གསུམ་ཡོད་ ད་གང་དུ་ཡོད་མེད་སུ་ལའང་ཤོད་ཡས་མིན་འདུག་

  14. བསྟན་འཛིན་ཤེས་རབ། says:
    2011-03-21 at 9:07 pm

    རྩོམ་ཡིག་འདི་འདྲ་ཡག་པོ་ཞིག་འདིར་དྲངས་ཏེ་ཀློག་མཁན་ཚོར་མཁོ་སྤྲོད་གནང་བར་ཡག་བྱུང་ཞེས་ཟེར་རྒྱུ་ཡིན། ཞོར་དུ་འདྲེན་བཀོད་བྱེད་མཁན་གྱི་མཆན་ཨང་དྲུག་པ་སྟེ་མཆན་ལན་དེ་གནད་དུ་ཁེལ་བ་ཞིག་འདུག་པས་བཟང་བོའི་རྒྱབ་ལངས་བྱེད་རྒྱུ་ཡིན་ལ། ངའི་བསམ་ཚུལ་ཡང་དེ་ག་རང་ཡིན།

  15. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 11:16 pm

    ལྷན་རྒྱས་ཕེབས་པར་དགའ་ཡོད། མུ་མཐུད་དུ་བགྲོ་གླེང་ལྷུག་པོ་གནང་རོགས།

    རྩོམ་འདི་ཀློག་དུས། བརྗོད་བྱའི་བསྟན་དོན་ཐད་བསམ་བློ་གཏོང་རྒྱུ་ཧ་ཅང་གི་གལ་ཆེ་བར་སྣང་། དཔེར་ན། ལྟོ་ལ་བློ་དཀར་བའི་གཤིས་ཀ་དེ་ང་ཚོ་རང་སྟེང་དུ་འདུག་གམ་མི་འདུག དེ་ལས་བསྐྱེད་སྲིད་པའི་ཤུགས་རྐྱེན་ཅི་ཞིག་འདུག་གམ། མི་རིགས་ཤིག་གི་ཁྱོན་ཡོངས་ནས་གོ་རྟོགས་སད་དགོས་ན་སྣང་ཚུལ་འདིས་དེའི་ཁྲོད་དུ་ནུས་པ་ག་རེ་འདོན་གྱི་ཡོད་མེད་བཅས་ལ་བགྲོ་གླེང་ཡོང་བར་རེ་བ་ཤིན་ཏུ་ཆེ།

  16. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 11:16 pm

    ལྷན་རྒྱས་ཕེབས་པར་དགའ་ཡོད། མུ་མཐུད་དུ་བགྲོ་གླེང་ལྷུག་པོ་གནང་རོགས།

    རྩོམ་འདི་ཀློག་དུས། བརྗོད་བྱའི་བསྟན་དོན་ཐད་བསམ་བློ་གཏོང་རྒྱུ་ཧ་ཅང་གི་གལ་ཆེ་བར་སྣང་། དཔེར་ན། ལྟོ་ལ་བློ་དཀར་བའི་གཤིས་ཀ་དེ་ང་ཚོ་རང་སྟེང་དུ་འདུག་གམ་མི་འདུག དེ་ལས་བསྐྱེད་སྲིད་པའི་ཤུགས་རྐྱེན་ཅི་ཞིག་འདུག་གམ། མི་རིགས་ཤིག་གི་ཁྱོན་ཡོངས་ནས་གོ་རྟོགས་སད་དགོས་ན་སྣང་ཚུལ་འདིས་དེའི་ཁྲོད་དུ་ནུས་པ་ག་རེ་འདོན་གྱི་ཡོད་མེད་བཅས་ལ་བགྲོ་གླེང་ཡོང་བར་རེ་བ་ཤིན་ཏུ་ཆེ།

  17. རིན་པོ་ཆེ། says:
    2011-03-22 at 4:09 am

    གནམ་ལོ་ཡག་ལགས།

    ངོས་ཨ་མདོའི་གནད་ཡོད་ཅིག་མིན། ཁྱེད་ལྟར་ཡིག་འབྲི་བ་དཀྱུས་མ་ཞིག་ཡིན། ངས་ཁྱེད་ལ་དྲུག་བཅུ་པ་རྒྱག་དགོས་དོན་མེད། གང་ཡིན་ཞེ་ན་ཁྱེད་རང་ངོ་ཤེས་ཀྱི་མེད་ལ་མཐོང་མྱོང་མེད། དྲ་ངོས་འདིར་ཀླུ་བྱམས་ལ་དཔུང་རོགས་སུ་ཕེབས་དུས་དོ་སྣང་བྱུང་བ་དེ་ཙམ་ཡིན།

    ཚབས་ཆེན་ཞིག་ལ་ངོས་ནས་ཅི་ལྟར་བོད་ནང་གི་ཤེས་ལྡན་པར་སྡང་གཟུགས་སྟོན་དགོས་སམ། རང་ཉིད་བོད་ནས་འབྱོར་ཏེ་མང་པོ་མིན་ལ། དེང་གི་ངོས་དང་ན་མཉམ་པའི་བོད་ནང་གི་ཡི་གེ་བ་ཚར་འབྲེལ་འདྲིས་ཟབ་མོ་ཡོད་ལ། ཕན ཚུན་ལ་བརྩི་བཀུར་རྣམ་དག་ཡོད།

    ངོས་གང་བཤད་ཡོད་ལབ་ན། རྩོམ་པ་པོའི་དག་སྣང་ཚད་མེད་སྣང་བ་ནམ་མཁར་ཤོར་པའི་འབེལ་རྩོམ་དག་ལ་གནས་ལུགས་ཡོད་ཅིང་། དེའང་རང་གི་ཁོར་ཡུག་དང་སེམས་ཁམས་ལ་ངེས་ཅན་འབྲེལ་བ་ཡོད་པ་ཞིག ཁྱེད་ཀྱིས་ས་ཆ་གཞན་དུ་རང་གི་བསམ་ཚུལ་གྱི་རྒྱབ་ཁེན་སའམ། མཐུན་ཕྱོགས་སུ་བེད་སྤྱོད་གཏོང་བཞིན་པ་འདི། རིག་གནས་དང་རྩོམ་རིག་གི་མངའ་ཐང་ལ་མེ་བསྲེགས་བཏང་བ་རང་རེད་འདུག་པས། དོན་དངོས་བཤད་ན། ཆབ་སྲིད་ནང་དཀྲུག་ཏེ་མ་འགྲེལ་རོགས་ཞུས་པ་ཙམ་ཡིན། དེ་ལྟར་གནང་ན་ཁུངས་ལྡན་དག་གི་བྱེད་སྟངས་རེ་ཆགས་སྲིད།

    ཐུགས་དང་འགལ་ན་བཟོད་གསོལ་ཞུ་རྒྱུ་ཡིན།

  18. ལྷ་སྡེ་གནམ་ལོ་ཡག says:
    2011-03-22 at 4:37 am

    རིན་པོ་ཆེ་ལགས། འཚབ་བེ་འཚུབ་བེ་མ་གནང་། གོང་དུ་ཁྱོད་རང་སུ་ཡིན་མིན་ཁྱོད་ཀྱི་མཐའ་འཁོར་གྱི་མིས་མི་བརྒྱུད་ནས་གསལ་བཤད་གནང་འདུག དེ་ག་རང་གི་ཆོག་གི་མི་འདུག་གམ།

  19. རིན་པོ་ཆེ། says:
    2011-03-22 at 4:41 am

    ཞལ་གསལ་བོ་གནང་རོགས།

  20. བསྟན་འཛིན་ཤེས་རབ། says:
    2011-03-22 at 5:33 pm

    མི་ཞིག་སྒེར་ཚུགས་ཐུབ་དགོས་ན་ཐོག་མར་དཔལ་འབྱོར་གྱི་སྟེང་ནས་སྒེར་ཚུགས་བྱ་ཐུབ་དགོས། དཔལ་འབྱོར་གྱི་སྟེང་ནས་གཞན་ལ་རྟེན་པའི་མི་ཞིག་ནི་མི་གཤིས་ཀྱི་སྟེང་ནས་ཀྱང་གཞན་ལ་རྟེན་པའི་མི་ཞིག་ཡིན། ང་ལ་མཚོན་ན་རྩོམ་ཡིག་འདིའི་ནང་ཚིག་འདི་ལས་ལྷག་པའི་གནས་ལུགས་ཤིག་མཐོང་རྒྱུ་མི་འདུག

  21. ལྷ་སྡེ་གནམ་ལོ་ཡག says:
    2011-03-22 at 9:45 pm

    བསྟན་འཛིན་ཤེས་རབ་ལགས། ཕེབས་ནས་ཡང་བསྐྱར་དགོངས་ཚུལ་གསུང་བར་དགའ་ཡོད།

    བོད་ནང་དུ་དེང་གི་བར་གཞན་བརྟེན་སློབ་གསོ་ཁོ་ན་སྤེལ་བར་བརྟེན་ནས་དཔལ་འབྱོར་གཞན་བརྟེན་གྱི་གནས་སྟངས་འདི་གྲུབ་ཡོད་ལ། དེ་ལ་ངོས་ཟིན་གྱིས་དབྱེ་ཞིབ་གནང་བཞིན་པ་འདི་སྣང་ཚུལ་གསར་བ་ཞིག་རེད།

    བོད་བྱེས་པའང་སྦྱིན་བདག་གི་གཞན་དབང་དུ་ཤོར་ནས་རང་གཤིས་གཞན་བརྟེན་ཅན་དུ་གྱུར་ཡོད་པར་མ་ཟད། དེང་སྐབས་ལྟོ་ལ་བློ་དཀར་བའི་གཞན་བརྟེན་གཟུགས་མེད་དཔུང་ཁག་ཅིག་ཀྱང་གྲུབ་ཡོད་པས། ཆུའི་ཁར་ཆར་བ་ནང་བཞིན་གྱུར་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་རྐང་པ་ནས་མར་ལ་འཐེན་བཞིན་པས། སྣང་ཚུལ་དེ་མདོར་དེད་ན་བསམ་བློའི་ན་ཚའམ་བག་ཆགས་ཀྱི་སྐྲན་ནད་ཅིག་རེད། དེ་བས། རྩོམ་འདི་རིགས་ཀྱིས་ནད་དེ་རིགས་དྲག་བསྐྱེད་ལ་ཕན་ཐོགས་ཤིན་ཏུ་ཆེ་བ་གསལ་བོ་ཡིན།

  22. བོད་ཀྱི་ཕོ་གསར། says:
    2011-03-23 at 7:21 am

    ཀླུ་བྱམས་ཁྱི་གྲལ་དུ་ཕྱིན་སོང་།། གནམ་ལོ་ཉལ་ས་ནས་ངུས་སོང་།། རྣམ་རྟོག་དགུ་འགྱུར་གྱི་སྲིན་མོས།། དམ་པར་བསྙོན་འཛུགས་རང་བྱས་སོང་།།

    ཀེ་ཏས་མཆན་བུ་ལྟོས་ན།། སུས་དཀྲུག་ནམ་ལངས་ཀྱི་ཉི་མ།། རང་ཉིད་གནས་ལུགས་ཀྱིས་སྟོང་དུས།། གླེན་པ་ཁོང་ཁྲོ་ཞིག་ལངས་ཀི།

    དེ་ལས་སྔར་བྱས་ལ་བསམས་ནས།། ཕྱིས་འབྱུང་རེ་བ་ཞིག་བཙལ་ན།། དེ་གས་གནམ་འོག་འདིའི་གཤམ་ཏུ།། མི་གྲལ་བསྐྱར་འཛུལ་རེ་ལོས་སྟེར།།

  23. dorwang says:
    2011-03-23 at 9:19 am

    གསལ་བཤད།

    ད་ལམ་འདིར་གསལ་བཤད་གཅིག་ཞུ་རྒྱུར། ཁ་བརྡ་དྲ་ངོས་སུ་མཆན་བུ་སྤེལ་གནང་མཁན་ ༼ཀེ་ཏ་ཀ༽ཞུ་བ་ནས་མཆན་བུ་སྤེལ་གནང་མཁན་༼རིན་པོ་ཆེ༽ཞུ་བ་དེ་གུས་པ་ཡིན་ཚུལ་དང་བཅས་ཏེ་མཆན་བུ་ཁ་ཡར་སྤེལ་འདུག་པར། དེ་སྐོར་གུས་པ་མིན་ཞེས་ཞུ་བ་དང་ཆབས་ཅིག མཆན་བུ་ཁག་ཅིག་འགོག་པ་དང་བསུབ་དགོས་གྱུར་པ། རྩོམ་འདིར་མཆན་སྒོ་འགོག་དགོས་གྱུར་པ་བཅས་ལ་དགོངས་སེལ་ཞུ་བ་དང་། དྲ་ཚིགས་འདི་འབྲེལ་གྱི་རྩོམ་སྒྲིག་པ་ཡིན་པའི་ངོས་ནས་ཞུ་ཡག་ལ། རྩོམ་ཡིག་ཡར་འཇུག་དང་། མཆན་བུ་སྤེལ་བ་གཉིས་ཀར་༼རྡོར་དབང་༽ལས་གཞན་གྱི་སྨྱུག་མིང་བེད་སྤྱོད་ཞུ་གི་མེད་ཅེས་གསལ་བཤད་ཙམ་ཞུ་བ་ལགས།

    རྡོར་དབང་གིས།

    འདི་ནས་མཆན་བུ་སྤེལ་མཁན་༼ཀེ་ཏ་ཀ༽་དང་༼རིན་པོ་ཆེ༽ཞུ་བ་གཉིས་ཀྱི་སྐོར་བརྩད་ཞིབ་ལས་རྙེད་དོན་ནི། གཤམ་གྱི་འདི་ལགས།

    ༼ཀེ་ཏ་ཀ༽
    yyak9105@gmail.com

    IP country code: AU
    IP address country: Australia
    IP address state: New South Wales
    IP address city: Sydney
    IP address latitude: -33.8833
    IP address longitude: 151.2167

    ༼རིན་པོ་ཆེ༽
    loveyou@gmail.com
    IP country code: IN
    IP address country: India
    IP address state: Delhi
    IP address city: New Delhi
    IP address latitude: 28.6000
    IP address longitude: 77.2000

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme