Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུང་ཐང་ལྷ་མོ།

Posted on 2011-01-302011-01-30 By ཆུ་སྐྱེས་སྒྲོལ་མ། 32 Comments on གུང་ཐང་ལྷ་མོ།

lovebirdsཆུ་སྐྱེས་སྒྲོལ་མ།

༼ལ་རྩེ་དཔེ་མཛོད་ཁང་གིས་མཛའ་གཞས་སྐོར་གྱི་གསལ་བསྒྲགས་བསྐྱངས་པ་བརྟེན་ནས། ཉིན་ཁ་ཤས་རིང་ལ་དྲ་གྲོགས་ཚོས་མཛའ་གཞས་སྐོར་གླེང་སོང་། མཛའ་གཞས་ནི་ནང་དོན་ཟབ་པ་དང་སྙན་པའི་རྩོམ་རིག་ཅིག་རེད། དེ་རིང་གུས་མོས་མཛའ་གཞས་དང་འབྲེལ་བ་ཡོད་པའི་དམངས་ཁྲོད་ཀྱི་སྒྲུང་ཞིག་བཤད་སྙིང་འདོད་བྱུང་། སྒྲུང་འདི་ནི་ཕོ་མོའི་བརྩེ་དུང་དང་མཛའ་གཞས་ཀྱི་དོན་སྙིང་སྐོར་གསལ་བ་ཞིག་རེད། སྒྲུང་འདི་ནི་དབུས་གཙང་ཁུལ་གྱི་དམངས་ཁྲོད་སྒྲུང་ཞིག་རེད། སྒྲུང་དེ་ཅུང་རིང་པོ་ཞིག་ཡིན་ནའང་། ངས་ ཆ་ཚང་ཇི་མ་ཇི་བཞིན་བྲིས་མེད་པར། སྒྲུང་དེ་ཐུང་རུ་བཏང་ནས་ཉིང་བསྡུས་ཤིག་བྲིས་ཡོད། མཛའ་གཞས་ཟེར་བ་གང་འདྲ་ཞིག་ཡིན་པ་དང་། དམངས་ཁྲོད་ཀྱི་མཛའ་གཞས་དེ་ཚོ་ལ་རྒྱབ་ལྗོངས་མི་འདྲ་བའི་སྒྲུང་གཏམ་རིང་ཐུང་སྣ་ཚོགས་ཤིག་ཡོད་པའི་དཔེ་མཚོན་ཅིག་ཀློག་མཁན་ཚོར་འབུལ་འདོད་བྱུང་།༽

གནའ་སྔ་མོར་ལྷ་ས་ཁུལ་གྱི་ཨ་མ་ཞིག་ལ་བུ་གཅིག་ཡོད་པ་དེའི་མིང་ལ་སྐལ་ལྡན་ཟེར་བ་དང་། སྐལ་ལྡན་ནི་ཕོ་ཉམས་དོད་པོ་ཞིག་ཡོད་པའི་ཁར། ཨ་མ་ལ་གུས་བརྩི་དང་ལས་ཀ་གང་ལའང་ཧུར་ཐག་གནང་མཁན་ཞིག་ཡིན། སྐལ་ལྡན་ཆེན་པོ་ཆགས་ནས་བུ་མོ་སྒྲོན་སྐྱིད་དང་ཁོང་གཉིས་དགའ་རོགས་ཆགས་ནའང་། སྐལ་ལྡན་གྱི་ཨ་མས་བུ་མོ་དེ་ཁྱིམ་ཚང་དབུལ་པོ་ཞིག་ནས་ཡིན་ཙང་དེར་འདོད་པ་གནང་གི་མེད། འོན་ཀྱང་གཞོན་ནུ་ཕོ་མོ་འདི་གཉིས་ཀྱི་ལྷད་མེད་བརྩེ་དུང་དེ་བཀག་མ་ཐུབ་པར་བརྟེན། དེ་ནས་ཨ་མས་ཀྱང་མོས་མཐུན་གནང་ནས་ཁོང་གཉིས་གཉེན་སྒྲིག་བྱས་པ་རེད། ཉིན་ཞིག་གཞོན་ཁོང་གཉིས་རི་ལ་མེ་ཤིང་འཐུ་བར་བསྐྱོད་སྐབས། སྒྲོན་སྐྱིད་ཀྱི་ལག་པར་ཚེར་མ་ཟུག་པ་ལ་སྐྱོ་གླུ་འདི་ལྟར་ཐལ་བ་རེད། ༼རྒན་རབས་ཚོས་སྒྲུང་འདི་བཤད་སྐབས། མཛའ་གཞས་ དེ་ཚོར་དབྱངས་འདྲ་མིན་སྣ་ཚོགས་ཀྱིས་གཞས་བཏང་ནས་བཤད་ཀི་ཡོད༽

ཨ་ཚ་ལ་དང་ཨ་ཚ།།
དེ་འདྲའི་ཚེར་མའི་རྣོ་བ།།
རྐང་གཅིག་ལག་ཏུ་ཟུག་པར།།
ན་ཚ་སྙིང་ལ་བཏང་བྱུང་།།
དུག་ཤིང་ཚེར་མ་སྐམ་པོ།།
སྒྲུག་པ་ཡོང་བ་མི་འདུག།

ཅེས་སྐྱོ་གླུ་ཐལ་བར། གཞོན་ནུ་སྐལ་ལྡན་གྱིས་དེ་ལན་ལ།

སྒྲོན་སྐྱིད་ངུ་བ་མ་གནང་།།
སྒྲོན་སྐྱིད་སེམས་པ་མ་སྐྱོ།།
ཕ་གིོའི་ལྕང་སྡོང་འོག་ཏུ།།
ངལ་ཞིག་གསོ་བར་ཕེབས་དང་།།
དུག་ཤིང་ཚེར་མ་སྐམ་པོ།།
ཨ་ཇོ་ང་ཡིས་སྒྲུག་ཆོག།།

ཅེས་བླངས་པ་ལྟར་སྒྲོན་སྐྱིད་ངལ་གསོ་ལ་རོལ་ནས་ཡོད་སྐབས། གཞོན་ནུ་སྐལ་ལྡན་གྱིས་མུ་མཐུད་མེ་ཤིང་འཐུ་བ་ལ་ཞུགས། སྐབས་དེར་གུང་ཐང་དཔལ་ལྷ་མོ་ཞེས་པའི་ལྷ་མོ་ཞིག་ཡོད་པ་དེས་སྐལ་ལྡན་སྣང་བར་སོང་ནས་ཡིད་དུ་འོང་བའི་སྲས་མོ་ཞིག་ལ་བརྫུས་ཡོང་ནས།

ཚུར་གཅིག་ཚུར་ལ་གསོན་དང་།།
ཕོ་གཞོན་སྐལ་ལྡན་གསོན་དང་།།
སྔོན་གྱི་བག་ཆགས་ཟབ་མོས།།
དེ་རིང་འདི་ནས་མཇལ་བྱུང་།།
ང་ནི་གུང་ཐང་དགོན་པའི།།
དཔལ་ལྡན་ལྷ་མོ་ཡིན་ནོ།།
སྔོན་ནས་ད་ལྟའི་བར་དུ།།
ཁྱོད་ལས་བསམ་པ་མེད་དོ།།
དེ་རིང་ཁྱེད་རང་མཇལ་བར།།
ཚེར་མའི་དཀྱིལ་དུ་ཆས་ཡོད།།
བྱུང་ན་མི་ཚེ་གཅིག་ལ།།
གཏན་གྲོགས་ཡོང་བ་གནང་རོགས།།
མ་བྱུང་ལོ་གསུམ་རིང་གི།།
སྙིང་གྲོགས་ཡོང་བ་གནང་རོགས།།
དེ་ཡང་མི་ཡོང་གསུངས་ན།།
སོར་གདུབ་བརྗེ་བ་གནང་རོགས།།

ཞེས་མཛའ་གླུ་ཐལ་ཞིང་། དེ་ལ་གཞོན་ནུ་སྐལ་ལྡན་ནས།

ཚུར་གཅིག་ཚུར་ལ་གསོན་དང་།།
གུང་ཐང་དཔལ་ལྡན་ལྷ་མོ།།
སྙན་དབང་གཞན་ལ་མ་ཡེངས།།
སྐལ་ལྡན་ཕྱོགས་ལ་གསོན་དང་།།
བདག་ལ་སྒྲོན་སྐྱིད་ཡོད་པས།།
ཁྱེད་དང་གཏན་གྲོགས་མི་ཡོང་།།
བདག་ལ་སྒྲོན་སྐྱིད་ཡོད་པས།།
ལོ་གསུམ་སྙིང་གྲོགས་མི་ཡོང་།།
བདག་ལ་སྒྲོན་སྐྱིད་ཡོད་པས།།
སོར་གདུབ་བརྗེ་བ་མི་ཡོང་།།

ཞེས་ལན་ཕུལ་བ་ལ་གུང་ཐང་དཔལ་ལྡན་ལྷ་མོ་ཤིན་ཏུ་ཁྲོས་ནས་གཞོན་ནུ་སྐལ་ལྡན་གྱི་སྣ་ལ་མཛུབ་མོ་བཙུགས་ཏེ། ངེད་རང་གཉིས་མེ་ཏོག་མཆོད་པའི་ཉིན་མོར་ཐུག་ཡོང་ཞེས་འཇའ་ཡལ་བ་ལྟར་གྱུར། དེ་ནས་རྗེས་ལ་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་གུང་ཐང་མེ་ཏོག་མཆོད་པའི་དུས་ཆེན་ཤར་བ་རེད། སྐལ་ལྡན་དང་སྒྲོན་སྐྱིད་གཉིས་ཀྱང་མི་མང་པོ་དང་ལྷན་དུ་གུང་ཐང་མེ་ཏོག་མཆོད་པར་མཇལ་བར་བསྐྱོད། ཀོ་གྲུར་ཞུགས་ནས་སྐྱིད་ཆུ་བརྒལ་སྐབས། གུང་ཐང་ལྷ་མོ་བྱ་སྐྱ་ག་ཞིག་ལ་སྤྲུལ་ནས་ཡོང་སྟེ། སྐྱིད་ཆུའི་སྟེང་གི་ཀོ་གྲུ་ཡོམ་ཡོམ་བྱེད་པའི་ཆོ་འཕྲུལ་བསྟན་པ་རེད། སྐལ་ལྡན་གྱིས་གུང་ཐང་ལྷ་མོའི་ཆོ་འཕྲུལ་ཡིན་པ་ཤེས་ནས།

ཚུར་གཅིག་ཚུར་ལ་གསོན་དང་།།
གུང་ཐང་དཔལ་ལྡན་ལྷ་མོ།།
ཐུགས་བསམ་རྒྱང་ནས་བཞེས་དང་།།
གུང་ཐང་དཔལ་ལྡན་ལྷ་མོ།།
རྟ་ཕོ་གཅིག་ལ་ཁྲོས་ཏེ།།
རྟ་བརྒྱར་ལྕག་ཚན་མ་གཞུ།།
སྐྱེ་བོ་གཅིག་ལ་འཁོན་ནས།།
མི་མང་ཆུ་ལ་མ་བསྐྱུར།།

ཞེས་ཐལ་བ་ལ། ཡང་གུང་ཐང་ལྷ་མོ་ཕོ་རོག་ཅིག་ཏུ་སྤྲལ་ནས་ཀོ་གྲུ་མགོ་རྟིང་སློག་གྲབས་བྱས་པས། མཐའ་མ་དེར་གཞོན་ནུ་སྐལ་ལྡན་གྱིས་གོང་གི་མཛའ་གཞས་ཡང་བསྐྱར་ཐལ་བའི་ཞར་ལ། རང་གི་སོར་གདུབ་དེ་ནམ་མཁར་འཕངས་པས་ཕོ་རོག་དེས་དེ་འཁྱེར་ནས་གུང་ཐང་ཕྱོགས་སུ་འཕུར་སོང་བ་དང་། ཀོ་གྲུའི་ནང་གི་མི་རྣམས་ཀྱང་སྐྱིད་ཆུ་བརྒལ་ཐུབ་ནས་གུང་ཐང་ཕྱོགས་སུ་གོམ་ཁ་བསྒྱུར། སྐབས་དེ་འདྲ་ཞིག་ལ་གཞོན་ནུ་སྐལ་ལྡན་ལ་ག་ཡིན་འདི་ཡིན་མེད་པར་ན་ནས་འགྲོ་མི་ཐུབ་པ་ཆགས། དེ་ནས་རང་གི་བཟའ་ཟླ་སྒྲོན་སྐྱིད་ལ། ང་ནི་གུང་ཐང་ལྷ་མོའི་ཁྱོ་ག་བྱེད་དགོས་ཆགས་སོང་ཞེས་གནས་ཚུལ་རྣམས་བཤད་ཚར་མ་ཐག་ཚེ་ལས་འདས་པ་རེད། བཟའ་ཟླ་སྒྲོན་སྐྱིད་ནི་དེ་གར་དབང་མེད་དུ་བརྒྱལ་བ་དང་། དུས་ཚོད་རིང་ཙམ་རྗེས་ལ་དྲན་པ་སོས་ནའང་། རང་གི་སྙིང་ནས་གཅེས་པའི་བཟའ་ཟླ་དང་བྲལ་དགོས་བྱུང་བ་མ་བཟོད་ནས།། ད་ནི་འཆི་བ་ལས་ཐབས་མེད་བསམ་ནས་རྐེད་པ་ནས་གྲི་ཆུང་ཞིག་བཏོན་ཏེ་རང་སྲོག་རང་གིས་བཅད་པ་དང་། རྣམ་ཤེས་དེ་བཟའ་ཟླ་སྐལ་ལྡན་གྱི་རྗེས་སུ་འབྲངས་ནས་གུང་ཐང་དགོན་པའི་ནང་དུ་འཁྱམས་པ་རེད། སྐལ་ལྡན་གྱིས་ད་དུང་ཡང་རང་ཉིད་ལ་བཟའ་ཟླ་ཡོད་པས་གུང་ཐང་ལྷ་མོ་ལ་ཁྱེད་རང་གི་ཁྱོ་ག་བྱེད་རྒྱུ་ཡོང་གི་མ་རེད་ཅེས་ཁྱོ་ག་བྱེད་རྒྱུ་ཁས་ལེན་མ་བྱས་པས། གུང་ཐང་ལྷ་མོས་དེ་ལ་ཉེས་ཆད་དུ་ཆུ་ལེན་རྒྱུ་དང་གད་བདར་བྱེད་རྒྱུ། མེ་གཏོང་རྒྱུ་བཅས་ཀྱི་གཡོག་ལས་བཀོལ། ཚུལ་དེ་སྒྲོན་སྐྱིད་ཀྱིས་ཤེས་རྟོགས་གསལ་པོ་བྱུང་སྟེ། གུང་ཐང་ལྷ་མོར།

ཐུགས་རྗེས་གཟིགས་དང་ཐུགས་རྗེས་གཟིགས།།
གུང་ཐང་ལྷ་མོ་ཐུགས་རྗེས་གཟིགས།།
རབ་གསུམ་རབ་ལ་བྱུང་ན་ནི།།
སྐལ་ལྡན་བདག་ལ་གནང་རོགས་གནང་།།
འབྲིང་གསུམ་འབྲིང་ལ་མ་བྱུང་ཡང་།།
སྐལ་ལྡན་ཐུག་པར་གཏོང་རོགས་གནང།།
ཐ་གསུམ་ཐ་ལས་མ་བྱུང་ན།།
བདག་ཀྱང་གཡོག་ལ་ཉར་རོགས་གནང་།།

ཞེས་ཞུས་པ་ལ། གུང་ཐང་ལྷ་མོ་ཁྲོས་ནས།

ཉོན་ཅིག་ལ་དང་ཉོན་ཅིག།
མོ་རེ་སྒྲོན་སྐྱིད་ཉོན་ཅིག།
སྐལ་ལྡན་འཁྲིད་དགོས་བསམས་ཀྱང་།།
མི་གཏོང་ཐག་ཆོད་ཡིན་ནོ།།
སྐལ་ལྡན་ཐུག་དགོས་བསམ་ཀྱང་།།
མི་གཏོང་ཐག་ཆོད་ཡིན་ནོ།།
ཁྱོད་རང་འདི་རུ་བསྡད་ན།།
གུ་ཡོག་བྱེད་དུ་བཅུག་ཆོག།

ཅེས་བཤད་པས་སྒྲོན་སྐྱིད་ཀྱི་སེམས་ལ་རང་གི་བཟའ་ཟླ་དེ་ཐུག་ཙམ་བྱེད་རྒྱུ་ཡོང་གི་རེད་སྙམ་ནས་གུ་ཡོག་ཅིག་ཏུ་སྤྲུལ་ནས་བསྡད་པ་རེད། ཡིན་ནའང་། གུང་ཐང་ལྷ་མོས། ཉིན་མ་རྟག་པར་གུ་ཡོག་དེ་མེ་ནང་ཡང་ཡང་བསྲེགས་ནས་མནར་གཅོད་བཏང་། དེ་ནས་སྒྲོན་སྐྱིད་ཕྱགས་མ་ཞིག་ཏུ་སྤྲུལ་ནས་བསྡད་པ་གུང་ཐང་ལྷ་མོས་ཤེས་ནས་ཉིན་མཚན་མེད་པར་ མནར་གཅོད་བཏང་སྟབས། སྒྲོན་སྐྱིད་འུ་ཐུག་ནས་མཐའ་མ་དེར་སྐལ་ལྡན་ཉིན་རྟག་པར་ཆུ་ལེན་དུ་འོང་སའི་ཆུ་སྟེགས་ཀྱི་རྡོ་བ་ཞིག་ཏུ་སྤྲུལ་ནས་ཉི་མ་རྟག་པར་བཟའ་ཟླ་སྐལ་བཟང་མཐོང་རྒྱུ་བྱུང་ཡོད་པ་རེད།

སྒྲུང་འདི་ནི། ༼བོད་ཀྱི་དམངས་ཁྲོད་སྒྲུང་གཏམ༽་ཞེས་པའི་དེབ་ནང་ནས་ཉིང་བསྡུས་ཀྱིས་བཀོད་པ་ཞིག་ཡིན། དེབ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༨༥ ལོར་དཔར་སྐྲུན་བྱས་འདུག

སྣ་ཚོགས།

Post navigation

Previous Post: ལྷོ་ཁ་རྒྱ་ཆེ་མང་ཚོགས་ཀྱི་མཐུན་འགྱུར་འོག་བསྟན་སྲུང་དྭང་བླངས་དམག་གི་མི་རྟའི་འཚོ་རྟེན་གོ་སྒྲིག་བྱས་པ།
Next Post: ནོར་བ་ཡོ་བསྲང་གི་རོགས་སྐྱོར་གནང་དགོས།

Comments (32) on “གུང་ཐང་ལྷ་མོ།”

  1. ལྷག་བསམ། says:
    2011-01-30 at 1:08 pm

    སྒྲུངཡོད་ཚད་བཤུ་གིན་བསྡད་ན་དགོས་དོན་ཆེ་བ་ཅང་ཡོད་དམ། དེ་ལས་གསར་རྩོམ་མམ་དེ་མིན་གཞན་གྱི་རིག་གཞུང་ནས་བསྒྱུར་ཐུབ་ཚེ་ཅིས་ཀྱང་བཟང་བར་སེམས། དེ་མིན་ན་བོད་ཀྱི་དངོས་བདེན་ལོ་རྒྱུས་འདྲ་བྲིས་ནའང་དགེ་མཚན་ཆེ་ཞེས་ང་སྨྲའོ།།

  2. གསང་གྲོལ། says:
    2011-01-30 at 1:37 pm

    སྤང་རྒྱན་མེ་ཏོག་དུས་དེབ་སྟེང་ན་འདི་ལས་སྙན་པའི་མཛའ་གཞས་རེ་ཡོད་རྒྱུ་རེད་སྙམ།

  3. གཞོན་ནུ་ཟླ་མེད། says:
    2011-01-30 at 7:16 pm

    བརྩེ་སྒྲུང་སྙིང་རྗེ་བོ་འདུག སྙིང་གི་ཚི་ལུའི་སྒྲུང་རེད་འདུག གང་ལྟར་སྐལ་ལྡན་ལ་སྙིང་གི་ཚི་ལུ་གཉིས་ཡོད་པའི་འགལ་ཟླའི་ཁྲོད་ཀྱི་སྒྲུང་ཡིན་པ་གང་ཞིག་ལ། རིག་གཞུང་ཁྲོད་ཀྱི་འགལ་ཟླ་ཞིག་རེད་འདུག གལ་ཏེ་ཁོང་ཚོ་གསུམ་ག་སྟོད་པའི་ཁྱིམ་ཚང་ཞིག་གི་ཡིན་རྒྱུ་ན། ཁོང་ཚོ་གསུམ་གྱིས་མཉམ་དུ་འཚོ་བ་རོལ་ཆོག་རྒྱུ་རེད། འོན་ཀྱང་ཁོང་ཚོ་ནི་ཁྱོ་གཅིག་ཤུག་གཅིག་རིང་ལུགས་གཙོར་འཛིན་པའི་དབུས་པའི་མི་དང་ལྷའི་བར་གྱི་བརྩེ་བ་ཞིག་རེད་འདུག་པས་འགལ་འདུ་དེ་བྱུང་བ་རེད། ནམ་ཞིག་དབུས་ལ་ཡང་སྟོད་པ་དང་ཁམས་པའི་ཁྱོ་གཅིག་ཤུག་མང་པ་དང་། ཁྱོ་མང་ཤུག་གཅིག་རིང་ལུགས་དར་བ་ཡིན་ན་དཔལ་ལྡན་ལྷ་མོ་ཞེ་དྲག་ཁྲོ་རྒྱུ་མ་རེད།
    ད་དུང་སྒྲུང་འདི་ནི་ངོ་ནས་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ཀྱིས་ཕྱུག་འདུག དཔེ་ཡག་པོ་རེད་འདུག འགྲན་བསྡུར་གཅིག་བུ་ལ་མ་བསམ་པར། འཚམ་འཚམ་ལ་སྒྲུང་འདི་འདྲ་དྲ་ལམ་ན་མཐོང་རྒྱུ་ཡོད་ན་ཡག་པོ་འདུག དྲ་གྲོགས་ཚོ། མུ་མཐུད་སྙིང་གི་ཚི་ལུ་ཡིན་ད།

  4. ཀླུ་སྨྱོན། says:
    2011-01-30 at 9:43 pm

    བོད་ཀྱི་དམངས་ཁྲོད་བརྩེ་སྒྲུང་ཞིག་ལ་ཡིད་འཕྲོག་གི་ནུས་པ་ལྡན་པ་ཞིག་ནི་མགར་བ་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ་གཉིས་ལས་ལྷག་ཅིག་དེ་སྔ་མཐོང་མ་བྱུང་། སྒྲན་མེག་གི་རྒྱ་མཚོའི་བུ་མོ་ཡང་དེ་བཞིན་རེད།

  5. གཞོན་ནུ་ཟླ་མེད། says:
    2011-01-30 at 9:52 pm

    མགར་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ་གཉིས་ཀ་ཡང་བརྩེ་བ་གཏིང་ཟབ་མོ་ཡོད་པ་གང་ཞིག་ལ། ལུགས་སྲོལ་ཞིག་གིས་བར་དུ་ཆོད་པ་དེ་འདྲ་ཞིག་ཡིན་ཚོད། དཔེར་ན་ཁྱོད་དང་ཚེ་རིང་སྐྱིད་གཉིས་ག་ལ་ཡང་སྒྲུང་དེ་འདྲ་ཞིག་ཏན་ཏན་ཡོད་པ་རེད། གཉིས་ཀ་གཅིག་གཅིག་ལ་བརྩེ་བ་ཡོད་པར་མ་ཟད། གཅིག་གཅིག་ལ་དུང་ཀ་ཡོད་ན་ཡང་། ཁྱོས་ན་བཟའ་དེས་བར་དུ་བཀག་ཡོད་པ་མ་རེད་དམ། ཧཧཧ

  6. BONPO says:
    2011-01-30 at 10:39 pm

    དབུས་གཙང་ཁུལ་དུ་་་གུང་ཐང་ལྷ་མོ་་་དེ་འདྲ་སྐད་གྲགས་ཆེན་པོ་ཞིག་ཡིན་ས་རེད། ཡ་ཡ་ཡ་ཡ་ཡ། གུང་ཐང་ལྷ་མོའི་་་་མཆོད་ཁང་་་་་དེ་ཡང་ཁྱེད་ཚོས་སླར་གསོ་ཡག་པོ་བྱེད་དགོས་ས་རེད་བ། ལྷ་སའི་བུ་མོ་ཚོ་རྣམ་པ་མཛེས་པོ་ཡོད་པ་ཡང་་་་གུང་ཐང་ལྷ་མོའི་བྱིན་གྱིས་རླབས་པ་ཡིན་སྲིད་པ་རེད། །
    ལྷ་སའི་བུ་མོ། ཨ་་་ ལྷ་སའི་བུ་མོ། ཨཨཨ་་་་་

  7. ཟླ་བ་གཞོན་ནུ། says:
    2011-01-31 at 5:38 am

    གཞོན་ནུ་ཟླ་མེད་འདིའི་ཁ་འདི
    དེ་འདྲ་བཤད་སྲོལ་ཞིག་ཡོད་ཀ

  8. ལྷག་བསམ། says:
    2011-01-31 at 11:00 am

    ད་འདི་ན་བོན་ནག་འདོད་ཆགས་ཀྱིས་གཟིར་འདུག ལྟོས་དང། ཁོའི་ཤོས་སྟངས་ལ།

  9. ལྷག་བསམ། says:
    2011-01-31 at 11:04 am

    གཞོན་ནུ་ཟླ་མེད་འདིའི་ཁ་འདི
    དེ་འདྲ་བཤད་སྲོལ་ཞིག་ཡོད་ཀ

  10. ཀརྡོ་རབ་འབྱམས་པ་ says:
    2011-01-31 at 12:10 pm

    ལྐལ་ལྡན་ལྟ་བུའི་སྙིང་མེད་ལ། །
    སྒྲོན་སྐྱིད་བཟའ་ཟླར་འོས་མ་ཡིན། །
    གཟུགས་མེད་གཟུགས་ཅན་བཀུག་སྟངས་འདིས། །
    དཔལ་ལྷ་མིང་དོན་མ་མཚུངས་རྟགས། །
    འོན་ཀྱང་དམངས་སྒྲུང་ཆུ་ཚད་མཐོ། །
    དེ་བས་ཀུན་གྱིས་བྲིས་དང་ཤོད། །

  11. ཀླུ་སྨྱོན། says:
    2011-01-31 at 12:15 pm

    ཟླ་མེད་ད་ཁྱོད་སྡོད། སྡེ་མཛེས་མས་གོ་ན་ཁྱོད་འདྲ་བོ་ཁྲིམས་གཏུགས་ཟོ་བྱེད་ན་ཐང་། མི་ལྡོམ་སྔགས་གཟུགས་ཤིག་ལ་སྡེ་མཛེས་མ་རྨི་ལམ་ནང་དུ་ཡང་དགའ་སྲིད་ཀི་མ་རེད།

  12. ལོ་ལོན། says:
    2011-01-31 at 1:27 pm

    ཡག་པོ་གསུང་བཞགས། འོ་ད་། ཅིག་གི་། རྒྱན་རྒྱའི་སྐར་མ་ཤོད་དང་། ངས་ཡུལ་ནས་འདི་རིགས་ལ་རོགས་མཐུན་ཟེར་ར།

  13. BONPO says:
    2011-01-31 at 2:11 pm

    ལྷག་བསམ་་་ཆོས་ནག་་་ཁོས་་་གལ་སྲིད་གང་ཞིག་འདོད་ཆགས་ཀྱིས་གཟིར་བ་མཐོང་བ་ན་དེ་མ་ཐག་ཏུ་་་བོན་ནག་་་ཅེས་པའི་ཚིག་འདི་ཁོའི་ཁ་སྦུག་ཆུང་ཆུང་དེ་ནས་ངང་ངམ་ཤུགས་ཀྱིས་་ཤོར་དོན་ཅི་ཡིན་ནམ། བོན་ནག་བསྟན་པ་དར་བར་ཤོག། བོན་ནག་སེམས་ལ་ཟུག་པར་ཤོག། བོན་ནག་འཛམ་གླིང་གང་བར་ཤོག། བོན་ནག་ཁྱོད་ལ་གནོད་པར་ཤོག། བོན་ནག་བོད་ལ་ཕན་པར་ཤོག། ང་དང་བོན་ནག་རྒྱལ་བར་ཤོག།

  14. གཞོན་ནུ་ཟླ་མེད། says:
    2011-01-31 at 4:27 pm

    ༡༽ དཔལ་ལྡན་ལྷ་མོ་ལ་རབ་བྱུང་སྒྲུབ་ཡོད་པ་གོ་མ་མྱོང་། དེ་བས་རང་ཉིད་དགའ་ས་ལ་དགའ་བ་ནི་བརྩེ་བའི་རང་དབང་རེད། ཅེས་ཀརྡོ་རབ་འབྱམས་པ་ལ་ལན་བཏབ་ནས། འོག་ཏུ་གོང་གི་མ་རྩོམ་བརྩེ་སྒྲུང་དེར་དབྱེ་ཞིབ་ཅུང་ཟད་བྱེད།
    ༢༽སྒྲུང་འདི་རྟོག་བཟོ་ཞིག་ཡིན་ན་ཡང་ས་བཅུའི་དབང་ཕྱུག་འདོད་ཁམས་དབང་མོ་ཡང་བརྩེ་དུང་གི་རྒྱ་རུ་ཚུད་པ་འདིས་འཇིག་རྟེན་སྣང་བ་གཏིང་ཟབ་མོ་དང་། འཁོར་བའི་འཁྲུལ་འཁོར་འདི་ཤུགས་ཆེན་པོ་ཡིན་པར་བསྟན་འདུག
    ༣༽ དཔལ་ལྡན་ལྷ་མོ་ཡང་ཁོང་གཉིས་ཀའི་ལུས་མཉམ་དུ་གནས་པ་ལ་བར་ཆད་བཏང་རུང་། སེམས་ཀྱི་བརྩེ་བ་ལ་བར་ཆད་དུ་ནམ་ཡང་གཏོང་ཐུབ་མེད་པས། བརྩེ་བ་ནི་རྟག་བརྟན་ཐེར་ཟུག་ཞིག་ཡིན་པར་སྟོན།
    ༤༽ གཞོན་ནུ་ཕོ་མོ་ཟུང་གི་བརྩེ་བའི་བར་དུ་གཟུགས་མེད་ལྷ་ཡང་ཞུགས་ས་མེད་ན་གཟུགས་ཅན་མི་ཞིག་འཛུལ་ས་རྩ་ནས་མེད་པ་འདིས། ཕྱོགས་གཉིས་ཀྱི་བརྩེ་དུང་ནི་ཤིན་ཏུ་དམ་པའི་ཆ་གཉིས་མ་ཡིན་པར། ཤི་སྲོག་ལ་ཐུག་ཀྱང་ཆ་བགར་དུ་མེད་པ་གཅིག་ཏུ་འདྲེས་པ་ཞིག་ཡིན་པར་སྟོན།
    ༥༽ སྒྲོན་སྐྱིད་ཕྱི་མའི་ཡུལ་དུ་སོང་ཟིན་ཡང་རྣམ་ཤེས་ད་དུང་སྐལ་ལྡན་མཐོང་སའི་རྡོ་ཞིག་ལ་ཐིམ་ནས་བསྡད་པ་འདིས་བརྩེ་དུང་ནི་ཕྱི་མའི་ཡུལ་དུ་སོང་ཡང་འབྲལ་མི་ཐུབ་པའི་སྲ་མཁྲེགས་དང་རིན་བྲལ། འོད་མདངས་འཕྲོ་བ་རྡོ་རྗེ་ཕ་ལམ་ལྟ་བུ་ཞིག་ཏུ་སྟོན།
    ༦༽ དེ་ནས་རྩོམ་ཡིག་འདི་མཇུག་བསྡུ་ཁར་རྩོམ་པ་པོས ༼སྒྲོན་སྐྱིད་འུ་ཐུག་ནས་མཐའ་མ་དེར་སྐལ་ལྡན་ཉིན་རྟག་པར་ཆུ་ལེན་དུ་འོང་སའི་ཆུ་སྟེགས་ཀྱི་རྡོ་བ་ཞིག་ཏུ་སྤྲུལ་ནས་ཉི་མ་རྟག་པར་བཟའ་ཟླ་སྐལ་བཟང་མཐོང་རྒྱུ་བྱུང་ཡོད་པ་རེད།༽ ཅེས་བྲིས་འདུག དེས་ནི་སྒྲུང་ནང་གི་ཁྱོ་ཀ་སྐལ་ལྡན་དེ་ཁ་བསྒྱུར་ནས་སྐལ་བཟང་ལ་བཟོས་ནས་རང་གི་ཉམས་རྟོག་ཅུང་ཟད་བསྲེས་ཞིང་སྒྲུང་ནང་གི་མི་སྣ་དང་རྩོམ་པ་པོས་ཉམས་སྣང་གཞི་གཅིག་ཏུ་འདྲེས། རང་ཉིད་ཀྱི་གཏན་གྱི་འདུན་མ་སྟེ། ཁྱོ་ཀ་ལ་མཇལ་བའི་སྐལ་བཟང་ལ་རེ་སྒུག་བྱེད་ཀྱི་ཡོད་པ་བསྟན་འདུག

  15. རྩམ་དགའ། says:
    2011-01-31 at 5:30 pm

    ཆུང་འདྲེས་ན་ཆུང་གི་བརྩེ་དུང་། །
    དྭངས་གསལ་ཆུ་ངོགས་ཀྱི་ཟླ་བ། །
    ལག་པས་འཛིན་རྒྱུ་ཞིག་མེད་ཀྱང་། །
    སེམས་ལ་འགོག་ཐབས་རང་མི་འདུག །

  16. གཞོན་ནུ་ཟླ་མེད། says:
    2011-01-31 at 5:46 pm

    སེམས་པ་གཤོག་ཐོག་གི་བྱ་རྒོད།།
    ཨ་སྔོན་གནམ་འཕང་དེ་བཅད་ནས།།
    སེམས་སོང་བྱམས་པ་ཡི་ཕྱོགས་ལ།།
    མྱུར་མགྱོགས་ཤུགས་རྩལ་གྱིས་བཞུད་པ།།
    རྩམ་དགའ་ད་ཡིན་ད།

  17. ཆུ་སྐྱེས་སྒྲོལ་མ། says:
    2011-01-31 at 10:32 pm

    དྲ་གྲོགས་རྣམ་པས་དགོངས་ཚུལ་གསུངས་པར་གུས་བཀུར་ཡོད། བོད་ལ་བཟའ་གསུམ་སྒྲིག་ནས་མི་ཚེ་བསྐྱེལ་སྟངས་ཤིག་ཡོད་པ་ནི། བོད་སྟོད་ཕྱོགས་གཅིག་པོ་ག་ལ་ཡིན། བོད་ཀྱི་ཡུལ་ལུང་གཞན་པ་ཁག་ཅིག་ལའང་ཡོད་པའི་ལུགས་སྲོལ་ཞིག་རེད། ། འོན་ཀྱང་ལུགས་སྲོལ་དེ་ལས་ང་ཚོས་ཤེས་རྟོགས་ཐུབ་པ་ཞིག་ནི། འདུས་སྡོད་ཀྱི་ཆེད་དུ་རེད་ལ། བོད་ཀྱི་བུད་མེད་ཚོའི་གནས་སྟངས་ཤིག་ཀྱང་རེད། སྲོལ་དེ་དུས་ནམ་ཞིག་ལ་དར་འཕེལ་བྱུང་མིན་བཤད་དཀའ་ནའང༌། དཔལ་འབྱོར་དགོས་མཁོའི་ཆེད་དུ་ཡིན་པ་འདྲ་ཞིག་རེད་སྙམ།
    དབུས་ཁུལ་ལ་མཚོན་ན། བུ་གསུམ་ལ་མནའ་མ་གཅིག་བླངས་ན།་ བུ་མོ་དེ་ག་ཚོད་ཀྱི་འཇོན་པོ་ཡོད་ཀྱང༌། ལོ་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེ་ཐུབ་ཐབས་མེད་པས། དེས་ཀྱང་བཟའ་བཏུང་གྱོན་གོས་ཚུན་ལ་གྲོན་ཆུང་ཐུབ། ནང་གི་བུ་སྤུན་ལོ་ན་རྒན་ཤོས་གོ་རིམ་གྱིས་ཚོང་རྒྱག་མཁན་ཚོས་ཚོང་དང༌། ཞིང་ལས་བྱེད་མཁན་གྱིས་ཞིང་ལས་སོགས་བྱས་ནས། ནང་དེ་ཚ་སོབ་སོབ་གཅིག་གི་ཆེད་དུ་རེད། ཡང་བུ་གསུམ་ལ་མནའ་མ་གསུམ་བླངས་ན་ཅི་སྐྱོན་ཟེར་ན། དེ་མཚུངས་ཀྱི་ཁྱིམ་ནོར་ཆ་བགོས་བྱེད་དགོས་པ་དང༌། རིམ་བཞིན་ཁྱིམ་ཚང་དབུལ་པོའི་ལམ་དུ་འདེད་རྒྱུ་ལས་མ་འདས་པས་རེད་བསམ། གང་ལྟར་བུད་མེད་དེའི་མི་ཚེར་རིན་ཐང་ཅི་ཡོད་བཤད་དཀའ་ཡང༌། དང་པོ་ནས་མནའ་མར་བླངས་པའི་དམིགས་བྱ་གཙོ་བོ་དེ་ནི་ཁྱིམ་ཚང་གི་དཔལ་འབྱོར་ཁོ་ནའི་ཆེད་དུ་ཡིན་པ་འདྲ།
    བྱས་ན། བུ་མོ་སྤུན་གསུམ་ལ་མག་པ་གཅིག་བླངས་ན། ཟེར་ན། ལུགས་སྲོལ་དེ་ཡང་ཡོད་པ་ཞིག་རེད། ཡིན་ནའང་ཉུང་ཉུང་རེད། རེ་གཉིས་ཙམ་རེད། དེ་ནི་དཔལ་འབྱོར་དཀའ་ངལ་གྱིས་དར་པོ་དེ་ཙམ་མེད། གང་གིས་ཞེས་ན། ལོ་གཅིག་ནང་ལ་ཁྱིམ་དེར་དེར་ཕྲུ་གུ་གསུམ་སྐྱེས་ན། རིམ་བཞིན་ནང་གི་འགྲོ་སོང་ཆེ་རུ་འགྲོ་བ་དང་། གཉིས་ནས་ལས་ཀའི་ཕྱོགས་ལའང་གནོད་ཀྱི་ཡོད།་ བུ་སྤུན་གསུམ་ལ་མནའ་མ་གཅིག་ལེན་སྲོལ་དེ་བོད་ཀྱི་ས་ཆ་ཁ་ཤས་ལ། སྐྱེས་པ་ཉུང་སྐྱོན་གྱིས་བུད་མེད་རྣམས་མནའ་མར་འགྲོ་ས་མ་རག་པའི་དཀའ་ངལ་འོག་ནས་ཀྱང་ཡོང་གི་ཡོད་ཚོད། བསམ་ཚུལ་དང་བགྲོ་གླེང་གི་ཆེད་དུ་འདི་ཙམ་ཞུས་པ་ལགས།

  18. བློ་བཟང་། says:
    2011-02-01 at 1:05 am

    དྲ་གྲོགས་ཆུ་སྐྱེས་སྒྲོལ་མ་ལགས།
    བུ་གསུམ་ལ་མནའ་མ་གཅིག་བླངས་ནས་བཟའ་གསུམ་གྱི་འཚོ་བ་སྐྱེལ་སྟངས་དེ་ཕྱི་དཔལ་འབྱོར་གྱི་ཡར་རྒྱས་འགྲོ་རྒྱུར་ཕན་ཐོག་ཡོད་ཀྱང་ནང་གི་བདེ་སྐྱིད་ལ་ཕན་གནོད་ག་འདྲ་ཡོད་མིན་དང་། ལྷག་པར་བུ་མོ་དེར་ཕན་གནོད་ག་རེ་ཡོད་དམ། དགོངས་ཚུལ་ཞིག་གསུང་རོགས།

  19. ཀརྡོ་རབ་འབྱམས་པ་ says:
    2011-02-01 at 1:34 am

    ཟླ་མེད་ལགས། ཁྱེད་ཀྱི་དཔལ་ལྷ་མཛེས་མ་དེ། ཨ་ནི་བཙུན་པ་ཡིན་ཡང་ཆོག་སྟེ། དགེ་སློང་གིས་བུད་མེད་ཉར་བ་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་བཞིན་ནོ། བཙུན་མས་མི་ཕོ་ཉར་མི་ཆོག་ན། བུད་མེད་ཀྱི་ཐོབ་ཐང་དང་འགལ་ཡོང་ངོ།
    ང་རང་སྐལ་ལན་མ་ཡིན་པ་ཡག་པོ་བྱུང་འདུག་མ་གཏོགས། ངས་ནི་ངའི་དཔལ་ལྷ་མི་རོ་རངས་པོ་ཞལ་ལ་མཆོད་པ་འདི་ཡི་ཞལ་མཇལ་ཙམ་གྱིས། འདོད་སྲེད་ཕར་ཞོག སྲོག་རྩ་ཕྲ་མོ་འདི་གུམ་པར་ངེས་པས། ཁྱེད་ཀྱི་སྐྱོན་འཕང་དེ་ང་ཟུག་པར་དཀའོ། །
    ཆུ་སྐྱེས་སྒྲོལ་མས། དེང་དུས་ཡམ་ཤོད་སྟངས་གཡམ་རྒྱུག་ལ་མ་ཕྱིན་པར། མི་ཕོས་མོ་གཉིས་ལྷག་ཉར་ཆོག་ལ། འཇོན་ན་མོས་ཕོ་གཉིས་ལྷག་ཉར་ཆོག་པ་བོད་ལུགས་ཙམ་མ་ཟད། ནང་ཆོས་དང་མི་འགལ་ཏེ། རུས་ཁྲག་བདུན་བརྒྱུད་ཀྱི་རྗེས་ལ་སུའི་མཉམ་དུ་འཆང་བརྒྱབས་པ་དང་་མི་ཚང་པ་སྤྱད་པ་ཙམ་གྱིས་ཀྱང་། ལོག་གཡེམ་དུ་མི་འགྲོ་བའི་ཕྱིར་རོ། འོན་ཀྱང་། ད་ནས་བཟུང་ལུགས་སྲོལ་རྙིང་པར་འགྲོ་ཆེ་ན་རྗེས་ལུས་དང་། གཞན་གྱི་ཕྱྭ་བའི་གཞིར་གྱུར་སྲིད་པའི་དེ་ལ་ཡང་བསམས་དགོས་སོ། །

  20. ཀརྡོ་རབ་འབྱམས་པ་ says:
    2011-02-01 at 1:43 am

    བཙུན་པ་བཙུན་མར་བཅོས།

  21. མེ་ཏོག་དཀར་པོ། says:
    2011-02-01 at 2:14 am

    ཆུ་སྐྱེས་ལགས། བུ་གཅིག་ལ་མནའ་མ་གསུམ་མ་རེད་བཞི་བསླངས་མཁན་ཞིག་འབྲས་ལྗོངས་སུ་ཡོད། ཁོའི་མིང་ལ་དྲུག་ཆོག་ལ་ཆུང་པ་ཟེར། དྲུག་ཆོག་ཟེར་བ་ནི་ཁོ་པ་ཁོ་པའི་ཕ་མ་གཉིས་ཀྱི་བུ་ཕྲུག་དྲུག་པ་རེད་འདུག་པས་ཕྲུ་གུ་བདུན་པ་མི་དགོས་པར་དེ་གས་ཆོག་པའི་སྐད་ཆ་རེད་འདུག
    ཁོ་སྔ་མོ་སྲིད་དོན་ནང་ཞུགས་ཏེ་མངའ་སྡེའི་སྲིད་གཞུང་གི་ནགས་ཚལ་བློན་པོ་སོགས་བྱས་ཤིང་གཞུང་དངུལ་ཟ་དགོས་ན་ཁོ་སར་ནས་སློབ་སྦྱོང་བྱོས་ཞེས་ཁོ་རང་གི་ཉེ་བ་ཞིག་ལ་བཤད་འདུག
    ཚར་གཅིག་རྫོང་དཔོན་གྱི་དཔྲར་བར་མེ་མདའ་གཟས་ནས་རྙོགས་ཟིང་ཀྱང་ཆེན་པོ་བསླང་མྱོང་བའི་ཡ་ཡུད་ཚ་བའི་མི་ཞིག་རེད། དོན་དངོས་ཁོ་པས་མནའ་མ་གཅིག་བླངས་གཉིས་བླངས་ད་ལྟ་ལྔ་པ་དེ་རེད། བཟའ་ཟླ་རེ་རེ་བླངས་རྗེས་ཁང་པ་དང་། སྣུམ་འཁོར་སོགས་ཆ་རྐྱེན་ཆ་ཚང་བ་རེ་སྤད་ནས་ས་གནས་སོ་སོར་སྡོད་དུ་བཅུག་པས་ནང་ཁུལ་བཀའ་རྙོགས་ཀྱང་གང་ཡང་མེད།
    གང་ལྟར་ང་ལ་ཡང་སྒོར་མོ་མང་པོ་ཡོད་ན་ཁོ་ཡི་རྗེས་སུ་བདག་འཇུག་གིས། །ཟེར་བ་ལྟར་བྱ་དགོས་སྙམ། ཀུ་རེ་དང་་་་་མཉམ་དུ་ཡིན་ད་་་

  22. མེ་ཏོག་དཀར་པོ། says:
    2011-02-01 at 2:19 am

    ཆུ་སྐྱེས་ལགས། བུ་གཅིག་ལ་མནའ་མ་གསུམ་མ་རེད་བཞི་བསླངས་མཁན་ཞིག་འབྲས་ལྗོངས་སུ་ཡོད། ཁོའི་མིང་ལ་དྲུག་ཆོག་ལ་ཆུང་པ་ཟེར། དྲུག་ཆོག་ཟེར་བ་ནི་ཁོ་པ་ཁོ་པའི་ཕ་མ་གཉིས་ཀྱི་བུ་ཕྲུག་དྲུག་པ་རེད་འདུག་པས་ཕྲུ་གུ་བདུན་པ་མི་དགོས་པར་དེ་གས་ཆོག་པའི་སྐད་ཆ་རེད་འདུག
    ཁོ་སྔ་མོ་སྲིད་དོན་ནང་ཞུགས་ཏེ་མངའ་སྡེའི་སྲིད་གཞུང་གི་ནགས་ཚལ་བློན་པོ་སོགས་བྱས་ཤིང་གཞུང་དངུལ་ཟ་དགོས་ན་ཁོ་སར་ནས་སློབ་སྦྱོང་བྱོས་ཞེས་ཁོ་རང་གི་ཉེ་བ་ཞིག་ལ་བཤད་འདུག
    ཚར་གཅིག་རྫོང་དཔོན་ཞིག་གིི་དཔྲར་བར་མེ་མདའ་གཟས་ནས་རྙོགས་ཟིང་ཀྱང་ཆེན་པོ་བསླང་མྱོང་བའི་ཡ་ཡུད་ཚ་བའི་མི་ཞིག་རེད། དོན་དངོས་ཁོ་པས་མནའ་མ་གཅིག་བླངས་གཉིས་བླངས་ད་ལྟ་ལྔ་པ་དེ་རེད། བཟའ་ཟླ་རེ་རེ་བླངས་རྗེས་ཁང་པ་དང་། སྣུམ་འཁོར་སོགས་ཆ་རྐྱེན་ཆ་ཚང་བ་རེ་སྤད་ནས་ས་གནས་སོ་སོར་སྡོད་དུ་བཅུག་པས་ནང་ཁུལ་བཀའ་རྙོགས་ཀྱང་གང་ཡང་མེད།
    གང་ལྟར་ང་ལ་ཡང་སྒོར་མོ་མང་པོ་ཡོད་ན་ཁོ་ཡི་རྗེས་སུ་བདག་འཇུག་གིས། །ཟེར་བ་ལྟར་བྱ་དགོས་སྙམ། ཀུ་རེ་དང་་་་་མཉམ་དུ་ཡིན་ད་་་

  23. ཀརྡོ་རབ་འབྱམས་པ་ says:
    2011-02-01 at 2:54 am

    མེ་དཀར་འདི་མོ་དད་ཆེ་བ་ལགས། ང་ཡང་ཁོང་ནང་བཞིན་ཕོ་གཞོན་ཅིག་ཡིན་ཆོག་པ་ལགས། ངལ་གསོ་བའི་ཕྱིརོ།

  24. ཆུ་སྐྱེས་སྒྲོལ་མ། says:
    2011-02-01 at 3:55 am

    ཀརྡོ་རབ་འབྱམས་པ་ལགས་དང་མེ་ཏོག་དཀར་པོ་གཉིས་ནས་དགོངས་ཚུལ་གླེང་བར་ཡིད་སྤྲོ། ཀརྡོ་ལགས་ནས་གསུངས་པ་བཞིན་ལུགས་སྲོལ་རྙིང་པ་ཡོད་ཚད་ལ་གཙིགས་ཆེན་བྱེད་དགོས་པའི་ངེས་པ་མེད་པའི་ཕྱིར་ན། རྙིགས་དོར་བཅུད་ལེན་བྱེད་གལ་ཆེ།
    རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས།། ཁབ་ལེན་རྡོ་ཡིས་ལེན་པ་ལྟར།།
    རྙིག་དོར་བཅུད་ལེན་ལ་མཛངས་པ།། འཇིག་རྟེན་འདི་ཡི་རྒྱན་གྱི་མཆོག།
    ཡོད་ཚད་གསར་པ་ལ་ཞེན་ནས།། རྙིང་པ་མི་མཁོ་མ་གསུངས་ཤིག།
    ཆུ་དང་འདྲེས་པའི་འོ་མ་དེ།། ངང་པས་དབྱེ་བཞིན་དེ་ལ་འབད།།
    ལེགས་ཉེས་བྱ་བ་ཅི་ཡིན་རུང༌།། སྤང་བླང་ཤེས་ནས་དེར་འཇུག་པ།།
    འཁོར་བ་ཕུན་སུམ་ཚོགས་པ་ཡི།། མཛེས་པའི་སྒང་གི་རྒྱན་ཆར་བསམ།།

  25. གཞོན་ནུ་ཟླ་མེད། says:
    2011-02-01 at 9:18 am

    དྲ་གྲོགས་ཚོས་བཟའ་གསུམ་སྐོར་ལ་བགྲོ་གླེང་མང་པོ་གནང་འདུག ངས་ཀྱང་གཅིག་བཤད། ཨ་མདོ་ཕྱོགས་ལ་སྐྱེས་སྨན་གཅིག་གིས་བུ་མང་པོ་ཉར་བ་འདི་ཤིན་ཏུ་ནས་མཐོང་དཀོན། ཡིན་ན་ཡང་གསང་སྟབས་ཀྱིས་ཉར་མཁན་ཁེངས་བསྡད་ཡོད་པ་རེད། འོན་ཀྱང་དེ་དག་ལ་བཟའ་ཚང་ཞེས་པའི་མིང་འབོད་ཀྱི་མེད། སྤྱི་ཚོགས་ཐོགས་འགྲོག་བཟང་ངམ་བཟང་མཐུན་ཞེས་མིང་འབོད་ཀྱི་ཡོད། འོན་ཀྱང་བུ་གཅིག་གིས་བུད་མེད་གསུམ་བཞི་རེ་ཉར་ཡོད་པ་མང་པོ་ཡོད་པ་རེད། འོན་ཀྱང་ཁྱིམ་གཅིག་ཏུ་ཉར་ཡོད་པ་མཐོང་མ་མྱོང་ཡང་། ཁྱིམ་ཚང་ཁ་ཁ་བྱས་ནས་ཉར་ཡོད་པ་རེད། བུ་དེ་འཚམ་འཚམ་ལ་ཚུར་ཕྱོགས་ཀྱི་སྐྱེས་སྨན་མཉམ་དུ་སྡོད་ལ། འཚམ་འཚམ་ལ་ཕར་ཕྱོགས་སྐྱེས་སྨན་མཉམ་དུ་སྡོད། སྐྱེད་སྨན་གཉིས་ཀའི་ཕྱོགས་ན་འཁོར་བ་རྒྱ་ཆེན་པོ་ཟིན་བསྡད་ཡོད་པ་དེ་འདྲ་མང་པོ་མཐོང་རྒྱུ་འདུག
    འདི་དག་ལ་ཁྱོད་ཚོ་ཚང་མས་དཔལ་འབྱོར་གྱི་དགོས་མཁོ་དབང་གིས་ཞེས་འགྲེལ་བཤད་རྒྱབ་ཡོད་ནའང་། ངས་བསམ་ཚུལ་བྱས་ན་ཐམས་ཅད་དཔལ་འབྱོར་དགོས་དབང་ཞིག་གིས་མ་རེད་སྙམ། འདིའི་ནང་ན་ཐོག་མར་འཆམ་པོ་ཆགས་དུས་དཔལ་འབྱོར་དེ་འདྲ་ལ་བསམ་བློ་གཏོང་དབང་མེད་པར་གཅིག་གཅིག་ལ་དགའ་བའི་དབང་གིས། བརྩེ་བའི་དབང་གིས་འཆམ་པོ་ཆགས་འགྲོ་གི་ཡོད་པ་རེད། འོན་ཀྱང་བྱིས་པ་གཅིག་སྐྱེས། གཉིས་སྐྱེས། གསུམ་སྐྱེས་ནས་སོང་ན། ཕ་ལགས་ཆགས་ནས་དེ་ལ་འགན་ཁུར་གྱི་བསམ་བློ་སླེབས་ནས་ལས་ཀའི་རོགས་རམ་ཡང་བྱས། རིམ་བཞིན་ཁྱིམ་ཚང་གཉིས་ཀའི་ནང་གི་ཕ་ལགས་ཀྱི་བཟོ་འདྲ་བོ་ཆགས་ཡོང་གི་ཡོད་པ་རེད།
    ཨ་མདོའི་ས་ཁུལ་ཁ་ཤས་ན་ཕོ་མོའི་ལས་ཀ་ལ་ཅུང་ཟད་ཁྱད་པར་ཡོད་པ་རེད། དཔྱིད་ཀ་ཞིང་ཀར་རྨོ་རྒྱག་ཡ་རེད། དེ་བཞིན་དུ་སྟོན་ཀ་ཞིང་ཀར་ལོག་རྒྱག་ཡ་རེད། མི་ཤི་སོང་ན་ཕུང་བོ་བསྐྱལ་ཡ་རེད། འདི་ཚོ་ཚང་མ་ཕོ་ཡི་ལས་ཀ་ཡིན་པ་ལས། མོ་ཡི་ལས་ཀ་མ་ཡིན་པས། ལས་ཀའི་དགོས་མཁོའི་དབང་གིས་གཅིག་གཅིག་ལ་འཆམ་པོ་དང་གཟའ་གསུམ་ལྟ་བུ་ཆགས་པ་ཡོད་སྲིད་མོད། འོན་ཀྱང་མང་ཆེ་བ་ཐོག་མར་འཆམ་པོ་ཆགས་པའི་གོ་རིམ་ལ་བལྟས་ན། འཆམ་པོ་ཆགས་རྗེས་ཕན་ཚུན་རོགས་རེས་བྱེད་པ་ཞིག་མཐོང་གི་འདུག་པས། ལས་ཀའི་དགོས་མཁོ་ཞིག་མིན་པ་འདྲ་འདུག
    དེ་བས་ན་ངས་བསམ་ན་ལུགས་སྲོལ་འདི་དག་ལ་དཔལ་འབྱོར་དང་ལས་ཀ་གཅིག་པའི་དགོས་མཁོ་རེད་ཟེར་ན་ངོས་ལེན་མེད། དེ་དག་ནི་གཅིག་གཅིག་ལ་དགའ་བའི་དབང་གིས་ལོས་ཡིན་སྙམ། གཅིག་གཅིག་ལ་བརྩེ་བའི་དབང་གིས་ལོས་ཡིན་སྙམ།
    ཡང་སྔར་རྒྱ་དམག་དང་འཐབ་ནས་བུ་མང་པོ་ཞིག་ཤི་ཟིན་པའི་རྗེས་སུ་གྲོང་གསེབ་མང་པོ་ཞིག་གི་ནང་དུ་བུ་ལྔ་དྲུག་རེ་མ་གཏོགས་མ་ལྷག་པ་དེ་འདྲ་ཡང་ཡོད་པའི་སྐབས་སུ། བུ་ལྔ་དྲུག་དེས་གྲོང་གསེབ་ཡོངས་ཀྱི་ས་ཞིང་ཡོངས་རྫོགས་འདེབས་འཛུགས་བྱེད་དགོས་པར་མ་ཟད། བུ་ལྔ་དྲུག་དེས་གྲོང་གསེབ་ཡོངས་ཀྱི་བུ་མེད་ཡོངས་རྫོགས་ལ་ཕྲུ་གུ་བཟོ་དགོས། འདི་ལ་ཕན་ཚུན་འགན་ཁུར་ཡོད་པའི་སྒོ་ནས་རེད། འདི་དག་ལ་བོད་ཕྱོགས་ནས་ལུགས་སྲོལ་རྫོར་པོ་ཟེར་ན་འདྲ། རྒྱ་ཕྱོགས་ནས་ཀླ་ཀློའི་སྤྱོད་པ་ཟེར་ན་འདྲ། འཛམ་བུ་གླིང་བ་ཡོངས་ནས་འཕྱ་བའི་མཆི་ཞགས་འཕངས་རུང་། གྲོང་གསེབ་དེ་འདྲའི་རིགས་ལ་ངེས་པར་དུ་དགོས་ངེས་ཞིག་རེད། དེ་ནི་ཕོ་མོ་ཆ་མ་མཉམ་པའི་གནས་སྟངས་འོག་ནས་རེད། གྲོང་གསེབ་དེ་ནི་ཕལ་ཆེར་ཁྱིམ་ཚང་གཅིག་པ་ལྟ་བུ་རེད། དཀའ་ངལ་འོག་གི་སྐྱིད་སྡུག་མཉམ་མྱོང་དེ་འདྲ་ཡོད་པ་རེད།
    ངས་ནི་འདི་དག་ལ་འཛམ་བུ་གླིང་གི་ཟེར་ནས་སྐད་ཆ་ཆེན་པོ་དེ་འདྲ་བཤད་ཐུབ་ཀི་མེད། ཁྱོད་ཚོས་ཀྱང་འཛམ་བུ་གླིང་གི་ཟེར་ནས་སྐད་ཆ་བཤད་བསྡད་པ་ལས། ཕོ་མོའི་མི་འབོར་ཆ་མི་སྙོམས་པའི་ས་ཁུལ་དག་གི་དཀའ་ངལ་སེལ་སྟངས་སྐོར་ལ་ཐབས་ལམ་ཞིག་སྟོན་དང་དེ་ནས་བལྟ་རྒྱུ་ཞིག་ཡོད་པ་རེད།

  26. མེ་ཏོག་དཀར་པོ། says:
    2011-02-01 at 10:23 am

    ཟླ་མེད་ཁྱེད་ཀྱིས་དགོད་ཤོར་ལ་ངུ་བྲོ་བའི་དངོས་ཡོད་ལོ་རྒྱུས་ཤིག་བྲིས་འདུག ཐེང་ཡུ་བེ་རི་མཆ།

  27. རྩམ་དགའ། says:
    2011-02-01 at 3:37 pm

    མ་བཅོས་དྲི་མེད་ཀྱི་བརྩེ་དུང་། །
    དཀར་གསལ་བཅོ་ལྔ་ཡི་ཟླ་བ། །
    ཁྲེལ་མེད་དགྲ་ཅན་གྱིས་བཙིར་ཡང་། །
    ཡལ་མེད་འཛུམ་དཀར་འདི་མཚར་ཨང་། །

    བཅོས་མའི་བརྩེ་དུང་གི་མེ་ཏོག །
    རེ་ཞིག་མིག་སྔ་རུ་མཛེས་ཀྱང་། །
    ལོ་ཟླའི་དྲག་ཆར་འདི་མི་དགོས། །
    སྐད་ཅིག་བཞིན་མདངས་འདི་བརྗེས་ཡོང་། །

    འཇིག་རྟེན་ཕོ་མོ་ཡི་བརྩེ་དུང་། །
    གཅེས་པས་སྐྱོངས་ཐབས་ལ་མཁས་ན། །
    དུག་ཤིང་སྡེབ་སྦྱོར་ལ་བྱང་བས། །
    ཀུན་ཕན་སྨན་མཆོག་ཏུ་བསྒྱུར་འདྲ། །

  28. BONPO says:
    2011-02-01 at 7:36 pm

    ཆུ་སྐྱེས་སྒྲོལ་མས་མཆན་་་༡༧་་་པ་དེ་ཡག་པོ་ཞིག་བྲིས་འདུག་ཡ། དེ་དང་ལྷན་དུ་གཞོན་ནུ་ཟླ་མེད་ཀྱིས་མཆན་་་༢༥་་་པ་དེ་ཡང་གོ་རྒྱུ་ཡོད་པ་ཞིག་བྲིས་འདུག་པས་གཉིས་ཀ་ལ་དགའ་བསུ་ཞུ། ད་དུང་སེམས་ལ་ཕོག་པའི་ཚིག་འདི་ནི་ཤིན་ཏུ་ནས་ནུས་པ་ཆེ་བར་སེམས། ༼ཡང་སྔར་རྒྱ་དམག་དང་འཐབ་ནས་བུ་མང་པོ་ཞིག་ཤི་ཟིན་པའི་རྗེས་སུ་གྲོང་གསེབ་མང་པོ་ཞིག་གི་ནང་དུ་བུ་ལྔ་དྲུག་རེ་མ་གཏོགས་མ་ལྷག་པ་དེ་འདྲ་ཡང་ཡོད་པའི་སྐབས་སུ། བུ་ལྔ་དྲུག་དེས་གྲོང་གསེབ་ཡོངས་ཀྱི་ས་ཞིང་ཡོངས་རྫོགས་འདེབས་འཛུགས་བྱེད་དགོས་པར་མ་ཟད། བུ་ལྔ་དྲུག་དེས་གྲོང་གསེབ་ཡོངས་ཀྱི་བུ་མེད་ཡོངས་རྫོགས་ལ་ཕྲུ་གུ་བཟོ་དགོས། འདི་ལ་ཕན་ཚུན་འགན་ཁུར་ཡོད་པའི་སྒོ་ནས་རེད། འདི་དག་ལ་བོད་ཕྱོགས་ནས་ལུགས་སྲོལ་རྫོར་པོ་ཟེར་ན་འདྲ། རྒྱ་ཕྱོགས་ནས་ཀླ་ཀློའི་སྤྱོད་པ་ཟེར་ན་འདྲ། འཛམ་བུ་གླིང་བ་ཡོངས་ནས་འཕྱ་བའི་མཆི་ཞགས་འཕངས་རུང་། གྲོང་གསེབ་དེ་འདྲའི་རིགས་ལ་ངེས་པར་དུ་དགོས་ངེས་ཞིག་རེད། དེ་ནི་ཕོ་མོ་ཆ་མ་མཉམ་པའི་གནས་སྟངས་འོག་ནས་རེད། གྲོང་གསེབ་དེ་ནི་ཕལ་ཆེར་ཁྱིམ་ཚང་གཅིག་པ་ལྟ་བུ་རེད། དཀའ་ངལ་འོག་གི་སྐྱིད་སྡུག་མཉམ་མྱོང་དེ་འདྲ་ཡོད་པ་རེད།༽ འདི་ནི་ལོ་རྒྱུས་ཐོག་འགོད་རིན་ཆོག་པའི་གཏམ་ཚིག་འགངས་ཆེན་ཞིག་ཡིན་པས་ད་དུང་ཚིག་གི་འགྲོས་ལ་བཟོ་བཅོས་རེ་དགོས་ན་ངེས་པར་གནང་གལ་ཆེ། ། བྱུང་ན་གྲོང་གསེབ་དེ་ཚོའི་ས་མིང་རེ་འབྲི་ཐུབ་ན་དེ་བས་ཀྱང་གངས་ཕྲུག་ཚོའི་སེམས་ཀྱི་གཏིང་དུ་ཟུག་ཆེ་བར་སེམས། །

  29. གཞོན་ནུ་ཟླ་མེད། says:
    2011-02-02 at 1:06 am

    འོ་རེད་ཡ། རྨ་ཆུའི་ལྷོ་ཤར་ཕྱོགས་ཀྱི་བོད་པའི་སྟག་ཤར་བསད་པ་ནི་ཨ་ལགས་ཙ་ཡེ་བསྟན་འཛིན་དཔལ་འབར་ནས་གྲ་རྒྱས་པོ་གསུངས་ཡོད་པ་དེ་ག་རེད། ༼ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས༽ དེབ་དེའི་མིང་འདི་འདྲ་ཞིག་ཡིན་བསམ་སོང་། དེ་ནས་ང་ཚོའི་ཐག་ཉེ་ནས་སྣང་ར་ནས་དམག་བརྒྱབ་ནས་ཅུང་བསད་པ་རེད། དེ་ནས་ཇི་པུར་རྫ་ནས་བསད་པ་ནི་གྲངས་ལས་འདས་པ་ཞིག་ཡིན་པ། སྐབས་དེ་དུས་བུ་མོ་ཆུང་ཆུང་ལོ་ན་བཅོ་བརྒྱད་ཅན་ཞིག དེང་སང་རྒན་མོ་ལོ་ལོན་ཆགས་བསྡད་པ་ཞིག་གིས་ང་ལ་གྲ་རྒྱས་པོ་ཞིག་གསུངས་མྱོང་། རྒན་མོ་དེ་ནི་ཀླུ་སྨྱོན་ཅན་པོ་སྡེ་བ་ནས་རེད། འོན་ཀྱང་ངེད་ཚོ་སྡེ་བ་ནས་ཨ་ཁུ་ཐབས་མཁས་སྐྱ་མོ་དམར་གསོད་ཆེན་མོ་ནས་སྲོག་ཐར་ཙམ་བྱུང་མྱོང་། ཁོང་དམར་བསོད་ཆེན་མོའི་སྐབས་སུ་དཔའ་བོ་ཞིག་ཀྱང་ཡིན་ཚོད། འོན་ཀྱང་ཁོང་གིས་དེའི་སྐོར་ང་ཚོ་ལ་གོ་རིམ་ཡོད་པ་ཞིག་གསུངས་མ་མྱོང་། ཁོང་གི་གཤིས་ཀ་དེ་གཏམ་རྒྱུད་བཤད་པའི་གཤིས་ཀ་མ་རེད། འོན་ཀྱང་ཁོང་སྐྱ་མོ་དམར་བསོད་ཆེན་མོ་འཇུས་པའི་བཟུང་དམག་གྲས་་ལ་རེད། ཀྲུང་གོ་བས་བོད་པའི་ཐུའུ་ཧྥེ་ཟེར་ནས་འབོད་པ་དང་། ཁོང་ཚོ་གྲས་ཚང་མ་ཚེ་བཙོན་རེད། འོན་ཀྱང་སྲིད་འཛིན་ཧྭ་གོ་ཧྥིན་གྱི་སྐབས་སུ་ཁོང་ཚོ་བཙོན་ཁང་ནས་བསློད་པ་རེད།
    སྐྱ་མོ་དམར་གསོད་ཆེན་པོའི་ནང་དུ་ཞུགས་མཁན་ནི་མང་ཆེ་ཤོས་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཕྱོགས་གང་ས་ནས་ཡོད་ཀྱང་། དེའི་ནང་ནས་ཀྱང་ཕལ་ཆེ་བ་རེབ་ཀོང་སྟོད། སོ་ནག་ཚོ་སྟེང་ལྔ། མིང་འབའ་བྱ་གསུམ། མགོ་ལོག་ཕྱོགས་ནས་མང་པོ་འདུག་ཟེར།
    གང་ལྟར་དེའི་སྐབས་སུ་མཚོན་ཆ་ལ་ཁྱད་པར་ཤོར་བ་མ་གཏོགས། དཔའ་ངར་ལ་ཁྱད་པར་ཤོར་མེད་ཟེར། གཙོ་བོ་གནམ་གྲུ་ནང་ནས་འགད་རྫས་གཡུག་པ་དེས་བོད་པ་ཚོ་ཕམ་པར་བརྒྱབ་ཡོད་པ་རེད་ཟེར།
    འོ་ཡ་ད་སྙིང་གི་ཚི་ལུ་འབྲི་སར་གནའ་གཏམ་བཤད་བསྡད་ན་སྐྱིད་པོ་མི་འདུག་ཡ

  30. BONPO says:
    2011-02-02 at 6:50 pm

    རྨ་ཆུའི་ལྷོ་ཤར་ཕྱོགས། ང་ཚོའི་ཐག་ཉེ་ནས་་་་སྣང་ར་་་་། དེ་ནས་་་ཇི་པུར་རྫ་་་་ནས་བསད་པ་ནི་གྲངས་ལས་འདས། རེབ་ཀོང་སྟོད། སོ། ནག། ཚོ། སྟེང། མིང། འབའ། བྱ། མགོ་ལོག། (འདི་ལྟར་འབྲི་དགོས་སམ) སྐྱ་མོ་དམར་བསོད་ཆེན་མོ་་་་ཞེས་པ་དེ་ག་འདྲ་ཞིག་ཡིན་ནམ་མདོར་བསྡུས་པ་ཤིག་གསུང་རོགས་དང། དཔའ་བོ་འདི་ཚོ་་་་་ཆུ་བཞི་སྒང་དྲུག་བསྟན་སྲུང་དམག་་་་ཟེར་བ་དེ་ཡི་ཁོངས་གཏོགས་ཡིན་ནམ། ང་ཚོའི་གོ་བ་ནི་ཆུ་བཞི་སྒང་དྲུག་གིས་དམག་འཐབ་བྱས་རབས་མང་པོ་ཞིག་གོ་མྱོང། ཨ་མདོ་ཕྱོགས་ནས་དམག་འཐབ་བྱས་རྗེས་་་་བུ་ལྔ་དྲུག་དེས་གྲོང་གསེབ་ཡོངས་ཀྱི་ས་ཞིང་ཡོངས་རྫོགས་འདེབས་འཛུགས་བྱེད་དགོས་པར་མ་ཟད། བུ་ལྔ་དྲུག་དེས་གྲོང་གསེབ་ཡོངས་ཀྱི་བུ་མེད་ཡོངས་རྫོགས་ལ་ཕྲུ་གུ་བཟོ་དགོས་་་་་་བྲིས་པ་འདི་ནི་ཧ་ལས་དགོས་པ་ཞིག་རེད། ཁྱེད་རྣམས་ཀྱིས་སྔར་གྱི་བྱས་པ་ལ་དེང་གདོང་དམར་གཞོན་ནུ་ཚོས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་ལོས་དགོས།

  31. གཞོན་ནུ་ཟླ་མེད། says:
    2011-02-02 at 11:53 pm

    རྒྱ་དམག་ལྷ་ས་མ་སླེབས་སྔོན་ལ་ཁམས་དང་ཨ་མདོར་སླེབས་པ་རེད། ལྷ་སར་དམག་མ་བརྒྱབ་སྔོན་ལ་ཁམས་དང་ཨ་མདོའི་ཕྱོགས་ལ་དམག་བརྒྱབ་པ་རེད་པ། ཟི་ལིང་ཁ་ཆེའི་ཀྲུའུ་ཞི་མྰ་པུའུ་ཧྥང་ལ་དམག་བརྒྱབ་དུས་ཨ་མདོའི་ཕྱོགས་ལ་དམག་རྒྱག་བཞིན་པ་རེད། འོན་ཀྱང་ལྷ་ས་ཕྱོགས་ནས་སྤྲོ་སྐྱིད་བཏང་བསྡད་ཡོད་པ་རེད། བྱས་ཙང་ཆུ་སྒང་སྒྲིག་འཛུགས་ནི་རྗེས་རྗེས་ནས་བཙུགས་པ་ཞིག་རེད། ལྷ་སའི་ཕྱོགས་ལ་རྒྱ་དམག་གི་བཙན་ཤེད་སླེབས་པ་ནས་ཆུ་སྒང་སྒྲིག་འཛུགས་གསར་དུ་བཙུགས་པ་ཞིག་མིན་འགྲོ

  32. BONPO says:
    2011-02-03 at 12:53 pm

    ཡ་ཡ་ཡ་ད་ཧ་གོ་སོང། ལོ་རྒྱུས་ཇི་མ་ཇི་བཞིན་གང་བྱུང་བ་དེ་ལོ་ཆུང་ཚོས་ཤེས་རྒྱུ་དེ་གལ་ཅེན་པོ་རེད། རང་མི་རིགས་ཀྱི་ལོ་རྒྱུས་རང་ཁོངས་ནས་མགོ་འཐོམ་སྣང་མེད་དུ་སོང་ནས་མ་ཤེས་ན་ཧ་ཅང་ཕངས་པོ་རེད་བ། རེབ་ཀོང་་་དང་་་རེབ་གོང་་་འབྲི་ཚུང་གཉིས་པོ་འདི་སུ་དག་པར་བརྩི་འམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme