Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫོང་སར་བཤད་གྲྭའི་རབ་གནས་ཀྱི་མཛད་སྒོའི་གསུང་བཤད།

Posted on 2010-12-312010-12-31 By ཁ་བརྡ་ 6 Comments on རྫོང་སར་བཤད་གྲྭའི་རབ་གནས་ཀྱི་མཛད་སྒོའི་གསུང་བཤད།

qq༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ།
རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་འདི་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་༢༠༠༤ལོར་ཐོག་མའི་དབུ་འབྱེད་བཀའ་དྲིན་བསྐྱངས་ནས་ད་ལམ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་རབ་གནས་འདིར། མེ་ཏོག་གང་ལ་བབས་པའི་ལྷ་སྐལ་དཔལ་ས་སྐྱ་པ་ཆེན་པོ་སྟོན་འཁོར་ནས་ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས་དཔལ་བགྱེས་པ་རྡོ་རྗེའི་སྒོ་ནས་གནང་བའི་དུས་སྐབས་འདི་ལྟ་བུ་ནི། བསམ་ལས་འདས་པའི་དུས་ཁྱད་པ་ཅན་ཞིག་ཏུ་ངོས་འཛིན་བྱས་ཏེ། མ་འོངས་པར་ང་ཚོའི་ལོ་རྒྱུས་ཀྱི་སྟེང་དུ་འཁོད་དགོས་པ་ཞིག་ཡིན།
ཚང་མའི་མཁྱེན་གསལ་ལྟར་འཇམ་དབྱངས་མཁྱེན་རྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནི། བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་རིས་སུ་མ་ཆད་པ་ཐམས་ཅད་ཀྱི་མཛེས་རྒྱན་ཞིག་ཡིན་པ་རེད། དེ་ཡིན་པའི་ཚུལ་ཡང་ཕྱོགས་ལྷུང་གི་ལེགས་བཤད་དང༌། སྙན་ཚིག་ཙམ་དང༌། རིས་མེད་ཡིན་པའི་ཆབ་སྲིད་ཀྱི་སྲིད་ཇུས་དེ་འདྲ་མ་ཡིན་པ་ཁོང་གིས་མཛད་རྗེས་ལ་བལྟས་བཞག་པ་ཡིན་ན། ཕྱི་རྟེན་གསུམ་བཞེངས་རྒྱུ། ནང་རིས་སུ་མེད་པའི་བླ་མར་བསྟེན་རྒྱུ། མཐར་རིས་སུ་མེད་པའི་སློབ་མ་སྐྱོང་རྒྱུ། བསང་བ་ཐུགས་དམ་ཉམས་བཞེས། རིས་མེད་ཀྱི་དབང་ལུང་དང་ཁྲིད་རྒྱུན་སོགས་སྐྱོང་སྟངས། རིས་སུ་མ་ཆད་པའི་གསུང་རྩོམ་ཕྱོགས་བསྒྲིགས་སོགས་དེང་སང་ཡང་ཀུན་གྱི་མཐོང་དུ་ཡོད་པ་ཞིག་དང༌། བེད་སྤྱོད་གཏོང་ཆོག་ཆོག་ཡོད་པ་ཞིག་ཡིན་པ་དེ་སྨོས་སུ་མ་དགོས་པ་ཞིག་ཡིན་པ་རེད། ང་ཚོའི་བསམ་བློ་ཆུང་ཆུང་ཞིག་གི་ནང་དུ་ཤོང་མི་ཐུབ་པའི་མཛད་པ་དང་འཕྲིན་ལས་བསྟན་པ་དང་སེམས་ཅན་གྱི་དོན་ལ་བསྐྱངས་ཡོད་པའི་ནང་ནས་གནད་ཆེ་ཤོས་གཅིག་དེ། ལོ་བརྒྱ་དང་སུམ་བཅུ་སོ་ལྔ་ཙམ་གྱི་སྔོན་ལ་མཁྱེན་རྩེ་དབང་པོ་ཁོང་དང༌། གཏེར་ཆེན་མཆོག་གྱུར་གླིང་པ་གཉིས་ལ་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཉེ་འདབས་ཁམས་ཀྱི་བྱེ་མ་ཐང་དུ་མ་འོངས་པར་བཤད་སྒྲུབ་ཀྱི་སྡེ་གཅིག་གཙུགས་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བའི་ལུང་བསྟན་སྔ་རྗེས་མང་དུ་བྱུང་བ་བཞིན་དུ། ས་གནས་དེར་རིས་མེད་རྒྱལ་བསྟན་གྱི་མངའ་བདག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ཆེད་དུ་ས་འདུལ་མཛད་ནས་གཙུག་ལག་ཁང་གསར་དུ་བཞེངས། མཚན་ཡང་རིགས་གསུམ་སྤྲུལ་པའི་གཙུག་ལག་ཁང་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ་བ་ཡིན་པ་འདྲ། དེ་སྐབས་དམིགས་གསལ་བཤད་གྲྭ་དངོས་སུ་གཙུགས་མ་ཐུབ་ན་ཡང་དེའི་རྗེས་ལ་རྗེ་དེ་ཉིད་ཀྱི་ཡང་སྲིད་འཇམ་དབངས་མཁྱེན་རྩེ་ཆོས་བློ་གྲོས་ཀྱིས། རྗེ་གོང་མའི་ཕྱག་ལེན་གྱི་འཕྲོ་དེ་མུ་མཐུད་ནས། ཁོང་དེ་དུས་སྐུ་ན་ཕྲ་ཞིང་བླ་བྲང་གི་དཔལ་འབྱོར་འཁོས་ཁ་སོགས་ཤིན་ཏུ་དམན་པའི་སྐབས་ཡིན་ན་ཡང༌། གཙུག་ལག་ཁང་དེར་ནང་ཆོས་ཐོས་བསམ་བྱེད་སའི་སློབ་གྲྭ་ཞིག་གཙུགས་ནས་ཁམས་བྱེ་བཤད་གྲྭ་ཞེས་པའི་མཚན་སྙན་གྲགས་ཆེན་པོ་དེ་བྱུང་བའི་མགོ་ཚུགས་པ་རེད། མཁྱེན་རྩེ་ཆོས་ཀྱི་བློ་གྲོས་ཀྱང་སྐུ་གོང་མ་འཇམ་དབྱངས་མཁྱེན་རྩེ་དབང་པོ་བཞིན་བསྟན་པ་རིས་སུ་མ་མཆིས་པ་ལ་ལྷག་བསམ་དང༌། མཛད་འཕྲིན་སྐྱོང་རྒྱུ་དེ་མཁྱེན་རྩེའི་རྣམ་ཐར་གྱི་མཛད་པ་གཙོ་བོ་ཞིག་ཡིན་པའི་དབང་གིས་རྩ་བའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེ་དེ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་གནང་ཁན་ཞིག་ཡིན་ན་ཡང༌། རྫོང་བཤད་གྲྭ་ཁམས་བྱེ་དེར་ཐོག་མའི་མཁན་པོར་སྔ་འགྱུར་སྙིང་མ་བ་རྫོགས་ཆེན་མཁན་པོ་གཞན་དགའ་དམིགས་སུ་བཀར་ནས་གདན་དྲངས། བོད་དུ་ཡོད་པའི་གཞུང་འགྲེལ་ཡིག་ཆ་ལ་སོགས་པ་བོད་ཀྱི་ཆོས་ལུགས་ཁག་གི་བཤད་སྲོལ། ལྟ་གྲུབ། བཞེད་ཚུལ། དགག་བཞག་སྤོང་གསུམ་ལ་སོགས་པ་ངོ་མཚར་ཆེ་བ་མང་དུ་ཡོད་ན་ཡང༌། ང་རང་ཚོ་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེའི་ཁུངས་འཕགས་ཡུལ་རྒྱ་གར་དུ་གཏུགས་རྒྱུ་ཅན་ཞིག་ཡིན་དུས། བཤད་གྲྭ་དེ་ཡི་ནང་དུ་སློབ་ཚན་ཡང༌བོད་འགྲེལ་ལས་རྒྱ་འགྲེལ་དོ་གལ་ཆེ་བ་གནང། མཁན་ཆེན་གཞན་དགའ་རིན་པོ་ཆེ་ནས་ཀྱང༌དེ་དོན་གྱིས་གཞུང་ཆེན་ཁག་ལ་འགྲེལ་བ་མཛད་པ་དེ་དག་དེང་སང་གི་བར་དུ་ཡང་རྫོང་སར་བཤད་གྲྭའི་སློབ་ཚན་གྱི་སྲོག་ཤིང་ལྟ་བུར་གྱུར་ཡོད། བཤད་གྲྭ་འདི་ཉིད་གཙུགས་བསྐྲུན་ཐུབ་པའི་གྲུབ་འབྲས་ལ་ཆ་བཞག་པ་ཡིན་ན། བོད་ཀྱི་ཆོས་ལུགས་ཕྱོགས་རེ་བ་ཙམ་མ་ཡིན་པར། ཆོས་ལུགས་རིས་སུ་མ་ཆད་པ་བོན་དང་བཅས་པའི་བསྟན་པ་ལ་ཕན་ཐོགས་དངོས་སུ་བྱུང་ཡོད་པ། དཔེར་ན། བཤད་གྲྭ་འདིའི་ནང་ནས་ཐོན་པའི་བཤད་རྒྱུན་ལ་ཆ་བཞག་པ་ཡིན་ན། སྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དེའི་ནང་ནས་ས་སྐྱའི་གཞུང་ཆེན་མང་པོ་ཞིག་གི་བཤད་རྒྱུན་དེ་རྫོང་སར་ཁམས་བཤད་གྲྭར་ཡོད་པའི་རྒྱུ་མཚན་གྱིས་དེང་སང་བཤད་རྒྱུན་ཉམས་མ་ཕྲ་བར་ཙམ་གཞུགས་ཡོད་པ་ཡང༌ཕལ་ཆེར་བཤད་གྲྭ་འདིའི་བཀའ་དྲིན་ཡིན་ཟེར་ནའང་ཆོག་གི་ཡོད་པ་རེད། བཤད་གྲྭ་འདིའི་ནང་ནས་ཐོན་པའི་ཆོས་འཆད་ཐུབ་པའི་གང་ཟག་ཀྱང༌། དཔལ་ལྡན་ས་སྐྱ་གཙོ་བོར་གྱུར་པའི་གདན་ས་ཁག་མང་པོ་ཞིག་གི་ནང་དུ། ཕལ་ཆེར་རྩིས་ན་གྲངས་ཀ་དགུ་བཅུ་ཙམ་བགྲང་ཆོག་ཆོག་ཡོད་པ་རེད། ཁམས་བྱེའི་བཤད་གྲྭ་དེ་རིས་མེད་ཀྱི་ཐོས་བསམ་གནང་སའི་བསྟི་གནས་ཤིག་ཡིན་པའི་རྒྱུ་མཚན་གྱིས། བཤད་གྲྭ་འདི་ནས་བསླབ་པ་མཐར་སོན་པའི་མཁན་པོའི་རིགས་ས་སྐྱ་མ་ཟད། བཀའ་བརྒྱུད་དང༌། རྙིང་མ་སོགས་གདན་ས་ཆེ་ཆུང་ཁག དེ་ཡང་དུས་རྒྱུན་ཆོས་ལུགས་ཀྱི་ཐོག་ལ་དབུ་མཁྲེགས་པོ་ཡིན་ཁན་ཚོས་ཀྱང་། བཤད་གྲྭ་གཞན་ག་ཚད་ཡོད་ན་ཡང་ཁམས་བྱེ་ནས་ཡིན་པ་ལ་དམིགས་གསལ་གྱི་ཐུགས་རྩིས་ཆེན་པོ་གནང་བ་དང༌། བཀུར་བསྟི་ཆེན་པོ་གནང་ནས་སྔར་ནས་ད་ལྟའི་ཕན་ཚུན་བར་མཁན་པོའི་འགན་བཞེས་ནས་ཕེབས་པ་དེ་འདྲ་མང་པོ་བྱུང་ཡོད་ཙང༌། དེང་སང་སྤྱིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཕལ་ཆེ་བ་དང༌། དེའི་ནང་ནས་རྒྱ་གར་དུ་ཡོད་པའི་ས་སྐྱའི་བཤད་གྲྭ་ཆེན་མོ་གཉིས། གཞན་ཡང་བཀའ་བརྒྱུད། རྙིང་མ་བཅས་ལ་ཁམས་བྱེའི་བཤད་རྒྱུན་དེ་མ་འདྲེས་པ་མེད་ཟེར་ན་འགྲིག་གི་ཡོད་པ་རེད། མདོར་ན། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་གཞུང་ལུགས་མང་པོ་ཞིག་ལ་འཆད་ཉན་མཛད་ཅིང༌། བསྟན་པ་ཉམས་པ་སླར་གསོ་རྒྱ་ཆེན་པོ་གནང་ནས་བྱས་རྗེས་གང་མིན་ཚད་ཅིག་བཞག་ཡོད་པ་འདྲ།
p1012118སྤྱིར་བཏང་ནང་དོན་རིག་པའི་སྐོར་འཆད་ཉན་བྱེད་སྲོལ་ཞིག་དང་། ང་ཚོའི་བོད་དུ་ཚད་མ་དང་ཕར་ཕྱིན་དེ་འདྲའི་གཞུང་ཁ་ཤས་ལ་དོ་སྣང་ཆེ་པོ་གནང་ནས་དེའི་རིགས་གཅིག་དང་གཉིས་ལ་སོགས་པར་རྐང་འཛིན་གནང་ནས་སློབ་གཉེར་བྱེད་རྒྱུའི་ལུགས་སྲོལ་དང༌མཐུན་རྐྱེན་དེ་འདྲ་ཡག་པོ་ཡོད་པ་ཡིན་ན་ཡང༌། ང་རང་ཚོ་ནང་པ་སངས་རྒྱས་པའི་རྒྱལ་བའི་གསུང་དང༌རྗེས་འཇུག་མཁས་པའི་བསྟན་བཅོས་ཀྱི་འཆད་ཉན་གྱི་དམིགས་ཡུལ་མཐར་ཐུག་པ་དེ། ཚེ་འདིའི་དཔལ་འབྱོར་དང༌སྙན་གྲགས་ལ་སོགས་པ་ཙམ་མ་ཡིན་པར། ཐར་པ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་གི་ལམ་སྟེགས་སུ་འགྱུར་དགོས་པ་ཞིག་ཡིན་དུས། སློབ་སྦྱང་བྱེད་སྟངས་ཀྱང་མཐུན་མོང་མ་ཡིན་པ་ཞིག་ཆགས་བསྡད་ཡོད་པ་རེད། དཔེར་ན། དཔལ་འབྱོར་དང༌། ཚན་རིག །སྐད་ཡིག་ལ་སོགས་པའི་སློབ་ཚན་རྣམས་ལ་བཤད་རྒྱུན་དང་ལུང་རྒྱུན་སོགས་ཆད་འགྲོའམ་སྙམ་པའི་སེམས་འཁྲལ་དགོས་པ་མ་རེད་དེ། ང་ཚོ་ནང་པ་སངས་རྒྱས་པའི་གསུང་རབ་ནི་དེ་དང་མི་འདྲ་བར་བཤད་ལུང་གི་རྒྱུན་དེ་ཚོ། དཔེར་ན། ད་ལྟ་དངོས་སུ་འཚོ་ཞིང་བཞུགས་པའི་དགེ་བའི་བཤེས་གཉེན་ནས་ཡར་རྩིས་དུས་ལོ་བརྒྱ་ཕྲག་མང་པོའི་སྔ་ནས་བྱུང་བའི་བསྟན་བཅོས་རྩོམ་པ་པོ་མགོན་པོ་ཀླུ་སྒྲུབ་ལྟ་བུའི་བར་དུ་བརྒྱུད་པའི་བྱིན་རླབས་ཟམ་མ་ཆད་པར་ཡོད་པ་དེ་དོ་གལ་ཆེན་པོ་ཞིག་ཏུ་རྩི་དགོས་པ་ཡིན་དུས། རྫོང་སར་བཤད་གྲྭའི་ནང་སྔར་ནས་ད་བར་གཞུང་ལུགས་ཆེ་ཆུང་མི་འདྲ་བ་མང་པོ་ཞིག་སློབ་ཚན་དུ་བཞག་ཡོད་པ་ཡིན་ཙང་། རྩ་བའི་སློབ་ཚན་ཕལ་ཆེར་གཞུང་ཆེ་ཆུང་སྡོམ་ན་བཞི་བཅུ་ཙམ་ལ་ཐོས་བསམ་གནང་གི་ཡོད།
བོད་ཁམས་ཕྱོགས་ལ་དུས་ཀྱི་འགྱུར་བ་ཆེན་པོ་བྱུང་ཚར་བའི་རྗེས་སོར། ང་འདྲ་བའི་གང་ཟག་ལ་ཡང་མཁྱེན་རྩེ་སྤྲུལ་སྐུའི་མིང་ཞིག་བཏགས་པའི་དུས་སྐབས་ཞིག་ཚེས་པ་རེད། དེས་ན་ངས་ཀྱང་དེའི་མཚན་ཁུར་མཁན་ཞིག་ཡིན་པའི་ཆ་ནས་གོང་མ་རྣམ་པ་གཉིས་ཀྱི་རྣམ་ཐར་རླབས་པོ་ཆེ་རེ་རེ་བཞིན་གྱི་རྗེས་སུ་འཇུག་མ་ཐུབ་ན་ཡང༌། སྤྲུལ་སྐུའི་མིང་ཞིག་ཁྱེར་ཁན་ཡིན་དུས། མི་ཡི་ལན་མོ་ཁྱི་ཡིས་བྱེད་པའི་དཔེ་ལྟར་དུ། རྗེ་གོང་མ་རྣམ་གཉིས་ཀྱི་རྣམ་ཐར་གྱི་ལད་མོ་ལྟ་བུ་དང༌། ཕྱོགས་གཅིག་ནས་དུས་དབང་གིས་བསྟན་པ་ཉག་ཕྲ་བའི་དུས་སྐབས་འདི་ལ་རྫོང་སར་ཁམས་བྱེའི་བཤད་རྒྱུན་དང༌། ཁམས་བྱེ་བཤད་གྲྭའི་ཐུན་མོང་མ་ཡིན་པའི་དམིགས་ཡུལ། ཁམས་བྱེ་བཤད་གྲྭའི་རྣམ་དཔྱོད་དང་བཟོ་ལྟ། ཁམས་བྱེ་བཤད་གྲྭའི་བསམ་བློ་གཏོང་སྟངས་སོགས་ཐུན་མོང་མ་ཡིན་པ་དེ་ཚོ་མི་ཉམས་པའི་ཆེད་དུ་བཤད་གྲ་ཞིག་གཙུག་ན་སྙམ་པའི་བསམ་བློ་འཁོར་བྱུང༌། དེ་དུས་འཁོར་ལོའི་མགོན་པོ་༧ སྐྱབས་རྗེ་དིལ་མགོ་མཁྱེན་རྩེ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱིས་སྔ་རྗེས་མང་དུ་བཀའ་སློབ་དང་ལམ་སྟོན་གནང་བར་མ་ཟད། ཁོང་གི་དབུ་ཁྲིད་ཀྱི་སྟེང་ནས་འབྲས་ལྗོངས་ཕྱོགས་སུ་བོད་རྫོང་སར་ཁམས་བྱེ་ནས་ཐོན་པའི་མཁན་པོ་རིན་ཆེན་དང༌། མཁན་པོ་བློ་གྲོས་བཟང་པོ་རྣམ་གཉིས་གདན་འདྲེན་ཞུས། ཐོག་མར་བཤད་གྲྭ་ཞིག་བཙུགས་ཐུབ་ནས་སླར་ཡང་རྫོང་སར་བཤད་གྲྭའི་བསྟན་པའི་སྐྱ་རེངས་དང་པོ་ཤར་བའི་མགོ་བཙུགས་པ་རེད། དེ་ནས་དེའི་རྗེས་སུ་གཞི་བྱེས་གཉིས་ཀྱི་བར་དུ་འབྲེལ་བ་འབྱུང་བའི་མགོ་ཐོག་མར་བཙུགས་པའི་སྐབས་དེ་ལ་སྔར་གྱི་ཁམས་རྫོང་སར་བཤད་གྲྭའི་མཁན་པོ་མཁྱེན་རབ་སེངྒེ། མཁན་པོ་ཀུན་དགའ་དབང་ཕྱུག། མཁན་པོ་བྲག་གཡབ་པད་དམ་སོགས་ད་ལྟ་ཡང་ཞལ་འཚོ་ཞིང་བཞུགས་པ་དེ་འདྲ་གོ་མ་ཐག་ཏུ་ཁོང་རྣམ་པ་ཐམས་ཅད་ལ་བཤད་གྲྭ་རྒྱ་བསྐྱེད་རྒྱུའི་ཆེད་དུ་རྒྱ་གར་དུ་ཨུ་ཚུགས་ནན་ཏན་གྱིས་གདན་འདྲེན་ཞུ་སྐབས། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་རྒྱ་གར་དུ་ཕེབས་རྒྱུ་དང༌། མཁན་པོ་བྲག་གཡབ་པད་དམ་བོད་དུ་གཞུགས་ནས་བཤད་གྲའི་རྒྱུད་གསར་དུ་སྤེལ་རྒྱུའི་ཐུགས་འཆར་དེ་འདྲ་བྱུང་སོང༌། དེ་དོན་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་ཁམས་ནས་ཡར་སྐུ་ངལ་བསམ་བློའི་ནང་ལ་ཤོང་མི་ཐུབ་པ་དེ་འདྲ་དང་དུ་བླངས་ནས་འབྲས་ལྗོངས་སུ་བྱོན་པ་ནས་རྫོང་སར་བཤད་གྲྭའི་འཕྲིན་ལས་ཀྱི་ཉི་མ་ཤར་བའི་མགོ་བཙུགས་པ་ཡིན་ཟེར་ན་ཆོག་གི་ཡོད། དེ་ནས་རྗེ་གོང་མ་རྣམ་གཉིས་ཀྱི་ཐུགས་བསྐྱེད་དང༌། སེམས་ཅན་ཀྱི་བསོད་ནམས་ཀྱི་དབང་གིས། མཁན་རིན་པོ་ཆེ་དང་། བཤད་གྲྭའི་མཚན་སྙན་གྲགས་རྒྱས་ཏེ། ཕྱོགས་མཐའ་ནས་བསླབ་པ་དོན་དུ་གཉེར་བའི་སློབ་གཉེར་བ་མང་པོ་ཞིག་འདུས་པས་བཤད་གྲྭ་རྒྱ་བསྐྱེད་བྱེད་དགོས་པ་ཞིག་ཆགས་སོང་། ཡིན་ན་ཡང་། འབྲས་ལྗོངས་ཀྱི་ས་གནས་དེ་ས་ཁུག་ཅིག་ཡིན་པ་དང་། གཞན་ཡང་སྟབས་བདེ་མིན་སྣ་ཚོགས་པ་ལ་བརྟེན་ནས་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་ལྔའི་ལོར་སྦིར་བཞིས་སུ་གནས་སྤོས་བྱས་ནས་བཤད་གྲྭ་འདི་ད་ལྟའི་བར་ཕྱི་ནང་གཉིས་ཀའི་ཆ་ནས་ལྷ་དང་བླ་མའི་ཐུགས་རྗེས་བར་ཆད་མེད་པར་ཡག་པོ་བྱུང་སོང་བསམ་གྱི་ཡོད།
སྤྱིར་བཏང་ང་ལ་རྫོང་སར་བཤད་གྲྭའི་བསྟན་པའི་བདག་པོའི་མིང་ཞིག་ཡོད་པ་ཡིན་ན་ཡང་། ངས་བཟོས་བཞག་པ་དང་བྱས་བཞག་པ་གང་ཡང་མེད། རྫོང་སར་བཤད་གྲྭ་གསར་པ་འདིའི་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཆེད་དུ་དཔལ་འབྱོར་འདུ་འགོད་གནང་མཁན་གྱི་ཆ་ནས་ཡིན་ན་ཡང་རེད། ནང་སློབ་སྦྱོང་གི་མཁན་པོའི་ལས་འགན་དཔེ་ཁྲིད་གནང་མཁན་གྱི་ཆ་ནས་ཡིན་ནའང་རེད། དེ་བཞིན་དུ། འདི་ཕྱི་གཉིས་ལ་ཕན་པའི་བླང་དོར་གྱི་བཀའ་སློབ་སོགས་གང་ས་ཅི་ཐད་ནས་གཟིགས་པ་དང་བདག་རྐྱེན་ལྷོད་མེད་དུ་གནང་མཁན་དེ་ནི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ཉག་གཅིག་ཡིན་དུས་ང་ཚོས་ཁོང་གི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིིན། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་འབྲས་ལྗོངས་སུ་བཤད་གྲྭ་དབུ་བཙུགས་ནས་ད་ལྟའི་བར་དུ་མཁན་པོའི་མཚན་ཡོད་མེད་གང་ལྟར་ཡང་། ཆོས་འཆད་ཐུབ་པའི་དགེ་སྦྱོང་ཁྱོན་སྡོམ་ཕལ་ཆེར་གཅིག་བརྒྱ་སུམ་ཅུ་སོ་ལྔ་ལྷག་དང་། དགེ་འདུན་པ་ཡང་སྔོན་ནས་ད་བར་སྟོང་ཕྲག་ལས་བརྒལ་བ་དང་། མི་རིགས་ཀྱང་འབྲུག།འབྲས་ལྗོངས། བལ་ཡུལ། ཉི་ཧོང་། བྷེར་རྫིར། རྒྱ་གར། ཧྥ་རན་སི་སོགས་རྒྱལ་ཁབ་འདྲ་མིན། ཆོས་ལུགས་ཀྱང་ཁག་མང་པོ་ཞིག་ནས་ཕེབས་པས་ད་རེས་བར་དུ་མ་དམན་ཙམ་བྱུང་བ་རེད།
སྤྱིར་བཏང་ནང་པ་སངས་རྒྱས་པའི་བསྟན་པ་དེ་ཕྱོགས་གཅིག་ནས་བཤད་བཞག་པ་ཡིན་ན་དེང་སང་དུས་ཚོད་སྙིགས་མ་ལྔ་བདོའི་རང་མདངས་ཤར་བའི་སྐབས་ཡིན་དུས་མར་ཉམས་འགྲོ་གི་ཡོད་ཀྱི་རེད། ཡང་ཕྱོགས་གཅིག་ནས་བཤད་བཞག་པ་ཡིན་ན་བཤད་སྒྲུབ་ཀྱི་སྡེ་གསར་པ་མང་པོ་བཞེངས་པ་སོགས་ཡར་རྒྱས་གང་ལ་གང་འཚམ་འགྲོ་གི་ཡོད་པ་རེད། ཚང་མས་གཟིགས་གསལ་ལྟར་དུ་ང་ཚོའི་བཤད་གྲྭ་འདིའི་གཙུག་ལག་ཁང་དང་། གྲྭ་ཤག་སོགས་ཕྱི་དངོས་པོའི་སྟེང་ནས་ད་ལྟའི་བར་དུ་ཡར་རྒྱས་ཨའུ་ཙམ་བྱུང་བ་རེད། ནང་གི་བསླབ་པ་ཐོས་བསམ་གྱི་སྟེང་དུ་བསམ་བློ་བཏང་བཞག་ན་ཡང་གོང་དུ་ཞུས་པ་བཞིན་ཕལ་ཆེར་ཆོས་འཆད་མ་ཐུབ་ན་ཡང་། བླང་དོར་གྱི་གནས་ལ་མ་དམན་ཙམ་དང་། དཔེ་ཆའི་གོ་ཡུལ་ཙམ་ཤེས་མཁན་ནི་གང་ལ་འཚམ་ཞིག་བྱུང་སོང་ཟེར་ན་འགྲིག་གི་ཡོད། ཡིན་ན་ཡང་སྤྱི་བཏང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཐུབ་པ་ལ་མཁས་བཙུན་བཟང་པོའི་རྣམ་ཐར་ཆ་ཚང་ཞིག་དགོས་པ་ཡིན་དུས། བསྟན་པ་དང་སེམས་ཅན་ལ་དངོས་སུ་རེ་བཞིན་དུ་ད་བར་ཕན་ཐོགས་བྱུང་ཡོད་མེད་ཞུ་དཀའ་ལས་ཁག་པོ་རེད། མ་འོངས་པ་འདྲ་པོ་ཞིག་ལ་བསམ་བློ་བཏང་བཞག་པ་ཡིན་ན་ཡང་། སྔོན་གྱི་སྐུ་གོང་མ་རྣམ་པ་གཉིས་དང་། སྔར་གྱི་བཤད་གྲྭར་མིག་དཔེ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་དགོས་པ་ཞིག་ཡིན་པར་འདྲ། དེ་འདྲའི་བྱ་བ་བྱེད་དགོས་ན་སློབ་སྦྱོང་དེ་ཕྱོགས་སུ་མ་ལྷུང་བ་ཞིག་དང་། ཐོས་བསམ་སྒོམ་གསུམ་ཁ་ཡོད་ལག་ཡོད་ཅིག་གི་སྒོ་ནས་ལྷུ་སྒྲིག་དགོས་པ་དེ་འདྲ་རེད་འདུག་སྟེ། དེ་འདྲའི་ཆ་རྐྱེན་གནང་ཐུབ་དང་མི་ཐུབ་གཞི་ནས་བལྟ་རྒྱུ་རེད། སྤྱི་བཏང་མ་འོངས་པའི་སྐད་ཆ་ཟེར་བ་དེ་མི་ལ་མངོན་ཤེས་མེད་དུས་མ་འོངས་པ་ལ་ཅི་འདྲ་འབྱུང་ཡོང་མི་ཤེས། ཡིན་ན་ཡང་རྒྱུ་ཚོགས་ཚང་ཞིང་གེགས་མེད་ན་འབྲས་བུ་དེ་འབྱུང་དུ་རུང་བ་ཡིན་པའི་རྟགས་ལ་བརྟེན་ནས་ང་ཚོའི་འཛིན་སྐྱོང་དང་འགྲོ་སྟངས་ད་ལྟ་ནང་བཞིན་བྱས་པ་ཡིན་ཕལ་ཆེར་ཡག་པོ་རེད་མི་ཡོང་ངམ་བསམ་པའི་རེ་བ་དང་སྨོན་ལམ་ནི་ངས་བརྒྱབ་ཀྱི་ཡོད། ཡིན་ན་ཡང་དུས་ཚད་ཀྱི་འགྱུར་བ་དེ་ཚང་མས་མཁྱེན་གསལ་ལྟར་ཞིབ་ཕྲར་ཕྱིན་པ་རེད། དཔེར་ན་སྦིར་ལུང་པ་ལྟ་བུ་ཞིག་ལ་ཆགས་བཞག་པ་ཡིན་ན་ཡང་། ང་ཚོ་འདི་སླེབས་ནས་ད་ལྟའི་བར་དུ་ཕྱི་དངོས་པོའི་ཡིན་ན་ཡང་རེད། ནང་མིའི་བསམ་ཚུལ་གྱི་སྟེང་ནས་ཡིན་ན་ཡང་རེད། འགྱུར་བ་ཞིབ་ཕྲ་ཤུགས་ཆེན་པོ་དེ་འདྲ་ཐེེབས་ཡོད་པ་རེད། འགྱུར་བ་ཐེབས་བཏང་དེ་ཡང་དལ་པོ་དལ་པོ་མ་ཡིན་པར་མྱུར་པོ་ཉིན་རེའི་འགྱུར་བ་ཆེ་པོ་དེ་འདྲ་ཐེབས་ཀྱི་ཡོད་པ་རེད། བྱས་ཙང་ང་ཚོ་རྫོང་སར་བཤད་གྲྭ་རང་ཉིད་གཅིག་པུ་འགྱུར་བ་མེད་པར་སྔ་མ་དེ་བཞིན་ཕྱིས་ཀྱང་དེ་བཞིན་ཡོང་ཟེར་བ་དེ་དཔེ་ཁག་པོ་རེད། དཔེ་གཅིག་ཞུས་ན་སྤྱིར་ཆོས་ཕྱོགས་ཀྱི་སློབ་སྦྱོང་ག་རེ་ཡིན་ནའང་རེད། དེས་རབ་བྱུང་གི་ཆོས་ཀྱི་སློབ་སྦྱོང་རྣལ་མ་ཞིག་གནང་དགོས་པ་ཡིན་ན། གཙོ་བོ་ངེས་པ་འབྱུང་བའི་ཀུན་སློང་འཇིག་རྟེན་གྱི་དཔལ་ཡོན་ལ་ཁྲག་དང་མཆི་མ་ལྟ་བུ་ཞིག་གཟིགས་མ་ཐུབ་ཡང་། དེ་ཚོ་ལ་ཕལ་པ་ཚོ་ནང་བཞིན་འདོད་པ་དེ་འདྲ་མེད་པ་ཞིག་དགོས་ཀྱི་ཡོད་པ་རེད། དེ་འདྲའི་རེད་པ་ལ་དང་པོ་མཐུན་རྐྱེན་གོམས་བཤིས་བཟང་པོ་དགོས་པ་དང། འགལ་རྐྱེན་འདུ་འཛིན་ལས་རྒྱང་རིང་དུ་འགྲོ་དགོས་པ་ལ་སོགས་པ་དེ་འདྲ་ཡིན་པ་རེད། ཡིན་ན་ཡང་དེང་སང་ཚན་རིག་དང་འཕྲུལ་ཆས་སོགས་ཀྱི་འགྱུར་བ་ཡིས་འགལ་རྐྱེན་འདུ་འཛིན་དེ་ཚོ་ང་རང་ཚོའི་ཨམ་ཕྲག་ནང་དུ་བླུགས་ནས་ཕར་ཚུར་འགྲོ་ཆོག་གི་ཡོད་པ་རེད། ཕྱོགས་གཅིག་ནས་སྔོན་མ་འདྲ་ཡིན་ན་སྤྱིར་ནང་ཆོས་དང་དེའི་ནང་ནས་བོད་ཀྱི་ནང་ཆོས་ལ་དོ་སྣང་དེ་ང་ཚོ་བོད་ཀྱི་མི་རིགས་ཕྱོགས་ལ་མ་བཏོགས་ཡོད་པ་མ་རེད། དེང་སང་འཛམ་གླིང་ཤར་ནུབ་ཀྱི་མི་སྣ་མང་པོ་ཞིག་ལ་ཡང་དོ་སྣང་སླེབས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་ཚོ་བོད་ཀྱི་ཀློག་པ་ཐོས་བསམ་པ་དང་སྤོང་བ་བསམ་གཏན་པ་ཚོས་ཀྱང་གཅིག་ན་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་འཛམ་གླིང་ཐ་གྲུ་ཡོངས་ལ་སྤེལ་ཐུབ་པ་དང། ཐ་ན་ནང་ཆོས་ཡ་མཚན་ཙམ་དུ་འཛིན་པའི་ཤར་ནུབ་ཀྱི་མི་དེ་ཚོའི་རེ་བ་བསྐང་རྒྱུ་དེ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་པའི་དབང་གིས་ང་ཚོའི་ལས་མགན་ལ་སླེབས་པ་ཡིན་དུས། དེ་ཚོ་མཉམ་དུ་འབྲེལ་བ་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། བྱས་ནས་རེ་བ་སྐོང་བ་ལ་དེ་ཚོའི་སྐད་ཡིག་དང། ཚན་རིག སེེམས་ཁམས་ཀྱི་རིག་པ། སྐྱེ་བ་སྔ་ཕྱི་ཡོད་མེད། སྐྱེས་བུ་ཚད་མ་ཡོད་མེད་སོགས་བསམ་བློ་གཏོང་སྟངས་མ་འདྲ་བ་དེ་ཚོ་ང་རང་ཚོས་ངོས་ནས་ཀྱང་ཏན་ཏན་སློབ་སྦྱོང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་སློབ་བྱེད་སྟངས་སོགས་གང་ས་ཅི་ཐད་ནས་མ་འོངས་པར་བཤད་གྲྭ་འདིའི་ནང་ཏན་ཏན་འགྱུར་བ་ཐེབས་ཀྱི་རེད་དྲན་གྱི་འདུག དོན་འདག་རྡོག་རྡོག་དུས་རྒྱུན་ང་ཚོས་འདི་ལྟར་བསམ་བློ་གཏོང་གི་ཡོད་པ་རེད། བཤད་གྲྭ་དང་དགོན་པ་ག་རེ་ཡིན་ན་ཡང་ཇི་སྲིད་འཁོར་བ་མ་སྟོངས། ནམ་མཁའ་མ་ཞིག་གི་བར་དུ། ང་ཚོས་ལས་ཀ་ལས་སྟངས་དང། སློབ་ཚན་འཆར་གཞི་བཞག་སྟངས། བསམ་བློ་གཏོང་སྟངས། ཐ་ན་ཁང་པ་རྒྱག་སྟངས་ཡན་ཆད་ནས་སྔ་མ་ལྟར་དུའང་ད་ལྟ་འདི་ནང་བཞིན་བྱས་ནས་སྡོད་ན་སྙམ་པའི་བསམ་བློ་འཁོར་གྱི་ཡོད་རྒྱུ་རེད་དེ། ཡིན་ན་ཡང་དུས་ཚོད་ཀྱི་འགྱུར་བའི་རྐྱེན་པས་དེ་འདྲ་ཡོང་དཀའ་ལས་ཁག་པོ་ཡིན་ས་རེད། སློབ་ཚན་སྟེང་ནས་ཡིན་ནའང་རེད། ཀློག་པ་ཐོས་བསམབྱེད་ཁན་གང་ཟག་གི་ངོས་ནས་ཡིན་ནའང་རེད། སྒྲིག་གཞི་སོགས་གང་ས་ཅི་ཐད་ནས་མི་ཡི་བསམ་ཚུལ་དང་བསྟུན་ནས་འགྱུར་བ་ཆེན་པོ་ཕྱིན་འགྲོ་རྒྱུ་རེད་དྲན་གྱི་འདུག ཡིན་ན་ཡང་འགྱུར་བ་ཆེན་པོ་ག་འདྲ་ཞིག་ཐེབས་སོང་ན་ཡང་གཙོ་བོ་ང་ཚོ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་རང་དོན་དུ་ཐོས་བསམ་སྒོམ་གསུམ། དེ་ཡང་ཁ་ཕོ་རུས་ཙམ་གྱིས་མ་ཡིན་པར་ལག་ལེན་དུ་བསྟར་ནས་རྣམ་མཁྱེན་གྱི་གོ་འཕང་མ་ཐོབ་ཀྱང་ཉོན་མོང་པ་རགས་པ་མགོ་ག་ཚད་ཡིན་ན་ཡང་གནོན་ཐུབ་པ་གཅིག་དང་། བསྟན་པ་དང་སེམས་ཅན་ལ་ཕན་སགང་ཐུབ་ཐུབ་ཞིག་བྱེད་དགོས་པ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། དེས་ན་དེ་འདྲ་འགྲུབ་པའི་ཆེད་དུ༧སྐྱབས་མཆོག་འཁོར་ལོའི་མགོན་པོས་དབུས་ཁྱེད་རྣམ་པ་ཚོ་ཚང་མས་ད་ལྟའི་བར་དུ་དེ་འདྲའི་བཀའ་སློབ་དང་དབུ་ཁྲིད་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ད་དུང་ཡང་མུ་མཐུད་ནས་ཐུགས་བསྐྱེད་དང་སྨོན་ལམ་རྡོ་རྗེའི་ར་གུར་ལས་ནམ་ཡང་མི་འདའ་བར་ཞུ་ཞེས་གསོལ་བ་འདེབས་པ་ཡིན།
སྒྲ་ཐག་ལས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་དག་པར་ཕབ་པ་དགེའོ།།

གསར་འགྱུར།

Post navigation

Previous Post: ཁྱོད་དྲན་སྟངས་ཤིག
Next Post: ལོ་འདི་ལྟར་བུད་འགྲོ་ལ། འདི་ལྟར་སླེབས་ཀྱིན་ཡོད།

Comments (6) on “རྫོང་སར་བཤད་གྲྭའི་རབ་གནས་ཀྱི་མཛད་སྒོའི་གསུང་བཤད།”

  1. ཁ་བའི་བུ། says:
    2010-12-31 at 5:30 pm

    རྫོང་གསར་མཁྱེན་བརྩེ་མཆོག་གི་མཛད་རྗེས་ལ་མངོན་པར་བསྟོད་དོ། རྗེས་སུ་ཡི་རངས་ཞུའོ། བསྟན་པའི་སྲོག་རྩ་དགེ་འདུན་གྱི་སྡེ་ཆེན་པོ་འཕེལ་བར་འགྱུར་ཏོ།

    རྫ་བཀྲིས་ཚེ་རིང་ལ་འདྲི་བ་ཞིག་ཡོད།

    པར་འདི་རིན་པོ་ཆེ་སྐྱ་མ་ཕབ་གོང་གི་པར་རེད་དམ། ཡང་ན་སྐྱ་ཕབ་འཚར་རྗེས་ཀྱི་པར་རེད་དམ། ངས་ཐོས་རྒྱུར་རིན་པོ་ཆེ་གསང་ཡུམ་བཞེས་སོ་ཟེར། བདེན་པ་རེད་དམ། 

  2. བོན says:
    2010-12-31 at 7:28 pm

    རང་འདོད་བཤད་ན་དེ་འདྲ་རེད། ལས་རྒྱུ་ཁྲབ་སྟོན་ཆེ་ནི་རེད་མོད། ཁས་བཤད་པ་ལག་ཏུ་ལོན་ན་ལེགས་པོ་རེད། །

  3. དབང་ཆེན། says:
    2010-12-31 at 9:20 pm

    ནུས་པ་མེད་པར་གཏོ་བཅོས། མངོན་ཤེས་མེད་པའི་ལུང་བསྟན། བོད་རིགས་ནང་དུ་དཀྲུགས་ཤིང་། ཆོས་ལུགས་ནང་དུ་ཕྱོགས་རིས། བླུན་པོ་རྣམས་ལ་མགོ་སྐོར། མཐོན་པའི་རིགས་ལ་སྐྱོན་བརྗོད། ཉམས་ཆུང་རྣམས་ལ་ཁྱད་གསོད་སོགས་ཚུལ་མིན་གྱི་ལས་ལ་ལེགས་པའི་ངོ་སོ་འདོན་པ་ལས་འཇིག་རྟེན་དང་མཐུན་པའི་ཐབས་ལམ། ཟློས་གར་འཁྲབ་སྟོན་སོགས་ཚོང་ལས་ཀྱི་སྒོ་ནས་དངུལ་སྒོར་བསྒྲུབས། དེ་ཆོས་དང་སྤྱི་ཚོགས་ཀྱི་བདེ་རྩར་བཏང་ན་མི་རུང་པ་ཅི་ཡོད། ད་བར་སྐུ་ངལ་ལ་མ་འཛེམས་པར་ཆོས་རྒྱུན་རིས་མེད་ཀྱི་བླ་མ་རྣམས་ལས་དབཞང་ལུང གདམས་པ་གསན་པས་དུས་འདིར་བཀའ་ཆོས་ཀྱི་རྒྱུན་ཁོང ལས་ཕྱུག་པོ་ཞིག་བོད་གངས་ཅན་ན་མེད་ཅེས་བཤད་ཀྱང་ཆོག་པར་མ་ཟད། བོད་གཞིས་བྱེས་གཉིས་ཀྱི་བཤད་གྲྭའི་འགྲོ་སོང་། གསུང་རབ་པར་བསྐྲུན། རྟེན་གསུམ་གསར་བཞེངས། དགོན་པ་ཉམས་གསོ་སོགས་ཀྱི་ཐད་ལ་སྐུ་ངལ་མང་པོ་བསྐྱོན་པས་བོད་ཀྱི་་སྤྲུལ་སྐུ་ཞིག་གི་ནང་ནས་མཛད་རྗེས་ཐད་ངོ་གནོང་མི་དགོས་པ་ཞིག་རེད། རྫོང་སར་ཡང་སྲིད་ཀྱི་རིགས་རུས་ལ་མཚོན་ན་བོད་བཙན་པོའི་གདུང་རྒྱུད། ཀ་གནམ་པའི་རིགས་ལས་འཁྲུངས་པ་ཞིག་ཡིན་པས་བོད་ཀྱི་ཆོས་དང་རིག་གནས་ལ་ཐུགས་ཁྲལ་བྱེད་པའི་ཁུར་དང་བདག་པོ་བྱེད་པའི་དབང་ཆ་ཡང་ཡོད་པར་སེམས། དེའི་ཕྱོགས་ལ་ཕྱག་ལས་གནང་མ་ཐུབ་ཚེ་ཕ་མེས་ཀྱི་ཞབས་འདྲེན་ཞུས་པ་རེད། ཁོང་གི་བཀའ་འགྱུར་དབྱིན་སྒྱུར་སོགས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེ་ཡོངས་སུ་འགྲུབ་པའི་སྨོན་ལམ་འདེབས།

  4. ས་སྲུང་བླ་མ། says:
    2011-01-01 at 3:38 am

    རྫ་ཚེ་བཀྲ་ལགས་སྙིང་ནས་དགའ་བསུ་ཞུ། ངས་བཀའ་སློབ་འདི་བཞིན་སྒྲ་ཐག་གི་རྒྱུད་ནས་ལན་མང་ཉན་མྱོང་། མི་རབས་གསར་པའི་སྤྲུལ་སྐུའི་མིང་འཛིན་པ་ཞིག་གི་ནང་ནས་མཁྱེན་བརྩེ་རིན་པོ་ཆེ་ཁོང་ལྟ་བུ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཕྱུག་པའི་སྤྲུལ་མིང་དང་མི་སྣ་དཀོན་ཟེར་ནའང་འགྲིག མ་ཟད་རབ་བྱུང་དགེ་སྦྱོང་རྣལ་མ་ཞིག་ཀྱང་རེད། ལོ་ལྟར་ཟླ་དྲུག་སྐུ་མཚམས་ལ་བཞུགས་བཞིན་ཡོད་ཚོད་འདུག

  5. དབང་འདུས། says:
    2011-01-01 at 7:23 pm

    བླ་མ་ཁོང་གི་མཛད་རྗེས་ལ་བལྟས་པ་ཙམ་གྱིས་དད་པ་སྐྱེ་བའི་གནས་སུ་འདུག མཛད་རྗེས་དེ་ལྟ་བུ་ཞིག་སྟོན་རྒྱུ་ཡོད་ན་ཆོས་འཇིག་རྟེན་གང་ནས་བསམ་ཀྱང་གུས་བཀུར་ཞུ་འོས་སུ་མཐོང་། བླ་མ་ཁོང་གིས་གསང་ཡུམ་བཞེས་ཡོད་མེད་ངས་མི་ཤེས་གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་། སྐྱ་སར་བབ་ཅེས་བརྗོད་ན་བརྗོད་མཁན་རང་ཉིད་ལ་ཡོན་ཏན་མེད་པའི་རྟགས་བསྟན་པ་རེད། སྤྱིར་མཚན་མཐུན་འཁྲིགས་སྤྱོད་ལ་གོམས་པའི་གྲྭ་ལོག་ཚོས་དོན་མཐུན་འཁྲིགས་སྤྱོད་ལ་སྡང་ཞུགས་ཆེ་ཁུལ་བྱས་ཀྱང་། དོན་ལ་གད་མོ་འཆོར་བའི་གནས་ཙམ་རེད། རང་ཉིད་ལས་ཀ་གང་ལ་ཞུགས་ཡོད་མེད་བརྟགས་པ་དང་དྲན་པ་སྔོན་དུ་སོང་ནས་བཤད་ན་ལེགས་པར་མངོན།

  6. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-01-16 at 2:01 am

    ངེས་དོན་བསྟན་པའི་མངའ་བདག།
    སྙིགས་དུས་འགྲོ་བ༷འི་མགོན་པོ།།
    མཚུངས་མེད་དཔལ་ལྡན་བླ་མའི།།
    བཞེད་དོན་ལྷུན་གྱིས་འགྲུབ་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme