Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་གི་ཚི་ལུ།

Posted on 2011-01-282011-01-28 By ཁ་བརྡ་ 14 Comments on སྙིང་གི་ཚི་ལུ།

གསལ་ལེ་རྒྱལ།
———–
ལོ་ངོ་འགའི་ཡར་སྔོན་ཞིག་ལ་ཁྱོད་རང་དྲ་རྒྱ་ཞིག་གི་སྣེ་མོ་ནས་འཇུར་ཏེ་ངའི་མིག་མདུན་དུ་སླེབས་སོང་། ཁྱོད་ཀྱིས་བོད་ཀྱི་མཛམས་མའི་མིང་བྱང་ཁུར་ཏེ་ངའི་སེམས་ཁུངས་སུ་སླེབས་སོང་། རྒྱ་བཟའ་ཀོང་ཇོ་པོ་ཏ་ལའི་ནང་དུ་ཕེབས་པ་བཞིན་ག་ལེར་ངའི་ཤ་གསེང་རུས་གསེང་ལ་འཐུམས་སོང་། དུས་དེ་ནས་བཟུང་ཁྱོད་རང་ངའི་རྩ་ལམ་ན་ཁྲག་གི་འཁོར་རྒྱུག་དང་མཉམ་དུ་རྒྱུ་བའི་སྣང་བ་ཤར། དུས་དེ་ནས་བཟུང་ཁྱོད་རང་ངའི་ཡིན་པའི་སྣང་བ་ཤར་ལ་ང་ཁྱོད་ཀྱི་ཡིན་པའི་ཚོར་བའང་བསླེབས། དེ་དུས་ངས་རང་གི་དེབ་འགའ་པར་བསྐྲུན་བྱས་ཚར་ཡོད་ལ། དེ་དུས་ངའི་ངོ་གདོང་ལ་རྒས་གཉེར་ད་དུང་བབས་མེད། དུས་དེ་ནས་བཟུང་ངས་ང་རང་ཁྱོད་ལ་འོས་ཤིང་ཁྱོད་རང་ང་ལ་འཚམས་པའི་སྣང་བ་སྒོམ། ངས་མེ་ལོང་གི་མདུན་ནས་རང་ཉིད་ཀྱི་མཛེས་སྡུག་བཙལ། ད་དུང་སྒོར་མོ་མེད་པའི་སྒོར་ཁུག་ལ་འཁང་ར་བྱས། འུ་གཉིས་ཀའི་དག་ཞིང་དེ་ཁོ་ནའི་ཆེད་དུ།

ཁྱོད་རང་སྙན་ངག་ལ་དུང་བ་ཤེས་ཏེ་ངས་སྙན་ཏག་ཏག་བྲིས། ད་དུང་ཉིན་རེ་བཞིན་མེ་ལོང་གི་མདུན་དུ་ལང་སྟེ་རང་ཉིད་ཀྱི་ངོ་གདོང་ནས་ཁྱོད་ཀྱི་དོ་སྣང་འདྲེན་བྱེད་ཅིག་འཚོལ་བཞིན་ཡོད། ཆེ་ཆུང་མེད་ལ་འོད་སྣང་འཕྲོ་བའི་མིག་ཟུང་དང་དུང་ལྟར་དཀར་བའི་སོ་འཕྲེང་སོགས་ལ་ཡང་ཡང་བལྟས། སྐབས་རེར་རང་བློར་བབས་པའི་ཆ་ཅི་ཞིག་རྙེད་པ་བཞིན་སྤྲོ་འཛུམ་རེ་བསྟན་མྱོང་ལ། མཚམས་མཚམས་སུ་ཅི་ཞིག་གིས་ཡིད་མ་ཚིམ་པ་ལྟར་རང་ཉིད་ཉལ་ཁྲིའི་སྟེང་དུ་ལོག་ནས་ཕྱོགས་གཞན་ཞིག་ལ་བསམ་བློ་བཏང་མྱོང་། གཟན་ཆད་དམར་བོ་འདིར་ལས་བརྡ་བྱེད་མྱོང་བའང་ཁྱོད་ནའི་ཆེད་དུ་ཡིན་ལ། གྲྭ་བ་ནས་སྔགས་པར་གྱུར་བའི་རྒྱུད་རིམ་འདིའང་ཁྱོད་ཁོ་ནའི་ཆེད་དུ་ཡིན། ངས་མཁའ་སྤྱོད་མའི་རྫུ་འཕྲུལ་ལ་བསམ་བློ་གཏོང་ཐེངས་རེར། རང་ཉིད་ལ་གནས་ལུགས་ཤིག་དང་རེ་བ་ཞིག་ཡོད་པའི་ཡིད་ཆེས་བསླེབས། ང་ལ་ཨ་རིར་འགྲོ་ཆོག་པའི་ཆོག་མཆན་ཐོབས་པ་དང་ངས་ཁྱོད་ཀྱི་བཞིན་རས་སྒོམ་སྟེ་ཁེར་དགོད་ཅིག་བྱས་ཤིང་། ངའི་སེམས་སུ་དོན་དག་ཆེན་པོ་ཞིག་དང་ཁྱིམ་གཞི་ཆུང་ཆུང་ཞིག་མཉམ་དུ་འགྲུབ་སོང་བ་ལྟ་བུའི་དགའ་སྤྲོ་སྐྱེས། ད་དུང་གང་ནས་ཡོང་བ་མི་ཤེས་བའི་དབྱངས་རྟ་སྙན་མོ་ཞིག་ངའི་རྣ་ལམ་དུ་ལྷུང་། ‘‘ཨ་ལགས། ཇ་འཐུང’’། གློ་བུར་ཏུ་རང་ཉིད་རྒྱ་མ་བརྒྱས་ཇེ་ཡང་དུ་སོང་བའི་སྣང་བ་ཤར།

ངས་ཁྱོད་ཀྱི་སྙན་ངག་བཀླགས་ཤིང་ཁྱོད་ཀྱི་ལོ་རྒྱུས་བཙལ། ཁྱོད་ཀྱིས་བྲིས་བའི་སྙན་ངག་ལས་༼གྲྭ་ལོག༽་ཅེས་བའི་མིང་ཚིག་འདི་ཇི་ལྟར་བཙལ་ཡང་མ་རྙེད་ལ། ད་དུང་ཁྱོད་ཀྱིས་གྲྭ་ལོག་ཅིག་ལ་དགའ་རོགས་བསྒྲིགས་མྱོང་བའི་ལོ་རྒྱུས་ཐོས། འདི་ནི་ང་ལ་མཚོན་ན་དགའ་དགོས་བའི་དོན་དག་ཅིག་ཡིན་ལ་ཁྱོད་ང་ལ་དགའ་སྲིད་པའི་ཚོད་དཔག་ཅིག་ཀྱང་ཡིན། ཡིན་ཡང་ཁྱོད་ཀྱིས་རྡ་ས་ནས་སྙན་ངག་འབྲི་བཞིན་དབྱིན་ཡུལ་དུ་འཕུར་སོང་། ཁྱོད་ཀྱིས་དྲ་ཐོག་ནས་སྙན་ངག་བྲིས་ཏེ་ཁྱོད་ལ་ཀློག་པ་པོ་ཇེ་མང་ནས་ཇེ་མང་དུ་སོང་བས་ང་ལ་སེམས་ཁུར་ལངས། ཁྱོད་ཀྱི་འཇིག་རྟེན་ན་ཕོ་གསར་གང་མང་ཡོད་ངེས་བས། ང་རང་ད་དུང་ཁུ་སིམ་སིམ་གྱིས་འདུག་རན་མིན་པ་ཤེས་ཤིང་བྲེལ་བ་ལངས། ང་ལ་བྲེལ་བ་ལང་ཐེངས་རེར་ངའི་གཟན་ཤུབ་ཀྱི་སྣེ་མོ་ན་སུ་ཞིག་གིས་འཐེན་གྱིན་པ་འདྲ་ལ། དེ་དང་མཉམ་དུ་༼རི་བོང་རི་བོང་ཤོར། སྡོམས་པ་སྡོམས་པ་ཤོར༽ཞེས་བའི་གཏམ་དཔེ་དེ་ངའི་སེམས་ལ་ཡང་ཡང་འཁོར་གྱིན་འདུག། གསུང་ཆོས་སྐབས་སུ་རྡ་སའི་སྲང་ལམ་ན་སྤྲང་བོ་ཚོས་འཚང་ཁ་རྒྱག་པ་བཞིན། དྲིས་ལན་མེད་པའི་དྲི་བ་མང་བོ་ཞིག་གིས་ངའི་ཀླད་པའི་ནང་ནས་ཁ་ཕྱོགས་མེད་པར་སྐོར་བ་བརྒྱབས། བློས་མི་ཐོང་བའི་སེམས་འགྱུ་འདིས་ང་རང་སྡུག་ལ་གཏད། ངས་ཁྱོད་ཀྱི་ཕྱོགས་སུ་བསམ་བློ་གཏོང་མཚམས་འཇོག་པའི་ཚོད་ལྟ་བྱས་ཐེངས་རེར། ཤ་སྡེར་མ་གང་གི་མདུན་ན་ཟས་བཅད་ངོ་རྒོལ་བྱེད་པ་དང་འདྲ་ལ། ངས་སེམས་ཐག་བཅད་དེ་ཁྱོད་ཀྱི་ཕྱོགས་སུ་བསམ་བློ་གཏོང་ཐེངས་རེར། ཆུ་རྐྱལ་བྱེད་མི་ཤེས་བའི་བླ་རྒན་ཞིག་ཞི་བདེ་རྒྱ་མཚོའི་ནང་ལ་ལྕེབ་ཏུ་འགྲོ་བཞིན་པ་དང་འདྲ། སེམས་ཐག་མི་ཆོད་པའི་ལོ་ཟླ་འདི་དག་དང་། གཉིད་མི་ཁུག་པའི་མཚན་མོ་མང་བོར་ངས་སྙན་ངག་བྲིས་ཤིང་སྙན་ངག་གྱེར། རྨ་ཁྲག་གིས་བཤད་པ་བཞིན་

༼བསམ་བློ་ནང་དུ་བཀུག་ནས་བལྟས་ན་ཁྱོད་རང་ཐག་ཉེ་ཐག་ཉེ་ཞིག་ན

ལག་པ་ཐོད་པར་བཞག་ནས་བལྟས་ན་ཁྱོད་ཉིད་ཐག་རིང་ཐག་རིང་ཞིག་ན༽།

ངས་མིག་ཟུང་བཙུམ་པ་ན་ཁྱོད་རང་ག་ལེར་ངའི་མདུན་དུ་ཡོང་ནས་ལག་པ་རྐྱོང་བཞིན་འཛུམ་མདངས་སྟོན་སྟངས་དེས། ཁྱོད་རང་གནའ་སྔ་མོ་ཞིག་ནས་ང་ལ་དབང་བའི་སྣང་བ་སྟེར་མོད། ངས་མིག་ཟུང་ཕྱེས་བ་ན་ཁྱོད་རང་ཡུན་གྱིས་ཡལ་འགྲོ་བའི་སྣང་བརྙན་འདི་དག་དང་། ཁྱོད་རང་ངའི་ཉལ་ཁང་གི་རྩིགས་གྱང་བར་ནས་ག་ལེར་ཡོང་སྟེ་ངའི་གཟན་ཤུབ་ལ་སྡང་མིག་གིས་ལྟ་སྟངས་འདི་དག་ནི། ཟམ་པ་མེད་པའི་གཙང་བོ་ཞིག་གི་ཕར་ཕྱོགས་ན་ཁྱོད་ཀྱིས་ང་ལ་ཆགས་མིག་གིས་ལྟ་བཞིན་ལག་བརྡ་བྱེད་པ་དང་འདྲ།

གང་ལྟར་འཐོབ་འདོད་པ་དེ་འཐོབ་པའི་ཆེད་དུ། འདོར་དཀའ་བ་དེ་འདོར་རྩིས་ཡོད་ནའང་། འུ་གཉིས་ཀས་གཟན་ཤུབ་དམར་བོ་ཞིག་གི་ཕྱི་ནང་ན་ཁ་ཕྱོགས་མི་གཅིག་པའི་རྨི་ལམ་གཉིས་རྨི་བཞིན་ལོས་ཡོད་བསམ་ཚེ། ངས་བྲིས་བའི་སྙན་ངག་ཡོད་ཚད་ཞ་ར་ཞིག་གིས་བྲིས་བའི་ལམ་ཡིག་དང་འདྲ་ལ། ངའི་གཞོན་དུས་ཀྱི་ཕོ་ཉམས་རྫིག་པོ་དེ་གཟན་ཤུབ་དམར་བོ་ཞིག་གི་ལྟེབས་ཁུག་ནས་རྒས་གཉེར་ལ་འཐུམ་ཚུལ་འདིའང་སྟག་མོ་ལུས་སྦྱིན་གྱི་ལེའུ་ཞིག་དང་མཚུངས།

ངའི་སྙིང་གི་ཚི་ལུ་ལགས། ཁྱོད་རང་ཨ་རིར་འབྱོར་བ་ནས་བཟུང་ངའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་སོང་ཞིང་གཉིད་མི་ཁུག་པའི་མཚན་མོ་ཇེ་རིང་དུ་སོང་། དྲང་མོར་ཤོད། བདག་གི་གཟན་ཤུབ་དམར་པོ་འདི་གང་ལ་འཇོག། ཁྱོད་ཀྱི་འཛུམ་མདངས་གསོན་པོ་དེ་སུ་ལ་དབང་། ཚིག་གཅིག་གིས་ངའི་འཇིག་རྟེན་ལ་སྤྱི་བསྡོམས་རྒྱག་རོགས།

རྩོམ་རིག

Post navigation

Previous Post: དངོས་ཡོད་ལས་དོན་ཁྲོད་ཀྱི་བོད་མི་སྤེན་པ་ཚེ་རིང་།
Next Post: སྤྱི་ཁྱབ་རང་བཞིན་གྱི་བསམ་བློའི་ཚོར་རླབས།

Comments (14) on “སྙིང་གི་ཚི་ལུ།”

  1. གཡུ་དུག་སྦྲང says:
    2011-01-28 at 10:18 am

    ཨཨཨཨ་ བླ་རྒན་ལོ་ལོ་ འཆི་ཁས་རྒས་ཁ་ཟིག་ག་་་་་་་ཁྱོད་ཅིག་ག་སྐྱེབ་ན་འདོད་གོ་ཁུ་པ།

  2. མེ་ཏོག་དཀར་པོ། says:
    2011-01-28 at 10:36 am

    ཝེ། ཅི་རེད། ཀརྨ་པའི་སྐོར་ན་སྐད་ཆ་མང་པོ་འདུག
    ་བདེན་པ་ཨེ་རེད།

  3. ཡིད་འོང་ says:
    2011-01-28 at 12:13 pm

    ཨ་ལག་གསལ་ལེ་རྒྱལ་ལ་བོགས་དོན་གདམས་ངག་ཅིག་འབུལ་སྙིང་འདོད།
    རེ་སྙེག་སྟོངསངས་ཀློང་ན་བརྩེ་དུང་ཡོད།།
    ཐོབ་ཤོར་ཐ་སྙད་ཁྲོད་ན་སྙན་ཚིག་ཡོད།།
    དེ་ཡི་དབར་ན་སྒེར་སེམས་སེར་སྣ་ཡོད།།
    དེ་ཡི་གོ་རྟོགས་མྱོང་བར་བར་ཆད་ཡོད།།

    ལན་གཅིག་ཕྲད་དུས་ལན་བརྒྱ་ཐུག་ན་སྙམ།།
    ལན་བརྒྱ་འཛོམས་དུས་མ་མཐོང་ནའང་སྙམ།།
    སྐྱག་གཏད་མེད་པའི་སེམས་ཀྱི་འཁྲུལ་སྣང་ལ།།
    ཨ་ལག་བདེན་ཞེན་གནང་བ་ཆུད་ཟོས་ཡིན།།

  4. ལངྒ་དམར་པོ། says:
    2011-01-28 at 3:57 pm

    སྐུ་ཞབས་ཟ་ལེ་རྒྱལ་ལགས། རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག ད་དུང་མུ་མཐུད་ནས་འབྲི་རོགས། ཨེ་གོ་ཐལ་ཟ་ལེ་རྒྱལ།

  5. ལངྒ་དམར་པོ། says:
    2011-01-28 at 4:17 pm

    ཀ་མད་སུམ་ཅུ་ཕྲེང་བར་བསྒྲིགས་པའི་གཏམ།། ཁ་ཙམ་མིན་པར་བརྩེ་འཕྲིན་དམར་པོའི་འོད།། ག་ལེར་སྙིང་གི་དཔྱིད་དུ་འཇོ་བའི་དུས།། ང་ཡང་ཁྱོད་ལ་བརྩེ་དུངས་ཆགས་ཉམས་བྱེད།།

  6. གངས་འདབས། says:
    2011-01-28 at 5:33 pm

    རྩོམ་འདི་སྙན་པ་ལ་ཨང་།

  7. མེ་ཏོག་མ། says:
    2011-01-29 at 1:09 am

    ཉལ་སའི་ནང་ནས་ཕར་འཁོར་ཚུར་འཁོར་བྱེད་པ་དེ་ཁག་མི་འདུག ཟ་ལེ་རྒྱལ། མཛངས་མ་དེས་མི་ཚེ་མི་སྤྲོད་ཀྱང། མཚན་གཅིག་སྤྲོད་ན་ཐང་གོ ཧཧཧཧཧ་ཨ་ལ་གུ་རེ་ཡིན། ཡག་པོ་བྲིས་འདུག

  8. ལ་སྟོད་བུ། says:
    2011-01-29 at 1:24 am

    མེ་ཏོག་དཀར་པོ་ལགས།་་་ཀརྨ་པ་རིན་པོ་ཆེ་ཡི་སྐོར།
    དེ་འདྲ་ཞིག་གསར་ལམ་ཁག་ནས་ཤོད་ཀྱི་འདུག་ཅེས་གོ་བ་ལས་ངས་ཞིབ་ཕྲ་གོ་མ་བྱུང།
    འདི་ན་གོ་མྱོང་ཐོས་མྱོང་རིག་མྱོང་གི་གནས་ཚུལ་བདེན་པ་ཞིབ་ཕྲ་འདྲ་ཤོད་མཁན་ཡོད་ན་གཅིག་གསུང་ན་ལེགས།
    དེ་མིན་ང་ཡི་རྣ་བར་ཡིན་མིན་གྱི་གནས་ཚུལ་མང་པོ་ཞིག་འཚངས་འདུག།
    དུས་གསུམ་གསལ་ལེར་གཟིགས་པའི་ཀརྨ་པ་མཁྱེན་ནོ།

  9. ལྷ་ནོར། says:
    2011-01-29 at 5:58 am

    འཆར་ཡན་དང་མངོན་སུམ་ལྷན་སྦྱར་བའི་རྩོམ་ཐུང་ཞིག་རེད།

  10. sos says:
    2011-01-29 at 2:05 pm

    ཡིག་ནོར་མཁན་པོ་འདི་ཚོ།
    ཁར་ཉིན་ཞིག་ལ་སུ་ཞིག་གིས་ཚི་ལུ་དང་ཚིལ་ལུ་མི་འདྲ་ཚུལ་ཞིག་གསུང་ཡོད་ཚུལ་ཅིག་གོ་མྱོང་ཡོད།
    ད་དུང་མུ་མཐུད་ནས་ཚི་ལུ་ཟེར་གྱིན་འདུག

  11. ལྷ་སྡེ་གནམ་ལོ་ཡག says:
    2011-01-29 at 7:06 pm

    སྐུ་ཞབས་གསལ་ལེ་རྒྱལ་གྱིས་བློས་བསླངས་ལས་བྱུང་བའི་བརྩེ་འཕྲིན་འདི་ཀློག་ཚར་རྗེས། ད་གཟོད་ཁོ་རང་སྔ་སོང་བ་མ་གཏོགས་ངས་ཀྱང་བཤད་ཤེས་ཀྱི་འདུག་བསམ་པ་ཞིག་གི་སྣང་བ་ཤར་འོངས་པས། དོན་ལ་སྒྱུ་རྩལ་གྱི་མཐོ་ས་ནས་དུང་སེམས་ལ་ཁ་དོག་དཀྲིས་པའམ། སུས་ཀྱང་བཤད་ཤེས་མོད་སྨྱུག་རྩེ་ནས་བརྡོལ་མི་ཐུབ་པའི་ཁྱད་ཆོས་ལྡན་འདུག་པས། སྙན་ངག་གི་མཚན་ཉིད་ཡོངས་སུ་ཚང་འདུག་པར་མཐོང་འོངས། བཀྲ་ཤིས་བདེ་ལེགས་ཞུ།

  12. ཀརྡོ་རབ་འབྱམས་པ་ says:
    2011-01-29 at 7:59 pm

    སྙིང་གི་ཚིལ་ལུ་སྙིང་རྩ་འགག་པའི་གཞི། །
    ལུས་ཀྱི་ཚིལ་ལུ་ལུས་པོ་རྒྱགས་པའི་གཞི། །
    ཤ་ཡི་ཚིལ་ལུ་འཁྲིས་ནད་འབྱུང་བའི་གཞི། །
    ཚིལ་ལུ་ཞེས་པ་ངན་སྐྱུག་ཤོར་བའི་གཞི། །
    ཚིལ་མེད་ཕོ་གཟུགས་མོ་གཟུགས་ངོམ་པའི་གཞི། །

  13. དབང་ཆེན། says:
    2011-01-29 at 9:36 pm

    མེ་ཏོག་དཀར་པོས་ཀརྨ་པའི་སྐོར་ཤེས་འདོད་མཆིས་ཚེ་ཨེ་ཤ་ཡའི་རང་དབང་གློག་ཕྲིན་ན་གསལ་བོ་གསུང་འདུག འོན་ཀྱང་བོད་ཀྱི་་བླ་མ་་དང་དགོན་པ་ཚོའི་དཔལ་འབྱོར་ཡོང་སྟངས་དེ་འདྲ་རེད་ཟེར་ན། དྲི་མ་ནག་པོ་ཚང་མ་ལ་བགོས་པ་མ་རེད་དམ། གང་ལྟར་ཡང་སྐྱོན་ཆ་བོད་གཞུང་གིས་རྒྱབ་ཏུ་ཧྲིལ་གྱིས་བླང་འདུག་པས་སེམས་ཁྲལ་དགོས་དོན་མི་འདུག བོད་ཀྱི་ཚོང་པ་མི་སྐྱ་ཉམ་ཆུང་ཚོར་དཀའ་ངལ་བྱུང་ཚེ་བོད་གཞུང་གིས་འདི་ལྟར་རོགས་སྐྱོར་བྱུང་ན་ཅི་མ་རུང་། ད་སྲོལ་ཆགས་པ་རེད་ཚོང་བའི་སྒོར་མོ་རྒྱ་གར་ལག་ཏུ་ཤོར་ན་བོད་གཞུང་བཙལ་ཆོག་ཆོག་རེད།

  14. དབང་ཆེན། says:
    2011-01-30 at 1:22 am

    ཀརྨ་པ་ཚུར་བུ་བླ་བྲང་ནས་དངུལ་འབོར་ཆེན་བརྙེད་པ།
    2011-01-29
    ས་གནས་ཉེན་རྟོག་པས་དངུལ་འབྱུང་ཁུངས་སྐོར་རྒྱལ་དབང་ཀརྨ་པ་མཆོག་ལ་དྲི་ཞིབ་ཞུས་ཡོད་པའི་གནས་ཚུལ།
    ༄༅༎གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ཉེན་རྟོག་པས་ཀརྨ་པ་ཚུར་ཕུ་བླ་བྲང་ནས་རྒྱ་གར་དང་རྒྱ་ནག་ཨ་མི་རི་ཀ་དང་ཐེ་ཝན་ལ་སོགས་པ་ཡུལ་གྲུ་མང་པོ་ཞིག་གི་དངུལ་ལོར་འབོར་ཆེན་ཞིག་བརྙེད་སོན་ལག་ཐོབ་བྱུང་བའི་རྗེས་མུ་འཐུད་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་གི་དངུལ་དེ་དག་གི་འབྱུང་ཁུངས་ཞིབ་དཔྱོད་བྱེད་མུས་ཡིན་འདུག
    དེ་ཡང་རྒྱ་གར་གྱི་མངའ་སྡེ་ཧི་མ་ཅལ་གྱི་ཉེན་རྟོག་པའི་སྤྱི་ཁྱབ་གཞོན་པ་ D.S. Minhas གྱིས་ ཕྱིའི་རྒྱལ་ཁབ་བཅུ་གྲངས་ཞིག་གི་དངུལ་ལོར་འབོར་ཆེན་ཞིག་ཐོན་པ་དང་ལྷག་པར་དུ་རྒྱ་མིའི་དངུལ་ལོར་གྱི་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་སྟབས་དེ་དག་གི་འབྱུང་ཁུངས་དང་དངུལ་དེ་དག་གི་དགོས་པ་གང་ཡིན་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་པ་བརྗོད་པ་ཞིག་རྡ་རམ་ས་ལ་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
    ཡང་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་དེའི་ནང་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་གཞོན་པ་ Minhas ཡིས་གཟའ་པ་སངས་ཉིན་ཉེན་རྟོག་པས་རྒྱལ་དབང་ཀརྨ་པ་མཆོག་ལ་དྲི་ཞིབ་ཞུས་འདུག་པ་དང་ མུ་འཐུད་དྲི་ཞིབ་ཞུ་སྲིད་པ་ཡིན་པ་བརྗོད་པ་ཞིག་ལུང་འདྲེན་བྱས་འདུག་ན་ཡང་རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་ལན་ཇི་གནང་ཉེན་རྟོག་པས་སྤྱི་ཁྱབ་གཞོན་པས་འགྲེལ་བརྗོད་བྱས་མེད་པ་རེད་འདུག།
    འོན་ཀྱང་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་གཙོས་སྤྱི་འཐུས་ཁག་གཅིག་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་བཅར་གྱིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ ད་ལྟའི་གནས་ཚུལ་འདིའི་ཐད་གདུང་སེམས་མཉམ་བསྐྱེད་ཡོད་པ་ཞུས་པ་དང་སྦྲགས་ སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཕྱག་རོགས་མཐུན་རྒྱུར་ཇི་ཐུབ་ཞུ་རྒྱུའི་སྙན་སེང་ཞུས་འདུག། སྐབས་དེར་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་དད་ལྡན་པ་ཚོས་དད་རྫས་སུ་ཕུལ་བའི་དངུལ་ཉར་ཕྱོགས་ཀྱི་ཐོག་ཐེ་བྱུས་གང་ཡང་གནང་གི་མེད་པ་དང་འདིའི་སྐོར་མཁྱེན་རྟོག་གང་ཡང་མེད་པ་གསལ་བཤད་གནང་འདུག་ལ་དེ་བཞིན་ཚུ་བུ་བླ་གྲང་གི་མགྲིན་ཚབ་པ་ཀརྨ་པ་ཆུང་རྒྱལ་པ་ཞུ་བ་ཞིག་གིས་གསར་འགོད་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་དྲི་བ་མང་པ་ཞིག་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་ད་ལྟའི་རྟོག་ཞིབ་ཀྱི་ལས་དོན་འདིའི་ནང་མཐའ་གཅིག་ཏུ་མཉམ་འབྲེལ་ཞུ་རྒྱུར་ང་ཚོར་དུས་ཚོད་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་དང་བླ་བྲང་གི་ཁྲིམས་རྩོད་པ་ཚོས་གསར་འགོད་བསྒྲགས་གཏམ་ཞིག་གྲ་བསྒྲིགས་བྱེད་བཞིན་ཡོད་པ་གསུངས་འདུག།
    Copyright © 1998-2011 Radio Free Asia. All rights reserved.
    པར་བཀོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme