Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེང་གེ་གསུམ་འཛོམས།

Posted on 2010-12-302010-12-30 By ཁ་བརྡ་ 78 Comments on སེང་གེ་གསུམ་འཛོམས།

tibetan_flagབློ་གྲོས་མཐའ་ཡས།
༡༽ ཆེས་བྱིན་ཆགས་ཤིང་མིའི་སེམས་ལ་དྲོད་ཁོལ་འཁྱིལ་བའི་བཞད་སྒྲ་དེ་ནི་བོད་མགོ་ནག་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་༧གོང་ས་ཐམས་ཅད་མཁྱེན་པའི་བཞད་སྒྲ་རེད། ༧གོང་ས་མཆོག་རྒྱུན་དུ་མཇལ་ཐུབ་མཁན་གྱི་སྐལ་བཟང་ཞིག་ཡིན་ན་ཁོང་གི་བཞད་སྒྲ་རྣ་བར་མ་འདྲིས་ཤིང་མ་གོམས་པ་ཞིག་ག་ལ་ཡོད་ཀྱང་། དེ་རིང་གི་བཞད་སྒྲ་ནི་སྔར་དང་ཆེས་མ་འདྲ་བ་ཞིག་སྟེ། ཐུགས་གཏིང་ནས་དགྱེས་པའི་རྣམ་འགྱུར་ཧ་ཅང་གསལ་བོར་མངོན་གྱི་འདུག
“རྒྱ་སྐྱག་སང་གི་ཁ་ནང་ལ་དེ་ཆུག ད་༧གོང་ས་མཆོག་གི་དགུང་ལོ་ལ་རྩིས་རྒྱོབས་ཡ།”
“འོ་ཡ། བོད་དོན་འདི་སྤྱི་ཚོགས་རྙིང་པའི་སྐུ་དྲག་ཁ་ཅིག་རོ་ལངས་རྒྱག་འདོད་ཨེ་རེད། ད་ལྟོས་དང་།”
“དེ་རིང་ཡང་རྒྱ་རོ་སང་གི་སེམས་ནང་ལ་ཆུ་འཁྱག་བླུགས་སོང་།”
“འོ་ལེ། བོད་ལ་མགོ་ཡོད་པ་ནི་རྒྱ་རོ་ཁོ་རང་སང་གིས་ཀྱང་ཁ་ནས་ཤོར་གྱིན་འདུག ལུས་པོ་ཡོད་པ་ནི་ན་ནིང་གཞིས་ནང་ནས་གསལ་བོར་བསྟན་སོང་། ད་བོད་ལ་མགོ་ལུས་གཉིས་ཀ་མཐུད་པའི་སྐེ་ཞིག་ཀྱང་ཡོད་སོང་བ་རེད།”
“འོ་ལེ། ད་དུང་བོད་ཀྱི་སྐེ་དེ་ཨ་རིའི་སྲིད་འཛིན་བདུན་དང་། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་གྱི་མི་སྣ་ཉི་ཤུ་རྩ་བདུན་ཐོན་སའི་སློབ་གྲྭ་དེ་ནས་ཁྲིམས་ལུགས་ཀྱི་འབུམ་རམས་པར་ཐོན་པ་ཞིག་རེད་ཟེར།”
“འོ་ཧོ་ཧོ། དེ་ཡིན་ན་དེ་ཙམ་ཞིག་གིས་ཀྱང་རྒྱ་རོ་སང་གི་དཔོན་ངན་དུད་དྲི་མ་ཚོའི་མགོ་ཐོག་ལ་རྐང་བ་བཞག་ཚར་འདུག”
“སྔོན་རྒྱ་གར་གྱི་རང་བཙན་ལེན་མཁན་མ་ཧཱ་ཏ་གྷན་དྷི་ཟེར་བ་དེ་ཡང་ཐོག་མར་ཁྲིམས་ལུགས་ལ་སྦྱངས་ནས་རྐང་སར་བཙུགས་པ་རེད་ཟེར།”
འུར་ཆིལ་ཆིལ་དང་དང་དགོད་སྒྲ་ལྷང་ལྷང་གི་ངང་ནས་ཕན་ཚུན་ལ་ཤོད་བཞིན་པའི་སྐད་ཆ་འདི་ཚོ་བོད་ནང་གི་བོད་མི་ཕྱི་ཕྱོགས་ཀྱི་གནས་ཚུལ་གོ་ཐུབ་མཁན་ཚོ་རེད།
“ད་དཔེ་ཡག་པོ་བྱུང་སོང་། ༧གོང་ས་ཆེན་པོའི་ཐུགས་རྗེ་བཀའ་དྲིན་གྱི་རྒྱབ་སྐྱོར་ཡོད་པའི་སྐབས་འདིར་གཞོན་སྐྱེས་ཚོར་འཛིན་སྐྱོང་གི་སྦྱོང་བརྡར་སྤྲོད་རྒྱུ་དཔེ་གལ་ཆེན་པོ་རེད་མ་གཏོགས། ཉི་མ་གཅིག་ལ་ཡོད་ཚད་གསར་བ་བྱེད་དགོས་ན་པུ་གུ་ཆུང་ཆུང་གི་ཆང་ས་བརྒྱབ་པ་འདྲ་བོ་ཞིག་ཡོང་གི་རེད་པཱ།” གཞུང་རྒྱུད་དྲང་ཞིང་མཁྱེན་རྒྱ་ཆེ་བའི་སྐུ་ངོ་ཀ་པའི་ཚིག་མཇུག་མ་རྫོགས་གོང་། སྐུ་ངོ་ཁ་པས་ཀྱང་།
“ལགས་སོ། ལགས་ལགས། དངོས་གནས་བློ་བཟང་སེང་གེ་ཁོ་རང་ལ་ཡང་ང་ཚོ་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུའི་ལས་ཡོད་ས་རེད། དངོས་གནས་མ་འདྲ་བ་ཞིག་འདུག་གཱ” བཙན་བྱོལ་བའི་སྐུ་ངོ་དྲིན་ཅན་བྱས་རྗེས་ཅན་མང་པོ་ཞིག་ཀྱང་ཉི་མ་འདི་ཚོར་ཧ་ཅང་དགའ་འདུག
༢༽ རྡ་རམ་ས་ལའི་རྒྱབ་རི་སྟེ་རི་བོ་རྡོ་ལ་རྡར་གྱི་དབུ་རྩེ་ནས་མར་ཉི་འོད་རིམ་བཞིན་དུ་སླེབས་ཤིང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱ་ཕིབ་ཀྱི་གསེར་འོད་གནམ་ལ་ཡར་འཕྲོ་སྐབས། བོད་མི་རྣམས་འཚང་ཁ་ཤིག་ཤིག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་འཛོམས་ཚར་འདུག བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་རྔ་རོལ་དང་བཅས། “སྲིད་ཞིའི་ཕན་བདེ་འདོད་དགུ་འབྱུང་བའི་གཏེར།། ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།། བསྟན་འཛིན་རྒྱ་ཆེན་རོལ་མཚོ་་་་་་་་་་”
དེ་རིང་གི་རྒྱལ་གླུ་དང་མཉམ་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་ལ་བསྒྲེང་མཁན་དེ་ནི། མཚན་སྙན་བླ་ན་འབར་བའི་བོད་ཀྱི་ཕུལ་བྱུང་གི་གཞོན་སྐྱེས་ཤིག་སྟེ། བོད་ཕྱི་ནང་གི་རེ་བ་ཁྲི་སྟོང་མང་པོ་སྤུངས་ས་དང་། བོད་ཕྱི་ནང་གི་བོད་མི་ཁྲི་སྟོང་མང་པོའི་སེམས་ནང་གི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་རེད། རྒྱལ་དར་གྱི་དར་ཤིང་དེ་ནམ་རྒྱུན་ཡོད་པའི་དར་ཤིང་དེ་ཀ་རང་ཡིན་རུང་། དེ་རིང་གི་རྒྱལ་དར་འདི་ཇི་འདྲའི་མཐོ་ཞིང་དགུང་ལ་བསྙེགས་པ་ཞིག་རེད་ཨང་། དེ་ནི་སོག་པོའི་གཏམ་དཔེ་ཞིག་ཏུ། སྔོན་རབས་པ་ལས་རྗེས་རབས་པ་བློ་ཁོག་ཡངས་ཟེར་བའི་དཔེ་ལྟར། ཤེས་འཇོན་གཉིས་ལྡན་གྱི་མི་རབས་གསར་བའི་དབུ་ཁྲིད་ཅིག་གི་བློ་སྟོབས་མཚོན་ཡོད་ངེས་རེད། རྟགས་རྟེན་འབྲེལ་ཡག་ཤོས་ཤིག་ལ་པོ་ཏཱ་ལའི་མདུན་གྱི་ཁྲག་དར་དེ་ཡང་དེ་རིང་རྒྱུ་རྐྱེན་མེད་པར་ས་ལ་ཟགས་འདུག་པས། ཡང་རྒྱ་སྐྱག་ཚོས་ཏཱ་ལའི་རུ་ཚོགས་ཟེར་ནས་ཞོགས་ཇ་ཡང་འཐུང་ཁོམས་མེད་པར་རྒྱུག་མར་རྒྱུག་བྱེད་ཀྱི་འདུག་ཟེར།
རྒྱལ་སྤྱིའི་གསར་འགོད་པ་རྣམས་ཡང་བསྐྱར་༧གོང་ས་མཆོག་གི་སྐུ་མདུན་དུ་སྤུངས་སོང་། “བོད་ཀྱི་ཆབ་སྲིད་ཀྱི་ཐོག་ལ་བོད་མི་མང་གིས་ཐད་ཀར་བདམས་པའི་དབུ་ཁྲིད་ཀྱིས་འགའ་ཁུར་གྱི་ཡོད་ཅིང་། བོད་མི་མང་གིས་ཐད་ཀར་བདམས་པའི་མི་རབས་གསར་བའི་ཆབ་སྲིད་ཀྱི་དབུ་ཁྲིད་ཡོང་གི་ཡོད།” ༧གོང་ས་ཆེན་པོས་བཀའ་ལན་འདི་ལྟར་གནང་སྐབས་ཁོང་གི་ཐུགས་ལ་སྤོབས་པ་ཆེན་པོ་འཁྲུངས་འདུག་པས། BBC གསར་ཁང་གི་གསར་འགོད་པས། Today Dalai Lama is very happy ཟེར།
༣༽ རྩ་སྦུག་གི་ནང་དུ་རྒྱུ་བཞིན་པའི་ཟུངས་ཁྲག་གི་དྲོད་ཡལ་ནས་ལོ་ངོ་དུ་མ་འགོར་བའི་བོད་རིགས་ཀྱི་རྩོམ་པ་པོ་སྐོར་ཞིག་དང་། རྒྱལ་ཞེན་གྱི་མེ་ལྕེ་བྲང་ཁོག་ན་འབར་བའི་རྒྱ་རིགས་ཀྱི་རྩོམ་པ་སྐོར་ཞིག་གིས་མ་དྲོས་བསམ་པ་གཅིག་མཐུན་གྱིས། ཏཱ་ལའི་ལ་ཁོ་རང་གི་དར་ཆ་འཛིན་པའི་རྒྱུན་འཛིན་པ་མེད་པ་དང་། ཡུར་གྱར་སྲིད་གཞུང་ནི་སྤྱི་ཚོགས་རྙིང་པའི་སྐུ་དྲག་སྐོར་ཞིག་གི་ཁྱིམ་ཚང་ཡིན་ཞིང་། ཁྱིམ་ཚང་དེ་ཡང་རྒྱུན་རིང་གནས་ཐུབ་རྒྱུ་མིན་ལུགས་སོགས་ཀྱི་ཆེད་རྩོམ་སྣ་ཚོགས་བང་བསྒྲིགས་ཏེ་འབྲི་རྒྱུའི་གྲ་སྒྲིག་ཡོད་རུང་། ད་ཐེངས་བློ་བཟང་སེང་གེ་བཀའ་བློན་ཁྲི་བར་ཐོན་པའི་གསར་འགྱུར་འདིས་ཁོང་ཚོའི་སེམས་ནང་དུ་བང་བསྒྲིགས་བཞིན་པའི་འཆར་གཞི་ཆ་ཚང་དཀྲུགས་སོང་། ཡེ་རྡོར་ཡང་དེའི་ནང་གི་གཅིག་རེད།
“ཨ་ཡོ། མ་ལི་གི་ཕཻས།” དེ་རིང་བསམ་བློ་གཏང་རུང་འབྲི་རྒྱུ་ཅི་ཡང་མ་རྙེད་པས་ཡར་ལངས་ཏེ་ཐ་མག་འཐེན་ཞོིར་ལ་སྒེའུ་ཁུང་ནས་རྒྱང་བལྟ་བྱེད་བཞིན་འདུག
རྒྱུན་རིང་ཞིང་གོ་རིམ་ལྡན་པའི་རྨི་ལམ་སྐྱིད་པོ་འདི་ལ་འདི་ལྟར་རོལ་བཞིན་པའི་སྐབས་ཆུ་ཚོད་ཀྱི་སྐད་སྒྲ་གྲགས་པས་གཉིད་ལས་བསླངས། འོ་ངོ་མ་རྟེན་འབྲེལ་བཟང་། རྨི་ལམ་ལས་སད་མ་ཐག་ཏུ་ཐོག་དང་པོར་གྱང་ངོས་ན་ཡོད་པའི་བོད་ཀྱི་རྒྱལ་དར་ཆེན་པོ་དེ་མིག་ལ་མངོན། རྒྱལ་རྟགས་གངས་ཀྱི་སེང་གེ། བཀའ་ཁྲི་བློ་བཟང་སེང་གེ། སེང་གེ་སུམ་འཛོམས་ཀྱི་སྦར་མོ་འདི་པེ་ཅིང་གི་རྒྱ་དཔོན་ཚོའི་མགོ་ཐོག་ན་དུས་ནམ་ཡང་གདུགས་ཀྱི་རྩིབ་མ་ལྟར་འཁོར་བའི་སྨོན་ལམ།

སྣ་ཚོགས།

Post navigation

Previous Post: ངྷ་སའི་དེ་རིང་གི་ནམ་ཟླ་ཧ་ཅང་འཁྱག་གི
Next Post: བཀའ་ཁྲི་དང་རྒྱ་ནག་ལ་བརྡ་ལན་བར་གླེང་བ།

Comments (78) on “སེང་གེ་གསུམ་འཛོམས།”

  1. sos says:
    2010-12-30 at 6:24 pm

    འདི་ཟུར་བཟའ་བའམ་ཟུར་ནས་བཟའ་བའིམཡིག་རྩོག་ཅིག་ཡིན་ནམ། ཧ་གོ་མ་སོང་།

  2. བསོད་རྣམས་དར་བརྒྱས་ says:
    2010-12-30 at 7:02 pm

    བོད་རྒྱལ་ལོ ་སྤྱིས་པའི་ཉི་མ་ཤར་ཡོང་ རྒྱལ་རྟགས་གངས་ཀྱི་སེང་གེ། བཀའ་ཁྲི་བློ་བཟང་སེང་གེ། སེང་གེ་སུམ་འཛོམས་བཀྲིས་ཤོག་

  3. ལྷ་ས་ཨབ་སོབ། says:
    2010-12-30 at 7:06 pm

    དྲང་པོར་བཤད་ན་བོད་པའི་སྤྱི་ཚོགས་ནང་དེང་རབས་ཀྱི་སློབ་སྦྱོང་ཚད་མཐོར་སོན་པའི་་གཞོན་སྐྱེས་མང་པོ་ཡོད་པ་དེ་ང་ཚོའི་གཟི་བརྗིད་རེད། བསྟན་དགྲ་རྒྱ་དམར་སྙིང་འདར་བ་ཞིག་བཟོས་ཡོད། གང་ལྟར་བཀའ་ཁྲིའི་འོས་མི་བསྟན་རྣམ་ལགས་དང་། བློ་བཟང་སེང་གེ་རྣམ་གཉིས་ལ་འཚམས་འདྲི་ཞུ་བ་སྦྲགས་མ་འོངས་ལས་དོན་ཚང་མ་ལམ་ལོངས་ཡོང་བའི་སྨོན་འདུན་ཞུ། ཁ་ཤས་ནས་བཀྲས་མཐོང་སྐུ་དྲག་གི་རྒྱུད་པ་རེད་ཟེར་ནས་ངན་སྨྲས་བྱེད་ཀྱང་། དེ་ནི་རྒྱ་དམར་གྱི་ལབ་པ་རྣམས་བསྐྱར་འདོད་བྱས་པ་ཙམ་ལས་དོན་དམ་དུ། སྐུ་དྲག་རིང་ལུགས་མེད་པ་བཟོས་ནས་ལོ་ངོ་མང་པོ་ཕྱིན་ཚར་བ་རེད། ད་ལན་བསྟན་རྣམ་ལགས་བཀའ་ཁྲིའི་འོས་མིར་ལང་བ་ནི་སྐུ་དྲག་རིང་ལུགས་སྐྱར་བཟོ་མིན་པར་མང་གཙོའི་ལམ་ལུགས་ནང་། སྐུ་དྲག་གི་རྒྱུད་ཛར་དང་། རྒྱལ་པོ་སློང་མཁན་སོགས་མཐོ་འབྲིང་བར་གསུམ་ཚང་མ་འོས་མིར་བཞུགས་ཆོག་པ་དང་། འོས་ཤོག་སླུག་ཆོག་པའི་ཐོབ་སྟངས་འདྲ་མཉམ་ཡོད་པ་གསལ་པོར་བསྟན་ཡོད། ཐབས་སྐྱོ་བ་ཞིག་ལ་འགྲོ་བ་མི་ཆགས་པ་ནས་བཟུང་ད་ལྟ་བར་དུ་རྒྱ་ནག་མི་མང་རྣམས་ལ་དེ་འདྲའི་ཐོབ་སྟངས་ཤིག་གཏན་ནས་བྱུང་མྱོང་མེད།་

  4. མི་ says:
    2010-12-30 at 7:35 pm

    ང་ཚོ་ལ་རང་ཚུགས་དགོས་པ་ལས་རྒྱ་མིས་ཅི་ཟེར་ལ་བལྟ་དགོས་པ་ཞིག་མ་རེད། རྒྱ་མིས་ཅི་ཟེར་ལ་ཉན་མཁན་ཚོ་ནི་ཤེས་ཡོན་པ་ཟེར་ཡང་རྒྱ་མིའི་བྲན་གཡོག་ཆགས་ཟེར་བ་རེད།

  5. བློ་གྲོས་མཐའ་ཡས། says:
    2010-12-30 at 7:39 pm

    sos ལགས།     གོང་གི་ཕྲན་གྱི་རྩོམ་ཡིག་དེ་ཟུར་ཟ་སོགས་གང་ཡང་མིན།    ལུང་བསྟན་དམར་རྗེན་མ་ཞིག་ཡིན།    ད་ཡང་ང་ཚོས་མུ་མཐུད་ནས་བསྟན་དགྲ་རྒྱ་ངན་སང་ལ་ཅི་བྱེད་འདི་བྱེད་མེད་རྒྱུ་ཞིག་བཟོ་ཡ།    

  6. ཀླུ་སྨྱོན། says:
    2010-12-30 at 8:05 pm

    གླུ་ལེན་ན་གངས་རིའི་རྩེ་ནས་ལེན། །
    སེང་དཀར་མོ་བཞད་པའི་ང་རོ་ལེན། །
    གངས་དཀར་པོ་མཛེས་པའི་རྒྱན་ཞིག་ལེན། །
    གླུ་ལེན་ན་རྒྱ་རྫོང་ནགས་ནས་ལེན། །
    སྟག་དམར་ཡག་ངར་བའི་གད་རྒྱངས་ལེན། །
    ནགས་རྒྱ་རྫོང་མཛེས་པའི་རྒྱན་ཞིག་ལེན། །
    གླུ་ལེན་ན་ཁ་བའི་ལྗོངས་ནས་ལེན། །
    བོད་མགོ་ནག་སེམས་པ་དགའ་ནི་ལེན། །
    གཞིས་བྱེས་གཉིས་མྱུར་དུ་འཛོམ་ནི་ལེན། །

  7. མི་ says:
    2010-12-30 at 8:18 pm

    ང་ནི་བློ་སེང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། སྐུ་དྲག་རེད་ཟེར་ནས་བསྟན་རྣམ་ལ་་མི་རྒྱུད་དབྱེ་དབྱེད་བྱེད་མཁན་རྣམས་ནི་རྒྱ་གུང་ཁྲན་ཏང་གིས་་གྲལ་རིམ་དགྲ་བོ་རྩ་མེད་བཟོ་དགོས་ཟེར་བའི་དུག་ཕོག་ཡོད་པའི་རྟགས་ཤིག་རེད། དེང་སྐབས་དབྱིན་ཇིའི་སྲིད་བློན་སྐུ་དྲག་གི་མི་རྒྱུད་ཅིག་རེད། མང་གཙོ་མ་རེད་ཟེར་མཁན་མི་འདུག

  8. དཀོན་ཅོག་སྐམ་པོ། says:
    2010-12-30 at 9:12 pm

    དེ་རིང་བག་ལེབ་བཙོང་མཁན་བུ་མོ་འདིའི་ངོ་ན་ཡང་འཛུམ་ཞིག་འདུག གོས་འཁོར་ལོ་མའི་ཕྱུ་བ་ལྗང་ཁུ་དང་འོག་འཇུག་དཀར་པོ་དེས་མོའི་སྒེག་ཉམས་སྔར་ལས་ཀྱང་སྙིང་ཉེ་བ་ཞིག་ཏུ་བསྒྱུར་འདུག་ཨང་། རྙིང་མ་དང་ཏྲེ་བོ་མགྲོན་ཁང་མདུན་གྱི་སྲང་ལམ་ཤིག་གི་རྒྱུ་མ་འདྲ་བོ་འདིར་མི་ཚོགས་དང་ཁ་བཏགས། ད་དུང་དུག་སྦྲང་ཁ་སང་ལས་དེ་རིང་མོད་པ་ཅི་ཡིན་ནམ། ང་ངོ་མ་ཧ་ལས་སོང་། “ཁྱོའི་ཁ་བཏགས་གང་ན་ཡོད། བཀའ་ཁྲི་ཕེབས་བསུ་ལ་མི་འགྲོ་འམ།”ཟེར་ཞོར་ཁོ་མོ་འཛུམ་ཙམ་བྱས། “རིན་་་་་་་་རིན་པོ་ཆེ་ལས་འཁྱུར་བྱེད་གྲབས་མ་རེད་པས་་་་་་་་་་་་་ཨ།”ང་གློག་གིས་བརྒྱབ་པ་ནང་བཞིན་ཁྲག་གི་འཁོར་རྒྱུགས་ཀྱང་འགག་གྲབས་བྱས་སོང་། “མ་རེད། མ་རེད། གནངས་ཉིན་བཀའ་ཁྲིའི་དམ་འབུལ་རེད། བྱས་ཙང་བློ་བཟང་སེང་གེ་ཁོང་ཨ་རི་ནས་དམ་འབུལ་ལ་ད་སོ་མ་ལྡི་ལིར་འབྱོར་བ་རེད”ཟེར་ཞོར་ཁོ་མོ་དགོན་པའི་ཕྱོགས་སུ་བརྒྱུགས་ཕྱིན་སོང་། སྐབས་དེར་ང་ཡང་དགའ་ནས་རྒྱུགས། ཁོ་མོའི་རྐུབ་ལ་བརྒྱུགས། རྒྱུགས་ཞོར”བདེ་འཇགས་རྐང་ཚ”་ཡིན་ན་དེ་ལུང་བསྟན་པ་དག་པོ་རེད་འདོད་ཐལ།

  9. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-12-30 at 10:21 pm

    བཀའ་བློན་ཁྲིར་པའི་འོས་གཞི་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ ཁྱི་རྒན་ཀི་ཅོ་འདོན་པ་དེ་ རྒྱུ་མཚན་མེད་པ་གཞན་དག་རྒྱག་ ཟེར་བ་འཞིན་ མི་རྩ་མི་ཚང་བ་ཡིན་པ་འདྲ་བོ་འདུག་

  10. འབུམ་དྲུག་ཚེ་རིང་། says:
    2010-12-30 at 10:26 pm

    ཡོག་ལི་མཁན་འདི་ལ་བཀའ་ཁྲིའི་རྐུབ་བཀྱག་ཐོབ་སོང་ན།
    འདིས་གཉའ་བ་ལྷེམ་ལྷེམ་དང་། བཅོས་འཛུམ་འཚེར་འཚེར་ངང་ནས་གངས་ཅན་སྐྱིད་གཞོང་གི་དྲུང་ཆེ་སྐེ་སྟུག་ཚོའང་མགྱོགས་རིལ་རིལ་བཟོ་ས་རེད། བཀྲེས་མཐོང་གིས་འདི་འདྲ་འཇོན་མི་ཡོང་།

    ཡོག་ལི་མཁན་འདི་བ་ཚང་ཐོབ་སོང་ན།
    རྒྱ་རྒན་ཕོར་བ་་འཁྲུས་མཁན་ཚོ་མཉམ་ཁ་རྩོད་རྒྱག་པའི་དཀའ་ལས་ཉུང་རུ་འགྲོ་ས་རེད། འདི་བ་ཚང་ཧ་ཝིར་ནས་ཡིན་པའི་ལོ་རྒྱུས་རྒྱ་ཡིག་ཚགས་པར་ཞིག་སྔས་མགོའི་རྩིག་པ་ངོས་སྦྱར་བཞག་ན་འགྲིག་འདུག

  11. མི་ says:
    2010-12-30 at 11:32 pm

    ཨ་རིའི་ནང་ལས་ཀ་གང་ཞིག་ལས་ན་ཉམས་མྱོང་གལ་ཆེ། དཔེར་ན། ལས་ཁུངས་ཤིག་ནང་ལས་ཀ་པ་ཞིག་དགོས་ཚེ། ལས་ཀ་དེ་ལ་སྙན་ཞུ་འབུལ་མཁན་མི་བཅུ་ཡོད་པའི་ནང་ལག་འཁྱེར་ཅན་མི་དགུ་དང་ལག་ཁྱེར་མེད་ཅིང་ལས་ཀ་དེར་ཉམས་མྱོང་ཡོད་མཁན་མི་གཅིག་བསླེབས་ཚེ་ ཉམས་མྱོང་ཅན་དེ་འདེམས་གི་རེད།
    བློ་སེང་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་ཁོ་ཨ་རི་ལ་བོད་གཞུང་གིས་བཏང་ནས་ཕྱིར་བསླེབས་པར་གན་རྒྱ་བཞག་ཡོད་ནའང་གན་རྒྱ་རྩིས་མེད་བྱས་ནས་ཁྲིམས་འགལ་བྱས་པ་རེད་ཟེར་བ་བདེན་ན་ཁོ་ལ་རྒྱབ་སྐྱོར་བྱེད་ཐུབ་ས་མ་རེད།

  12. ཡེ་ཤེས་རབ་རྒྱས says:
    2010-12-30 at 11:58 pm

    རྒྱ་མིས་བོད་ནང་བཙན་དབང་གིས་སྐུ་དྲག་གི་རྒྱུད་པ་རྩ་མེད་བཟོས། བྱེས་ནང་ཞི་བས་སྐུ་དྲག་གི་རྒྱུད་པ་རྩ་མེད་བཟོས་པ་རེད། གང་ལྟར་ཕྱོགས་གཉིས་ཀས་ང་ཚོའི་བོད་མིའི་ལས་དབང་ལ་འགྱུར་བ་ཤུགས་ཆེན་པོ་བཏང་ཡོད་ལ། དགའ་འོས་པའི་འགྱུར་བ་ཞིག་ཀྱང་རེད། བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་རྩ་མེད་བཟོས་པ་ནས་ང་ཚོ་བོད་མི་རྣམས་རྨོངས་གཉིད་ལས་སད་འགོ་ཚུགས་པ་རེད། གང་ཡིན་ཟེར་ན། རང་གི་ངལ་རྩོལ་དང་འཇོན་ཐང་ལ་དཔག་པའི་ལམ་བུ་རེ་རྙེད་ཀྱིན་ཡོད་པས་ཡིན།
    འོན་ཀྱང་དེང་སྐབས་ཀླད་མེད་འགའ་ཤས་ཀྱི་བསམ་བརྗོད་ལ་དཔག་ན། སླར་ཡང་དུར་ཁྲོད་ཀྱི་ནང་ནས་སྐུ་དྲག་གི་རོ་ལོངས་རྒྱབ་རྩིས་ཡོད་ཚད་འདུག རོ་ཡིན་ཡང་རུང་གསོན་པོ་ཡིན་ཡང་རུང་། གང་ལྟར་རྒྱུད་པ་འདིའི་ལམ་ལུགས་མིང་ཡང་གོ་རྒྱུ་མེད་པར་བཟོ་རྒྱུར་བོད་མི་ཡར་རྒྱས་འགག་རྩ་ཞིག་ཏུ་ཐུག་འདུག
    རྒྱ་མིས་བོད་བཙན་གྱིས་བཟུང་ནས་རྩ་མེད་གྲངས་ལས་འདས་པ་བཏང་བ་ལས། འདི་ཁོ་ན་ང་ཚོས་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་རེད།

  13. རིག་པའི་རྡོ་རྗེ། says:
    2010-12-31 at 12:17 am

    བློ་སེང་བཀའ་བློན་ལ་འདེམས་ཐུབ་མིན་དང་།   ཁོ་གལ་སྲིད་བཀའ་ཁྲིར་སླེབ་པ་ཡིན་ན་ཡང་།  བོད་ཀྱི་རྩ་དོན་ཐོག་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱེད་ཐུབ་མིན་མི་ཤེས་མོད།  བློ་གྲོས་མཐའ་ཡས་ཀྱིས་སྒྲུང་གཏམ་ཡིན་ནམ་ལུང་བསྟན་ཡིན་མི་ཤེས་པའི་ཀློག་སྤྲོ་བོ་ཞིག་བྲིས་འདུག  ང་ཧ་ལམ་ལོ་གཉིས་རིང་ཁ་བརྡ་དྲ་སྟེང་དུ་ཡོང་མ་ཐུབ་ཐ།  དེ་རིང་རྩོམ་ཡིག་འདི་མཐོང་རྗེས་མཆན་ཐུང་འདི་འབྲི་འདོད་བྱུང་།

  14. ཀརྡོ་རབ་འབྱམས་པ་ says:
    2010-12-31 at 12:40 am

    ཤྰཀྱའི་སེང་གེས་ཆོས་ཁྲིར་བཞུགས། །
    བོད་ཀྱི་གངས་སེང་དར་ཆར་འཁོད། །
    མི་བུ་སེང་གེས་གཡུ་རལ་ངོམས། །
    སེང་གེ་རྣམ་གསུམ་ག་དུས་འཛོམས། །

  15. མི་ says:
    2010-12-31 at 12:51 am

    མི་སུ་ཡིན་ཡང་འདམས་བྱ་འདེམས་བྱེད་དབང་ཆ་ཡོད་པ་འགྲོ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དང་མང་གཙོའི་དམང་རྡོ་ལྟ་བུ་རེད། སྐུ་དྲག་ལ་ཡང་འདམས་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད། མང་གཙོའི་ལམ་སྲོལ་ལ་མིའི་དབྱེ་འབྱེད་མི་ཆོག ཕྱོགས་གཅིག་ལ་དགའ་སྣང་ཡོད་ཁུལ་གྱིས་བོད་པའི་མང་གཙོ་དང་དབུ་ཁྲིད་ལ་ངན་སྨྲས་བྱེད་པ་ནི་རྒྱ་དམར་གྱི་ཉུལ་མ་དང་སྤྱང་ཁུའི་འོ་མས་གསོས་བའི་བུ་ཕྲུག་ཚོས་བཤད་ལྟངས་རེད།

  16. རྒྱ་གར་རྨ་བྱ། says:
    2010-12-31 at 2:27 am

    སྐུ་དྲག་རིང་ལུགས་རྩ་མེད་དུ་བཏང་ཞིང་། བོད་མི་མང་གཙོར་གྱུར་ནས་ལོ་ངོ་ཧྲིལ་པོ་ ༥༠ འཁོར་ཟིན་པ་ནི། ༸རྒྱལ་བའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན། ད་ལྟའི་བཀའ་བློན་ཁྲི་པར་སུ་ཞིག་ཕེབས་ཀྱང་མི་སྒེར་རང་གིས་མང་གཙོའི་ཁེ་ཕན་ཡོངས་སུ་བླངས་ནས་ཕེབས་པ་ཞིག་ལས། སྐུ་དྲག་རིང་ལུགས་དང་འབྲེལ་བ་ཡེ་ནས་མེད། མང་གཙོའི་རིན་ཐང་དང་མང་གཙོའི་སྡིངས་ཆ་འདི་བཞིན་བཙོག་པ་མ་བཟོས་རོགས་གནང་། མི་སྒེར་གྱི་སྐྱོན་ཡོན་གྲངས་ནས་ཁྱབ་བསྒྲགས་གནང་དགོས་པ་ལས། མང་གཙོ་དང་བཙན་བྱོལ་བོད་མིའི་གནས་རིམ་དང་གནས་ཚད་ཀྱི་ངོ་བོར་ཕོག་ཐུག་འགྲོ་བའི་བཤད་ཆ་རྙིང་པའི་གཏམ་རུལ་མ་གླེང་ན་ལེགས། སྨྲ་བརྗོད་ནི་མང་གཙོའི་རང་དབང་ཡིན་ཡང་། ང་ཚོས་སྒེར་ལ་དམོད་ཚིག་དང་། ལྷག་པར་རང་གི་གཞུང་གི་རིན་ཐང་རང་གིས་གཞལ་དགོས་ནི་ང་ཚོས་འགན་དང་། ཡང་སྒོས་སྨྱུག་ཐོགས་པར་དེ་བས་ཀྱང་འགན་འཁྲི་ཆེན་པོ་ཞིག་ཡོད་པར་མཐོང་། སྐུ་དྲག་དང་འབྲེལ་བའི་ཚིག་རིས་འདི་ཕྲན་བུ་མ་བདེ་བ་ཞིག་ཚོར་ནས་ཡིག་འབྲུ་འགའ་ཤིག་ཤོར་བ་ལས། སྤྱིར་རྒྱབ་སྐྱོར་གནང་སྟངས་དམིགས་བའི་རྣམ་པ་ཞིག་འདུག བོད་རིགས་ན་གཞོན་ཚོར་རྩོམ་འབྲིའི་ཤེས་ཆ་དང་འབྲེལ་བའི་མིག་དཔེ་ཆུང་ཆུང་ཞིག་ཀྱང་རང་བཞིན་གྱིས་འགྲོ་ངེས་པ་ཞིག་ཏུ་མཇལ། ཐུགས་རྗེ་ཆེ།

  17. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2010-12-31 at 3:32 am

    བོད་རྒྱལ་ལོ། སེངྒེ་སུམ་འཛོམས་ཡོང་བར་ཤོག ལུང་རྟོགས་བསྟན་པ་རྒྱས་པར་ཤོག །

  18. བསོད་རྣམས་དར་བརྒྱས་ says:
    2010-12-31 at 3:59 am

    མི་ ནས ཨ་རིའི་ནང་ལས་ཀ་གང་ཞིག་ལས་ན་ཉམས་མྱོང་གལ་ཆེ། དཔེར་ན། ལས་ཁུངས་ཤིག་ནང་ལས་ཀ་པ་ཞིག་དགོས་ཚེ། ལས་ཀ་དེ་ལ་སྙན་ཞུ་འབུལ་མཁན་མི་བཅུ་ཡོད་པའི་ནང་ལག་འཁྱེར་ཅན་མི་དགུ་དང་ལག་ཁྱེར་མེད་ཅིང་ལས་ཀ་དེར་ཉམས་མྱོང་ཡོད་མཁན་མི་གཅིག་བསླེབས་ཚེ་ ཉམས་མྱོང་ཅན་དེ་འདེམས་གི་རེད།
    ཟེར་ འདི་ལས་ཀ་ནགས་པོ་རེད་ ལག་ཁྱེར་མེད་ན་ལས་ཀ་ཐོ་འགོག་བྱེད་མེ་ཐོབ།།།།།།

  19. དམར་སྨུག says:
    2010-12-31 at 5:36 am

    ལུང་བསྟན་འདི་འཕྱུག་འདུག ཡིད་མི་ཆེས་ན་འུ་གཉིས་ཀྱིས་རྒྱན་ཞིག་འཛུགས། གལ་སྲིད་ལུང་བསྟན་འདིའི་ཁ་ཐོག་ཏུ་སོང་ན་ངས་ཁྱེད་ལ་ཕུ་བོ་ཟེར་ནས་འབོད་ཆོག དེ་ལྟར་མ་བྱུང་ན་ང་ལ་ཕུ་བོ་ཟེར་ནས་འབོད་ཐུབ་བམ། རྒྱན་འཛུགས་སྟངས་འདི་སྔོན་ཆད་ཀྱི་རྒྱན་འཛུགས་སྟངས་ཤིག་སྟེ། ཕོ་རབས་ཚིག་ཐོག་ཟེར་བ་ལྟར་ཤོར་ན་ཕུ་བོ་ངོ་མ་ཞིག་གི་སར་ནས་བརྩི་བཀུར་ཆེན་པོ་བྱེད་དགོས་པ་མ་བརྗེད།

  20. ཤ་ཀླན་བུ says:
    2010-12-31 at 6:11 am

    དངོས་གནས་རྩོམ་ཡིག་དགོད་བྲོ་བོ། གོ་རྒྱུ་ཡོད་མཁན་ཞིག་བྲིས་འདུག བློ་གྲོས་མཐའ་ཡས་ལ་ཐུགས་རྗེ་ཆེ་ཞུ།

  21. བཀྲ་ཤིས། says:
    2010-12-31 at 6:42 am

    རི་རྩི་ལྔ་ཡག་གི་རྩེ་མོ་ན། གང་སེངྒེའི་དར་ཆ་གནམ་ལ་བསྒྲེང་།
    དེ་བསྒྲེང་མཁན་སེངྒེ་མིང་འཛིན་པ། སྐབས་དེ་ན་བོད་མིའི་རླུང་རྟ་མཐོ།

  22. སྟག་སྨྱོན། says:
    2010-12-31 at 7:22 am

    གཟའ་པ་སངས་ཉིན་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གིས་བློ་བཟང་སེང་གེར་དྲི་བ་འདྲི་སྐབས། ༡། ཁོང་ལ་བཀའ་ཁྲི་མ་ཐོབ་པ་ཡིན་ན། ཕྱག་རོགས་བཀའ་བློན་ལ་འདེམས་པ་ཡིན་ན་དང་ལེན་བྱེད་འདོད་ཡོད་མེད་བཀའ་འདྲི་ཞུ་རོགས། འདི་ཐོག་ནས་ཁོང་ལ་བོད་དོན་ཆེད་ལྷག་བསམ་དང་ཕུགས་རྒྱངས་རིང་ཐུང་ག་ཚོད་ཡོད་མེད་ཤེས་ཐུབ། བཀའ་ཁྲི་ནི་ལོ་ལྔ་ཙམ་གྱི་དུས་ཚོད་རེད། དེ་ནང་འཆར་གཞི་དང་གྲུབ་འབྲས་མང་པོ་ཞིག་བསྒྲུབ་རྒྱུའི་ཆུ་ཚོད་ཡོད་མ་རེད།
    ༢། ཁོང་གི་མིང་འབྲེལ་གྱི་བོད་ཡིག་གི་རྩོམ་དེ་ཚོ་ཁོ་རང་གིས་བྲིས་དང་མི་གཞན་གྱིས་བསྒྱུར་བ་ཡིན་བཀའ་འདྲི་ཞུ་རོགས། འདིའི་ཐོག་ནས་ཁོང་མི་དྲང་མོ་ཞིག་ཡིན་མིན་དང་། ཤེས་ས་མ་རེད་བསམ་ན་མི་མང་ལ་མགོ་སྐོར་གཏོང་རྒྱུའི་གོམས་གཤིས་ཡོད་མེད་ཤེས་ཐུབ་པ་རེད།
    ༣། ཉེ་སྔོན་ལོ་ཐིང་གི་ཚོགས་འཛོམས་ཀྱི་གློག་བརྙན་ཞིག་གི་ནང་དཔུང་སྒྲིག་ག་ཡོང་བ་ཡིན་ཟེར་བ་ལྟར། སྐབས་དེའི་དཔུང་ངོམ་སའི་ཁ་གཏད་སུ་ཞིག་ཡིན་མིན་འདྲི་རོགས།

  23. དཀོན་མཆོག says:
    2010-12-31 at 8:30 am

    སྟག་སྨྱོན་ལགས། གལ་སྲིད་ཁྱོད་རང་རང་དབང་ལག་དེབ་མེ་བསྲེག་བཏང་བ་ཡིན་ཟེར་མཁན་དེ་ཡིན་ན། བོད་གཞུང་གི་དཔྱལ་ཁྲལ་ལག་དེབ་མེ་བསྲེག་གཏོང་བ་ཡིན་ཟེར་མཁན་ཞིག་ལ་བོད་ཀྱི་ཡུལ་མིའི་འོས་བསྡུ་ལ་བྱུས་ཏོག་བྱེད་དབང་ཡོད་པ་མ་རེད་ཟེར། མི་དེ་འདྲ་ཞིས་གིས་དྲི་བ་ལ་ལན་མ་བརྒྱབ་ཀྱང་བཀའ་ཁྲིའི་འོས་མིས་ཁུར་དགོས་པའི་འགན་དབང་གང་དང་ཡང་འགལ་ཡོད་མ་རེད་ཟེར།
    དང་པོ་ཁྱེད་རང་དེ་གསུང་མཁན་ཀྱི་སྟག་སྨྱོན་དེ་ཡིན་མིན་གསལ་པོ་བཟོ་དགོས་པ་འདུག

  24. འབུམ་དྲུག་ཚེ་རིང་། says:
    2010-12-31 at 8:51 am

    ༡ བློ་སེང་ཐོབ་སོང་ན་རྡ་རམས་ས་ལའི་དྲུང་ཆེ་སྐེ་སྟིག་་ཚོ་དང་སྐུ་ངོ་ངོ་རོ་ཚོས་ཁོང་ལ་དཀའ་ལས་འདྲ་བཟོ་ནའང་ཐང་།
    ༢ བློ་སེང་ཐོབ་སོང་ན། བོད་ནང་གི་ཟ་ལེ་རྒྱ་ཚོ་སེམས་ཤུགས་འཕར་ནའང་ཐང་།

    བློ་སེང་ཐོབ་སོང་ན།
    ༡ འཇམ་ནོར་དང་ཁོའི་ཨབ་ཕྲུག་ཚོའི་ཁ་ནང་ལ་གཅིན་དྲི་ཐུལ་ལི་ལི་ཡོང་།
    ༢ ཨིན་ཊི་ཡ་ནའི་རྒད་པོ་ཀླད་ཤི་ཨི་ལི་ཊི སི་སྤིར་ལིན་གྱི་སྙིང་ལ་ཙག་ཤད་རྒྱུག་ནས་ཤི་ན་ཐང་།

  25. གཙང་ཁའི་བུ says:
    2010-12-31 at 9:00 am

    དྲ་གྲོགས་ཚོ། ང་ཚོས་སུ་ཞིག་གིས་ཐོབ་པ་གཙོ་བོར་མ་འཛིན་པར། སུ་ཞིག་གིས་མི་མང་གི་བློ་སེམས་འགུག་ཐུབ་པ་དང་། སུ་ཞིག་གིས་བོད་མི་མང་ལ་ཞབས་འདེབས་ཞུ་ཐུབ་པ། སུ་ཞིག་ལ་རྒྱལ་སྤྱིའི་དོ་སྣང་དང་ཆེ་མཐོང་འཇོག་མིན་སོགས་ལ་བསམ་བློ་གཏོང་དགོས་རེད།

  26. དཀོན་མཆོག says:
    2010-12-31 at 9:18 am

    འབུམ་དྲུག་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །

  27. དཀོན་མཆོག says:
    2010-12-31 at 9:20 am

    གཙང་ཁས་གསུངས་པ་ལ་ཡང་མངོན་པར་བསྟོད་དོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་གསུངས་པ་དེ་བཞིན་ནོ། །

  28. འབུམ་དྲུག་ཚེ་རིང་། says:
    2010-12-31 at 10:53 am

    བློ་བཟང་སེང་གེའི་མིང་གི་དག་ཆ་ལ་དོགས་སློང་།
    ཁོ་བོས་བསམས་ན་བློ་བཟང་སེང་གེ་ནི་བློ་བཟང་སངས་རྒྱས་རེད་སྙམ། གཞི་ཆགས་པའི་སངས་རྒྱས་ཀློག་དུས་སེང་གེ་ཡི་སྒྲ་གདངས་འདྲ་ཞིག་ཐོན་གྱིན་ཡོད་པ་དང་། མིང་གདགས་མཁན་ནས་ཀྱང་བློ་བཟང་གི་རྗེས་ལ་སངས་རྒྱས་ལས་སེང་གེ་མི་གདགས་པར་སྙམ། ནང་པའི་གཞུང་། དང་བོད་མིའི་འདུ་ཤེས་ཀྱི་ངོགས་ན་སེང་གེ་ནི་སྙིང་རྗེ་དང་སེམས་བཟང་པོ། ཞི་དུལ་གྱི་དཔེ་མཚོན་མིན་པར། སྟོབས་ཆེན་པོ་དང་ཕ་རོལ་ཟིལ་གྱིས་གནོན་མཁན་ཞིག་ལ་གོ། དེ་ཕྱིར། མིང་འདོགས་མཁན་ནས། བློ་བཟང་དང་སེང་གེ་གཉིས་མཉམ་སྦྱོར་མི་བྱེད་པ་ཡིན།
    འོ་ན། སངས་རྒྱས་དེ་སེང་གེ་ལ་ཇི་ལྟར་ཐོན་པ་རེད་ཟེར་ན། ངས་བལྟས་ན། ཁོའི་མིང་ཡིག་ཐོག་སྔ་ཤོས་དང་ཡིག་ཐོག་ལ་་ཐོན་དང་པོ་དེ་དབྱིན་ཇི་ནང་རེད་སྙམ་ཏེ། བཙན་བྱོལ་སློབ་གྲ་ནང་མིང་འགོད་བྱེད་དུས་དབྱིན་ཇི་ལས་བོད་ཡིག་ཐོག་གཅིག་བྱས་ན་མེད་པ་འདྲ། ཕྱིས་སུ་ཁོའི་མིང་རྗེས་མ་་sangay འམ་sangey་དེ་བོད་ཡིག་ཐོག་འབྲི་དུས་སེང་གེ་ལ་གྱུར་ཚུལ་ནི། གཅིག་ནས། ཁོ་གྲྭ་བ་མགོ་རིལ་ཞིག་མ་ཡིན་པ་ཕོ་གསར་རྟ་འདྲ་བ་ཞིག་ཡོད་པ་དང་། གཉིས་ནས། sangay འམ་sangey་ཀློག་དུས་སེང་གེ་འདྲ་ཞིག་ཐོན་ཡོང་བས་ཡིན།

  29. བཀྲ་རྡོར། says:
    2010-12-31 at 11:07 am

    ཨ་རོགས་ཚོ་དོ་དགོང་གསར་འགྱུར་བལྟས་ན་བསམ་ཚུལ་ཅི་ཞིག་སླེབས་སོང།

  30. བཀྲ་རྡོར། says:
    2010-12-31 at 11:16 am

    འབུམ་དྲུག་ཚེ་རིང་ལགས་ཁྱེད་་ཀྱི་ཿགཞི་ཆགས་པའི་སངས་རྒྱས་ཀློག་དུས་སེང་གེ་ཡི་སྒྲ་གདངས་འདྲ་ཞིག་ཐོན་གྱིན་ཡོད་པ་ དང་། མིང་གདགས་མཁན་ནས་ཀྱང་བློ་བཟང་གི་རྗེས་ལ་སངས་རྒྱས་ལས་སེང་གེ་མི་གདགས་པར་སྙམ།ཿའདི་ནོར་བ་རེད།
    ཁོར་མིང་གཉིས་ཡོད་རེད། བློ་བཟང་སེང་གེ་ནི་རྒྱ་གར་མི་སེར་གྱི་སྤ་སེའི་མིང་རེད། lobsang singgey
    བློ་བཟང་སངས་རྒྱས་ནི་བོད་པའི་མི་སེར་གྱི་སྤ་སེ་སྟེ་R.Cམིང་རེད། lobsang sanggay

  31. དབང་ཆེན། says:
    2010-12-31 at 11:16 am

    སྐབས་རེ་སེངྒེ་གུས་པའི་ཡུལ་ཏུ་བརྩི། །སྐབས་རེར་སེངྒེ་གདན་གྱི་འོག་ཏུ་གནོན། །གཞན་ཏུ་སེང་ལྤགས་བཤུས་ནས་རྒྱབ་ཏུ་གྱོན། །རྒྱ་ཁྱི་སྣ་ལེབ་གོ་གནས་རྟག་པ་མིན། །གངས་རི་གཅིག་ལ་སེངྒེ་གསུམ་ཤོང་ན། །བཀའ་རྒྱུད་ནང་ཏུ་ཞྭ་ནག་གཉིས་ཀྱང་ཤོང་། །གཞན་གྱི་མགོ་ནས་འདྲེན་འདོད་སེང་ཕྲུག་ཚོ། །ཁྱི་འཛིང་ནང་ནས་མ་བྱེད་སྐུ་ཚེ་རིང་། །

  32. བཀྲ་རྡོར། says:
    2010-12-31 at 1:00 pm

    ང་ནི་བློ་བཟང་སེང་གེ་བཀའ་ ཁྲིར་བདམས་པ་ཡིན་ན་ཞེས་ནི་རེད། ན་ནིངས་གྲོས་ཚོགས་ནང་ལ་དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་སོང། ད་ལོ་བཀའ་ཁྲི་དཔུང་ཁག་སྒྲིག་མཁན་ཞིག་འདེམས་པ་ཡིན་ན། ན་ནིངས་ཀྱི་གནས་ཚུལ་ལྟར་ཡོང་རྒྱུར་ངེས་པས། ང་ཚོས་བསམ་བློ་་་་་་་་་་་་་་་་།
    http://www.khabdha.org/?p=13559

  33. བྱ་རྒོད་རྒྱལ་པོ། says:
    2010-12-31 at 4:17 pm

    གནད་དོན་དེ་བློ་སེང་ཐོབ་དང་ཤོར་གྱི་སྐད་ཆ་མ་རེད། སྐུགས་པ་ཚོ། བོད་ཀྱི་གནད་དོན་ཐད་སུས་འཇོན་སུ་ལེགས་དེ་རེད།

  34. དཀོན་མཆོག says:
    2010-12-31 at 11:30 pm

    བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱལ་པོ། ཁྱེད་ཀྱིས་གསུངས་པ་དེ་དེ་བཞིན་དེ། དངོས་པོའི་གནས་ཚོད་ཀྱང་དེ་ཡིན་ལ། ཆབ་སྲིད་ཀྱི་འགྱུར་བའི་དགོས་མཁོ་ཡང་དེ་ཡིན་ནོ། ། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་པ་ཡང་དེ་ཡིན་ཏེ། ཁྱོད་ཀྱི་གསུངས་པ་ལྟར་རིང་མིན་མངོན་དུ་གྱུར་དུ་འོང་ངོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་རྒྱལ་པོ། ཁྱོད་ནི་སྔོན་བསྐལ་པ་གྲངས་མེད་པ་ནས་ཤེས་རབ་ཀྱི་མིག་ཡང་དག་ཐོབ་པ་ཡིན་པས་ཉན་རང་སོགས་རང་གཅིག་པུ་དང༌རང་གི་འཁོར་ཁོ་ན་བསམ་མཁན་གྱི་སྐྱེ་བོ་ཕལ་པ་སུས་ཀྱང་དོ་ཟླ་མེད་དོ། །ད་ནས་བཟུང་ཕན་བདེའི་གཞི་སྒོ་ཆོས་སྲིད་གཉིས་ལྡན་གྱི་བོད་གངས་ཅན་པའི་སྲིད་བློན་དང་སྤྱི་འཐུས་འོད་འདེམས་བྱེད་པའི་མདོ་འདི་ཁྱོད་ལ་གཏད་དོ། །ཡོངས་སུ་གཏད་དོ། མ་འཕྱུག་པ་བགྱིས་ཤིག རང་གཞན་གྱི་དོན་རླབས་པོ་ཆེ་བྱས་པ་ཡིན་པས་ཚོགས་གཉིས་མྱུར་དུ་རྫོགས་པར་འགྱུར་རོ། །སཿམཿཡཿརྒྱཿ

  35. དཀོན་མཆོག says:
    2011-01-01 at 12:14 am

    འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལཱ་གཙོ་བོར་བྱས་པའི་འཛམ་གླིང་གང་ས་ན། བོད་གངས་ཅན་ནས་ཡུལ་གྱར་པའི་གདོང་དམར་ཤ་གཟན་རིགས་མང་པོ་ཞིག་གནས་ཤིང་འདུས་པ་ལས། ནམ་ཞིག་ན་དེ་དག་གི་རྒྱལ་པོའམ་སྲིད་བློན་ཞིག་བསྐོ་བ་ལ་མ་འཆམ་པར་ཕྱོགས་དང་རིས་སུ་མཆེད་ནས་རྩོད་པ་གྱུར་ཏོ། །དེའི་ཚེ་ཡུལ་ག་ལ་བར་བྱང་ཆུབ་སེམས་པ་སེམས་པ་ཆེན་པོ་བློ་གྲོས་ཀྱི་རྒྱལ་པོ་ཞེས་བྱ་བ་ཤེས་རབ་དང་ཆོས་ཀྱི་མིག་དང་ལྡན་པ་ཞིག་བཞུགས་ཡོད་པ་དེས། ཤ་གཟན་གདོང་དམར་གྱི་རིགས་དེ་དག་ལ་མ་འོངས་པའི་ཤེས་པའི་བློའི་མཐུ་མེད་ནས་འཁྲུགས་ཤིང་རྩོད་པ་ལ་ཤིན་ཏུ་བརྩེ་བའི་སེམས་ཀྱིས་མ་བཟོད་དེ། དེ་དག་གི་རྩོད་པ་རྣམས་ཞི་བའི་དོན་དུ་མ་འོངས་ལུང་བསྟན་འདི་གསུངས་སོ་། །
    ༄༎ཀྱེ་ཤ་གཟན་གདོང་དམར་ཚོ། ཅིའི་ཕྱིར་ཁྱེད་རྣམས་རྩོད་པ་བྱེད། མ་འོངས་པ་ནི་ལས་དང་རྒྱུ་འབྲས་ལ་བརྟེན་པ་ཡིན་པས་སུས་ཀྱང་བཅོས་སུ་མེད་དོ། །རིང་མིན་ཟླ་བ་དྲུག་བདུན་སོང་རྗེས་ཁྱེད་ཀྱི་རྒྱལ་པོ་དེ་ལས་ཀྱིས་འོངས་བར་འགྱུར་རོ། །དེ་ཡང་ཉིན་ཞིག་རྡ་རམ་ས་ལའི་རྒྱབ་རི་རྡོ་ལ་རྡར་གྱི་དབུ་རྩེ་ནས་མར་ཉི་འོད་རིམ་བཞིན་འཕྲོ་བ་དང༌། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱ་ཕིབ་ཀྱི་གསེར་འོད་གནམ་ལ་ཡར་འཕྲོ་བའི་སྐབས། བོད་མི་རྣམས་འཚང་ཁ་ཤིག་ཤིག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་འཛོམས་པར་འགྱུར་རོ། ། དེ་དུས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་རྔ་རོལ་དང་བཅས། “སྲིད་ཞིའི་ཕན་བདེ་འདོད་དགུ་འབྱུང་བའི་གཏེར།། ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།། བསྟན་འཛིན་རྒྱ་ཆེན་རོལ་མཚོ་་་་་་་་་་”
    ཞེས་པའི་རྒྱལ་གླུ་དང་མཉམ་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་ལ་བསྒྲེངས་ཚར་རྗེས། མཚན་སྙན་བླ་ན་འབར་བའི་བོད་ཀྱི་ཕུལ་བྱུང་གི་གཞོན་སྐྱེས་དང༌། བོད་ཕྱི་ནང་གི་རེ་བ་ཁྲི་སྟོང་མང་པོ་སྤུངས་ས་དང་། བོད་ཕྱི་ནང་གི་བོད་མི་ཁྲི་སྟོང་མང་པོའི་སེམས་ནང་གི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ཞེས་བྱ་བ་དེ་མི་འཇིགས་སེང་གེའི་ཁྲི་ལ་བཞུགས་པ་འགྱུར་རོ། །སྐབས་དེར་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་༧གོང་ས་མཆོག་ནས་“བོད་ཀྱི་ཆབ་སྲིད་ཀྱི་ཐོག་ལ་བོད་མི་མང་གིས་ཐད་ཀར་བདམས་པའི་དབུ་ཁྲིད་ཀྱིས་འགའ་ཁུར་གྱི་ཡོད་ཅིང་། བོད་མི་མང་གིས་ཐད་ཀར་བདམས་པའི་མི་རབས་གསར་བའི་ཆབ་སྲིད་ཀྱི་དབུ་ཁྲིད་ཡོང་གི་ཡོད།” ༧གོང་ས་ཆེན་པོས་བཀའ་ལན་འདི་ལྟར་གནང་སྐབས་ཁོང་གི་ཐུགས་ལ་སྤོབས་པ་ཆེན་པོ་འཁྲུངས་པར་འགྱུར་རོ། །ཨིན་ཇི་BBC གསར་ཁང་གི་གསར་འགོད་པས། Today Dalai Lama is very happy ཟེར་བཀོད་པར་འགྱུར་རོ། །ལེའུ་དང་པོ་རྫོགས་སོ། །

  36. བཀྲ་རྡོར། says:
    2011-01-01 at 1:03 am

    ང་རང་ཉིད་ཀྱི་ཐོག་མའི་སེམས་ནང་གི་གཏན་འབེབས་ནི་བློ་བཟང་སེང་གེ་ཡིན། རྒྱུ་མཚན། ལོ་ན་གཞོན་པ། རྒྱལ་སྤྱིའི་ཁྲིམས་དོན་ལ་མཁས་པ། ཤེས་ཡོན་ལྡན་པ། བློ་སྤོབས་ཆེ་བ། མི་རབས་གསར་བ་བཅས་རེ་རེ་ལ་རྒྱབ་ལྗོངས་ཡང་ཡོད། ངས་མི་རབས་གསར་བ་ཞེས་པའི་ཐ་སྙད་འདི་ངས་མུ་མཐུད་ཉར་བ་ན། སྐབས་འདིར་ངས་སོ་སོའི་མི་རིགས་དང་རྒྱལ་དོན་ལ་འགན་མ་འཁུར་བའི་ཞེན་ཁོག་ཅིག་ རེད་སྙམ་སོང་། དེ་བཞིན་ཞིབ་ཏུ་བསམ་བློ་བཏང་ན་བློ་སེང་ནི་ལོ་ན་གཞོན་སྟབས། ཁོང་ལ་འཇོན་ཐང་དང་ནུས་པ་ཡོད་ན་ཕྱིས་སུ་རིམ་གྱིས་གོ་སྐབས་སྤྲད་ཆོག་པ་ཞིག་ རེད། ལ་ལས་ཨོ་བྷ་མ་དང་བློ་སེང་གཉིས་བསྡུར་གྱིན་འདུག དེ་ནི་གླེན་རྟགས་ཤིག་ལ་ངེས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་ཁོང་གཉིས་ལོ་ན་གཞོན་པ་བདེན་ནའང་ཨ་རིའི་རྒྱལ་ཁབ་དང་བཙན་བྱོལ་བོད་ གཞུང་བསྡུར་ཐབས་ག་ལ་ཡོད། གལ་སྲིད་ཨོ་བྷ་མས་ནོར་འཁྲུལ་བྱུང་ནའང་ཨ་རིའི་སྲིད་གཞུང་ནི་སྔོན་ལྟར་བརྟན་ པོ་རེད། བློ་སེང་གིས་འགན་འཁུར་དགོས་པའི་བཙན་བྱོལ་བོད་གཞུང་དེ་ལོ་ངོ་བརྒྱ་ཕྲག་མང་ པོའི་ལོ་རྒྱུས་ཡོད་པའི་ཨ་རིའི་སྲིད་གཞུང་དང་བསྡུར་ཐབས་ཨེ་ཡོད། དེ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད།
    དེ་ཡིན་དུས་ངས་ད་ལྟའི་སྐབས་འདིར་བཀྲས་མཐོང་ལ་ངེས་པར་ཏུ་བསམ་བློ་གཏོང་དགོས་ པ་ཞིག་ཆགས་སོང་། ཁོང་གི་མཉམ་མྱོང་། འཇོན་ཐང་། ཤེས་ཚད། ཞེ་སྤོབས། བྱས་རྗེས། ལྷག་བསམ་བཅས་ཁོའི་ཐོག་མའི་བྱིས་དུས་ནས་ད་ལྟའི་བར། བཙན་བྱོལ་བོད་གཞུང་དང་བོད་མིའི་བདེ་སྡུག་གི་ཆེད། རླབས་ཆེན་གྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་མ་ཟད། དེ་རེ་རེ་ལ་གྲུབ་འབྲས་ཡང་རླབས་ཆེན་ཐོན་འདུག དེའི་སྟབས་ཀྱིས་ད་དུང་ཁོ་ལ་གོ་ཐོབ་ཡག་པོ་རེ་སྤྲོད་ཐུབ་ན། སྔོན་ལས་ལྷག་པའི་བྱས་རྗེས་རེ་འཇོག་ཐུབ་པའི་ཡིད་ཆེས་དང་རེ་བ་ཆེ། ང་ཚོས་སྐུ་དྲག་གི་མི་རྒྱུད་ཅིག་ལ་ཞེ་གནག་ནས་དྲིན་ཆེན་ལ་དྲིན་ལོག་གིས་སྣང་ མེད་དུ་བཞག་ན། ང་ཚོ་དེ་བོད་མི་རིགས་ལ་གྱོང་གུད་རེད།
    ངས་སྔོན་འགྲོའི་བཀའ་ཁྲིའི་འོས་བསྡུ་ནས་ད་བར་བསམ་བློ་བཏང་བ་མ་ཟད། དྲ་ཚིགས་ཁག་ཉུལ་ནས་མི་རེ་ཡི་ལོ་རྒྱུས་དང་བྱས་རྗེས་ལ་ཡང་བསམ་གཞིགས་མང་པོ་ བྱས། དེ་རིང་ང་རང་ཉིད་ཀྱི་འོས་ཤོག་གཅིག་པོ་དེ་བཀྲས་མཐོང་ལ་དབང་བ་ཡིན།

  37. བཀྲ་རྡོར། says:
    2011-01-01 at 2:12 am

    བློ་སེང་ལ་དྲི་ལན་གྱི་ཀུན་གླེང་དེ་བརྒྱུད་ཏེ་བསམ་ཡོད་ཅན་གྱི་མི་སྣ་དག་ལ་བསམ་བློ་གཏོང་རྒྱུའི་གོ་སྐབས་ཤིག་རེད་སྙམ། རྣམ་རྒྱལ་ལགས་ཀྱིས་བློ་སེང་ལ་རྡ་ས་ཆུ་བཞི་སྒང་གི་དྲུང་ཆེ་བྱེད་མྱོང་བའི་ཉམས་མྱོང་སྐོར་དྲིས་དུས་ལན་ག་རི་རྒྱབ་སོང་ཁྱེད་ཚོས་གསལ་པོ་གཟིགས་ཡོད་ཤག་རེད། བློ་སེང་ལྡི་ལི་ཆུ་བཞི་སྒང་དྲུག་དང་འབྲེལ་བ་ཡོད་པ་གསལ་པོ་ཆགས་སོང་སྙམ།
    དེ་མིན་དེ་སྐོར་ག་བྱས་ཏེ་གསལ་བོ་མི་ཤོད་པའི་རྒྱུ་མཚན་ཅི།
    མི་རྗེ་ཟམ་གདོང་ཚང་གིས་
    ༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་ འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་

  38. བཀྲ་རྡོར། says:
    2011-01-01 at 2:50 am

    སེང་གེ་གསུམ་གྱི་སྐོར་ལ་འབྲེལ་བཤད་རོབ་ཙམ་ཞུས་ན།
    སེང་གེ་དང་པོ་ནི།
    ཁོ་བར་འོས་ཤོག་ཐོབ་ཆེད་འཛེམབག་སྤུ་ཙམ་མེད་པར་མི་མང་ལ་མགོ་སྐོར་བཏང་བ་། ཕྱོགས་གཅིག་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་མར་བཅག་དགོས་རེད་ཞེས་དང་ཡང་ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཨ་སྒོར་སྟོང་ཕྲག་རེ་སྤྲོད་དགོས་རེད་ཞེས་གསུངས་པ་དེ་གཉིས་སྔ་ཕྱི་ནང་འགལ་གྱི་སྐད་རབ་རིམ་པ་ཤོད་ཀྱི་ཡོད་པ་དང་། དེ་སྔ་ལྡི་ལི་ཆུ་སྒང་གི་དྲུང་ཆེ་ནང་གནང་མྱོང་ཡོད་ཀྱང་ཁོ་བས་དེའི་སྐོར་མི་མང་ལ་རྩ་བ་ནས་མི་ཤོད་པའི་རྒྱུ་མཚན་དང་ཁོ་བའི་སློབ་སྟོན་པ་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ཡིན་བཞིན་ཏུ་ད་དུང་མི་མང་ལ་ཟབ་གདོང་རིན་པོ་ཆེ་ཉིད་ཀྱི་སློབ་སྟོན་པ་ཞུ་ཡུལ་ཡིན་ཞེས་གསུངས་པ་དེའོ།

    སེང་གེ་གཉིས་པ་ནི།
    ན་ནིངས་གྲོས་ཚོགས་ནང་ལ་དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་པ་ལྟར་སེང་གེ་དེ་བཀའ་ཁྲིར་འོས་ཐོབ་པ་ཡིན་ན་ད་ལོ་ནས་འདི་ངའི་ཕྱོགས་གཏོགས་རེད་བཀའ་བློན་ལ་འདེམས་རྒྱུ་ཡིན་ཁོ་ལ་ཤེས་འཇོན་ག་ཚོད་ཡོད་ན་ཡང་ངའི་ཕྱོགས་མ་རེད་བཀའ་བློན་ལ་འདེམས་མིན་ཞེས་དཔུང་ཁག་བསྒྲིགས་རྒྱུ་ཡིན་པ་གཏན་ཁེལ་རེད། རྒྱུ་མཚན་ནི་ཁོ་བས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན༽མི་མང་དང་གཞུང་གི་ལས་བྱེད་མདུན་དུ་དེ་ལྟར་བརྗོད།
    སེང་གེ་གསུམ་པ་ནི།
    ལྡི་ལི་ཆུ་བཞི་སྒང་དྲུག་སློབ་སྟོན་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་ལག་འབྲེལ་བྱས་ཏེ་ཡང་བསྐྱར་བོད་སོག་ལས་ཁུངས་དང་གྲོས་ཆོད་བཞག་ཏེ་༸གོང་ས་མཆོག་དང་རྒྱལ་ཞེན་ཅན་གྱི་མི་སྣ་དག་ལ་ཕ་རྒོལ་བྱ་རྒྱུ་དེའོ།

  39. བཀྲ་རྡོར། says:
    2011-01-01 at 2:54 am

    སེང་གེ་གསུམ་པ་ནི།
    ལྡི་ལི་ཆུ་བཞི་སྒང་དྲུག་ སློབ་སྟོན་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་ལག་འབྲེལ་བྱས་ཏེ་ཡང་བསྐྱར་བོད་ སོག་ལས་ཁུངས་དང་གྲོས་ཆོད་བཞག་ཏེ་༸གོང་ས་མཆོག་དང་རྒྱལ་ཞེན་ཅན་གྱི་མི་སྣ་དག་ ལ་ཚུར་རྒོལ་བྱ་རྒྱུ་དེའོ།

  40. རིག་བཟང་། says:
    2011-01-01 at 4:11 am

    དྲ་གྲོགས་ལགས།
    རྟེན་འབྲེལ་ཅུང་ཙམ་འཆོལ་སོང་།
    གནམ་འོག་འདིར་གཏན་ནས་མེད་པའི་གངས་སེང་གཉིས་ཀྱི་དཀྱིལ་དུ་མཁས་དབང་བློ་བཟང་སེང་གེ་བཞག་འདུག་་ད་འགྲིག་མ་སོང་།ཁོང་ཡང་མེད་པ་ཆགས་ས་རེད།ཨ་ཁ་་་

  41. yum says:
    2011-01-01 at 4:18 am

    མ་རིག་རྣམ་རྟོག་འདྲེ་མོའི་གར་སྟབས་ཀྱི་རྗེས་སུ།།
    མི་བདེན་འཁྲུལ་བའི་ཆོས་འདི་ཡོམ་ཡོམ་དུ་གཡོས་པས།།
    དེ་རིང་མཐོང་བའི་སྣང་བ་སང་ཉིན་ནི་བརྗེད་དེ།།
    གང་ལ་གཏད་སོ་མེད་པའི་ངང་ཚུལ་འདི་སྐྱོ་བ།།

    བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།།
    ཐོས་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པ།།
    འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས།།
    ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣ་རེ་འདུག་པ།།

    ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
    བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
    ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
    སེང་གེ་ཁྲི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ།།

  42. དབང་ཆེན། says:
    2011-01-01 at 7:51 am

    ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། བོད་རྒྱལ་ལོ། སེངྒེ་སུམ་འཛོམས་ཡོང་བར་ཤོག ལུང་རྟོགས་བསྟན་པ་རྒྱས་པར་ཤོག །ཅེས་ཁ་གཡང་གནང་འདུག དགོངས་གཞི་དངོས་གནས་དེ་བཀའ་ཁྲི་གསུམ་བྱུང་བའི་རེ་འདུན་ཡིན་ནམ། ཞལ་ལན་ཁ་གསལ་ཞུ་དགོས་པ་འདུག

  43. བཀྲ་རྡོར། says:
    2011-01-01 at 8:23 am

    XXXXXXXXXXXXXXX

  44. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2011-01-01 at 9:11 am

    དབང་ཆེན་དང་དྲ་གྲོགས་ཚོར་ཞུ་རྒྱུ། གལ་ཆེན་པའི་དུས་ཞིག་རེད། གདམ་ཀ་མ་ནོར་བ་ཞིག་དགོས་རེད། ང་ཚོ་ཚང་མ་ཕུག་འདུན་གཅིག་པ་རེད། དེས་ན་ཆོལ་ཁ་དང་ཆོས་ལུགས་ལ་ཕྱོགས་རིས་མེད་པར་བོད་སྤྱི་ཁྱབ་ལ་ཕན་པ་ཞིག་བྱེད་དགོས་རེད། ང་ཚོས་མ་འོང་པ་བོད་དེ་ཅི་འགྱུར་དེ་ང་ཚོས་བལྟ་ས་དང་བརྟེན་ས་ཚང་མ་བཙན་བྱོལ་གཞུང་འདི་རེད། དེ་ཡིན་པ་སོང་ཙང་། ང་ཚོ་ཚང་མས་༧གོང་ས་རྒྱལ་བའི་དབང་པོས་གསུངས་པ་དག་གཞིར་བཞག་ནས་རང་བཙན་འཐོབ་ཐུབ་ཅིག་བྱ་དགོས་པ་རེད། དེ་དབུ་མའི་ལམ་གྱི་དམངས་གཙོ་དེ་རེད། དེ་ཡིན་ན་བཀའ་བློན་རྣམ་གསུམ་དེ་བཞག་ན་ཆོག་མི་འགྲོ་སྙམ་ཡོད། གང་ཡིན་ན་བཟང་གསུམ་འཛོམ་མམ་མི་གསུམ་ནང་གྲོས་ཡག་པོས་གསར་རྙིང་ཕྱོགས་རིས་མིན་པར་ད་དང་མ་འོང་པར་སྤྱི་ཚོགས་ལ་ཕན་པ་ཞིག་ཐག་གཅོད་དང་། ༧གོང་ས་མཆོག་གི་བཞེད་དོན་དང་བདེ་སྤྱི་ཁྱབ་ལ་ཕན་བདེས་ཐབས་བརྩོན་ན་བོད་རྒྱལ་བའི་དུས་སྐབས་རེ་ཡོད་ཀྱིན་རེད་བསམ་ནས་ཞུས་པ་ཡིན། ། ༡ བློ་བཟང་སེངྒེ་དང་། ། ༢ བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ། །རྒྱ་རི་སྒྲོལ་མ་གསུམ་དེ་བདག་གིས་གདམས་པ་ཡིན། ། རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས

  45. དཀོན་མཆོག says:
    2011-01-01 at 9:38 am

    ང་ཡི་རེ་བ་ལ། ཀརྨ་པས་མཚན་བེད་སྤྱོད་མ་གཏོང་རོགས་གནང་། ཁ་བརྡ་ཚང་གིས་འདི་ལ་བཏང་འཛིན་གནང་རོགས།
    གཞན་གྱི་མིང་དང་ག་རེ་ཡིན་ན་གཅིག་བེད་སྤྱོད་བཏང་ན་བཀག་གི་ཡིན་ཟེར་གསུང་གསུང་མ་ཡིན་པ།

  46. བཀྲ་རྡོར། says:
    2011-01-01 at 10:15 am

    འདི་༼༧གོང་ས་རྒྱལ་བའི་དབང་པོས་གསུངས་པ་དག་གཞིར་བཞག་ནས་རང་བཙན་འཐོབ་ཐུབ་ཅིག་བྱ་དགོས་པ་རེད།༽ཀརྨ་པ་མཆོག་གིས་དགོངས་གཞི་ཡིན་ས་མ་རེད། ཀརྨ་པ་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ཡིན་པ་མཁྱེན་གྱི་ཡོད་རེད།

  47. དོན་གྲུབ་ཚེ་རིང་། says:
    2011-01-01 at 11:23 am

    འདི་ལྟར་བལྟས་ན། བཙན་བྱོལ་གྱི་གནས་སྟངས་དེ་ཧ་ཅང་ཉམས་ངན་གྱི་གནས་སུ་ལྷུང་ངེས་པ་དང་། འགྲོ་སྲིད་པའི་རྟགས་མཚན་ཁག་ཅིག་ད་ལྟའི་བཀའ་ཁྲིའི་འོས་བསྡུའི་ནང་མངོན་པར་ སླེབས་བཞིན་པ་དེ་ཡིན། ཨ་རིིར་གནས་སྡོད་བློ་བཟང་སེངྒེ་བཀའ་ཁྲིའི་འོས་མིར་ལངས་ནས་རང་གི་མིང་མཐོང་ ཙམ་གྱི་ཆེད། གང་ལ་ཡང་བསམ་ཤེས་མེད་པར། བཀའ་བློན་ཁྲི་པའི་མིང་ཙམ་ལ་འཐམ་ནས་སླེབས་བཞིན་པ་དེར་བོད་རིགས་ན་གཞོན་མང་པོ་ ཞིག་གིས་དགའ་བསུ་བྱེད་པ་ནི། མགོ་སྟོང་གིས་མགོ་སྟོང་བསུས་པ་ལས་གཞན་ཅི་ཡང་མིན་སྟབས། ང་ཚོ་ཀླད་པ་སྟོང་བའི་ལས་འགུལ་དེར་ཡིད་ཐང་ཆད།

  48. དོན་གྲུབ་ཚེ་རིང་། says:
    2011-01-01 at 11:38 am

    ང་ཡང་ད་ལོའི་བཀའ་ཁྲི་ དེ་མི་རབས་གསར་བ་གཞོན་སྐྱེས་ཤིག་དགོས་ཀྱི་འདུག་ཞེས་འུར་སྒྲོག་མཁན་གྱི་གྲས་ ཤིག་ཡིན། དེ་མ་ཟད་གང་ཟག་གཞན་དང་སློབ་མ་ཁག་ལ་འབོད་སྐུལ་བྱ་མཁན་ཞིག་ཀྱང་ཡིན། དེ་རྗེས་དྲ་ལམ་ཁག་ཏུ་མཁས་དབང་བློ་སེང་ལགས་ལ་རྒྱབ་སྐྱོར་བྱ་མཁན་དང་་དགག་བྱ་ བྱེད་མཁན་མང་བོ་གྲོག་ཚང་བརྡོལ་བ་ལྟར་རིམ་བཞིན་ཐོན་སོང་། དེར་བརྟེན་ངས་མཁས་དབང་བློ་སེང་གི་སྐོར་ལ་ཞིབ་འཇུག་ཕྲན་བུ་ཞིག་བྱས་པ་ཡིན། ཁོང་རང་མི་འུར་ཤོབ་ཚ་བོ་དང་ལྡི་ལི་ཆུ་བཞི་སྒང་དྲུག་དང་འབྲེལ་བ་ཡོད་མཁན་ ཞིག་རེད་འདུག
    ལྡི་ལི་ཆུ་བཞི་སྒང་དྲུག་གི་གཙོ་བོའམ་སློབ་སྟོན་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་རེད།
    རྒྱུ་མཚན་དུ་མ་ཞིག་བརྟེན་ཏེ་ངའི་རིན་བྲལ་གྱི་འོས་ཤོག་དེ་ད་འཕྲོག་བརླག་གཏོང་གི་མིན།

  49. མིའུ་ཕྲུག says:
    2011-01-01 at 12:27 pm

    དྲ་ངོས་འདི་རུ་དྲ་གྲོགས་ཤིག་གིས་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཞིག་ཡིན་མིན་མི་ཤེས་ཀྱང་༧རྒྱལ་བ་ཀརྨ་པའི་མཚན་དོན་མེད་བེད་སྤྱོད་བྱེད་བཞིན་འདུག་པས་བཟང་སྤྱོད་དང་འགལ་བ་མ་ཟད་དོན་མེད་རྙོག་སྒྲ་འགྱུར་སྲིད་པས་ཡིད་གཟབ་གལ

  50. དཀོན་ཅོག་སྐམ་པོ། says:
    2011-01-01 at 1:04 pm

    བཀྲ་རྡོར་ན་རེ”བློ་སེང་གིས་དཔུང་བསྒྲིགས་མ་མྱོང་བ་རེད་ཨེ། སྔོན་མ་ལྡི་ལི་ལ་ཡོད་དུས། དཔུང་བསྒྲིགས་ནས། འཆི་མེད་ཚེ་རིང་ཁོང་ཚོར་དཀའ་ངལ་ག་ཚོད་བཟོས་སོང་།”ཟེར། དེས་ན་འཆི་ཚེ་ཟེར་བ་སུ་རེད་དམ། ཁོ་ནི་ཨ་ཐར་གྲོངས་མཁན་མཉམ་དུ་བོད་སོག་ལས་ཁུངས་ནས་ཐེ་ཕོགས་འཇོལ་ཉོག་ཏུ་ཟ་མཁན་དེ་མིན་ནམ། འཆི་ཚེ་སོགས་ཀྱིས་བོད་གཞུང་ལ་ཁ་གཏད་བརྒྱབས་ནས་བོད་མི་མང་ལ་དཀའ་ངལ་བཟོས་ཆོག་ན་བློ་སེང་གིས་ཁོང་ཚོར་གཅིན་སྐྱག་ལངས་ནས་གཏོང་གི་བཅུག་ན་ཅིས་མི་ཆོག

  51. བློ་གྲོས་མཐའ་ཡས། says:
    2011-01-01 at 2:07 pm

    ཁ་བརྡ་སང་ལ་ཞུ་རྒྱུར།    བློ་བཟང་སེང་གེ་ལ་སུ་མ་དགའ་ན་དེ་རང་དབང་རེད།    དགའ་དགོས་ཟེར་ནས་བཙན་འཛུག་མཁན་སུ་ཡང་ཡོད་ནི་མ་རེད།   འོན་ཀྱང་མི་ཁ་ཅིག་གིས་མིང་བཞི་ལྔ་རེ་བཟོས་ནས་མི་མང་པོ་ཡོད་མདོག་གིས་ནག་པོ་བཟོ་ཨེ་ཐུབ་བལྟ་བཞིན་འདུག་པ་འདི་ཡག་པོ་ཞིག་མ་རེད།    དེ་ཁ་བརྡའི་སྟངས་འཛིན་གྱི་ལས་འགན་རེད་ལགས།   

  52. གཅན་བཟོད་རྒྱམ། says:
    2011-01-01 at 2:15 pm

    དྲ་ཐག་འདི་ན་བློ་བཟང་སེང་གེ་ལགས་ལ་དོགས་སློང་ཞིག་གནང་འདུ་པར་གཟིགས་རོགས།
    http://www.tibettimes.net/blogs.php?id=132&post_id=13386

  53. བློ་གྲོས་མཐའ་ཡས། says:
    2011-01-01 at 2:19 pm

    ངས་བོད་ཀྱི་སྲིད་དོན་གྱི་ཆེད་དུ་ད་རེས་ཀྱི་བཀའ་ཁྲི་ལ་བློ་སེང་འོས་ཤོས་རེད་ཅེས་བཤད་པ་ལས།   བཀྲས་མཐོང་སོགས་ལ་མ་དགའ་བ་དང་།   ཁོང་རྣམ་པས་ད་བར་བོད་དོན་གྱི་ཕྱག་ལས་གནང་བ་ལ་དྲིན་ལན་ལོག་མཇལ་གྱི་ཚིག་གཅིག་ཞུ་མྱོང་མེད།   ཡོད་ན་སྟོན་དང་ཆོག   ཡིན་ཡང་ཁྱེད་ཚོས་བཀྲས་མཐོང་རྐུན་མ་རེད་ཟེར།  རྒྱ་རི་སྒྲོལ་མ་གཞང་ཚོང་མ་རེད།   བློ་བཟང་སེང་གེ་མགོ་སྐོར་གཏོང་མཁན་དང་ཆིག་སྒྲིལ་བརླག་མཁན་རེད་ཟེར།    འོ་ན་ད་ཁྱོད་ཚོ་མི་ཁ་ཅིག་གི་མིག་ལ་མི་ཡག་པོ་སུ་ཡོད་དམ།   ཤེས་པ་རྣལ་དུ་གནས་མཁན་ཞིག་ཡིན་ན་ལས་རྒྱུ་འབྲས་ལ་བག་ཟོན་ཅུང་ཙམ་བྱས་ན་ཡག་གི་རེད།   སྟག་སྨྱོན་སོགས་ཀྱིས་ད་བར་ཟམ་གདོང་སོགས་ལ་ག་ཚོད་ལབ་སོང་།    ཡང་མིན་ན་དངོས་གནས་དོལ་ཚོགས་ཀྱི་ཁོངས་མི་འགའ་དང་།   ཕྱི་ཕྱོགས་སུ་ཡོད་པའི་བོད་རིགས་རྒྱ་ནག་གཞུང་ཞབས་པ་འགས་རེས་རྐང་བཙུགས་ནས་གཟེངས་སུ་ཐོན་པའི་བོད་མི་གང་དགའ་གང་དྲག་ཚོར་དྲ་ལམ་ནས་མིང་ཤས་བཟོ་ཨེ་ཐུབ་བལྟ་གི་ཡོད་ས་རེད།   ངོ་མ་བོད་པ་སང་ཁ་རྗེ་ཆུང་བའི་སྟེང་ལ་ཁ་ནག་བསམ་ནག་འདི་འདྲ་རེ་རྒྱུན་དུ་སྔོན་ལ་ཐོན་ཐོན་ལ་ཡོད་རྒྱུ་ལ་ཨང་།   བྱ་འདི།

  54. གོ་ཕྲུག་རྭ་བུ། says:
    2011-01-01 at 2:42 pm

    གཅན་བཟོད་རྒྱམ་གྱིས་བཀོད་པའི་དྲྭ་ཚིགས་དེ་ནང་ཕྱིན་པ་ཡིན། ཅང་མི་འདུག བློ་བཟང་སེང་གེ་རྒྱ་ནག་སོང་བའི་གླེང་སློང་ཁོང་འོས་མི་ལང་པའི་སྐབས་ནས་བྱས་སོང་། དེའི་ཐད་བཀའ་བློན་ཁྲི་པ་མན་ཆོད་ནས་གསལ་བཤད་རབས་དང་རིམ་པ་བྱས་པ་ཞིག་རེད། ད་དུང་ཅི་ཡིན་ནམ་དོགས་པ་ཞིག་འདུག་ཅེས་ལབ་པ་ནི་ཕྲག་དོག་གི་གདོན་གྱིས་ཡོངས་སུ་གཟིར་ཟིན་པ་ཙམ་གྱི་ངོ་རིས་ཞིག་མཐོང་ཐུབ་པ་ལས་གཞན་སུའི་བློ་ཁ་དུས་ནམ་ཡང་བསྒྱུར་མི་ཐུབ།

  55. རིན་ཆེན་རིལ་བུ། says:
    2011-01-01 at 4:59 pm

    བློ་གྲོས་མཐའ་ཡས་ཀྱི་རྒྱབ་སྐྱོར་རྒྱོབ་སྐྱོར་མ་རེད།དེའི་ཤུགས་དཀྲུག་
    ཤིང་ཁོ་ན་རེད།རྒྱབ་སྐྱོར་ན་རྒྱབ་སྐྱོར་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་རེད།
    རྒྱ་ནག་གཞུང་ན་རེ།བཙན་བྱོལ་བོད་གཞུང་གིས་སྐུ་དྲག་ལམ་ལུགས་
    བསྐྱར་གསོ་བྱེད་འདོད་རེད་ཟེར་བ་ལ་རྒྱབ་སྐྱོར་རེད། དེ་མ་གཏོགས་
    མི་མང་གིས་བཀྲས་མཐོང་འདེམས་སོང་ན་དེ་མང་གཙོ་མ་ཡིན་པར་
    སྐུ་དྲག་ལམ་ལུགས་ཇི་ལྟར་རེད།

  56. ལྷ་ས་ཨབ་སོབ། says:
    2011-01-01 at 9:13 pm

    རྣམ་དཔྱོད་མེད་པའི་བོན་ལགས། སྐད་ཆ་ཤད་དུས་ཟབ་ཟབ་བྱ་དགོས། གྲྭ་སའི་དགེ་བཤེས་ཚོ་ལ་ངན་སྨྲས་བྱ་དགོས་དོན་ཅི་ཡིན། ད་ལྟ་བར་ལ་གྲྭ་སའི་དགེ་བཤེས་སུ་ཞིག་ནས་བློ་སེང་ལ་རྐྱང་ཕྱག་འཚལ་བ་བྱུང་ཡོད་དམ་ཁྱོད་རང་ནས་མིག་གིས་མཐོང་སོང་ངམ། དཔང་རྟགས་མེད་པའི་སྐད་ཆ་དེ་ཚོ་དུས་རབས་འདིར་བཤད་ན་སྨྱོན་པ་ཡིན།

  57. གངས་བུ། says:
    2011-01-02 at 12:08 am

    གྱང་ཁ་ཡི་རྩ་ལྟ་བུ་དེ་ཚོ་རླུང་གར་གཡུག་ས་ལ་འགྲོ་གི་རེད་། དྲ་བརྒྱའི་ནང་གི་དཀྲུག་ཡིག་འབྲི་མཁན་ཚོར་། དོན་ངོས་ཀྱི་རང་དབང་ལག་དེབ་ཞིག་ཡོད་མེད་གང་ང་ཤེས་།

  58. ཁ་བརྡ་ཚང་། says:
    2011-01-02 at 2:11 am

    བཀྲ་རྡོར་ལགས།
    ཁྱེད་ནས་མཆན་བུ་འགའ་ཡང་ནས་བསྐྱར་དུ་བཀོད་འདུག
    ང་ཚོས་དེ་ཚོ་བསུབ་ཡོད། རྗེས་ཕྱོགས་དེ་ལྟར་མ་གནང་རོགས།

    ཁ་བརྡ་རྩོམ་སྒྲིག་པས།
    khabdha@gmail.com
    http://www.khabdha.org

  59. བཀྲ་རྡོར། says:
    2011-01-02 at 5:28 am

    ལགས་སོ་ཁ་བརྡ་རྩོམ་སྒྲིག་པ་ལགས་གསལ་བཤད་གནང་བར་བཀའ་དྲིན་ཆེ།

  60. མེ་ཏོག་དཀར་པོ། says:
    2011-01-02 at 5:57 am

    ང་སླེབས་ཡོད་དོ།།

  61. མེ་ཏོག་དཀར་པོ། says:
    2011-01-02 at 6:00 am

    ཅི་རེད་སོང་

  62. བཀྲ་རྡོར། says:
    2011-01-02 at 11:00 am

    ཨ་རོགས་ཚོ་བློ་སེང་གི་སྐད་ཆར་ཉོན་དང་། ༢༠༠༦ བློ་སེང་གི་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཀ་ཤོར་དོགས་ཀྱི་ཁོ་བས་སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་་མ་་ཤི་་བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་མི་མང་མགོ་སྐོར་གཏོང་གི་ཡོད།

    རྣམ་རྒྱལ་ལགས་ཀྱི་དྲི་བ་ཁག་ལ་ཁོ་བས་ལན་ཐེབས་ཀྱི་མི་འདུག་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ཞེས་པའི་དཔེ་ལྟར་ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་འདུག

    ཨ་རོགས་ཚོ་བསམ་བློ་གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་།

    ༸གོང་ས་མཆོག་གི་རྒྱ་མི་་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།

    ཁོ་བར་དྲི་བ་ཞིག་འདུག་རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་མྱོང་འདེམས་པའི་དགོས་པའི་རྒྱུ་མཚན་གང།
    ག་དུས་ཡིན་ནའང་སྔ་ཕྱི་རྒྱབ་འགལ་རྐྱང་རྐྱང་མི་ཤོད་རོགས་བློ་སེང་།

  63. tingdor says:
    2011-01-04 at 7:06 am

    ཡིག་རྙོག་འདི་ཁྱོན་ནས་ཧ་གོ་གི་མིན་འདུག འབྲོག་རྒན་ཞིག་གི་བྲིས་པ་གསལ་པོ་རེད།

  64. འཇམ་དཔལ་ཚུལ་ཁྲིམས says:
    2011-01-06 at 9:59 am

    ང་ཚོས་བློ་སེང་ལ་ད་ལྟ་བསྟོད་སྔགས་ཆེན་པོ་བྱེད་ཀྱང་རྗེས་སུ་རེ་བ་ལྟར་མ་བྱུང་བའི་སྐབས་སུ་དམད་ས་དོང་ནང་དུ་འཕེན་པའི་སྲིད་པ་ཧ་ཅང་ཆེ། མི་ཞིག་གིས་མི་ཡོངས་ཀྱི་རེ་བ་སྐོང་ཐུབ་པ་མི་སྲིད་ཅིང་། མི་མང་ཕྱོགས་ཀྱི་རེ་བ་སྐོང་རྒྱུ་ཡང་ཧ་ལམ་དེ་དང་འདྲ། མཇོན་ཐང་ཟེར་བ་ནི་ལས་འཆར་ལག་སྟར་བྱེད་སྐབས་རྒྱབ་སྐྱོར་སོགས་ཀྱི་ཆ་རྐྱེན་ཡོད་མེད་ལ་རག་ལས་ཡོད་པས་ཟམ་གདོང་རིན་པོ་ཆེ་ལས་ཆ་རྐྱེན་ལྡན་པ་ཞིག་ག་ལ་ཡོད། འོན་ཀྱང་ཁོང་གིས་མཇོན་ཚོད་ལ་བློ་ཁ་གང་མཁན་དང་འཁང་ར་བྱེད་མཁན་ཇི་ཙམ་འདུག འདི་ཚོ་ཤེས་དགོས། མ་ཤེས་ན་ཉེན་ཁ་ཡོད། བློ་སེང་ནི་ཁྱེད་ཅག་གིས་གསུང་པ་བཞིན་ཉམས་མྱོང་མེད་པའི་གསར་བུ་ཞིག་ཡིན་པ་འདི་ཤེས་དགོས། འོན་ཀྱང་ད་ལྟའི་སྐབས་སུ་ཁོང་ལས་ལྷག་པའི་འོས་མི་ཞིག་མེད་པ་ཡང་མཁྱེན་དགོས། 

  65. རྒྱ་སྟག་དཀར་པོ says:
    2011-01-13 at 12:24 pm

    མཁས་དབང་བློ་བཟང་སེངྒེས་བོད་རིགས་བདེ་སྐྱིད་ཀྱི་ཞིང་ས་སྐྲུན་གྱུར་ཅིག

  66. བརྩོན་རྒྱམ་ says:
    2011-01-19 at 11:33 pm

    ངོ་མ་ཡག་པོ་འདུག་ཐུགས་རྗེ་ཆེ།

  67. བཀྲ་ཤིས། says:
    2011-01-22 at 3:00 pm

    མི་རབས་གསར་པ་ལ་མི་རབས་གསར་པའི་དབུ་ཁྲིད་ངེས་པར་མཁོ་བས།་བློ་བཟང་སེང་གེ་ལ་འོས་བླུགས་པ་ཡིན་ན་དེ་ནི་མི་རབས་གསར་པའི་གསོན་ཤུགས་དང་ནུས་སྟོབས་ལ་ཡིད་ཆེས་བློས་འགེལ་བྱས་པ་དང་གཅིག་མཚུངས་རེད།ཉེ་ལམ་བློ་བཟང་སེང་གེ་ལགས་ཀྱིས་ཧ་བེར་ཌི་སློབ་མའི་ཚགས་ཤོག་ཅིག་གི་སྟེང་དུ་མི་མང་པོ་ཞིག་གིས་ང་བཀའ་ཁྲིའི་འོས་གཞི་ཁོངས་སུ་འདེམས་པའི་རྒྱུ་མཚན་གཙོ་བོ་དེ་ངའི་ཧ་བེར་ཌིའི་ལག་ཁྱེར་དང་ཤེས་ཚད་ཀྱི་རྐྱེན་པས་རེད་ཅེས་ལབ་ཡོད་རུང་།ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ནི་ཁོང་ལ་དབུ་ཁྲིད་ཅིག་གི་ཁྱད་ཆོས་(leadership quality)ཚང་གི་འདུག་ལ།་གཉིས་ནས་མི་རབས་གསར་པའི་ཚབ་མཚོན་མི་སྣ་(representative of the new generation)ཡིན་པས་རེད།

  68. གཙང་རིགས says:
    2011-01-22 at 3:33 pm

    གླུ་ལེན་ན་རང་དབང་ཡུལ་ནས་ལེན།།
    རྒྱ་ནག་པོའི་ཡུལ་ན་རང་དབང་མེད།།

    གླུ་ལེན་ན་རྡ་རམ་ས་ནས་ལེན།།
    གཞོན་བཀའ་ཁྲིའི་ཐུགས་ལ་འབབ་ནི་ལེན།།

    གླུ་ལེན་ན་ཁ་བརྡའི་དྲ་ནས་ལེན།།
    སྤུན་དྲ་གྲོགས་སྣང་བ་སྐྱིད་ནི་ལེན།།

    སྐད་སྙན་མོའི་གླུ་ལེན་མི་ཤེས་ཏེ།།
    བོད་རང་དབང་ཐོབ་པའི་རྟེན་འབྲེལ་ཡིན།།

  69. གཡུལ་རྒྱལ། says:
    2011-01-23 at 3:49 pm

    མི་རབས་གསར་པའི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་རྒྱལ་ལོ། དུས་རབས་ཉེར་ཅིག་པའི་སྤྱི་ཚོགས་གསར་པ་དེར་ང་ཚོའི་མགོ་འཁྲིད་གསར་པ་བློ་་སྟོབས་དང་ཤེས་ཡོན་ཕུགས་བསམ་ལྡན་པའི་སྐྱེ་བོ་་ཞིག་ངེས་པར་དུ་དགོས་པ་ལས་སྐུ་དྲག་རིང་ལུགས་པའི་ཤུལ་འཛིན་དེ་ཚོ་མི་དགོས།

  70. དོན་གྲུབ་ཚེ་རིང་། says:
    2011-01-24 at 4:16 am

    རྒྱ་སྟག་དཀར་པོ་ལགས་རང་གི་རྐུབ་སྟེགས་དོན་དུ་བརྫུན་གཏམ་ཤོད་རྒྱུར་འཛེམས་བག་མེད་པའི་མི་་ཞིག་གིས་བོད་ལ་བདེ་སྐྱིད་ཀྱི་ཞིང་ས་བསྐྲུན་ནི་ནམ་མཁའི་མེ་ཏོག་རང་རེད་ཧ་ཧ་ཧ

    བརྫུན་གཏམ་ཤམ་དུ་གསལ་ཡོད་།

    ༢
    དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
    ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
    སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།
    ༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
    ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།

  71. དོན་གྲུབ་ཚེ་རིང་། says:
    2011-01-24 at 4:25 am

    རྒྱ་སྟག་དཀར་པོ་ལགས་རང་གི་རྐུབ་སྟེགས་ཀྱི་དོན་རྫུན་ཏམ་ཤོད་རྒྱུར་འཛེམ་བག་སྤུ་ཙམ་ཡང་མེད་མཁན་གྱི་མི་ཞིག་གིས་བོད་རིགས་ལ་བདེ་སྐྱིད་ཀྱི་ཞིང་ས་སྐྲུན་རྒྱུ་ནི་མི་ཉི་མོའི་སྐར་མ་རང་རེད་ཧ་་ཧ་ཧ་ཧཧ

    རྫུན་ཏམ་ཤམ་དུ་ཡོད།

    ༢
    དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
    ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
    སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།
    ༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
    ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།

  72. བརྩོན་རྒྱམ་ says:
    2011-01-25 at 12:02 am

    སེངྒེ་གསུམ་འཛོམས་བྱུང་བ་བཟང་མོད་ཀྱང་སེངྒེས་མཛད་མཆར་མཐོང་བས་སེམས་པ་སྐྱོ།
    གྲོགས་པོ་ཚོ་ངོ་མ་ཟབ་དགོས་ས་རེད་ང་ཚོ་ལ་རེ་བ་ཞིག་ཡོད་པ་འདི་གཞོན་སྐྱེས་གཅིག་བུའི་འགྲིག་པ་ཞིག་མ་རེད་བསམ་བློ་གཏོང་དགོས་ས་རེད།  ཡིན་ཡང་འདི་འདྲ་གཞོག་སྐྱེས་ཞིག་ཡོད་པ་དགའ་འོས་པ་རེད་ཡིན་ན་ཡང་། ད་སྐབས་ཅུང་ཙམ་སྔ་དྲགས་མིན་འགྲོ།   དྲང་བདེན་དྲང་བདེན་གཙུག་ཆེ།  མི་ཤེས་པ་དང་མི་ནུས་པ་ཡོདསྲིད་ཡིན་ཡང་དྲང་བདེན་གཙོ་བོ་ཡིན་པ་མ་བརྗེད།  རང་བློ་རང་གི་ཤེས་པ་རེད་དེ་འདྲ་ཡིན་དུས་ངེས་པར་དྲང་བདེན་གཙོ།

  73. བརྩོན་རྒྱམ་ says:
    2011-01-25 at 12:15 am

    ང་ཚོའི་མི་རིགས་འདི་ནི་ལོ་རྒྱུས་ལ་དགའ་ཡང་ལོ་རྒྱུས་ལ་དུང་།འོན་ཀྱང་ད་སྐབས་ཚང་མས་འདི་
    ནི་གནད་འགག་ཞིག་ཏུ་ཅི་ཕྱིར་གཙུག་འཛིན་མི་བྱེད་པ་རེད།  ངོ་མ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེ་ཡིན་ཡང་དུས་ལ་བབས་མིན་བསམ་ཞིག་བཏང་དགོས་པ་མ་ཡིན་ནམ་དྲང་བདེན་མ་བརྗེད། མི་སུ་ཡིན་རུང་རང་ཉིད་ལ་དབང་བའི་ཐོབ་ཐང་དེ་མི་གཞན་གྱི་མགོ་བདེ་དང་ཁ་བདེ་ཞིག་གིས་གང་དྲན་བྱས་ནས་ཁྲིད་ཐུབ་པ་ཞིག་མ་ཡིན་ངོ་མ་འི་ཚོའི་དྲང་བདེན་ལ་ཟབ་རྒྱུ་རེ་བ་ཆེ་ཐུགས་རྗེ་ཆེ།།

  74. ལྷག་བསམ། says:
    2011-01-25 at 11:35 am

    སྔ་དྲག་མེད། ལོ་ཚད་འདི་ལྟ་བུ་ཧ་ཅང་མཚམས། འོན་ཀྱང་ཧམ་པ་ཚ་པོ་དང། རྫུན་གཏམ་ཤོད་པར་ངོ་ཚ་སྣང་མེད་པ་འདི་ཞན་ཆ་ཆེན་པོ་རེད།

  75. གཡུལ་རྒྱལ། says:
    2011-01-27 at 5:35 am

    ཁྱེད་དྲ་གྲོགས་ཚོར་ཞུ་རྒྱུར། ང་ཚོའི་བཀའ་ཁྲི་གསར་པ་དེ་གང་འདྲ་ཞིག་དགོས་སམ་གཅིག་ཡང་མི་དྲག་གཉིས་ཡང་མི་དྲག་པ་དེ་ཚོ་གང་འདྲ་ཡིན་ནམ། གཞན་ལ་བལྟ་བའི་མིག་ཡོད་ཀྱང་རང་ལ་བལྟ་བའི་མེ་ལོང་མི་དགོས་སམ། སྐྱོན་ཚང་འབྲུས་ན་སྐྱོན་ལས་མཐོང་རྒྱུ་མེད་པ་དེ་ངེད་ཚོ་སོར་སྐྱེ་ཀུན་གྱི་རང་གཤིས་རེད། དེ་ལས་རེ་བ་བཟང་ས་ཞིག་ལ་བལྟས་ནས་ཡོང་འགྱུར་གྱི་བཀའ་ཁྲིའི་འོས་དེ་བློ་སེང་ལ་འཕེན་ན་མི་དགའ་སམ། སྦོ་སྤོ་རྒན་པོ་དེ་ཚོ་རང་གནས་སུ་ཞི་བདེ་ལྷིང་འཇགས་ངང་སྡོད་རུ་བཅུག་དང་སྐུ་མཁྱེན།

  76. tenzin TL says:
    2011-01-28 at 3:03 am

    དེ་རིང་ཡང་གསར་འབྱོར་བ་དང་འདུལ་ཁྲིམས་མེད་པའི་བླ་རྒན་སྐོར་ཞིག་གིས་ཕྱོགས་རིས་ཀྱི་དར་ཆ་བསྒྲིངས་ནས་རྒྱུ་མཚན་མེད་པའི་རྒྱབ་སྐྱོར་བྱ་ཚུལ་ལ་ལྟས་ན་དགོད་བྲོ་ལ་ངུ་ཡང་ཤོར་བ་འདུག་
    བློ་སེང་ཟེར་པའི་འུ་སྒྲ་བརྒྱངས་ནས་ཁོ་རང་མཁས་དབང་ཡིན་ཚུལ་བཤད་པའི་རྫིན་རྐུབ་ཚང་མ་གསལ་རྗེན་བྱས་འདུག་་ kindly visit this web . you will find all his not- scholarly articles which are mostly untrue and weak in fact. his lies appears here and there..

  77. ལྷག་བསམ། says:
    2011-01-28 at 4:23 am

    tenzin TL
    Which web? Blank web? Invisible web?

  78. དོན་གྲུབ་ཚེ་རིང་། says:
    2011-01-28 at 5:34 am

    GENERAL: A SURVEY OF SANGAY’S WORKS

    We set out to locate all of Sangay’s published scholarly works, excluding non-scholarly pieces such as newspaper op-eds. Our search was as comprehensive as possible.

    We first consulted Westlaw, the standard legal research tool used by legal scholars and practicing lawyers, containing 40,000 databases covering legal journals around the world. One would expect to find in Westlaw all scholarly articles by any legal scholar at an American university. A Westlaw search for scholarly works published by Sangay returned zero (0) results.

    Next, we broadened our search beyond legal journals by searching the Social Science Research Network, a database covering social science publications. A search for scholarly works published by Sangay returned zero (0) results.

    Then, we searched in Google Scholar, resulting in the following two (2) articles and one (1) chapter from a book, but all published while he was a student prior to 2004:

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme