Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཏམ་མདའ་གཤོག་སྟོང་ལྡན།

Posted on 2011-03-16 By ཁ་བརྡ་ 9 Comments on གཏམ་མདའ་གཤོག་སྟོང་ལྡན།

དམུ་ཞང་རིགས་ལྡན་བསམ་གྲུབ།
༄༅། །པུར་རྒྱལ་བཙན་པོའི་རྒྱལ་རབས་དང་འཇིག་རྟེན་མིག་གྱུར་རྣམས་ཀྱི་ནམ་ཡང་གཞོམ་དུ་མེད་པའི་དཔའ་མཛངས་གྱི་མཛད་རྗེས་གསལ་བའི་དྲན་གསོའི་རྡོ་རིང་ལ་བསམས་གཞིགས་བྱེད་སྐབས། ང་ལ་སྤོབས་སེམས་སྐྱེས་བྱུང་ལ། འཇིག་རྟེན་མི་ཆོས་རིང་ལུགས་པའི་འཚོ་གནས་ཀྱི་མིག་འགྱང་དབེན་པའི་ཉེ་བའི་རྒྱལ་རབས་དང་མི་རིགས་འདིའི་བསམ་བློའི་འདུ་ཤེས་ལ། ང་ལ་ཚད་མེད་པའི་ཕམ་ཁ་སྤྲད་བྱུང་། དེ་གཉིས་ནི་པུར་རྒྱལ་གྱི་རྒྱུད་འཛིན་པ་ངའི་དགའ་སྐྱོའི་ཚོར་བ་རེད་ལ། ངའི་མི་རིགས་འདི་འགྱེལ་ཡང་འཆི་མ་ཐུབ་པའི་དེང་དུས་འཆི་མ་གསོན་གྱི་ལས་དབང་ཡང་དེ་གཉིས་ལ་ཐུག་ཡོད། ངས་འགན་འཁུར་བ་བཙན་པོའི་ཤུལ་རྗེས་འཚོལ་རྒྱུ་དང་། མི་རིགས་འདིའི་བསམ་བློའི་འདུ་ཤེས་ལ་བསྒྱུར་བཅོས་ཀྱིས་མི་ཆོས་རིང་ལུགས་ཀྱི་མིག་འགྱང་ཐོག་ནས་མི་རིགས་འདི་དཀའ་ཁག་ལས་བཀྲོལ་ནས་ནམ་ཡང་འཛམ་གླིང་གི་མི་རིགས་སྤྱི་ལྟར་རང་དབང་དང་ཞི་བདེ། འཆམ་མཐུན། མཉམ་གནས་བཅས་ཀྱི་དཔལ་ལ་སྤྱོད་ཐུབ་པའི་ཆེད་ཡིན།
ད་ལྟའི་ང་ཚོའི་གནས་བབ་དངོས་དེ་གང་རེད་དམ། བཙན་རྒྱལ་བར་རྒོལ་ཕོད་ཅིང་བདེན་པའི་དར་ཆ་ཡུན་ནས་ཡུན་དུ་བསྒྲེངས་པའི་དཔའ་ངར་ཅན་གྱི་གཞིས་བཞུགས་བོད་མི་དང་། འཛམ་གླིང་ཡུལ་གྲུ་གང་སར་དཀའ་སྡུག་དང་མི་རིགས་ཀྱི་ལོ་རྒྱུས་བདེན་དཔང་ཞུ་འབོད་བྱེད་པའི་མི་རབས་སྟོང་གི་ལ་རྒྱ་འཛིན་པའི་བྱེས་ཀྱི་བོད་མི་ཞེས་བཟང་ཕྱོགས་ཀྱི་གནས་ཚུལ་དེ་འདྲ་ཞིག་ང་ལ་ཤོད་འདོད་མི་འདུག ངས་བཤད་འདོད་པ་ནི། ང་ཚོ་ནི་དྲན་ཡང་ཤོད་མི་ཕོད་ཅིང་། བསམས་པ་བྱེད་མི་ཕོད་པ། མི་འདོད་པ་ཐོག་ཏུ་བབས། འདོད་པ་བཙལ་ཡང་མ་རྙེད་པའི་ལྟོ་བགྲངས་ཙམ་ལས་དོན་དངོས་འགྲོ་བ་མི་ཞིག་ལ་ཚང་དགོས་པའི་རང་དབང་དང་ཞི་བདེའི་འཚོ་བ་མེད་པའི་སྨྲ་ཤེས་དོན་གོ་བའི་དུད་འགྲོའི་ཁྱུ་ཚོགས་དང་གཉིས་སུ་མེད་པའི་མི་སྡེ་ཞིག་དང་། སྲན་ཕུང་བེར་ཀས་གཏོར་བ་བཞིན་རྒྱལ་ཁབ་གང་སར་ཁ་ཐོར་དུ་འཚོ་གནས་དང་བསམ་སྤྱོད་མི་མཐུན་པའི་ཡུལ་དུ་ཉུལ་ཞིང་། ཁྲིམས་འགལ་གྱི་ལག་ཁྱེར་ཤ་སྟག་ལ་འབད་བརྩོན་གྱིས་མི་རིགས་འདིའི་བཟང་སྤྱོད་ལ་ལྷད་གཏོང་བའི་མི་སྡེ་ཞིག་བཅས་གཉིས་སུ་གྱེས་ནས་གནས་ཡོད།
ང་ཚོའི་དེང་སྐབས་ཀྱི་ལོ་རྒྱུས་འདི་རེད་ལ། འདི་ལ་ངེས་པར་འགན་འཁུར་ནས་ང་ཚོའི་འདས་པའི་མི་ལོ་ལྔ་བཅུའི་གྲུབ་འབྲས་གླེང་དགོས་ཤིང་། མ་འོངས་པའི་ལས་དོན་གྱི་འདམ་ག་འཚོལ་དགོས། ང་ཚོའི་འཐབ་རྩོད་མི་སྒེར་གྱི་གདོང་སྦག་ཏུ་མ་འགྱུར་བའི་ཐོག་ལ་བསམས་གཞིགས་ནན་པོས། ང་ཚོའི་འདམ་ག་འཚོལ་དགོས། འདས་པའི་ནང་ང་ཚོའི་འཐབ་རྩོད་འདི་མི་སྒེར་གྱི་གདོང་སྦག་ཏུ་བསྒྱུར་བ་མང་ལ། ཐ་ན་ཚོགས་པ་ཁག་དང་ཆོས་དང་རིག་གཞུང་དར་སྤེལ་བྱེད་མཁན་དུ་རློམས་པ་རྣམས་ཀྱི་སེམས་ནང་ཨ་རིའི་ཐོང་མཆན་ལག་ཁྱེར་ཐོབ་ཐབས་སུ། མི་མང་གི་འཐབ་རྩོད་ཀྱི་གདོང་སྦག་གྱོན་ནས་ལས་དོན་བྱེད་ཀྱི་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་ལས་གནས་སྟངས་ཅུང་མཐོ་བ་རྣམས་ཀྱི་རང་ཉིད་ཀྱི་དབང་གྲགས་ཆེད་མི་དམངས་ཀྱི་འཐབ་རྩོད་སྦག་ལ་གྱོན་གྱི་ཡོད། གནས་སྟངས་དེ་དག་ལ་བརྟེན་ང་ཚོའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་གཞི་གསུམ་ལས་སུ་ཞིག་བཀའ་ཁྲིར་གདམ་འོས་སམ།
དང་པོ། འབུམ་རམས་པ་བློ་བཟང་སེང་གེ་ཨ་རིའི་སྙན་གྲགས་ཅན་གྱི་མཐོ་སློབ་ཧ་ཝ་ཡེ་ནས་ཐོན་ཞིང་། རང་ཉིད་གང་དུ་འཚར་ལོངས་འབྱུང་སའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྔ་ནས་ད་བར་ཁ་ཚུར་འཁོར་ནས་ལས་དོན་སྣ་མང་བྱས་ཡོད་པས། རྒྱུ་མཚན་འདི་གཉིས་ཀྱིས་ཚད་མཐོ་བའི་ཤེས་ཡོན་པ་དང་། ཕུལ་བྱུང་གི་གཞོན་ནུ་ཞིག་ཡིན་པ་རྩོད་མེད་རེད། ལྷག་པར་གཏམ་བཤད་སྐབས་གསུང་དཔང་མཐོ་ཞིང་དལ་ལྷོད་རན་པ། ངར་ཤུགས་ལྡན་པ། སྨྲ་ལྕེ་བདེ་ལ་བག་ཁུམ་དང་བྲལ་ཞིང་སྙིང་སྟོབས་ལྡན་པའི་ཤོད་ཚུལ་དེས་ཁོང་ལ་སྔོན་འགྲོ་འོས་གྲངས་མཐོ་ཤོས་སུ་ཐོབ་ཡོད། སྐྱོན་ཕྱོགས་ནས་བཤད་ན། ཁོང་གིས་ཕྱི་ཕྱོགས་སུ་བོད་དོན་རྒྱུས་མངའ་མེད་པའི་མི་ལ་བོད་དོན་དང་། བཙན་བྱོལ་ནང་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་སྤེལ་རྐྱང་གནང་བ་ལས་གསུང་བཤད་གང་གནང་བ་དེར། ཕྱིས་སུ་ྐླན་ཀ་རྩོད་མཁན་དང་ཞུ་དག་གཏོང་མཁན་མེད་པར། ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་རང་གི་ངོ་བོར་ཕྱིན་པ་རེད།
གོམས་གཤིས་དེ་འདྲའི་ངང་དུ་ཕྱིན་པའི་དབང་གིས་ད་སྐབས་བློ་བཟང་སེང་གེའི་གཏམ་བཤད་སྔ་ཕྱིར་ཟློས་སྐྱོན་དང་། དོན་ལོག་པ། དོན་མེད། སྟོང་བསམ། ངག་ནས་མ་ཎི་བཞིན་གསར་གཏོད་དང་ཆིག་སྒྲིལ། རང་ཁ་རང་གསོ་ཞེས་བཟླས་ཀྱང་། ཁོང་ལོ་ཚད་བཞི་བཅུ་ཞེ་གཉིས་ལ་སོན་པའི་རིང་གསར་གཏོད་གནང་བའི་དུས་ཚོད་འདང་ངེས་ཐོབ་ཡོད་ཀྱང་གསར་གཏོད་སྣེ་གཅིག་གནང་མེད་པས། བཀའ་བློན་ཁྲི་པའི་ཞབས་སྟེགས་ཐོག་གསར་གཏོད་ཀྱི་རེ་བ་སྤྲོས་བྲལ་རེད། ལྷག་པར་ག་འདྲ་ཟེ་གསར་གཏོད་དང་ཆིག་སྒྲིལ། རང་ཁ་རང་གསོ་ཐུབ་པའི་ཐང་ལ་བབས་པའི་ལས་འཆར་སྣེ་གཅིག་གླེང་རྒྱུ་མེད། དཔེར་ན། མི་ཞིག་གི་ཁོང་ལ་རྒྱ་གར་གྱི་སྲིད་བློན་སུ་ཡིན་ནམ། ཞེས་དྲི་བ་ཞིག་དྲིས་ཚེ། ལན་ཐད་ཀར་མ་བརྒྱབ་པར་ཤོད་ཟོ་དོད་ཅིང་། རྣམ་འགྱུར་དང་གསུང་ཤུགས་རན་པོས་ཆོས་ཀྱི་རྣམ་གྲངས་བཟླས་པ་ལྟ་བུ་སྟེ། ཁོང་གིས་ཨ་རིའི་སྲིད་འཛིན་དང་། ར་ཤི་ཡའི་སྲིད་འཛིན། འཇར་པན་གྱི་སྲིད་བློན། དབྱིན་ལན་གྱི་སྲིད་བློན། པ་ཀི་སི་ཐན་གྱི་སྲིད་འཛིན། ནེ་པ་ལིའི་སྲིད་འཛིན། འབྲུག་གི་སྲིད་བློན། རྒྱ་ནག་གི་སྲིད་འཛིན་སོགས་གང་ཤེས་པ་རྣམས་ཀྱི་མིང་འདྲེན་ཅི་ཐུབ་བྱེད་ཅིང་། དེ་རྗེས་གཞི་ནས་རྒྱ་གར་གྱི་སྲིད་འཛིན་གྱི་མིང་ཤོད་ཀྱི་རེད། ད་དུང་ཟམ་གདོང་རིན་པོ་ཆེས་སྣེ་འཁྲིད་པའི་བཀའ་ཤག་གི་མཛད་བྱུས་ལ་ཁྱེད་རང་གི་བསམ་ཚུལ་གང་ཡོད་དམ། ཞེས་དྲིས་ཚེ། ང་ལ་ལས་དོན་སྒྲུབ་ཕྱོགས་ཀྱི་རྩ་དོན་གསུམ་ཡོད་པ་ནི། ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་ཟེར་བ་ལྟ་བུ་རེད། གསུངས་སྟངས་དེ་ཁྲིམས་རྩོད་པའི་སློབ་སྦྱོང་ཐོབ་པའི་ཐབས་འཕྲུལ་ཞིག་ཡིན་སྲིད་ཀྱང་། དེས་མི་མང་ལ་མགོ་བསྐོར་ཐེབས་པའི་རང་བཞིན་ཤུགས་ཆེ་ལྡན་ཡོད་རྐྱེན། སྔོན་ཆད་ཁོང་ལ་རྒྱབ་སྐྱོར་བྱེད་པའི་ཤེས་ལྡན་པ་རྣམས་རྒྱབ་སྐྱོར་ཕྱིར་འཐེན་བྱེད་པའི་གནད་དོན་དེ་ལ་ཐུག་ཡོད། ཁོང་གི་ལོ་རྒྱུས་ལས་མངོན་པའི་ཚབས་ཆེའི་ཞན་ཆ་ཆེན་པོ་ཞིག་ནི། ཆུ་བཞི་སྒང་དྲུག་གསར་རྙིང་བར་རྙོག་དྲྭའི་ནང་འཚང་འཛུལ་བྱས་ཡོད་པ་དང་། བཙན་བྱོལ་དུ་བོད་མིའི་དབུ་འཁྲིད་བྱེད་འདོད་པ་དང་བོད་ཀྱི་མདུན་ལམ་ཐག་ཆོད་མ་བྱུང་གོང་། ཁེ་ཕན་ཆུང་ངུ་ཞིག་གི་ཆེད་དུ་ཐེ་ཚོམ་དང་འགྱོད་སེམས་སྤུ་ཙམ་མེད་པར་ཕྱིར་སྡོད་ཀྲུང་གོ་བའི་ལག་འཁྱེར་ཐོགས་ཏེ་རྒྱ་ནག་ཏུ་བསྐྱོད་པའི་འགལ་བ་ལྟག་སྤྲོད་ཀྱི་གནས་ཚུལ་དེའི་ཐོག་ནས་ཁེ་ཕན་གང་དུ་ཡོད་པ་དེར་དུར་རྒྱུགས་བྱེད་པའི་མི་ཞིག་ཡིན་པ་གསལ་བཤད་བྱས་ཡོད། གནས་ཚུལ་དེ་གཉིས་ནི། བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གཞུང་དངུལ་སྒེར་བཟས་བྱས་པ་དང་སྒེར་དོན་ཆེད་བཀའ་ཁྲི་ནས་དགོངས་པ་ཞུས་པ་ཟེར་བའི་གནས་ཚུལ་དང་གནམ་ས་ལྟ་བུའི་ཁྱད་པར་ཡོད། རྒྱུ་མཚན་ག་རེ་ཡིན་ཞེ་ན། མི་འགས་དེ་སྔོན་དཀྲོག་གཏམ་ཤུགས་ཆེ་ཙམ་བཀྲམས་ཡོད་ཀྱང་། ད་སྐབས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གཞུང་དངུལ་བཟས་སྐོར་གྱི་གཏམ་རྙོག་ཤོད་མཁན་རྩ་བ་ནས་མི་འདུག དེ་ནི་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཅེས་པའི་དཔེ་ལྟར་རེད། གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་དོན་དངོས་བློ་བཟང་སེང་གེ་ལགས་ལ་ཆབ་སྲིད་ཀྱི་ལྟ་གྲུབ་དང་འཛིན་སྐྱོང་གི་ནུས་པ་རྩ་བ་ཉིད་ནས་མི་འདུག་ལ། བློ་གཤོག་ཆེ་བའི་ཁམ་པའི་ཕོ་གསར་གྱི་ཉམས་ཀྱང་མི་འདུག ཆབ་སྲིད་ཀྱི་ལྟ་གྲུབ་དང་འཛིན་སྐྱོང་གི་ནུས་པ་སྲ་ཚུགས་སྐྱེད་པར་སྦྱང་སྟོབས་དང་ལག་ལེན་གྱི་འཐབ་རྩོད་གཉིས་ལ་བརྟེན་དགོས།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱང་མཁྱེན་འཇོན་ཕུལ་དུ་བྱུང་བའི་གཞོན་ནུའི་གོ་སྐབས་བརྒྱུད་མྱོང་ཞིང་། སྐུ་དྲག་གི་རིགས་སུ་སྐྱེས་ཀྱང་ཁོང་གི་སྐབས་སྐུ་དྲག་རིང་ལུགས་ཀྱི་གོ་སྐབས་ཡོལ་ཟིན་པས་ཆུང་ནས་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ལས། ང་ཚོའི་རྟོགས་བཏགས་ཀྱིས་མི་ལ་གང་བྱུང་དབང་ཤེད་བྱེད་ཅིང་། རང་ཉིད་མལ་ཁྲིའི་ཐོག་ཕྲེད་ཉལ་ངང་ཐ་མག་ནག་པོའི་དུ་བ་ལྷོག་ལྷོག་རྔུབ་འཐེན་བྱེད་པའི་རིགས་དེ་འདྲ་རྩ་བ་ནས་མིན། བློ་རྒྱ་ཡངས་ཤིང་རང་བཞིན་བཟང་བ། འཇོན་ཐང་ཆེ་བ། ཤེས་རིག་བཀྲ་བ་བཅས་བཟང་པོའི་ཡོན་ཏན་ཀུན་འཛོམས་རེད། འདས་པའི་ཁོང་གི་རླབས་ཆེ་བའི་ལས་དོན་མང་པོ་ཞིག་དེང་སྐབས་ང་ཚོའི་དཔལ་དང་རྒྱན་རེད། ང་ཚོ་གཞིས་བྱེས་གཉིས་སུ་གྱེས་ནས་མི་ལོ་ལྔ་བཅུ་ལྷག་ཙམ་རིང་གི་ངས་རླབས་ཆེ་བའི་མི་སྣ་བགྲང་ན། ༸གོང་ས་མཆོག་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག འབའ་པ་ཕུན་ཚོགས་དབང་རྒྱལ། རྒྱལ་ལོ་དོན་གྲུབ། བསྟན་འཛིན་རྣམ་རྒྱལ་བཅས་བློ་སྤོབས་མཐོ་པོས་བགྲངས་ངེས།
ཁོང་གི་ཞན་ཆའི་ཐོག་ནས་བཤད་ན། སྔོན་འགྲོའི་འོས་བསྡུའི་སྐབས་རང་འཁུར་གྱི་འགན་ཆུང་སྐྱོན་དང་། སྔོན་འགྲོའི་འོས་བསྡུ་ཚར་རྗེས་ཁོང་གི་གཏམ་བཤད་ཅིག་ཏུ་མི་མང་ནས་ཚུར་བརྡ་ལན་ཞིག་བྱུང་བས། ད་ང་བཀའ་ཁྲིའི་འོས་གཞིར་ལངས་ཀྱི་ཡིན་པའི་སྐོར་གསུངས་ཡོད་པ་དེས་ཁེངས་དྲེགས་ཀྱི་རྣམ་པ་ཞིག་ཀྱང་གསལ་པོར་མངོན་པ་རེད།
བཀྲ་ཤིས་དབང་འདུས་ལགས་ནི། འོས་གཞི་གསུམ་ནས་མི་ལོ་མང་ཤོས་གཞུང་ཞབས་ཀྱི་ཕྱག་ལས་གནང་ཡོད་པ་དང་། ཀུན་ལ་མཐུན་ཐབས་ཁོ་ན་གནང་བ་ལས་རང་ཤེད་རྩ་བ་ནས་མི་གནང་ཞིང་མཐོ་དམའ་ཀུན་ལ་རྣམ་འགྱུར་གཅིག་དང་གསུང་རྒྱུ་གཅིག་རང་ཡིན་པའི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་དང་། ལྷག་པར་སྤྱི་ཚོགས་ཀྱི་འབྲེལ་བ་དང་ཁྲིམས་ཐོག་ནུས་པ་ལྡན་པའི་མི་ཞིག་རེད།
ཁོང་གི་ཞན་ཆའི་ཐོག་ནས་བཤད་ན། རང་ཉིད་ལ་ཡོད་པའི་ཁྱད་ཆོས་དེ་དག་བེད་སྤྱད་དེ་སྤྱི་ཚོགས་ཐོག་ནུས་པ་མངོན་མི་ཐུབ་པ་དང་། ཀུན་ལ་མཐུན་གཤིབ་ཆེ་བས་ངན་པར་ཆད་པ་མེད་ལ་བཟང་པོར་བདག་རྐྱེན་མེད་པར་ངོ་སྲུང་དང་མཛུམ་མདངས་འབའ་ཞིག་ལས་ཕུགས་སུ་ཕན་པའི་འབྲས་བུ་ཞིག་ཐོབ་རྒྱུ་དཀའ།
ད་འོ་ན། ཁོང་གསུམ་ནས་ང་ཚོའི་བཀའ་ཁྲི་སུ་རེད་དམ། འགྱུར་བ་དང་། གསར་གཏོད་དགོས་མཁན་ཚོས་བློ་བཟང་སེང་གེ་ལགས་འདོད་པ་དང་། ཉམས་མྱོང་དགོས་མཁན་ཚོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་བཀྲ་ཤིས་དབང་འདུས་ལགས་འདོད་པ་ཡིན་ཟེར། འོན་ཀྱང་ད་བར་བློ་བཟང་སེང་གེ་ལགས་ཀྱིས་གཏམ་བཤད་ཇི་ཙམ་གནང་བའི་ནང་གསར་གཏོད་ཅེས་པའི་ཚིག་འབྲུ་གཉིས་པོ་དེ་ལས་དབུ་མའི་ལམ་རང་འཇགས། བཀའ་ཤག་སྐབས་གཉིས་པའི་ཤེས་ཡོན་སྲིད་ཇུས་རང་འཇགས། བོད་རྒྱ་ཞི་མོལ་གྱི་ལས་རིམ་རང་འཇགས། ཞེས་དོན་དངོས་གསར་གཏོད་སྣེ་གཅིག་མེད་ལ། གནད་ཆེ་སའི་རིགས་ལ་བསྐྱར་ཞིབ་བྱེད་རྒྱུ་ཙམ་མི་གླེང་བར་འཇམ་བདར་ཁོ་ན་ལས་སྐྱོན་སྨྲ་བའི་བློ་སྟོབས་མེད་པ་དང་། བཀའ་ཟུར་གཉིས་ཀྱིས་གཏམ་བཤད་ཇི་ཙམ་གནང་ཡང་མི་མང་ནང་སྲེག་བཅད་བདར་བའི་གསེར་བཞིན་སྤུས་དག་ཏུ་འགྲོ་བ་ལས་སྐྱོན་གྱི་སྐབས་མེད་ཀྱང་། བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་སྔ་ཕྱི་རིམ་པའི་ནང་ཚབས་ཆེན་གྱི་ནོར་འཁྲུལ་རབ་དང་རིམ་པར་བྱུང་བ་དེ་ཡང་། ཉམས་མྱོང་ཡོད་དང་མེད་ཀྱི་ས་མཚམས་ལ་ཐུག་པ་ཞིག་ཡིན་པས། བྱ་བ་གང་ཞིག་ཀྱང་ཉམས་མྱོང་དགོས་པའི་གཏན་ཚིགས་ཚད་མས་གྲུབ། བཀྲ་ཤིས་དབང་འདུས་ལགས་སྐུ་གཟུགས་གཅོང་ཞིང་དགུང་ན་མཐོ་བ་དང་གཞན་ལ་བསྟུན་མཁས་ཁོ་ན་གནང་མཁན་ཞིག་ཡིན་པས། འགྱུར་བ་དང་གསར་གཏོད་ཀྱི་རེ་བ་མེད།
རྣམ་དཔྱོད་དང་ལྡན་ཞིང་གཟུར་གནས་ཀྱི་མི་ཞིག་ཡིན་ན། ངས་འདི་ལྟར་ཞུ་བར་སྤོབས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར། ཁོང་གསུམ་གྱི་གསུང་བཤད་རྣམས་ལ་ཞིབ་མོར་དཔྱོད་དང་། འགྱུར་བ་དང་གསར་གཏོད། ཉམས་མྱོང་བཅས་མི་གཅིག་གི་སྟེང་དུ་བབས་འདུག དེ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རེད། འདས་པའི་ནང་ཁོང་གིས་བྱ་བ་མང་པོ་ཞིག་མེད་པ་ནས་ཡོད་པར་གསར་གཏོད་གནང་འདུག མ་འོང་ད་དུང་གནང་འཆར་འདུག ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་ཁྲིམས་ཐོག་ནས་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་ལམ་སྟོན་གནང་སོང་། དེ་གསར་གཏོད་རེད། ང་ཚོའི་གྲུབ་འབྲས་དེ་ལྟ་གྲུབ་དང་། སྒྲིག་གཞི་གཙོ་བོ་མ་རེད། ལག་ལེན་དངོས་ཀྱི་ཐོག་བབས་ཐུབ་མིན་དེ་རེད། དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡང་། དུས་དང་སྐབས་མཚམས་སུ་བསྒྱུར་མི་ཆོག་པ་མ་རེད། ཅེས་སྙིང་སྟོབས་ཆེན་པོས་གསུངས་སོང་། ཁོང་ལ་སྙིང་སྟོབས་འདུག མི་མང་ཕལ་པ་ཆིག་སྟོང་ཡར་ཐོན་ཅན་གྱི་ཨ་རིར་གནས་སྤོས་ཐུབ་སོང་། མི་རིགས་ཀྱི་ངོ་བོ་མི་བརླགས་པའི་ཁ་གཡང་གི་འོག་ནས་མི་མང་ཕལ་པ་སྡུག་ཏུ་བཅུག་མཁན་དེ་མ་རེད། ད་དུང་ཁོང་ལ་ལས་འཆར་འདུག
བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་ཉན་ཐེངས་རེར། ངའི་སེམས་སུ་གཞོན་ནུའི་ཚོགས་ཟུར་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱི་གནས་ཚུལ་དྲན་གསོ་ཐེབས་ཀྱི་འདུག སྤྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་ཨའོ་ལིན་པིག་ཚུགས་རྒྱུར་ངོ་རྒོལ་ཆེད། ལྡི་ལིར་མི་མང་འདུ་འཛོམས་ལ་འབོད་བཀུག་སྐབས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱི་ངར་ཤུགས་ལྡན་པའི་ཨ་ལན་བརྡ་ལན་དང་། བྱ་ཕོ་ཡིན་ན་སྐད་དང་བྱ་མོ་ཡིན་ན་སྒོ་ང་། གཏོང་བཅུག་རྒྱུའི་འོད་སྡེར་གྱིས་མི་མང་ཁྲི་ཕྲག་མང་པོའི་བློ་བཀུག་སྟེ་ལྡི་ལིར་འདུ་འཛོམས་བྱས། མཐའ་མར་ལྡི་ལིར་ག་བྱེད་འདི་བྱེད་མེད་པར་ངོ་རྒོལ་རང་ལོག་བྱས་པ་དང་། དེའི་ཉེས་འགན་ཚང་མ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་སུ་གཡོགས་ཤིང་དུས་དེ་ནས་ངར་སེམས་རྒྱས་པའི་གཞོན་ནུ་དེའི་མདུན་ལམ་ཐོག་ནག་ཐིག་བཀོད་རྐྱང་ལས་མི་མང་རང་ངོས་ནས་གང་ཞིག་ནོར་བ་དེ་ཁས་ལེན་གཏན་ནས་མི་བྱེད།
སྨྲ་བརྗོད་རང་དབང་དང་ལྡན་པའི་སྤྱི་ཚོགས་སུ་གཏམ་གླེང་སྣ་ཚོགས་བྱེད་མཁན་ཡོང་བ་ཆོས་ཉིད་ཡིན་ཡང་། གཏམ་གླེང་དེ་དག་དོན་དང་ལྡན་མིན་མི་མང་རང་ངོས་ནས་བསམ་གཞིགས་མང་ཙམ་བྱས་ཏེ་འཇུག་ལྡོག་བྱེད་དགོས་པ་དེ་དུས་ད་ལྟའང་བྱེད་ཀྱི་མེད། གནད་དོན་དེ་ང་ཚོར་བསླབ་བྱ་ཆེན་པོ་ཞིག་ཐོབ་ཡོད་ཀྱང་། ད་སྐབས་བློ་བཟང་སེང་གེ་ལགས་སུ་ཚད་མེད་པའི་འུད་བསྟོད་བྱས་ཏེ། རི་བོང་ཅལ་འདྲོགས་ཀྱིས་མ་འོངས་བཀའ་ཁྲིར་འཁོད་ཀྱང་ཁོང་གིས་མ་འཇོན་པའི་གནས་ཚུལ་ལྷགས་རྒྱུར་ཧ་ཅང་ཐག་ཉེ་བས། དེ་ལྟར་བྱུང་ཚེ་སྤྱི་པ་སྨོས་མེད་ཐོག་བློ་བཟང་སེང་གེ་ལགས་བོད་ཀྱི་སྤྱི་ཚོགས་ནས་ཐར་འབུད་གཏང་རྒྱུར་ཐེ་ཚོམ་མེད། དེ་བས་ཁོང་ད་ལྟའི་བཀའ་ཁྲི་མ་ཐོབ་ཀྱང་མཚན་མཐོང་ཆེན་པོ་འདི་གའི་ཐོག་མུ་མཐུད་བོད་པའི་སྤྱི་ཚོགས་ཐོག་ཐེག་པ་རིམ་འཛེགས་ཀྱིས་ལས་དོན་ལ་ཞུགས་པའི་གོ་སྐབས་བསྐྲུན་དགོས།
ཕྱོགས་གཞན་ཞིག་ནས་བཤད་ན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲིར་མ་འཁོད་ཚེ། མ་འོངས་ལོ་ལྔའི་ནང་འཆར་སྣང་ཟབ་ཅིང་བློ་སྟོབས་ལྡན་པའི་ཁོང་གི་འཇོན་ནུས་འདོན་རྒྱུའི་གོ་སྐབས་མེད་ལ། དེས་སྤྱིར་བོད་དང་ཡང་སྒོས་མི་མང་དཀྱུས་མ་རྣམས་ལ་གྱོང་གུད་ཚབས་ཆེ་འོང་རྒྱུར་བརྟེན། མི་མང་རྣམས་ཀྱིས་རང་གི་མགོ་བོར་རང་གིས་ཐོ་བ་ཞུ་བའི་ལྐུགས་རྟགས་དེ་རིགས་བྱེད་མི་རུང་བ་ཡིན་ནོ།། །། དྲྭ་གྲོགས་ཚོ། དོན་ལྡན་གྱི་གཏམ་གླེང་ལ་ཞུགས་ཏེ། ང་ཚོ་ཐུན་མོང་གི་འདུན་པ་འཚོལ་དགོས།

རྩོམ་རིག

Post navigation

Previous Post: ངའི་ཁ་ནང་དུ་གཏོར་མ་ལྡོབ།
Next Post: རྒྱ་དམར་གཞུང་གིས་བསྐྱར་དུ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བཏང་བ།

Comments (9) on “གཏམ་མདའ་གཤོག་སྟོང་ལྡན།”

  1. BBC says:
    2011-03-16 at 3:50 am

    ཐོག་མར་དམུ་ཞང་རིགས་ལྡན་བསམ་གྲུབ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་གི་དཔྱད་གཏམ་འདི་ཧ་ཅང་ལེགས་ལ་དཔྱད་པ་གནད་ལ་འཁེལ་ཞིང་དོན་དང་ལྡན་པ་ཞིག་གནང་འདུག མ་ཟད་བོད་མི་རིགས་ཀྱི་རྩ་དོན་དང་བདེ་སྡུག་ལ་སེམས་ཁུར་ཤུགས་ཆེ་ཡོད་པའི་ཚོར་བ་ཧ་ཅང་དུང་བ་ཞིག་སྟེར་ཡོང་གི་འདུག འོན་ཀྱང་མི་མང་པོ་ཞིག་ཕྱོགས་ལྷུངས་ཀྱི་གཡང་དུ་ལྷུང་ཟིན་པས་དོན་དངོས་ཤེས་རྟོགས་བྱ་རྒྱུར་ཧ་ཅང་གི་དཀའ་ཚེགས་ཆེ། ད་དུང་ཞན་ཆ་གཞན་ཞིག་ནི་ཁྱེད་རང་གི་རྩོམ་ཡིག་འདི་ཕྱིས་དྲགས་པའི་དབང་གིས་ཡིན། འདི་ཚགས་ཤོག་སྟེང་ངེས་པར་དུ་འཁོད་ཐུབ་པ་གནང་རོགས་ཞུ།

  2. ཀརྡོ་རབ་འབྱམས་པ་ says:
    2011-03-16 at 5:38 am

    དམུ་ཞང་གིས།
    ་་་་། བཀྲ་ཤིས་དབང་འདུས་ལགས་ནི། འོས་གཞི་གསུམ་ནས་མི་ལོ་མང་ཤོས་གཞུང་ཞབས་ཀྱི་ཕྱག་ལས་གནང་ཡོད་པ་དང་། ཀུན་ལ་མཐུན་ཐབས་ཁོ་ན་གནང་བ་ལས་རང་ཤེད་རྩ་བ་ནས་མི་གནང་ཞིང་མཐོ་དམའ་ཀུན་ལ་ རྣམ་འགྱུར་གཅིག་དང་གསུང་རྒྱུ་གཅིག་རང་ཡིན་པའི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་ དང་། ལྷག་པར་སྤྱི་ཚོགས་ཀྱི་འབྲེལ་བ་དང་ཁྲིམས་ཐོག་ནུས་པ་ལྡན་པའི་མི་ཞིག་རེད།
    ཁོང་གི་ཞན་ཆའི་ཐོག་ནས་བཤད་ན། རང་ཉིད་ལ་ཡོད་པའི་ཁྱད་ཆོས་དེ་དག་བེད་སྤྱད་དེ་སྤྱི་ཚོགས་ཐོག་ནུས་པ་མངོན་མི་ ཐུབ་པ་དང་། ཀུན་ལ་མཐུན་གཤིབ་ཆེ་བས་ངན་པར་ཆད་པ་མེད་ལ་བཟང་པོར་བདག་རྐྱེན་མེད་པར་ངོ་སྲུང་ དང་མཛུམ་མདངས་འབའ་ཞིག་ལས་ཕུགས་སུ་ཕན་པའི་འབྲས་བུ་ཞིག་ཐོབ་རྒྱུ་དཀའ།
    ་་་། ངའི་འོས་མི་ལ། དེ་ལྟར་གསུངས་པ་བདེན་པ་ཡིན་ཡང་། གསར་གཏོད་དངོས་གནས་༸གོང་ས་མཆོག་གི་འབྱུང་འགྱུར་བཀའ་སློབ་ལས་ཐོན་པར་ངེས་པ་དང་། གལ་སྲིད་བཀྲ་དབང་ལགས་། བཀའ་ཁྲིར་ཐོབ་འཚམས་ཉམས་ཆུང་གཞན་གྱིས་གར་ལབ་ལ་མི་འགྲོ་བར་ངེས་པས། བློ་སེང་ལས། བསྟན་རྣམ་དང་། བསྟན་རྣམ་ལས་བཀྲ་དབང་དྲག་ག་འདུག་པེ། ཧ་ཧ། རང་གི་འོས་མི་ཡར་སཻགས་པ་ཙམ་མོ། །

  3. ཀརྡོ་རབ་འབྱམས་པ་ says:
    2011-03-16 at 5:55 am

    སེེགས་སྟེགས་ལ་བཅོས།

  4. དྲི་མེད་ལྷག་བསམ། says:
    2011-03-16 at 8:41 am

    དམུ་ཞང་རིགས་ལྡན་བསམ་གྲུབ་ལགས་ཀྱིས་གཟུ་བོར་གནས་པའི་དཔྱད་པ་ཞིག་བྱས་འདུག བཀྲ་ཤིས་དབང་འདུས་གཞུང་དྲང་ལྷག་བསམ་ཆེ། །བསྟན་འཛིན་རྣམ་རྒྱལ་ཤེས་འཇོན་གཉིས་དང་ལྡན། །བློ་བཟང་སེངྒེ་སྤྱང་ཡོན་ཕུལ་དུ་ཕྱིན། །གསུམ་ཀ་བོད་རིགས་སྤྱི་ཡི་ཀ་ཆེན་ཡིན། །ཡང་ན། ཐོབ་རྒྱུ་དེ་བློ་སེང་ཕྱོགས་ལ་ཉེ། །ཁྲིམས་དཔོན་རྣམས་མགོ་བདེ་བརྟན་རླིང་མེད། །བཀྲ་དབང་དེ་ཀུན་ལ་མཐུན་མོད་ཀྱང་། །དོན་ཆེན་ལ་ཐག་གཅོད་སྙིང་སྟོབས་ཆུང་། །བསྟན་རྣམ་ཀྱི་མཛད་རྗེས་ཟླ་མེད་ཀྱང་། །སྐུ་དྲག་གི་ནད་རོ་འཕར་ཉེན་ཆེ། །ཡོད་ན་དེས་ཆོག་གི་མི་གསུམ་པོའི། །དགེ་སྐྱོན་ལ་ཚད་ཞིག་འཇལ་བར་འོས། །བཀྲ་ཤིས།

  5. ལི་ཐང་རྒྱ་མཚོ། says:
    2011-03-16 at 11:30 am

    དམུ་ཞང་རིགས་ལྡན་བསམ་གྲུབ་ལགས་བཀྲ་ཤིས་བདེ་ལེགས་དང་ཁྱེད་ཀྱིས་བསམ་བྲིས་ལ་ཡིད་རང་དང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་ཉལ་ཁར་མལ་གཅིན་ཟེར་བ་ལྟར་བཀའ་ཁྲིའི་འོས་བསྡུ་སླེབ་ལ་ཉེ་བས་དེ་ཙམ་ཕན་ནུས་ཆུང་བར་བསམ་ན་ཡང་དྲ་རྒྱ་ཁག་བརྒྱུད་ཡུད་ཙམ་ཞིག་ལ་མི་མང་མང་པོའི་མིག་མདུན་དུ་བཤམས་ཐུབ་པས་མགོ་བོ་རྨོངས་པའི་མི་མང་འགའ་རེ་རྨོངས་གཉིས་ལས་གསད་རྒྱུར་ཅུང་ཕན་རེ་འདུག་པས་ང་ཚོས་ཀྱང་དྲ་རྒྱ་འདྲ་མིན་བརྒྱུད་མི་མང་གི་མིག་མདུན་དུ་བཤམས་ཐབས་བྱ་རྒྱུ་ཡིན་་ལཁྱེད་ཀྱིས་དེ་བཞིན་སྤྱི་ཚོགས་ནང་འགྲེམས་སྤེལ་རྒྱ་གང་ཆེ་ཡོང་བའི་རེ་བ་ཡོད།

  6. གསང་ཉུལ་བ། says:
    2011-03-16 at 11:47 am

    དམུ་ཞང་རིགས་ལྡན་བསམ་གྲུབ་ལགས་ཀྱིས་དེ་འདྲིའི་རིན་ཐང་ཆེ་བའི་བསམ་ཚུལ་སྤེལ་བར་མངག་བརྗོད་ཡོད། མགོ་བོ་རྨོངས་པའི་མི་མང་རྣམས་ལ་སྐོམ་པ་ཆུ་འདོད་ལྟར་བྱུང་འདུག གལ་ཏེ་དེ་འདྲའི་བསམ་ཚུལ་འདྲ་མིན་མ་གླེང་ཚེ་བློ་སེང་ལགས་ནུབ་ཕྱོགས་པའི་བལྟ་བ་ཤུགས་ཆེ་བ་མ་ཟད་ཧམ་གཤེད་དང་། སྡིགས་པ་མིག་བཙུམས་ལྟ་བུའི་མ་རབས་ཚ་བས་མི་མང་མདུན་དུ་གང་དྲན་བཤད་པར་མི་མང་མགོ་བོ་རྨོངས་སུ་བཅུག་ཡོད།། བློ་སེང་གྱིས་བོད་ཞེན་ཅིང་བོད་མི་རིགས་ལ་བརྩེ་བའི་ཐུགས་བསམ་ཡོད་ན་དམའ་ས་བཟུང་ན་མཐོ་ས་ལོས་ཀྱི་སླེབས་ཟེར་བ་ལྟར་ཡིན་པས་རིམ་པས་ས་གནམ་ཚང་མ་མཐོང་བ་ཞིག་དགོས་པ་ལས་དང་པོ་ནས་གནམ་མ་གཏོགས་ས་མི་མཐོང་བའི་ངང་ཚུལ་གྱིས་བཀའ་ཁྲིར་རེ་བ་ནི་མིང་དང་གོ་སར་རེ་བ་ལས་བོད་ལ་ཞེན་རྟགས་གང་ཡང་མ་ཡིན་པར་འདོད།

  7. ཚེ་བསམ་ says:
    2011-03-17 at 5:35 am

    དམུ་ཞང་རིགས་ལྡན་བསམ་གྲུབ་ལགས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་གི་དཔྱད་གཏམ་འདི་ཧ་ཅང་ལེགས་ལ་དོན་སྙིང་ལྡན་པ།མི་རིགས་ལ་གདུང་སེམ་ཡོད་པ་ཞིག་འདུག།
    ང་ཀྱང་རང་ཉིད་དབང་བའི་རྩ་ཆེན་འོས་ཤོག་དེ།
    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན།

  8. ལ་སྟོད་བུ། says:
    2011-03-17 at 5:50 am

    རྩོམ་ཡག་པོ་ཞིག་བྲིས་གནང་འདུག
    སྐྱོན་འདོན་བྱེད་ཀྱི་མིན།

  9. རིན་པོ་ཆེ། says:
    2011-03-17 at 7:38 am

    དམུ་ཞང་རིགས་ལྡན་ལགས་ཀྱི་ལྟ་ཚུལ་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད།ད་བར་བཀའ་ཁྲིའི་བགྲོ་གླེང་ཐེངས་མང་བྱས་པའི་ནང་བཀའ་ཁྲིའི་འོས་མི་གསུམ་གྱི་དྲིལ་བསྒྲགས་གཏམ་བཤད་ཉན་པའི་ནང་བཀྲིས་དབང་འདུས་ལགས་མི་དྲང་པོ་དང་བཟང་པོ་ཞིག་ཡིན་པའི་མཚོན་རྟགས་སུ་སྐད་ཆ་སྙན་པོ་དང་གྲ་སྒྲིག་པོ་ཤོད་མི་ཐུབ་པ་སྔར་རྒྱུན་རང་ཡིན་པས་མ་འོངས་ལས་འཆར་མེད་ན་བཀའ་ཀྲི་འོས་ཤོས་སུ་མ་མཐོང་བས་བཀྲིས་བདེ་ལེགས་ཞུ་རྒྱུ།བློ་སེངྒ་ལགས་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ནང་ནས་རྩེ་ཕུད་གྲས་ཡིན་པ་དང་རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་སོགས་གང་ལེགས་གནང་ཐུབ་མཁན་ཞིག་ཡིན་ནའང་ཁོང་གི་ད་བར་རང་གི་དངོས་ཡོད་གནས་བབ་ཉམས་ཞིབ་ལས་རོགས་ཡིན་པ་ཙམ་ལས་ཉམས་ཞིབ་པ་བསླབ་པ་རྒན་པ་མིན་ཡང་ཡིན་ཚུལ་དྲང་པོ་མ་བཤད་པ།བཀའ་ཁྲྲིའི་གཏམ་བཤད་ཁ་མཁས་གྲ་ཆགས་ཀྱི་ངར་སྐྱོར་བཏང་བའི་འབོད་ཚིག་ཙམ་ལས་དོན་དམ་གྱི་ལག་ལེན་འཁེལ་བའི་འབྲུ་དོན་མེད་པ།བོད་གཞུང་གི་འཛིན་སྐྱོང་ལྟ་ཅི།་ཚོགས་སྐྱིད་ཙམ་གྱི་ནང་འགན་འཁུར་བྱེད་མཁན་ཚོགས་གཙོའི་འགན་འཁྱེར་བའི་ཉམས་མྱོང་མེད་པ།་དྲང་ཚུགས་དང་ལངས་ཕྱོགས་གཏན་པོ་མེད་པ་གོ་སྐབས་འཚོལ་མཁན་ཞིག་ཡིན་པ་ཨ་རིའི་བོསེ་ཌོན་ནང་མཉམ་དུ་གཤིབ་མཁན་ཚོས་ཤོད་པ་དང་བཅས་མདོ་དོན་བཀའ་ཀྲི་འོས་ཤོས་མིན་པ་གསལ་པོ་རེད།བཀའ་ཁྲི་འོས་ཤོས་ནི་མང་པོ་ཤོད་མི་དགོས་པར་ད་ཕན་བཀའ་ཁྲི་གནང་མྱོང་བ།་བོད་གཞུང་མང་ལ་ལག་རྗེས་ཆེན་པོ་བཞག་མྱོང་བ།་ད་ཕན་གྱི་གཏམ་བཤད་ནང་དོན་དངོས་དང་མཐུན་པ་ལག་ལེན་བྱེད་བདེ་བ།མ་འོངས་བྱ་འཆར་ཁ་གསལ་ཡོད་པ།་ལོ་ཆེ་མ་དྲག་ཆུང་མ་དྲག་མིའི་གཤིས་སྤྱོད་ཁ་གསལ་གཏིང་གསལ་དང་ལངས་པྱོགས་དང་རང་གི་ལྟ་བ་གཏན་པོ་ཡོད་སོགས་ནི་ད་ཕན་གྱི་གཏམ་བཤད་ཉན་མཁན་ཚང་མས་གསལ་པོ་རྟོགས་ཐུབ་པ་རེད།་གལ་ཏེ་རང་ཉིད་ལུང་ཚན་གྱི་འཐེན་འཁྱྱེར་ཁོ་ནས་མུན་པས་བསྒྲིབ་ན་མ་གཏོགས་ཕྲན་བུའི་ལེགས་ཉེས་ཀྱི་དབྱེ་བ་ཕྱྱེ་ཤེས་ན་རང་སོ་སོའི་འས་ཤོག་འདི་ནོར་བུ་འོད་འབར་སྟེང་འཕངས་དགོས་ངེས་རེད།བློ་སེངྒ་སྤྱི་འཐུས་ནང་ལངས་ན་འོས་ཤོག་བརྒྱ་ཆ་བརྒྱ་བླུགས་རྒྱུ་རང་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme