Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངེད་ཀྱི་འོས་ཤོག་དེ་ངེད་ཀྱི་ཐོབ་ཐང་ཡིན།

Posted on 2011-02-012011-02-01 By ཁ་བརྡ་ 20 Comments on ངེད་ཀྱི་འོས་ཤོག་དེ་ངེད་ཀྱི་ཐོབ་ཐང་ཡིན།

གཡང་སྐྱབས་རྒྱལ།
_____________
ཟམ་གདོང་རིན་པོ་ཆེར་ཐོག་མར་བཀའ་བློན་ཁྲི་པ་འོས་འདེམས་བྱེད་བཞིན་པའི་སྐབས་དེར། ངས་ བཀའ་བློན་ཁྲི་པའམ་དཀའ་རྙོག་གི་ཁྲི་པ་ ཞེས་པའི་རྩོམ་ཞིག་སྤེལ་མྱོང་། མགོ་བརྗོད་ཀྱི་ཚིག་དེ་ཡང་ འདི་ལྟར་ཚིག་ཇི་བཞིན་ཡིན་མིན་ད་ལྟ་མི་དྲན།

ཟམ་གདོང་རིན་པོ་ཆེ་གྲོས་ཚོགས་ཚོགས་གཙོ་ནས་བཀའ་བློན་ཁྲི་པར་ཕེབས་པའི་སྐབས་འདིར་ང་ཚོས་རེ་བ་ཆེན་པོ་ཞིག་བྱས་པ་རེད། རེ་བ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ཟམ་གདོང་རིན་པོ་ཆེའི་གསུང་བཤད་འགའ་ཞིག་གི་ནང་དུ། བོད་རྒྱ་འདུམ་སྒྲིག་གི་གནད་དོན་དེ་འདི་ལྟར་ཡིན་མིན་ཐག་མ་ཆོད་པར་མུ་མཐུད་ནས་འཇོག་འདོད་མེད་པར་གསུངས་པ་དང་། བཟང་ཐག་ངན་ཐག་ཆོད་རྒྱུ་ལ་དུས་བཀག་ཚེས་བཅད་གནང་དགོས་སྐོར་ཞིག་བཀའ་ཕེབས་པ་རེད། རྔ་ལ་དཔག་པའི་འཆམ་ཞེས་བཤད་སྲོལ་ལྟར། བཟང་ཐག་ཆོད་ན་དེ་ལ་དཔག་པའི་འཆམ་ཞིག་དགོས་རྒྱུ་རེད་ལ། ངན་ཐག་ཆོད་ནའང་དེ་ལ་དཔག་པའི་འཆམ་ཞིག་དགོས་རྒྱུ་རེད། ད་ནས་བཟུང་སྟེ་ ལོ་ངོ་གསུམ་གྱི་ནང་ཚུན་ལ་འདུམ་སྒྲིག་ཡོང་ཐབས་བྱེད་རྒྱུ་ཡིན་ཞེས་གཞུང་དམངས་གཉིས་བློ་ཐག་ཆོད་ན་ ང་ལྟ་བུ་ཡང་མཆོངས་རྐྱང་རྒྱུགས་རྐྱང་ཡིན། ལོ་ངོ་གསུམ་གྱི་ཕར་རྒྱབ་སྐར་མ་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་ཐབས་ལམ་བྱེད་ཕྱོགས་བསྒྱུར་རྒྱུ་ཡིན་ཟེར་ན། ང་ཡང་མཆོངས་རྐྱང་རྒྱུགས་རྐྱང་ཡིན།

འོན་ཀྱང་ད་བར་ང་ཚོ་ལ་ཡོད་པ་ནི་མུ་མཐུད་ནས་ཡིན་མིན་དབྱེ་ཐག་མི་ཆོད་པ། དཀར་ནག་ཤན་མི་ཕྱེད་པའི་གནས་སྟངས་འདིའི་འོག་ནས་བསྡད་པ་རེད། བོད་རྒྱ་འདུམ་སྒྲིག་ཅིག་ཡོང་གི་ཡོད་པ་ལྟ་བུ། ཡང་། བོད་རྒྱ་འདུམ་སྒྲིག་ཅིག་ཡོང་གི་མེད་པ་ལྟ་བུ། འདི་འདྲའི་འགོར་འགྱངས་ཤིག་གིས་ ང་ཚོའི་རྩ་ཆེ་བའི་མི་ལོ་བཅུ་དེ་ལྟར་རྫོགས་པ་རེད། རྩ་ཆེ་བའི་དུས་ཚོད་དེ་ལྟར་བསྐྱལ་བའི་གོ་རིམ་ནང་། ང་ཚོས་མིག་འབྱེད་ཟུམ་གཉིས་ཀྱི་གང་ཞིག་བྱེད་དགོས་པ་མི་ཤེས་པ་ལྟ་བུའི་ཤི་མ་གསོན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་བྱུང་བ་རེད། དེའི་རྐྱེན་རྩ་གཙོ་བོ་ཞིག་ནི་ སྐུ་ཚབ་ཚོགས་པ་གསར་པ་འདི་དག་རྒྱ་ནག་ལ་ཕེབས་པ་དེ་ལས་བྱུང་བ་ཞིག་རེད། སྐུ་ཚབ་ཕེབས་ཐེངས་རེ་རེར་ བོད་མི་ཚོར་བརྡ་ལན་ཞིག་སྤྲད་པ་ནི། “ཐེངས་འདིར་མ་བྱུང་ཡང་ཐེངས་རྗེས་མ་ལ་ཡག་ག་ཞིག་ཡོང་རྒྱུའི་རེ་བ་ཡོད།”ཅེས་གསུངས་པ་རེད། འདིའི་ཆ་རྐྱེན་ལྟ་བུ་ཞིག་ཏུ་མཐའ་ན་བོད་མི་ཚོས་ རྒྱའི་དཔོན་རིགས་ཕྱི་རྒྱལ་ལ་ཡོང་སྐབས་ངོ་རྒོལ་བྱེད་རྒྱུ་ལའང་འཛེམས་ཟོན་བྱེད་དགོས་པ་ལྟ་བུ་ཞིག་བྱུང་བ་རེད། གཞུང་གི་ངོས་ནས་ཀྱང་ འདུམ་སྒྲིག་གི་ཆེད་དུ་ མཐའ་ན་མིང་ཚིག་བེད་སྤྱོད་གཏོང་ཕྱོགས་ཚུན་ནས་གཟབ་གཟབ་ནན་ནན་གནང་པ་རེད། ད་སླར་ཡང་བཀའ་བློན་ཁྲི་པའི་འོས་འདེམས་ཤིག་སླེབས་སོང་། བོད་རྒྱའི་འདུམ་སྒྲིག་ལ་གོ་རྒྱུ་གང་ཡང་མི་འདུག མ་མཐའ་ལ་ཡང་ང་ཚོ་མི་མང་གི་རྣ་བར་ཅི་ཡང་གོ་རྒྱུ་མི་འདུག

འདས་པའི་མི་ལོ་བཅུའི་ནང་འཛམ་གླིང་གི་འགྱུར་བ་དེ་ཚོར་བསམ་བློ་ཞིག་བཏང་ན། ང་ཚོས་རང་གི་ཤི་མ་གསོན་གྱི་མིག་གཉིས་པོ་དེ་ཕྱེས་རན་པ་རེད། ཨི་ཇེབ་ཀྱི་ཁ་སང་དེ་རིང་གི་གནས་སྟངས་གཅིག་པུའི་ཐོག་ནས་བརྟགས་ནའང་མི་མང་གི་སྟོབས་ཤུགས་དེ་མངོན་གསལ་དོད་པོ་རེད། བོད་མི་ཚོས་ཀྱང་ རང་སྲོག་བློས་གཏོང་བྱས་པའི་གྲུབ་འབྲས་ལ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་བ་རེད་ལ། དེའི་མཇུག་འབྲས་སུ་ བོད་བོད་ཡུལ་ན་སྐྱིད༎ རྒྱ་རྒྱ་ཡུལ་སྐྱིད། ཅེས་པའི་འབྲུ་དོན་ལྟར་རྒྱ་བོད་ཐ་དད་ཀྱི་བསམ་བློ་འདུ་ཤེས་སྔར་བྱུང་མ་མྱོང་བ་ཞིག་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་བྱུང་པ་རེད། བོད་ཀྱི་སྐད་ཡིག་གི་གནད་དོན་དེ་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཁྱབ་པ་ཞིག་བྱུང་བ་རེད། འདི་དག་ནི་མི་མང་གི་སྟོབས་ཤུགས་རེད། སྤུན་ཟླ་བགྲོངས་པའི་གཟུགས་ཕུང་དམར་རྗེན་མ་དེ་དག་ནི་གསུབ་ཏུ་མེད་པའི་སེམས་ཀྱི་རི་མོ་ཞིག་ཏུ་གྱུར་པ་རེད།

ངས་བཙན་བྱོལ་གྱི་ཆབ་སྲིད་ཟེར་བ་འདི་རོབ་ཙམ་ཤེས་པའི་སྐབས་དེ་ནི། བཅའ་ཁྲིམས་གསར་པ་འདི་གཏན་འབེབས་མ་བྱས་གོང་གི་གནད་དོན་ཞིག་རེད། ཀུན་བཟང་བླ་མ་དང་རྒྱ་རི་པད་མ་རྒྱལ་པོ་ཞེས་པ་ནས་འཕྲོས་པའི་རྙོག་གླེང་ཚ་ཚ་འུར་འུར་ཞིག་གི་ཁྲོད་ནས་ ངའི་བཙན་བྱོལ་གྱི་མི་ཚེ་དེ་ལའང་རྣམ་ཤེས་ཤིག་རྙེད་པ་རེད། དེ་རྗེས་ནས་མུ་མཐུད་ནས་སླེབས་སོང་། བོད་སོག་ལས་ཁུངས་ཀྱི་རྙོག་ཁྲ། ཆུ་སྒང་གི་རྙོག་ཁྲ། ༼སྐབས་འདིར་དཔའ་བོ་ཨ་ཐར་དམ་པ་དེ་ལ་ཡང་འཁྱུག་ཙམ་རིང་མཇལ་མྱོང་ཡོད། ངེད་ཀྱི་ན་གཞོན་སླད་མེད་ཀྱི་སེམས་ནང་། ཨ་ཐར་ནི་ཧ་ཅང་མ་འོས་པ་ཞིག་ཡིན་པའི་འདུ་ཤེས་ཤིག་བསྐྲུན་ཟིན་འདུག ཕྱིས་སུ་ཁོང་གི་ལོ་རྒྱུས་རང་གིས་བཀླགས་པ་ནས་བཟུང་དཔའ་བོ་དེ་ཚོ་ལ་ཡི་རངས་བྱེད་མུས་ཡིན།༽ རྙོག་ཁྲའི་སྒང་ལ་རྙོག་ཁྲ། བྱས་ནས་ཟིན་དུ་མེད་པའི་འཛིན་སྐྱོང་གི་རྙོག་ཁྲ་རིགས་སྣ་ཚོགས་ཤིག་གིས་ང་ཚོའི་མི་ཚེའི་ལོ་དུས་རྩ་ཆེན་པོ་དེ་དག་ཀྱང་རིམ་བཞིན་རྫོགས་པར་བྱས་སོང་།

དུས་རབས་འདིའི་ནང་གི་བོད་མིའི་སྲིད་དོན་པ་གྲགས་ཅན་རྒྱལ་ལོ་དོན་གྲུབ་མཆོག་བཀའ་བློན་ཁྲི་པར་ཕེབས་པ་རེད། དུས་རབས་འདིའི་ནང་གི་བོད་ཀྱི་མཁས་པ་གྲགས་ཅན་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པར་ཕེབས་པ་རེད། ང་ཚོའི་རྩ་དོན་ཐོག་ང་ཚོ་གོམ་པ་མདུན་དུ་སྤོས་ཡོད་དམ་རྒྱབ་བཤིག་བརྒྱབ་ཡོད་ད་དུང་ལྟ་དགོས་པ་ཞིག་ཆགས་ཡོད། ང་ཚོའི་དཀའ་རྙོག་ནི་མུ་མཐུད་གནས་ཡོད་ལ་གཅིག་མཇུག་གཉིས་མཐུད་ཀྱིས་གནས་ཡོད། ཕལ་ཆེར་ང་ཚོའི་བཀའ་བློན་ཁྲི་པ་དེ་ཚོའི་དུས་ཚོད་ཀྱང་བཙན་བྱོལ་ནང་གི་དཀའ་རྙོག་ལ་ཐིམ་ཡོད།

ད་ངས་འགྲེལ་བཤད་ཅིག་བརྒྱབ་ན་འདོད། ངས་ང་ཚོའི་རྩ་ཆེའི་དུས་ཚོད་ཅེས་བཤད་ཡོད། རྩ་ཆེ་བ་ཟེར་དགོས་པའི་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་ནི། ང་ཚོའི་དབུ་འཁྲིད་༧སྐྱབས་མགོན་ཆེན་པོ་ད་ལྟ་ཞལ་བཞུགས་བཞིན་པའི་དུས་ཚོད་དེ་ཡིན། ༧སྐྱབས་མགོན་ཆེན་པོའི་བཀའ་སློབ་རེ་རེ་བཞིན་བོད་མི་ས་ཡ་དྲུག་གི་སྙིང་ལ་ཟུག་གི་ཡོད། སྐྱབས་མགོན་ཆེན་པོའི་འཛུམ་ཟེར་རེ་རེ་ཡིས་བོད་མི་ས་ཡ་དྲུག་ལ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་བཞིན་ཡོད། དུས་ཚོད་འདི་རྩ་ཆེན་པོ་རེད། རྩ་ཆེ་བའི་རྒྱུ་མཚན་གཉིས་པ་ནི། བོད་གཞིས་ལུས་མི་མང་ཡིན། གཞིས་ལུས་མི་མང་ནི་རིག་གནས་གསར་བརྗེ་སོགས་ལས་འགུལ་སྣ་ཚོགས་ཀྱིས་རྡེག་བཅོམ་སྣ་ཚོགས་བརྒྱུད་ཀྱང་མི་ལོ་དྲུག་ཅུའི་རྗེས་སུའང་ད་དུང་འཆི་ཁ་མའི་འཕག་འཚག་ངར་མ་ཞིག་རྒྱག་བཞིན་ཡོད།

དེས་ན། དེ་ལྟ་བུའི་ད་ལྟའི་དུས་ཚོད་འདི་འདྲ་ཞིག་ལ། བཀའ་བློན་ཁྲི་པ་འོས་འདེམས་བྱེད་བཞིན་ཡོད། ངེད་ཀྱི་འོས་ཤོག་དེ་ ལི་ཐང་གཡོན་རུ་རོང་རྒྱས་ཨ་གྲགས་ལ་ འཕེན་གི་ཡིན། ངེད་ཀྱི་འོས་ཤོག་དེ་ ཞི་བའི་འཐབ་རྩོད་པ་ཞོགས་དུང་ལ་འཕེན་གི་ཡིན། དེས་ཀྱང་མི་འཐུས་ན། ངས་རང་གི་འོས་ཤོག་ པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་འཕེན་གི་ཡིན།

མཁས་དབང་ཟམ་གདོང་རིན་པོ་ཆེ་དང་སྲིད་དོན་པ་གྲགས་ཅན་རྒྱལ་ལོ་དོན་གྲུབ་ལྟ་བུ་བཀའ་བློན་ཁྲི་པར་ཕེབས་ཀྱང་ང་ཚོ་ལ་གཏིང་ཐག་ཆོད་པ་དང་དཀར་ནག་ཤན་ཕྱེད་པའི་འགྱུར་ལྡོག་ཅིག་བཟོ་མ་ཐུབ་པ་དེ་ནི། ད་བཀའ་བློན་ཁྲི་པ་འདི་དག་གིས་ནོར་འཁྲུལ་ཁོ་ན་ཞིག་ཡིན་རྒྱུ་མ་རེད། འདི་ནི་བཙན་བྱོལ་སྤྱི་ཚོགས་ཟེར་བ་འདི་གཡག་རྭ་སྐམ་པོ་བཞིན་འཐེན་སྐུམ་བྱེད་ས་མེད་སོང་བས་ཡིན་རྒྱུ་རེད། མ་འོངས་པར་ཡང་འདི་ལྟར་འཐེན་སྐུམ་བྱེད་ས་མེད་པ་ཞིག་ནས་ དཀའ་རྙོག་གི་སྙིང་ཁ་ལ་འཕངས་ན་ དཀའ་རྙོག་དེ་དུམ་སེ་གསོད་པའི་གསེར་གྱི་མདའ་མོ་དེ་འདྲ་ཞིག་ཀྱང་ཡོང་མདོག་ཁ་པོ་མ་རེད། ད་ལྟ་བཞེངས་བཞིན་པའི་བཀའ་བློན་ཁྲི་པ་དེ་ཚོས་ཀྱང་འདི་ལྟར་ ང་ཚོའི་རྩ་ཆེའི་ལོ་ཟླ་དག་ལོ་བཅུ་རེ་བྱས་ཏེ་བསྐྱལ་ངེས་ཡིན་པ་རེད།

དེས་ན། ངེད་ཀྱི་འོས་ཤོག་འདི་དཀའ་རྙོག་གི་ཁྲི་བ་ཞིག་ལ་འཕེན་འདོད་མི་འདུག འཕེན་འདོད་ཁྱོན་ནས་མི་འདུག ་༧རྒྱལ་བ་དོན་གྱི་བདག་པོའི་མཛད་འཕྲིན་གྱི་བསིལ་འོག་ནས་ འཇིག་རྟེན་འཁོར་བའི་དཀྱིལ་འཁོར་ལྷ་དང་མཉམ་པ་གནང་བཞིན་པའི་མི་དེ་འདྲ་ལ་ ངས་འོས་ཤོག་དེ་འཕེན་འདོད་མི་འདུག བོད་མི་ས་ཡ་དྲུག་གི་བདེ་སྡུག་ཤི་གསོན་གྱི་མཚན་གནས་ཁ་ལ་འཁྱེར་ནས་ ལྷ་དང་ལྷ་མོའི་དབང་ཐང་ལ་རོལ་མཁན་ཅིག་ལ་འོས་ཤོག་འཕེན་འདོད་ཁྱོན་ནས་མི་འདུག

རྩོམ་རིག

Post navigation

Previous Post: ས་མཐའི་ཚོར་སྣང་།
Next Post: ཐེངས་འདིར་ཉེན་རྟོག་པའི་བྱེད་སྟངས་ཚད་ལས་བརྒལ་ཡོད།(དུས་བབ་ལས་བཤུས)

Comments (20) on “ངེད་ཀྱི་འོས་ཤོག་དེ་ངེད་ཀྱི་ཐོབ་ཐང་ཡིན།”

  1. མེ་ཏོག་དཀར་པོ། says:
    2011-02-01 at 2:30 am

    བོད་རྒྱལ་ལོ། ཁྱེད་ཀྱིས་ད་ལྟའི་བཀའ་ཁྲི་འོས་མི་གསུམ་ཀ་བཀའ་ཁྲིེར་མི་འོས་གསུངས་པ་རེད་དམ།
    ཨ་མ་མ། དེ་འདྲ་མ་གནང་། ཁྱེད་རང་གི་འོས་ཤོག་དེ་ངེས་པར་བེད་སྤྱོད་གནང་རོགས། འོས་གཞིར་མེད་པའི་གང་ཟག་ལ་འོས་འཕེན་ན་ཁྱེད་རང་གི་འོས་ཤོག་ཁྱེད་རང་གི་ཐོབ་ཐང་རེད་མོད། འོས་ཤོག་རྩིས་མེད་ལ་འགྲོ་གི་རེད།

    བོད་རྒྱལ་ལོ།། རང་དབང་རྒྱལ་ལོ།། བདེན་པ་རྒྱལ་ལོ།།

  2. jangbu says:
    2011-02-01 at 2:48 am

    gzhong pa stong par kzhong ‘dzing brgyab.
    ‘os shog blugs na rgy ri sgrol mar blugs.

  3. ཀརྡོ་རབ་འབྱམས་པ་ says:
    2011-02-01 at 3:13 am

    དྲ་གྲོགས་ལགས་ཀྱི་འོས་ཤོག་དེ། ང་ལ་མ་སྤྲད་ན་ཡང་། གཡོར་དང་། མ་གཡར་ན་ཡང་ཧིན་སྒོར་བརྒྱ་ལ་ཚོང་དང་། ངས་ང་རང་གི་འདོད་པ་ཡོད་པའི་འོས་མི་བཀྲ་ཤིས་དབང་འདུས་ལགས་ལ་བླུག་བགྱི་ཡིན། བཀའ་ཁྲི་རྒྱལ་ལོ། །

  4. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2011-02-01 at 4:48 am

    འོ་ཡ། ཁོང་གི་སྐད་ཆ་དང་། བཀའ་བློན་ཁྲི་པའི་འོས་ཤོག་བར་འབྲེལ་བ་མེད་པ་འདྲ་འདུག
    དམངས་གཙོ་ལོང་སུ་སྤྱོད་པའི་སྤྱི་ཚོགས་ནང་། འོས་ཤོག་ལ་བླུག་རྒྱུར་འགན་ལེན་མ་བྱས་ན། ཁ་སྟོང་པ་བཤད་པ་ལས་དོན་ལ་སྤྱི་ཚོགས་དེ་ལ་འགན་འཁྱེར་མེད།

  5. BBC says:
    2011-02-01 at 4:56 am

    ཁྱེདརང་གིས་འོས་ཤོག་ལྡུག་འདོད་ཤིན་ཏུ་ཆེ་ཡང། ད་ཆ་་རང་གི་འདོད་པ་བཞིན་མ་བྱུང་ཙང་བླུག་འདོད་མེད་ཅེས་བཤད་པ་ཙམ་ཞིག་རེད། འོན་ཀྱང་བྱས་པ་ཅན་ལ་ཁ་མ་གཏོང་།

  6. གནམ་ལྕགས། says:
    2011-02-01 at 7:16 am

    གཡང་སྐྱབས་རྒྱལ་ལགས་ཀྱིས་ཤིན་ཏུ་དགོས་གལ་ཅན་གྱི་རྩོམ་ཡིག་ཅིག་སྤེལ་བར་ཐུགས་རྗེ་ཆེ། སྐུ་ངོ་ཟམ་གདོང་བས་ལོ་ངོ་བཅུ་དེ་ལྟར་རྫུན་དང་གཡོ་ཁྲམ་གྱིས་འཕྲོ་ལྷག་ཏུ་བཏང་བ་ནི། ཉེ་ཆར་ཁོང་གིས་བོད་རྒྱལ་ཡོངས་མཐོ་རིམ་སློབ་མའི་ཚོགས་འདུའི་གསུང་བཤད་དུ་”ངས་ད་ལྟ་བར་དུ་རྒྱལ་ཁབ་དང་མི་རིགས་བསམ་མྱོང་མེད་”ཅེས་པ་དང་། ཡང་སྔོན་མ་ཞིག་ལ”བོད་མི་རིགས་ཉམས་ན་མི་སྐྱོན་ཏེ། གཙོ་བོ་ནང་བ་སངས་རྒྱས་པའི་ཆོས་འདི་ཉམས་མི་ཉན”ཟེར་བ་དེ་གཉིས་ཀྱིས་གསལ་བཤད་བྱས་ཡོད།
    མི་རིགས་དང་རྒྱལ་ཁབ་མི་བསམ་པའི་དབུ་ཁྲིད་ཅིག་གི་འོག་ནས་འདི་ལྟར་ལོ་ངོ་བཅུ་འདས་པ་རེད། ཚོར་ཤུགས་ཆེན་པོས་བཤད་ན། ལོ་ངོ་བཅུའི་གྲུབ་འབྲས་དེ་ཕྱིར་ནུར་བརྒྱབ་པ་རེད། ཡིན་ནའང་ད་ང་ཚོའི་མི་མང་གཉིད་ལས་སད་རན་སོང་། ད་དུང་འདི་ལྟ་བུའི་དབུ་ཁྲིད་ཅིག་སླེབས་ན། བོད་མི་རིགས་ཀྱི་ལས་དབང་ནི་རླུང་ལ་གཡེང་བའི་ཤིང་བལ་བཞིན་ཡིན་ནོ།།

  7. ཀེ་ཏ་ཀ says:
    2011-02-01 at 8:04 am

    བཟོད་གསོལ་ཞུ་རྒྱུ་མིན།
    འདོན་སྤེལ། ༢༠༡༡/༠༢/༠༡ དུས་བབ་ཚང་།
    གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་བཅུ་བཞི་བའི་བཀའ་ཁྲིའི་ལས་ཡུལ་འཁྱོལ་ལ་ཉེ་སྐབས། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་དང་གདན་ས་ཁག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་ཅིག་གནང་གིན་ཡོད་ཅིང་། རེས་བཟའ་ཉི་མའི་ཉིན་འབྲས་སྤུངས་བློ་གསལ་གླིང་བླ་སྤྱིའི་འདུ་ཁང་དུ་འབྲས་སྤུངས་དགོན་པའི་གྲྭ་བ་རྣམས་དང་། ༧གོང་ས་མཆོག་གི་གསུང་ཆོས་ལ་བཅར་མཁན་ཕྱོགས་མཐའ་ཁག་གི་དགེ་འདུན་པ་བཅས་ལགསུང་བཤད་གནང་འདུག
    … …
    ཁོང་གིས་མུ་མཐུད་དུ་གྲྭ་བཙུན་ཚོ་ཆབ་སྲིད་ནང་མཉམ་ཞུགས་གནང་གལ་ཆེ་སྐོར་གསུངས་དོན། རབ་བྱུང་བ་དང་བཙུན་མ་ཚོས་འོས་ཤོག་གི་ཆ་ཤས་ལེན་དང་ལེན་བཞིན་པ་དེ་ནི། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཡག་པོ་རེད།
    … …
    མཇུག་ཏུ་ཁོང་གིས་ཐེངས་འདིར་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་བར་བཅར་བ་དང་མཉམ་དུ། ད་བར་བཀའ་ཤག་གི་ལས་དོན་ཐོག་ནོར་འཁྲུལ་དང་འཐུས་ཤོར། ལེགས་འགྲུབ་མ་བྱུང་བའི་རིགས་ལ་དགོངས་སེལ་ཡང་མཉམ་དུ་ཞུ་དགོས་ཀྱང་། སྔོན་མ་སྤྱི་འཐུས་ཚོགས་གཙོ་ལས་འཁྱོལ་སྐབས། ལོ་བཅུ་ལ་སྤྱི་འཐུས་ཚོགས་གཙོའི་ལས་འགན་འཁྱེར་བའི་རིང་ལས་དོན་མ་འགྲུབ་པའི་རིགས་ལ་བཟོད་གསོལ་ཞུས་ཏེ། འབྱུང་འགྱུར་སྒྲིག་འཛུགས་ཀྱི་ལས་གནས་རྗེས་འབྲེལ་གྱི་ལས་ཀ་ཡོང་ས་མ་རེད་ཅེས་གསལ་བོ་ཞུས་ཡོད་ཀྱང་། མང་ཚོགས་ཀྱིས་དེ་ལ་མ་གསན་པར། བསྐྱར་དུ་བཀའ་བློན་ཁྲི་པར་འོས་བླུགས་པ་རེད། གལ་སྲིད་ནོར་འཁྲུལ་འདྲ་ཕྱིན་ཡོད་ན་ང་ཚོས་མཉམ་དུ་བཟོས་པ་རེད་ལ། དགོངས་སེལ་ཞུ་དགོས་ཀྱང་ཕན་ཚུན་གཉིས་ཀར་ཞུ་རེས་བྱ་དགོས་པ་རེད། ཅེས་གསུངས་སོང་།

  8. དགའ་ལྡན། says:
    2011-02-01 at 8:05 am

    གཡང་སྐྱབས་རྒྱལ་ཁྱོད་ཀྱི་འོས་ཤོག་འདི་སྐབས་སུ་བབ་པའི་བཀའ་ཁྲི་འོས་མི་སུ་ལ་ཡང་འབུལ་འདོད་མེད་པ་གསལ་པོ་ཤེས་སོང། འོ་ན་ཁྱོད་ཀྱི་འོས་འདི་ལོ་མང་བཙན་འབྱོལ་གཞུང་ལ་དཀའ་ངལ་སྤྲོད་མཁན་ཁྱོད་ཀྱིས་ཐུག་མྱོང་བའི་ལི་ཐང་ཨ་ཐར་སྤྲོད་འདོད་དམ། ཕྱི་དྲག་སོང་།xxxxxxxxxxxxxxxxxxxxxxx

  9. དགའ་ལྡན། says:
    2011-02-01 at 8:19 am

    xxxxxxxxxxxxxxxxxxxxxxxxxx

  10. གཡང་སྐྱབས་རྒྱལ་ says:
    2011-02-01 at 8:58 am

    ཡ་ཡ། མདང་བྲེལ་བ་འཚུབ་འཚུབ་ཀྱིས་དོན་དག་གལ་ཆེན་ཞིག་ཆད་འདུག བྱས་ཙང་གྲོགས་པོ་ཚོ་སྐུ་རླུང་ལངས་པ་རེད། ད་དེའི་ཆད་གསབ་འདི་ཡིན།
    དེ་ལྟར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་སྲིད་དོན་པ་གྲགས་ཅན་རྒྱལ་ལོ་དོན་གྲུབ་ལྟ་བུ་བཀའ་བློན་ཁྲི་པར་ཕེབས་ཀྱང་ང་ཚོ་ལ་གཏིང་ཐག་ཆོད་པ་དང་དཀར་ནག་ཤན་ཕྱེད་པའི་འགྱུར་ལྡོག་ཅིག་བཟོ་མ་ཐུབ་པ་དེ་ནི། ད་བཀའ་བློན་ཁྲི་པ་འདི་དག་གིས་ནོར་འཁྲུལ་ཁོ་ན་ཞིག་ཡིན་རྒྱུ་མ་རེད། འདི་ནི་བཙན་བྱོལ་སྤྱི་ཚོགས་ཟེར་བ་འདི་གཡག་རྭ་སྐམ་པོ་བཞིན་འཐེན་སྐུམ་བྱེད་ས་མེད་སོང་བས་ཡིན་རྒྱུ་རེད། མ་འོངས་པར་ཡང་འདི་ལྟར་འཐེན་སྐུམ་བྱེད་ས་མེད་པ་ཞིག་ནས་ དཀའ་རྙོག་གི་སྙིང་ཁ་ལ་འཕངས་ན་ དཀའ་རྙོག་དེ་དུམ་སེ་གསོད་པའི་གསེར་གྱི་མདེལ་དེ་འདྲ་ཞིག་ཀྱང་ཡོང་མདོག་ཁ་པོ་མ་རེད། ད་ལྟ་བཞེངས་བཞིན་པའི་བཀའ་བློན་ཁྲི་པ་དེ་ཚོས་ཀྱང་འདི་ལྟར་ ང་ཚོའི་རྩ་ཆེའི་ལོ་ཟླ་དག་ལོ་བཅུ་རེ་བྱས་ཏེ་བསྐྱལ་ངེས་ཡིན་པ་རེད།

  11. ལྷག་བསམ། says:
    2011-02-01 at 9:05 am

    xxxxxxxxxxxxxxxxxx

  12. BBC says:
    2011-02-01 at 9:11 am

    xxxxxxxxགཡང་སྐྱབས་འདི་ལམ་སེང་འགྱོད་པ་སྐྱེས་པ་འདྲ། སོས་སོས་བྲིས་པ་ལ་སོས་དགག་པ་རྒྱག་འགོ་ཚུགས་འདུག ལམ་ནོར་ལྡོག་ཤེས་བྱས་པ་ཡག་པོ་རེད། འདི་མཁས་པའི་བྱ་བ་རེད། ལེགས་སོ། ལེགས་སོ་གཡང་སྐྱབས་ལགས།

  13. དྲུང་མུ། says:
    2011-02-01 at 12:10 pm

    བོད་པ་ཚང་ལ་གནའ་ནས་དྲགས་རྒྱུ་མེད་པའི་ནད་རྙིང་ཞིག་ཡོད་པ་ནི། ཕན་ཚུན་ཆོས་དང་ཆོལ་ཁ་ཕྱོགས་འཐེན་དང་། ར་མ་བཞིན་རོགས་ལ་སྡང་བ། ཤེས་འཇོན་ཅན་ལ་སྐྱོན་བཙལ་ཏེ་དམའ་འབེབས་བྱ་རྒྱུ་སོགས་རེད། ངས་བཤད་འདོད་པ་ནི། བླ་མ་ཟམ་གདོང་ཚང་གི་བཀའ་ཁྲིའི་ལས་ཡུན་དང་། ཁོང་གི་ཤེས་འཇོན་སྐོར་ཡིན། མི་ལོ་བཅུ་བརྒལ་བ་ཉེ་བའི་བཀའ་ཁྲི་ཟམ་གདོང་བླ་མའི་དུས་ཡུན་ལ་དཔྱད་ན་བཙོལ་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དཔལ་འབྱོར་ཉམ་གསོ་སོགས་ཕྱོགས་མང་པོ་ཞིག་ནས་གཟེངས་སུ་མཐོ་བའི་མཛད་རྗེས་བསྐྲུན་ཡོད་པ་མིག་མཐོང་ལག་ཟིན་ཡིན་པས་ཞུ་མ་དགོས། དེ་མིན་བོད་རྒྱ་འབྲེལ་མོལ་གྱི་ལམ་ཁ་བསྐྱར་བཅོས་འོག་དམྱལ་བའི་གཏིང་རྡོ་ལས་མཁྲེགས་པའི་རྒྱ་རྒན་ཚང་གིས་ཡ་ལན་ཡག་པོ་གང་ཡང་མ་བྱས་པའི་རྐྱེན་གྱིས་ཟམ་གདོང་བླ་མས་མ་འཇོན་པ་དང་ལོ་བཅུའི་དུས་ཡུན་ཆུད་ཟོས་སུ་སོང་ཚུལ་གྱིས་ཁོང་ལ་འཁང་ར་དང་སྡིག་སྨོད་བྱ་བའི་རིགས་ཅི་ཀྱང་མ་འོས་པ་ཞིག་རེད། གཅིག་སོམས་དང་། བཙན་བྱོལ་བོད་གཞུང་གི་གལ་ཆེའི་ལས་དོན་རིགས་བཀའ་ཁྲི་གཅིག་པུས་རང་ཐག་རང་གཅོད་ཅིག་མིན་པར་བཀའ་སྤྱི་ཟུང་འབྲེལ་གྱིས་ཐག་གཅོད་དང་། རྗེས་སུ་༸གོང་ས་མཆོག་ལ་སྙན་གསན་ཞུས་རྗེས་གྲུབ་འབྲས་ཀྱི་ཕྱོགས་སུ་ཨུ་ཚུགས་རྒྱག་འགོ་འཛུགས་པ་དེ་རེད། མདོར་ན་འདས་པའི་མི་ལོ་བཅུའི་ནང་བོད་བསྟན་པ་ཆབ་སྲིད་ཀྱི་ལས་དོན་ཡག་སྡུག་གང་ཡིན་ཀྱང་རུང་ཟམ་གདོང་བླ་མ་གཅིག་པུའི་དབུ་ལ་གཡུག་པ་མ་འོས་པར་སྙམ། ཡང་ཕྱོགས་གཅིག་ནས་བླ་མ་ཟམ་གདོང་ཚང་ནི། དོན་ཐོབ་ཀྱི་མཁས་པའི་དབང་པོ་བོད་ཕྱི་ནང་གང་དུའང་འགྲན་ཟླ་བྲལ་བ་ཞིག་ཡིན་ལ། དེའི་ཕྱིར་ན་མཁས་པའི་དྲེགས་པ་ལྷ་ཆེན་ཚངས་པའི་དབུ་ལ་སྙེགས་པ་ཞིག་ཡོད་པས། ཚིག་ཐག་ཆོད་པོའི་སྒོ་ནས་ཆབ་སྲིད་ཀྱི་ལྡིང་ཆ་མང་པོ་གསུང་ཆོས་ར་བ་རུ་བསྒྱུར་བའང་ཉུང་ཉུང་མིན། གང་ལྟར་ཟམ་གདོང་བླ་མའི་ཤེས་འཇོན་ལ་བརྩི་བཀུར་དང་དགའ་བསུ་ཞུ་འོས་པར་སེམས།

  14. ལ་རྒྱའི་བདག་པོ། says:
    2011-02-01 at 7:47 pm

    དྲ་གྲོགས་གཡང་སྐྱབས་རྒྱལ་ལགས་སུ་ཞུ་རྒྱུར།
    ༡༽༸རྒྱལ་ཀུན་རྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དངོས་སུ་བྱོན་ནས་ཐབས་མཁས་ཐུགས་རྗེའི་མཛད་པས་ཀྱང་བཙན་བྱོལ་བོད་མིའི་ལོ་རྒྱུས་ལ་འགྱུར་བ་ཤུགས་གཏོང་ཐུབ་མེད་ན།ང་ཚོ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པར་དེར་ཡི་དམ་རྡོ་རྗེ་འཇིགས་འབྱེད་ཆེན་པོ་དང།
    དམ་ཅན་ཆོས་རྒྱལ།
    མགོན་པོ་ཕྱག་ཕྲུག
    གནས་ཆུང་ཆོས་རྒྱལ་ཆེན་མོ།
    ལྷ་མོ་སོགས་དངོས་སུ་བྱོན་ཡང་གཏིང་ཐག་ཆོད་པ་དང་།དཀར་ནག་ཤན་ཕྱེད་པའི་འགྱུར་བ་ཞིག་ཁག་པོ་རེད།
    དེའི་རྒྱུ་མཚན་ནི་ང་ཚོའི་བདེན་མཐའ་མ་གསལ་བ་དེ་ང་ཚོའི་ནུས་པ་ལ་གཞིགས་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནས་ལས་དོན་མང་པོ་བསྒྲུབས་དང་སྒྲུབ་བཞིན་རེད་མོད།ཇི་སྲིད་ང་ཚོའི་ཁ་གཏད་རྒྱ་དམར་གྱི་བཙན་མཁྲེགས་སྟོབས་གསུམ་ཐལལ་བའི་རྡུལ་དུ་མ་བརླག་དེ་སྲིད་དུ་ང་ཚོའི་བདེན་མཐའ་གསལ་རྒྱུ་ཁག་པོ་རེད།
    ༢༽དྲ་གྲོགས་གནམ་ལྕགས་ཟེར་བ་དེས་བོད་ཀྱི་དུས་རབས་གསར་པའི་མཁས་པ་མི་གསུམ་ནང་གི་ཡ་གྱལ་དང།བོད་ཀྱི་རིག་གནས་མཁས་ཅན།ཆོས་ཕྱོགས་ཀྱི་སྐྱེས་ཆེན་དམ་པ།ཆབ་སྲིད་མཁས་ཅན།ཆོས་རིག་ཆབ་གསུམ་ལ་མཛད་རྗེས་རླབས་ཆེན་བཞག་གནང་མཁན་གྱི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཞེ་མེད་ཀྱི་སྒྲོ་བསྐུར་བྱེད་པ་ནི་རང་གིས་དེ་ཉིད་སྟོན་པའམ་རང་མདོག་རང་གིས་སྟོན་པ་རེད།
    ༣༽གནམ་ལྕགས་ཟེར་བ་ཁྱོད་ཀྱི་བསམ་ཚུལ་དེར་ཀླུ་མཁར་འབྱམས་ཟེར་བ་དང།དགའ་ལྡན་བག་གྲོས་ལས་གཞན་སུས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་མ་རེད།ཀླུ་དགའ་གཉིས་ནི་རང་གི་ཁེ་ཕན་མ་བསྒྲུབས་དུས་ཟམ་གདོང་ཚང་ལ་བསྐུར་འདེབས་ཞུ་གི་ཡོད།
    ༤༽ལྷག་པར་ཁྱོད་ལྟ་བུ་ནི་བོད་ནང་རྒྱ་གཞུང་དང་དེའི་དཔོན་རིགས་ཚོར་ངོ་རྒོལ་བྱ་རྒྱུ་ལྟ་ཅི།མིག་ལོག་ཙམ་ཡང་བལྟ་ནུས་པར་མགོ་སྒུར་ནས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་བ་རེད།འདིར་མང་གཙོའི་གོ་སྐབས་ལོངས་སུ་སྤྱོད་བྱུང་ཙམ་ཉིད་ནས་ལམ་སེང་ཕ་མའི་ཁ་ཕོར་ནང་སྐྱག་གཅིན་གཏང་གི་ཡིན་ཟེར་མཁན་ཞིག་རེད་འདུག།
    ཁྱོད་འདིར་སླེབས་ནས་ད་བར་ངོ་སོ་ཐོན་པའི་སྤྱི་པའི་ལས་ཀ་ག་རེ་བྱེད་མྱོང་ངམ།
    དུས་ཡིན་ནའང་དཀྲོག་གཏམ་གྱི་ཁ་ཡང་རྐྱང་བསྒྲགས་ནས་དུས་འདའ་བའི་མི་གཟུགས་འདི་འདྲ་ཨང་།

  15. ཁ་བརྡ་ཚང་། says:
    2011-02-01 at 8:31 pm

    དྲ་གྲོགས་ཚོས། དོན་མེད་ནང་ཁུལ་དབྱེན་དཀྲུགས་ཀྱི་མཆན་བཀོད་པ་དག་ལ་ཁ་བརྡས་དགའ་བསུ་མི་ཞུ།
    མཆན་བུ་དེའི་རིགས་འགོག་བཞིན་ཡོད་པ་མ་ཟད་མཆན་རྒྱག་མཁན་ཡང་གཏན་འགོག་བྱེད་སྲིད།
    གོང་གི། ལྷག་བསམ་དང་ BBC ། དགའ་ལྡན་སོགས་ཀྱིས་གཟབ་ནན་གནང་རོགས།

    ཁ་བརྡའི་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  16. ལ་རྒྱའི་བདག་པོ། says:
    2011-02-01 at 10:28 pm

    གོང་དུ་ངའི་མཆན་བུའི་ནང་ཡིག་ནོར་འགའ་ཤས་འདུག་པ་ལས་བཅོས་དགོས་ངེས་ཁག་ཤས་བཅོས་རོགས།
    ཤུགས་ཞེས་པར་ཤུགས་ཆེན།
    ཕྱག་ཕྲུག་ཅེས་པར་ཕྱག་དྲུག
    ཐལལ་བའི་ཞེས་པར་ཐལ།
    བལྟ་ནུས་པ་ཞེས་པར་མ་ནུས་པ།
    སྤྱོད་བྱུང་ཞེས་པའི་སྤྱོད་རྒྱུ་བྱུང་བཅས་སུ་བཅོས་རོགས་ཞུ།ཐུགས་རྗེ་ཆེ་གནང་།

  17. ༜࿋དབྱངས་བུ། says:
    2011-02-02 at 9:34 am

    གཡང་སྐྱབས་ལགས། ཁྱེད་ཀྱི་རྩོམ་ཡིག་ནང་ཀུན་བཟང་བླ་མ་དང། རྒྱ་རི་པད་མ་རྒྱལ་པོ་གཉིས་དབར་མི་མཐུན་པ་བྱུང་ཚུལ་གསལ་འདུག་ན། འགྲེལ་བརྗོད་གནང་རོགས། གང་ཡིན་ཟེར་ན། ངས་ད་བར་དེའི་སྐོར་རྩ་བ་ནས་གོ་མྱོང་མེད་པས་ཁྱེད་ཀྱི་འགྲེལ་བརྗོད་གནང་ཚེ་ང་དང་ང་འདྲ་བའི་ཁྱེད་ཀྱི་རྩོམ་ཡིག་ཀློག་པ་པོ་མི་ཉུང་བ་ཞིག་ཕན་ཐོགས་ཡོང་ངེས་སྙམ།

    ལ་རྒྱའི་བདག་པོ་ཟེར་བའི་མཆན་བུ་འདེབས་མཁན་ཁྱོད་ཀྱི་མཆན་བུ་འབྲི་སྟངས་ཐབས་སྐྱོ་ལུས་དང་། ནང་དོན་བཅས་ལ་གཞིགས་ན།བློ་བཟང་རྒྱ་མཚོ་གྲྭ་ལོག་ཡིན་ངེས། དེ་ལྟར་ཡིན་ནམ

  18. ལ་རྒྱའི་བདག་པོ། says:
    2011-02-02 at 10:01 pm

    དྲ་གྲོགས་དབྱངས་བུ་ལགས།
    བཀྲིས་བདེ་ལེགས།
    སྐུ་ཉིད་ཀྱིས་གསུངས་པ་བཞིན་ང་བློ་བཟང་རྒྱལ་མཚོ་ཡིན་མིན་གལ་ཆེན་པོ་མ་རེད་ལ།
    དེ་བས་གྲྭ་ལོག་ཡིན་མིན་གལ་ཆེན་པོ་མ་རེད།
    གཙོ་བོ་ངས་བཀོད་པའི་མཆན་བུའི་ནང་དོན་དེ་རེད།དུས་རབས་འདིའི་མཁས་པའི་དབང་པོ་ཟམ་གདོང་ཚང་གིས་གཙོས་པའི་བོད་པའི་སྤྱི་ཚོགས་ནང་བྱས་པ་ཅན་གྱི་མི་སྣར་སྐྱོན་བརྗོད་དང་ནག་གསུབ་གཏོང་མཁན་དེ་ཚོར་དགག་པ་བརྒྱབ་རྐྱང་ཡིན།
    ང་ནི་བདེན་པའི་བདག་པོ་ཡིན།
    ང་དང་བདེན་པའི་བར་དུ་ལ་རྒྱ་ཡོད།
    ང་ནི་ལ་རྒྱའི་བདག་པོ་ཡིན།
    ང་དང་བོད་ཀྱི་བར་དུ་ལ་རྒྱ་ཡོད།

  19. ཀརྡོ་རབ་འབྱམས་པ་ says:
    2011-02-03 at 4:08 am

    གཟབ་གདོང་སྤྲུལ་སྐུས།

    ངས་ནི་ད་ལྟའི་བར་དུ་རྒྱལ་ཁབ་དང་། །
    མི་རིགས་དོན་དུ་བསམ་མྱོང་མེད་པ་དང་། །
    བོད་ཀྱི་མི་རིགས་ཉམས་ན་མི་སྐྱོན་ཏེ། །
    གཙོ་བོ་སངས་རྒྱས་ཆོས་འདི་ཉམས་མི་ཉན། །

    གསུངས་པ་དངོས་བདེན་ཡིན་པ་ངས་ཀྱང་གོ །
    འུ་ཐུག་ཚིག་ལ་བདག་ནི་རྗེ་ཡི་རང་། །
    དགེ་རྒན་སློབ་སྤྱི་སྤྱི་འཐུས་ཁྲིམས་བཅོས་དང་། །
    བཀའ་ཁྲི་ལོ་བཅུའི་མཐར་འཁྱོངས་བཀའ་དྲིན་ཆེ། །

    བཙན་བྱོལ་སྐྱིད་སྡུག་བརྟན་ལ་རྒྱལ་འགྱུར་ཅིག །

  20. ལ་རྒྱའི་བདག་པོ། says:
    2011-02-03 at 7:18 pm

    དྲ་གྲོགས་ཀརྡོ་རབ་འབྱམས་པ་ལགས་ཀྱིས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་རྗེས་སྙིང་བསྡུས་ཀྱི་ཚུལ་དུ་ཕྱོགས་བསྡོམས་ཡང་དག་ཅིག་མཛད་པར་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme