Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མ་ལགས།

Posted on 2011-02-012011-02-01 By ཁ་བརྡ་ 13 Comments on ཨ་མ་ལགས།

འབའ་སྲས།

རི་ཚོགས་དང་མཆི་མས་བདག་གི་མིག་མཐའ་བརླན་ཞིང་།

གྱེས་གདུང་གི་རལ་གྲིས་བདག་ཡིད་ལན་བརྒྱར་གཤགས་པའི་དེ་རིང་།

ཨ་མ་ལགས། ངས་ཁྱོད་ཤིན་ཏུ་དྲན།

ཉིན་མ་དང་ཟླ་བ་འདས་ཤིང་།

ལོ་དང་ལོ་འཁོར་བའི་ཉིན་ཞག་གི་འཁོར་སྐྱོད་བར་ནས།

ཨ་མ་ལགས། ཁྱོད་ཀྱིས་ཀྱང་ང་ཅི་ཙམ་དྲན་པ་མེད་དམ།

ཨ་མ་ལགས། ང་དེ་རིང་རང་དབང་གི་ཡུལ་གྲུ་ཞིག་ན་ཡོད་ཀྱང་།

ང་དེ་རིང་བཙན་གནོན་དང་གཉའ་གནོན་མེད་པའི་ཡུལ་གྲུ་ཞིག་ན་ཡོད་ཀྱང་།

ངའི་སེམས་ཀྱི་འཇིགས་སྣང་ད་དུང་ཡང་སྔར་བཞིན་གནས་ལ།

ང་སྐྲག་པའི་སྙིང་ད་དུང་ཡང་ལྷོག་ལྷོག་ཏུ་ལྡིང་བཞིན་འདུག

ཨ་མ་ལགས།

རླུང་རྩུབ་འུར་འུར་དུ་ལྡིང་ཞིང་།

དྲག་ཆར་ཤག་ཤག་ཏུ་བབས་པའི་ཉིན་མོ་དེར།

འུ་ཚང་གི་སྒོ་དྲུང་དུ་ལྷགས་པའི་ཇག་དམག་ཚོས།

མེ་མདའ་དང་རལ་གྲིའི་མཚོན་ཆ་གདེངས་ཏེ།

འུ་ཚང་གི་ཁྱིམ་ཕུག་ན་གཏེར་དུ་་བཞག་པའི་གནའ་བོའི་གསུང་རབ་དང་།

ཡབ་མོས་ཚོས་ང་རྒྱལ་དང་ལ་རྒྱ་ཡིས་བཞེངས་པའི་ལོ་རྒྱུས་ཀྱི་དཔང་པོ་རྣམས།

མེ་ལྕེ་འབར་པའི་ཕང་ལ་བཏབ་ཅིང་གཙང་བོ་འབབ་པའི་གཞོང་ལ་བསྐྱུར།

ད་དུང་ཨ་ཕའི་གདོང་ལ་མེ་མདའི་ཁ་གཏད་ཅིང་།

ཨ་མའི་བྲང་ཁར་རལ་གྲིའི་རྩེ་གཙུགས་པའི་འཇིག་སྐྲག་གི་ལོ་ཟླ་ནག་པོ་དེ།

ད་དུང་ཡང་ངའི་སེམས་ལ་གསལ་ཐང་ངེར་གནས་ཡོད།

ཨ་མ་ལགས། ཡོད་ཚད་ཤོར་ཞིང་ཡོད་ཚད་བརླགས་ཟིན་པའི་ཁྱིམ་གཞི་སྟོང་པ་དེ་ནང་ཁྱོད་གཅིག་པུ་ཇི་ལྟར་སྡོད་ཐུབ་བམ།

ཨ་མ་ལགས། ང་ས་མཐའི་མི་ཡུལ་དང་ཁ་བྲལ་ཏེ་ཨ་མ་ཁྱེད་ཀྱི་དྲུང་དུ་ལོག་ན་འདོད།

ངས་ཨ་མའི་ཕྱག་ཟུང་ལ་དམ་པོར་འཇུས་ནས་ཞི་བདེ་གླིང་ཕྲན་ཞིག་འཚོལ་ན་འདོད།

ངས་འདས་ཟིན་པའི་ཕུ་ནུ་ཚོའི་ཆེད་དུ་འཚེ་མེད་ཀྱི་སྒྲོན་མེ་ཞིག་སྦར་ན་འདོད།

ཨ་མ་ལགས། ངས་འདི་ལྟར་བསམས་ཀྱང་ངས་འདི་ལྟར་རེ་ཡང་།

འུ་ཚང་གི་སྒོ་དྲུང་དུ་ལྷགས་པའི་ཇག་དམག་ཚོས་ད་དུང་ཡང་མེ་ཏོག་གི་མཚོན་ཆ་བཟུང་ནས།

ང་དང་ང་འདྲ་བའི་ཕུ་ནུ་ཚོའི་སྐུ་སྲོག་ལ་འཇམ་རྒོལ་བྱེད་བཞིན་པ་ཐོས་ཚེ།

ང་རང་ཡུལ་དུ་ལོག་རྒྱུར་ཤིན་ཏུ་སྐྲག

ང་ཇག་དམག་ཚོའི་ཉེ་འགྲམ་དུ་སླེབས་རྒྱུར་དེ་བས་འཇིགས།

ཨ་མ་ལགས། ང་ལ་བཟོད་སྒོམ་གནང་རོགས།

ང་ད་དུང་མི་ཡུལ་དུ་མི་སྡོད་ག་མེད་རེད།

ང་ད་དུང་ས་མཐའ་རུ་མི་འཁྱམས་ག་མེད་རེད།

ཡིད་སེམས་སྐྱོ་སྐྱོ་རུ་གྱུར།

མིག་ཆུ་ཤུར་ཤུར་ཏུ་བཞུར།

སྙན་ངག

Post navigation

Previous Post: གསལ་བསྒྲགས།
Next Post: ནོ་སྦེལ་ཞི་བདེ་གཟེངས་རྟགས་བཙོན་ཁྲོད་དུ་བཙོ་སྦྱང་བགྱིས་པ།

Comments (13) on “ཨ་མ་ལགས།”

  1. ཀླུ་སྨྱོན། says:
    2011-02-01 at 11:17 pm

    ཁྱེད་དང་ང་གཉིས་ཀྱི་ལས་དབང་གཅིག་པ་རེད།

  2. དེ་ཉིད་ says:
    2011-02-02 at 12:36 am

    འུ་ཅག་གི་ཨ་མ་ཚོའི་མིག་ཆུ་དེ་ཚད་ལ་གཞལ་ན །།
    ལྷུང་ལྷུང་གི་གཙང་བོ་དངལྟེམས་ལྟེམས་ཀྱི་མཚོ་ལ་མཚུངས་འགྲོ
    མ་བུ་ཡི་བྲལ་གདུང་དེ་ལོ་ཟླ་ཡི་ཁུག་ནས་སྐྱེལ་དུས །།
    གངས་ཅན་གྱི་མ་བུ་ཚོ་དེ་རིང་གི་སྐྱོ་སྐྱོ་གནང་མཁན །།

  3. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-02 at 1:27 am

    ཨ་མ་ལགས།
    ངས་འབའ་སྲས་ཀྱི་རྩོམ་ཡིག་འདི་བཀླགས་རྗེས་
    ས་མཐའ་འདི་ནས་ང་དང་སྤུན་ཟླ་ཚོའི་ལས་དབང་ལ་སེམས་བཞིན།
    མི་ཡུལ་འདི་ནས་ཁ་འཐོར་དུ་གྱུར་པའི་ཁྱིམ་ཚང་དེ་དྲན་བཞིན།
    ངས་ཁྱེད་དང་ཁ་བྲལ་དུ་གྱུར་པའི་ཉིན་ཞག་འདི་དག་གི་ཁྲོད་
    ཁྱེད་བཞུད་པའི་ལོ་ཟླ་དེར་
    འགྱངས་ལྟ་བྱེད་ཞོར་
    རང་དབང་གི་ལུང་པ་འདི་ནས་མིག་ཆུ་ཞིག་མི་གཏོང་ཀ་མེད་དུ་གྱུར།

  4. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-02 at 1:30 am

    ཨ་མ་ལགས།
    ངས་འབའ་སྲས་ཀྱི་རྩོམ་ཡིག་འདི་བཀླགས་རྗེས་
    ས་མཐའ་འདི་ནས་ང་དང་སྤུན་ཟླ་ཚོའི་ལས་དབང་ལ་སེམས་བཞིན།
    མི་ཡུལ་འདི་ནས་ཁ་འཐོར་དུ་གྱུར་པའི་ཁྱིམ་ཚང་དེ་དྲན་བཞིན།
    ངས་ཁྱེད་དང་ཁ་བྲལ་དུ་གྱུར་པའི་ཉིན་ཞག་འདི་དག་གི་ཁྲོད་
    ཁྱེད་བཞུད་པའི་ལོ་ཟླ་དེར་འགྱངས་ལྟ་ཞིག་བྱས་ཏེ་
    རང་དབང་གི་ལུང་པ་འདི་ནས་མིག་ཆུ་ཞིག་མི་གཏོང་ཀ་མེད་དུ་གྱུར།

  5. སྤྱན་ཆབ། says:
    2011-02-02 at 4:47 am

    སྙན་མོ་ཞིག་འདུག་གོ།།

  6. ཀརྡོ་རབ་འབྱམས་པ་ says:
    2011-02-02 at 4:51 am

    བྱེས་འབྱོར་བོད་མི་ཚོས་མཐའ་མཇུག་བོད་ལ་ལོག་ནས། འཛུགས་བསྐྲུན་འབད་རྒྱུ་དེ། གནད་གལ་ཆེ་ཤོས་དེ་རེད།
    དེ་དུས་སྤོ་བོ་དང་སྨོ་བོའམ་སྤོ་ཕོ་ལགས་དང་སྨོ་མོ་ལགས་མ་ཚད། ཨ་ཕ་ལགས་དང་ཨ་མ་ལགས་གཉིས་ཀྱང་འཚོ་བཞུགས་ཡོད་མེད་མི་ཤེས་ཀྱང་། ངའི་དུར་ས་དེ་བོད་ལྗོངས་ས་ཁུལ་ཅིག་ཡིན་པ་ལ་ཐེ་ཚོམ་མེད་དགོས།

  7. སྙིང་རྩ་སྤར་འཛིན། says:
    2011-02-02 at 6:40 am

    སྐད་ཆ་འདི་བོད་ནང་གི་ཨ་མ་ཚོས་ཁ་པར་གྱི་སྣེ་མོ་ནས་གོ་མྱོང་བའི་སྐད་ཆ་ཞིག་རེད
    སྐད་ཆ་འདི་འབའ་སྲས་ཀྱི་སྨྱུག་རྩེ་ཁོ་ན་ནས་བུད་པའི་སྐད་ཆ་ཞིག་རེད
    སྐད་ཆ་འདི་སྙན་ངག་ལ་ཐུབ་ཚོད་བྱས་བའི་སྐད་ཆ་ཞིག་རེད
    སྐད་ཆ་འདི་སྐད་ཆ་དང་སྙན་ངག་གི་ས་མཚམས་མ་བགར་བའི་སྐད་ཆ་ཞིག་ཀྱང་རེད
    སྐད་ཆ་འདི་གྲྭ་ལོག་དང་མི་སྐྱའི་བར་མཚམས་ཕྱེས་བའི་སྐད་ཆ་ཞིག་ཀྱང་རེད
    སྐད་ཆ་འདི་ཆབ་སྲིད་དང་རྩོམ་རིག་འདྲེས་མའི་སྐད་ཆ་ཞིག་ཀྱང་རེད
    མདོར་བསྡུས་ན་སྐད་ཆ་འདི་ཅི་ཡང་མིན་པའི་སྐད་ཆ་ཞིག་ཀྱང་རེད།

  8. འབའ་སྲས། says:
    2011-02-02 at 9:49 am

    ཁ་སང་ངས་ཕ་ཡུལ་ལ་ཁ་པར་བཏང་ནས་ཨ་མ་མཉམ་དུ་སྐད་ཆ་བཤད་པ་ཡིན། ཨ་མས་ང་ལ་ངེད་ཚོ་ཚང་མས་ལོ་སར་གྱི་དགུ་ཐུག་འཐུང་བཞིན་ཡོད། ཁྱེད་ཚོས་དགུ་ཐུག་ཨེ་འཐུང་ཞེས་དྲིས་སོང་། ངས་ངེད་ཚོས་འཐུང་གི་མེད་ང་ད་ལས་ཀ་ནས་ནང་ལ་སླེབས་མ་ཐག་ཡིན་ཞེས་བཤད། ཨ་མས་ས་མཐའ་ནས་བསྡད་ན་ད་དཀའ་མོ་རེད་ལ་དགུ་ཐུག་འཐུང་ཁོམ་ར་མེད་ཀི་མོ། ད་ཡུལ་ལ་ཤོག་ཟེར། དེ་རྗེས་ནས་ཨ་མས་ད་ལོ་ཡི་དགུ་ཐུག་ཨ་མས་འཐུང་ཐུབ་སོང་ནས་རེད། ལོ་རྗེས་མའི་དགུ་ཐུག་བཏུང་ཐུབ་འདུག་ཤེས་ནི་མ་རེད། ཨ་མ་ད་ལོ་༧༦ ལ་བསླེབས་སོང་ནི་རེད། ད་ལོ་ཁྱོད་ཡུལ་ལ་ཡོང་མ་ཐུབ་ན་ལོ་རྗེས་མ་ཐུག་ཐུབ་འདུག་ཤེས་ནི་མ་རེད་ཅེས་བཤད་བཞིན་ངུ་སོང་། སྐབས་འདིར་ང་ལ་ཆེས་གནོན་དཀའ་བའི་ཚོར་བ་ལྕི་མོ་ཞིག་གིས་མནན་ནས་མིག་ཀོང་དུ་མཆི་མ་ཡོམ་ཡོམ་དུ་འཁོར་སོང་། ངས་ཨ་མར་ཐུག་ཐུབ་ནི་རེད། ཐུག་ཐུབ་ནི་རེད་ཅེས་སྐད་ཆ་བན་བུན་ཙམ་ལས་ཅི་ཡང་བཤད་མ་ཐུབ། ཕལ་ཆེར་གྲོགས་པོ་ཚོ་ལ་ཡང་དེ་འདྲ་བྱུང་ཡོད་སྲིད།

  9. འཇིག་མེད་ says:
    2011-02-02 at 2:57 pm

    ང་ཚོ་བོད་པར་ཨ་མར་དྲན་པའི་གླུ་དང་སྙན་སྔག་ཧ་ཅང་མང་པོ་འདུག་ པ་ཕ་ཁོ་དཀའ་ལས་ག་ཚོད་རྒྱབ་ཀྱང་པ་ཕ་དྲན་གླུ་དང་སྙན་སྔག་གཅིག་ཀྱང་མིན་འདུག་

  10. རྩམ་དགའ། says:
    2011-02-02 at 6:09 pm

    འདང་གསུམ་ཉལ་བའི་རྨི་ལམ་ཞིང་ནས། །
    བརྩེ་ཞིང་བྱམས་པའི་མ་ལོར་མཇལ་བ། །
    དངོས་མྱོང་མ་བུའི་དགའ་སྟོན་ཡིན་ན། །
    ང་ལས་སྐྱིད་པ་སུ་ཞིག་ཡོད་དམ། །

    རི་ལུང་སྟོང་གི་ཕར་རོལ་གན་གི། །
    གཞོན་པའི་སྐྲ་ལོ་དུང་ལས་དཀར་བའི། །
    བྱམས་ལྡན་མ་ལོའི་ཕྱོགས་སུ་བལྟས་ནས། །
    ངུས་པའི་གྲངས་ཀ་རྩི་ཐབས་མི་འདུག །

    ཕྱི་ཡི་འབྱོར་བ་འགྲིག་ཙམ་འདུག་ལ། །
    ལུས་ཀྱི་འབྱུང་གཞི་བདེ་ཐང་ཡིན་ཡང་། །
    བརྩེ་ཞིང་བྱམས་པའི་མ་ལོ་དྲན་པའི། །
    སེམས་ཀྱི་གདུང་བ་ཡལ་ཐབས་མི་འདུག །

    ཕྱི་ཡི་ལུས་ལ་ན་ཚས་གདུང་ཡང་། །
    སྨན་གྱི་ནུས་པས་སངས་ཐབས་འདུག་མོད། །
    མ་ལོ་དྲན་པའི་སེམས་ཀྱི་ན་ཚ། །
    སུ་དང་གང་གིས་བཅོས་ཐབས་མི་འདུག །

  11. ཀརྡོ་རབ་འབྱམས་པ་ says:
    2011-02-02 at 6:29 pm

    གནམ་སྔོན་པོ་མཐོང་དུས་ཨ་ཕ་དྲན། །
    ད་ཨ་ཕའི་བསླབ་བྱ་ཚིག་གསུམ་དྲན། །
    ས་གོ་ལ་མཐོང་དུས་ཨ་མ་དྲན། །
    ད་ཨ་མའི་བྱམས་བརྩེས་སྐྱོང་སྟངས་དྲན། །

  12. པ་མགོ says:
    2011-02-04 at 6:32 am

    བོད་དགེ་བསམས་གཏན་ལགས ཁྱེད་རང་ནུབ་ཡུལ་ནས་བདེ་མོ་སྐྱིད་པོ་ཡིན་ན། ཕྲན་ལ་དྲི་བ་ཞིག་ཡོད་པ་ནི་ཁྱོད་རང་ཉིད་ཀྱི་མི་ཡུལ་ནས་དཀའ་སྡུག་གི་ལོ་ཟླ་ཁྲོད་ནས་མྱོང་བའི་རང་ཉིད་ཀྱི་ལོ་རྒྱས་དེབ་དེ་ད་ལྟ་འབྲི་བཞིན་ཡོད་དམ།

  13. འབའ་སྲས། says:
    2011-02-05 at 12:25 pm

    དེབ་ཞིག་འབྲི་བཞིན་ཡོད། དེ་ནི་ངའི་འཚོ་བ་དང་ཕྱི་རྒྱལ་གྱི་མཐོང་ཐོས་གཙོ་བོར་བརྗོད་པའི་སྙན་ངག་གི་དེབ་ཅིག་ཡིན། ལོ་འཇུག་ཏུ་དཔར་སྐྲུན་བྱ་འཆར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme